Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
དམ་ཚིག་སྒྲོལ་མ་རྣལ་འབྱོར་མའི་གདམས་པའི་སྙིང་པོ་རྒྱུན་ཁྱེར་བདེ་ཆེན་མཆོག་སྟེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདམ་ཚིག་སྒྲོལ་མ་རྣལ་འབྱོར་མའི་གདམས་པའི་སྙིང་པོ་རྒྱུན་ཁྱེར་བདེ་ཆེན་མཆོག་སྟེར། next

དམ་ཚིག་སྒྲོལ་མ་རྣལ་འབྱོར་མའི་གདམས་པའི་སྙིང་པོ་རྒྱུན་ཁྱེར་བདེ་ཆེན་མཆོག་སྟེར།

༈ དམ་ཚིག་སྒྲོལ་མ་རྣལ་འབྱོར་མའི་གདམས་པའི་སྙིང་པོ་རྒྱུན་ཁྱེར་བདེ་ཆེན་མཆོག་སྟེར་བཞུགས་སོ། །

བླ་མ་རྗེ་བཙུན་སྒྲོལ་མ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །སྦས་དོན་སྟོང་ཉིད་ཡེ་ཤེས་པདྨའི་སྒྲོམ། །ཐབས་མཆོག་རྡོ་རྗེ་ཕུར་བས་ཕྱེས་པ་ཡིས། །ཞི་དང་ཁྲོ་བོ་རབ་འབྱམས་སྤྲིན་སྤྲོས་པས། །རྡོ་རྗེའི་ཞིང་གི་བཀོད་པ་སྤེལ་ངོ་མཚར། །དེ་ཡི་ཉམས་ལེན་གདམས་པའི་བཅུད་ཐིག་ལེ། །མཁའ་འགྲོ་མ་རྣམས་འདུས་པའི་གསང་བའི་ལམ། །སྐྱེ་བ་གཅིག་གིས་འཕྲིན་ལས་དོན་དམ་པ། །དམ་ཚིག་སྒྲོལ་མའི་སར་སྦྱོར་རྒྱུན་ཁྱེར་བཤད། །དེ་ཡང་སྒྲོལ་མ་མངོན་པར་འབྱུང་བའི་རྒྱུད་ཀྱི་དགོངས་པ། ཕྲིན་ལས་འདུས་པའི་རྒྱུད་ཀྱི་བསྡུས་དོན་དམ་ཚིག་སྒྲོལ་མ་ཉི་ཤུ་རྩ་ལྔ་བའི་ཆོ་གའི་སྙིང་པོ། གཙོ་མོ་གཅིག་སྒྲུབ་པས་འཁོར་རྣམས་ཤུགས་ཀྱིས་འགྲུབ་པར་བྱེད་པ་ལ། ལས་རབ་འབྱམས་སྒྲུབ་པའི་རྒྱས་པ་ཕྱག་བརྒྱད་མ་དང༌། བདེ་ཆེན་ཡེ་ཤེས་རྩལ་དུ་འདོན་པ་གསང་སྒྲུབ་ཕྱག་གཉིས་མ་གཉིས་སུ་བཤད་པ་ལས། འདིར་གཙོ་བོ་ལས་ཆེན་བརྒྱད་ལ་སོགས་སྒྲུབ་པར་བྱེད་པ་དང༌། དབང་བོ་མཆོག་དམན་ཐམས་ཅད་འཇུག་བདེ་བའི་ཕྱིར་ཕྱག་རྒྱ་རྒྱས་པའི་ལུགས་ཀྱི་སྙིང་པོ་བསྡུས་ཏེ་བཤད་པར་བྱའོ། ། མ་རྒྱུད་མཐར་ཐུག་བདེ་ཆེན་ཡེ་ཤེས་ལམ། །བཙན་ཐབས་མངོན་བྱེད་མཁའ་འགྲོ་སྒྱུ་མ་ཆེ། །དམ་ཚིག་སྒྲོལ་མའི་ཆོ་ག་ཟབ་པའི་བཅུད། །མ་དང་མཁའ་འགྲོའི་ཁ་རླངས་འཐིལ་བ་འདིའོ། །གཅེས་པས་ཉམས་སུ་བླང་ན་ཚེ་གཅིག་ཏུ། །ཟུང་འཇུག་རྒྱལ་ས་ཐོབ་བྱེད་རྨད་བྱུང་ལམ། །ལྷ་དང་བླ་མའི་གསུང་བཞིན་བྲིས་པས་འཐུས། །རབ་རིབ་འཛིན་པར་ཆོས་དབྱིངས་གྲོལ་བར་ཤོག །ཅེས་དམ་ཚིག་སྒྲོལ་བ་རྣལ་འབྱོར་མའི་རྒྱུན་གྱི་ཉམས་ལེན་བདེ་ཆེན་མཆོག་སྟེར་བྱ་བ་འདི་གསང་བའི་བདག་པོ་རང་གི་བསྟན་པ་སྤེལ་བའི་ཕྱིར་དུ་མི་ཡི་གཟུགས་སུ་བྱོན་པ། མཁས་པ། གྲུབ་པ། ལོ་ཙཱ་བ། མངལ་གྱི་སྐྱོན་གྱིས་མ་གོས་པའི་སྤྲུལ་བའི་སྐུ་༧རྗེ་བཙུན་སྒྲོལ་བའི་མགོན་པོས་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་གདན་དྲངས་ཤིང་བསྒྱུར་བའི་རྣལ་འབྱོར་མའི་རྒྱུད་གཉིས་དང༌། ཆོག་ག་ཁྲིད་ཡིག་རྣམས་ཀྱི་གསུང་གི་སྙིང་པོའི་བཅུད་བསྡུས་པའི་ཚུལ་དུ་བྱས་པ་ཡིན་ནོ། །འདི་ཉིད་གྲུབ་ཆེན་ཞི་བ་སྦས་པ་ནས་བདག་ཅག་གི་འདྲེན་པ་༧ཆོས་རྗེ་ཀུན་བཟང་དབང་པོའི་བར་ཐུན་མིན་ཟུང་འཇུག་གི་གྲུབ་པའི་རྟགས་བར་ཆད་པར་བྱོན་པའི་གྲུབ་ཐོབ་བརྒྱུད་པ་དང༌། གདམས་པ་རྣམས་ལྷག་ལུས་མེད་པར་ཚངས་སྤྲུགས་སུ་གདམས་པས་སྙན་བརྒྱུད་དང༌། ཚོགས་ཆོས་ཙམ་མིན་པར་གཅིག་ནས་གཅིག་ཏུ་བརྩེ་བས་གདམས་ཤིང་དགོངས་པ་གཏད་པའི་བཀའ་བབས་བརྒྱུད་པ་དང༌། བླ་མའི་དམ་ཚིག་ལ་སེལ་མ་སོང་ཞིང་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱས་པས་རྣམ་པར་དག་པའི་བརྒྱུད་པ་གསེར་གྱི་ཕྲེང་བ་ལྟ་བུ་ཡིན་ནོ། །རྒྱུན་ཁྱེར་འདི་ཉིད་འབྲི་བ་ལ་རང་ཉིད་ཀྱི་ཕོ་ཚོད་ངོམ་པ་ཙམ་མིན་པར་དབང་ལུང་ཁྲིད་བཅས་མྱོང་ཁྲིད་ཐོབ། བླ་མས་བཀས་གནང༌། བསྙེན་སྒྲུབ་ཚུལ་བཞིན་བྱས། རིམ་གཉིས་ལ་ཉམས་མྱོང་ཐོན། ཉམས་དང་རྨི་ལམ་དུ་འཕགས་མའི་ཞལ་བཟང་ཡང་མཇལ་ཞིང་རྗེས་སུ་གནང་བའི་སྣང་བ་བྱུང༌། མཆོག་གི་སྐྱེས་བུ་རྣམས་དང་རྣལ་འབྱོར་ཕོ་མོས་ཚོགས་ཀྱིས་བསྐུལ་མ་བྱུང་ནས་བྲིས་པ་སྟེ། སྔར་རྗེ་བླ་མའི་སློབ་ཚོགས་ཀྱིས་བྲི་བར་བསྐུལ་ཡང་བཏང་སྙོམ་དུ་ལུས་པ། ཕྱིས་སུ་བྱམས་མགོན་སི་ཏུ་རིན་པོ་ཆེ་མཆོག་དང༌། པད་དཀར་འཆང་བ་རྒྱལ་བ་འཕྲིན་ལས་ཤིང་རྟ། དྲེའུ་ལྷ་སྤྲུལ་བའི་སྐུ་ཀུན་ཏུ་དགའ་བའི་རྡོ་རྗེ། སྐྱེས་མཆོག་འབའ་ར་བ་ཨོ་རྒྱན་ངག་དབང་ཡེ་ཤེས། པདྨའི་ཞལ་ཚབ་སྨིན་གླིང་ཁྲི་ཆེན་རིན་ཆེན་རྣམ་རྒྱལ་སོགས་ས་ལ་གནས་པའི་དཔའ་བོ་ལྔ་དང༌། མི་དབང་ཆོས་ཀྱི་རྒྱལ་པོའི་ལྷ་ལྕམ་པདྨ་ཆོས་འཛིན། རིག་འཛིན་གཏེར་བདག་གླིང་པའི་གདུང་རིགས་མི་འགྱུར་འཕྲིན་ལས་དཔལ་སྒྲོན། གཉག་རིགས་ཀྱི་རྣལ་འབྱོར་མ་ནམ་མཁའ་ཡེ་ཤེས་གསལ་སྒྲོན། ཟོ་ལུང་རྗེ་བཙུན་མ་ཀུན་བཟང་འཕྲིན་ལས་དབང་མོ། བཀའ་བློན་རྟ་ར་བའི་ལྕམ་མོ་ཤེལ་དཀར་མཚོ་སྟེ་མཁའ་འགྲོ་ལྔ་ལ་སོགས་པར་སྒྲོལ་མ་རྣལ་འབྱོར་མ་འདི་ཉིད་ཀྱི་དབང་དང་གདམས་ཁྲིད་ལེགས་པར་ཕུལ་ཞིང་སྐབས་དེ་དག་ཏུ་ལྷག་པའི་ལྷ་མོ་ཉིད་ཐུགས་དམ་ཆགས་མེད་བྱེད་པའི་དམ་བཅའ་ཕུལ་བ་དང༌། བཀྲ་ཤིས་པའི་དངོས་པོ་དང་ནོར་རྫས་བདོག་པ་མང་པོ་བསྟབས་ཏེ་རྒྱུན་ཁྱེར་མདོར་བསྡུས་འབྲི་བའི་བསྐུལ་མ་བྱུང་བ་ཁས་བླང་བ་ལྟར་འབྲི་བར་གཞོལ་དུས། སླར་ཡང་རྗེ་བླ་མའི་ལྕམ་མོ་ཟོ་ལུང་པ་ཀུན་བཟང་འཕྲིན་ལས་དབང་མོས་གསེར་གྱི་མེ་ཏོག་ཕྲེང་བ་དང་བཅས་པ་ཕྱག་མཚན་ཨུཏྤལ་མཚོན་པ་དང༌། བདེན་གཉིས་ཟུང་འཇུག་གི་ཌཱ་མ་རུ། ཐབས་ཤེས་མཚོན་པའི་རྡོར་དྲིལ། བདེ་སྐྱོང་གི་སྣོད་ཀ་པཱ་ལ་འབྲུ་སྣས་བཀང་བ་ཟུང་འཇུག་གི་ཡེ་ཤེས་སྐྱེ་བར་མཚོན་པ། བལ་ཊམ་ཉེར་ལྔ་ལྷ་གྲངས་དང་ལྡན་པ། ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པ་སྐོར་བ་མཚོན་བྱེད་དངུལ་གྱི་འཁོར་ལོ། འཕྲིན་ལས་ཕྱོགས་བཅུར་ཁྱབ་པ་མཚོན་བྱེད་ཆོས་དུང་སྤུས་ལེགས། དར་མཚོན་སྣ་ལྔ། གདན་དང་སྟོད་གོས། མར་ཆུར་དོས་རེ། ཆང་ཁལ་གཅིག་བཅས་བསྐུལ་མ་བྱུང་བ་རྟེན་འབྲེལ་ཤིན་ཏུ་རྨད་པོ་ཆེར་མཐོང་བ་དང༌། རྨི་ལམ་གྱི་སྣང་ངོར་ཡང་མ་རྒྱུད་གྱི་དཀྱིལ་འཁོར་དང་གཏོར་མ་སོགས་བཞེངས་བ་དང༌། དམ་ཚིག་སྒྲོལ་མས་ཆོས་འདིས་འགྲོ་ལ་ཕན་པའི་གསུང་གིས་དབུགས་དབྱུང་བ་ལྟར་ཀཿཐོག་ལྷོ་རུ་ལྷ་ཡི་རིགས་སུ་སྐྱེས་པའི་རིག་འཛིན་ཚེ་དབང་ནོར་བུ་བདེ་ཆེན་རོལ་བ་རྩལ་གྱིས་ལ་སྟོད་གཡས་རུ་བྱང་གི་ཕོ་བྲང་བསམ་འགྲུབ་རྩེ་ཞེས་འདར་བ་མི་རྗེ་བཞུགས་པའི་ཁང་བཟང་དུ་ས་བྱ་ལོའི་ཧོར་ཟླ་གཉིས་པའི་ཚེས་བཅུ་དྲུག་མཁའ་འགྲོ་འདུ་དུས་ཁྱད་པར་ཅན་ལ་རྫོགས་པར་སྦྱར་བ་གམྦྷི་ར་རྒྱ། ཨྀཐི། ས་མ་ཡ།


previousདམ་ཚིག་སྒྲོལ་མ་རྣལ་འབྱོར་མའི་གདམས་པའི་སྙིང་པོ་རྒྱུན་ཁྱེར་བདེ་ཆེན་མཆོག་སྟེར། next