Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
ཤངས་ལུགས་རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་མན་ངག་ཟུང་འཇུག་དགའ་སྟོན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཤངས་ལུགས་རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་མན་ངག་ཟུང་འཇུག་དགའ་སྟོན། next

ཤངས་ལུགས་རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་མན་ངག་ཟུང་འཇུག་དགའ་སྟོན།

༈ ཤངས་ལུགས་རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་མན་ངག་ཟུང་འཇུག་དགའ་སྟོན་ཞེས་བྱ་བཞུགས་སོ། ། །

མཐའ་ཡས་བདེ་བའི་ཡེ་ཤེས་ཆེ། །ཧེ་རུ་ཀ་དཔལ་སྐུར་ཤར་བ། །རྒྱུད་སྡེ་ལྷ་ལྔའི་དཀྱིལ་འཁོར་ལ། །བཏུད་ནས་རྒྱུན་ཁྱེར་བཤད་པར་བྱའོ། ། འདིར་རྒྱུད་སྡེ་ལྔའི་ཉམས་ལེན་ཤིན་ཏུ་བསྡུས་པ་བྱ་ན། སྔོན་འགྲོ་ལ། རང་ཉིད་སྐད་ཅིག་བདེ་མཆོག་སྐུ། །གནས་ལྔའི་ལྷ་བཅས་གསལ་བར་གྱུར། །སྟོང་པའི་ངང་ལས་ཧཱུཾ་ཡིག་ལས། །གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ རང་གི་སྙིང་གའི་འོད་ཟེར་གྱིས། །ཕྱོགས་སྐྱོངས་སྡེ་བརྒྱད་འཁོར་བཅས་དྲངས། བཛྲ་ས་མཱ་ཡ་ཛཿ ཨོཾ་ཨ་ཀ་རོ་མུ་ཁེ་སརྦ་དྷརྨ་ནཾ་ཨཏྱ་ནུ་པཎ་ན་ཏོ་ཏ་ཨོཾ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱཿ གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་འམ་སྲིན་པོ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱོད་ཀྱིས་བསྩལ་དུ་གསོལ། ། གང་དག་ནག་པོ་ཕྱོགས་གཏོགས་ཀུན། །གནས་འདིར་མ་འདུག་གཞན་དུ་དེང༌། །ཨོཾ་སུམྦྷ་ནི་ ཞེས་བརྗོད་ལ་གནོད་བྱེད་བསྐྲད། མཆོད་རྫས་བྱིན་རླབས་ནི། ཨོཾ་ཨཱཿཧཱུཾཿ ཨ་ལས་རིན་ཆེན་སྣོད་ནང་དུ། །འབྲུ་གསུམ་མཆོད་རྫས་མཁའ་ཁྱབ་གྱུར། །ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་ཨཱཿཧཱུཾཿ སྲུང་འཁོར་ནི། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་྅་ཧཾ། པད་ཉིའི་སྟེང་དུ་ཧཱུཾ་སྔོན་ལས། །བདག་ཉིད་ཡེ་ཤེས་ལྔ་ཡི་བདག །འོད་གྱིས་སྣོད་བཅུད་དག་པར་སྦྱང༌། །འོད་ཞུ་ཐིག་ལེ་བདེ་མཆོག་གྱུར། །ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊཿ ཧཱུཾ་ལས་རཾ་འཕྲོས་མེ་ཡི་ཟེར། །མི་ཤིག་རྡོ་རྗེའི་གུར་ཏུ་གྱུར། །ཚོགས་བསག་པ་ནི། སླར་ཡང་སྙིང་གའི་ཧཱུཾ་འོད་ཀྱིས། །སྐྱབས་ཡུལ་བཛྲ་ས་མཱ་ཛ། ཨོཾ་ཨཱཿཧཱུཾཿ དཀོན་མཆོག་གསུམ་ལ༴ སེམས་ཅན་བདེ་དང་༴ དངོས་གཞི་ནི། ཨོཾ་སྭ་བྷ་ཝ་ཤུདྷ་སརྦ་དྷརྨ་སྭ་བྷ་ཤུདྷོ་ཧཾ། གཟུང་བ་རང་བཞིན་མེད་པའི་བདག་ཉིད་དོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་྅་ཧཾ།འཛིན་པ་རང་བཞིན་མེད་པའི་ཆོས་ཐམས་ཅད་སྟོང་བ་ཉིད་དོ། ། སྟོང་པའི་ངང་ལས་སྲུང་འཁོར་ནང༌། །པདྨ་འཇིགས་བྱེད་དུས་མཚན་སྟེང༌། །ཟླ་བ་ཧཱུཾ་ལས་འོད་འཕྲོས་པས། །བདེ་གཤེགས་མཆོད་ཅིང་འགྲོ་སྒྲིབ་སྦྱང༌། །བྱིན་རླབས་ཧཱུཾ་ཡིག་ཡོངས་གྱུར་བ། །རང་ཉིད་བདེ་མཆོག་སྐུ་མདོག་སྔོ། །ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན། །ཁྲོ་ཞིང་སྒེག་ལ་ཆགས་པའི་ཉམས། །རུས་རྒྱན་ཐོད་ཕྲེང་སྟག་ཤམ་གསོལ། །ཐོད་རློན་ལྔ་བཅུའི་དོ་ཤལ་དང༌། །སྐམ་པོ་ལྔ་ཡིས་དབུ་ལ་བརྒྱན། །རལ་བའི་རྩེ་མོར་ནོར་བུ་དང༌། །མདུན་ངོས་སྣ་ཚོགས་རྡོ་རྗེས་མཛེས། །གཡོན་ངོས་ཟླ་བ་ཕྱེད་པ་དང་ཤར། །ཕག་མོ་དམར་མོ་གྲི་ཐོད་ཅན། །མཉམ་སྦྱོར་མེ་དཔུང་ཀློང་དུ་རོལ། །ཡབ་ཀྱི་སྐུ་དབུས་རྩ་གསུམ་དང༌། །འཁོར་ལོ་ལྔ་བོ་རྫོགས་པའི་དབུས། །ཧཱུཾཿལྔའི་འོད་ཀྱི་དག་སྡུད་ལས། །བདེ་ཆེན་འཁོར་ལོ་སྐུ་གསང་འདུས། །སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། །རྡོ་རྗེ་དྲིལ་འཛིན་ཡུམ་ལ་འཁྱུད། །ལོངས་སྤྱོད་འཁོར་ལོ་གསུང་སྒྱུ་མ། །མཐིང་ནག་ཕྱག་གཉིས་མདའ་གཞུ་འགེང༌། །སངས་རྒྱས་མཁའ་འགྲོ་དམར་མོས་འཁྱུད། །ཆོས་ཀྱི་འཁོར་ལོ་ཐུགས་དགྱེས་རྡོར། །མཐིང་ཀ་ཕྱག་གཉིས་རྡོར་དྲིལ་འཛིན། །བདག་མེད་གྲི་ཐོད་འཛིན་པས་འཁྱུད། །ལྟེ་བར་ཡོན་ཏན་དཔལ་བདེ་མཆོག །སྔོན་པོ་ཕྱག་གཉིས་རྡོར་དྲིལ་འཛིན། །རྣལ་འབྱོར་དམར་མོ་གྲི་ཐོད་ཅན། །འཁྱུད་ཅིང་བདེ་བའི་གར་གྱིས་རོལ། །གསང་གནས་འཕྲིན་ལས་འཇིགས་བྱེད་མཐིང༌། །མ་ཧེའི་ཞལ་ཅན་གྲི་ཐོད་བསྣམ། །ཕག་མོ་གྲི་ཐོད་འཛིན་པས་འཁྱུད། །གཡོན་བརྐྱང་མ་ཧེའི་གདན་ལ་རོལ། །སོ་སོའི་སྙིང་གའི་ཧཱུཾ་ཡིག་ལས། །རྒྱུད་སྡེ་ལྷ་ལྔའི་ཚོགས་སྤྱན་དྲངས། །བཛྲ་ས་མཱ་ཡ་ཛཿ ཛ་ཧཱུཾ་བཾ་ཧོཿ སླར་ཡང་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་དབང་ལྷ་འཁོར་བཅས་བཅས་དྲངས། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾཿ ཡུམ་ལྔས་བདུད་རྩིའི་དབང་བསྐུར་གྱུར། །ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾཿ སྒྲིབ་དག་མི་བསྐྱོད་དབུ་བརྒྱན་གྱུར། །ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་ཨཱཿཧཱུཾཿ ཨོཾ་ཨཱཿཧཱུཾཿ བསྟོད་པ་ནི། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་རབ་རྫོགས་པ། །དཀྱིལ་འཁོར་ལྔ་བོ་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། ། བཟླས་པ་ནི། །ཡུམ་གྱི་ཐུགས་ཀའི་བཾཿཡིག་ལས། །སྔགས་ཕྲེང་ཞལ་ནས་སྐུའི་དབྱིབས་བརྒྱུད། །རྡོ་རྗེའི་པདྨའི་གསང་ལམ་ནས། །འཁོར་བས་དབང་བྱིན་བརྟན་པར་གྱུར། ། བདེ་མཆོག་སྙིང་པོ། ཨོཾ་ཧྲཱིཿ་ཧ་ཧ་ཧུཾ་ཧཱུཾ་ཕཊཿ ཕག་མོའི་སྙིང་པོ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱཿ གསང་འདུས་སྙིང་པོ། ཨོཾ་ཨཱཿབཛྲ་དྷྲིཀ྄་ཧཱུཾ་ཧཱུཾ་ཕཊཿ མ་ཧཱ་མཱ་ཡའི་སྙིང་པོ། ཨོཾ་ཨཱཿཧྲིཿཧཱུཾ་ཕཊ་སྭཱ་ཧཱཿ ཀྱེ་རྡོ་རྗེའི་སྙིང་པོ། ཨོཾ་དེ་བ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊཿ འཇིགས་བྱེད་སྙིང་པོ། ཨོཾ་ཧྲཱིཿཥྚ྄་བི་ཀྲི་ཏཱ་ན་ན་ཧཱུཾ་ཕཊཿ ཅེས་བཟླས་པ་བྱ་སྟེ། བསྙེན་གྲངས་རབ་ལ་འབྲུ་འབུམ། འབྲིང་ལ་འབུམ་བཞི། ཐ་མ་འབུམ་རེའོ། གསང་འདུས་འཇིགས་བྱེད་གཉིས་ཕ་རྒྱུད་ཡིན་པས་སྔགས་ཕྲེང་གཡས་སྐོར། གཞན་གསུམ་པོ་གཡོན་སྐོར་དུ་དམིགས་ཤིང༌། འདོ་ལིའི་དམིགས་པ་ཡང་བྱ། གནས་སོ་སོར་སེམས་བཟུང་ལ་སྐུ་དཀར་པོ། གསུང་དམར་པོ། ཐུགས་མཐིང་ཀ ཡོན་ཏན་སེར་པོ། འཕྲིན་ལས་སེར་ལྗང་གི་འོད་ཀྱིས་སོ་སོའི་རིགས་ཀྱི་དེ་བཞིན་གཤེགས་པ་མཆོད་ཅིང་བྱིན་རླབས་བསྡུས་ནས་གནས་སོ་སོར་བསྟིམ། གནས་ཀྱི་ལྷ་སོ་སོས་སྙོམ་འཇུག་བྱས། མི་རྟོག་པ། མ་བཅོས་པ། ཡིད་ལ་མི་བྱེད་པ། རང་བཞིན་མེད་པ་སྟེ་བདེ་སྟོང་ཟུང་འཇུག་གི་དགའ་བ་ཉམས་སུ་བསྟར། སྒྲིབ་པ་ལྔ་དག ཡེ་ཤེས་ལྔ་མངོན་དུ་གྱུར། སྐུ་ལྔའི་གོ་འཕང་ཐོབ་པར་བསམ་མོ། །ཐུན་མཐར། ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་ཨཱཿཧཱུཾཿ ཨོཾ་ཨཱཿཧཱུཾཿ བསྟོད་པ་ནི། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་རབ་རྫོགས་པ། །དཀྱིལ་འཁོར་ལྔ་བོ་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་བསྟོད། །ཡིག་བརྒྱ་བརྗོད། རྫོགས་རིམ་ནི། རྒྱས་པ་བྱ་ནི་གུ་ཆོས་དྲུག་པོ་རིམ་པར་བསྒོམ། བསྡུ་ན། གནས་ལྔའི་ལྷ་རྣམས་འོད་དུ་ཞུ། །འོད་ཀྱི་རང་ལུས་ཡོངས་སུ་གང༌། །སྣོད་བཅུད་དཀྱིལ་འཁོར་མ་ལུས་པ། །འོད་གསལ་ཆོས་ཀྱི་དབྱིངས་སུ་བསྡུ། །མཉམ་པར་བཞག ལྡང་ཚེ། སྐད་ཅིག་དྲན་རྫོགས་ཧེ་རུ་ཀཿ ཡབ་རྐྱང་གསལ་བའི་གནས་གསུམ་དུ། །ཨོཾ་ཨཱཿ་ཧཱུཾ་གིས་བསྲུང་བ་ཡིས། །གང་ཤར་རང་གྲོལ་སྒྱུ་མ་བཞིན། ། བསྔོ་བ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །ཧེ་རུ་ཀཿ་དཔལ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་བྱ། །རྒྱས་པར་ན་སྨོན་ལམ་བཀའ་རྒྱ་མ་དང་བཀྲ་ཤིས་བཀའ་རྒྱ་མ་ཡང་བརྗོད། །ཅེས་ལོ་རི་སྤྲུལ་བའི་སྐུ་རིན་པོ་ཆེ་དང༌། གཉག་རིགས་ཀྱི་རྣལ་འབྱོར་མ་ནམ་མཁའ་ཡེ་ཤེས་གསལ་སྒྲོན། དགེ་སློང་ཀུན་བཟང་གཞན་ཕན་བཅས་ཀྱིས་བསྐུལ་ངོར་རིག་པ་འཛིན་པ་ཚེ་དབང་ནོར་བུས་མེ་སྦྲུལ་ལོའི་མགོ་ཟླའི་དམར་ཕྱོགས་མཁའ་འགྲོའི་ཚེས་བཅུ་ལ་དཔལ་པདྨ་བཛྲ་གྱི་སྒྲུབ་གནས་ཡར་ལུང་ཤེལ་གྱི་བྲག་ཕུག་ཏུ་སྦྱར་བའོ། །


previousཤངས་ལུགས་རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་མན་ངག་ཟུང་འཇུག་དགའ་སྟོན། next