Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
རྩ་གསུམ་སྲུང་མའི་གསོལ་མཆོད་ཁྱེར་བདེ་འཕྲིན་ལས་མྱུར་འགྲུབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྩ་གསུམ་སྲུང་མའི་གསོལ་མཆོད་ཁྱེར་བདེ་འཕྲིན་ལས་མྱུར་འགྲུབ། next

རྩ་གསུམ་སྲུང་མའི་གསོལ་མཆོད་ཁྱེར་བདེ་འཕྲིན་ལས་མྱུར་འགྲུབ།

༄༅། །རྩ་གསུམ་སྲུང་མའི་གསོལ་མཆོད་ཁྱེར་བདེ་འཕྲིན་ལས་མྱུར་འགྲུབ་བཞུགས་སོ།།

ན་མོ་གུ་རུ། འདི་ཉིད་མནོལ་བསང་བྱེད་ན་རྨེ་བ་བརྩེགས་པ་འམ་རྣམ་པར་འཇོམས་པ་སོགས་གྲིབ་གདོན་སེལ་བའི་ལྷ་ལ་སྦྱར། གནས་སྐབས་ཀྱི་མཆོད་འབུལ་བྱེད་ན། ན་མཿ་སརྦ་་་ཞེས་ནམ་མཁའ་མཛོད་སྔགས་ཀྱིས་གཏོར་མའམ་གསེར་སྐྱེམས་བྱིན་གྱིས་བརླབས་ལ། ཡི་དམ་ཀྱི་ང་རྒྱལ་གྱིས་ཛ་ཧཱུྂ་བྂ་ཧོཿཞེས་སྲུང་མ་རྣམས་སྤྱན་དྲངས་ཏེ། ཨོཾ་ཨཱཿཧཱུྂཿ བཀའ་དྲིན་འཁོར་མེད་བླ་མ་མཆོག་གསུམ་དང༌། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་མཆོད། །སྲུང་མ་ཀུན་གཙོ་མ་མགོན་ལྕམ་དྲལ་དང༌། །གླིང་བཞིའི་བདག་པོ་རྒྱལ་ཆེན་སྡེ་བཞི་མཆོད། །མགོན་པོ་ཕོ་རྒྱུད་ལྷ་མོ་མོ་རྒྱུད་དང༌། །གཉིས་མེད་མ་ནིང་རྒྱུད་ཀྱི་སྲུང་མ་མཆོད། །ལྷ་ཀླུ་སྡེ་བརྒྱད་སྡེ་དཔོན་སུམ་ཅུ་དང༌། །དཔལ་མགོན་བདུན་ཅུ་བརྟེན་པའི་སྲུང་མ་མཆོད། །ལོ་ཟླ་ཞག་དུས་འབྱུང་བ་བཞི་ཡི་བདག །ཁྱིམ་བདག་བཅུ་གཉིས་གཟའ་སྐར་ཚེས་ལྷ་མཆོད། །པེ་ཧར་རྒྱལ་ཆེན་སྐུ་ལྔ་དང༌འབར་བ་བདུན། །པདྨའི་ཆོས་བརྒྱུད་སྐྱོང་བའི་སྲུང་མ་མཆོད། །ཕ་ལྷ་མ་ལྷ་ཞང་ལྷ་ཕྲག་ལྷ་དང༌། །སྐྱེས་ལྷར་བཅས་པའི་འགོ་བའི་ལྷ་ལྔ་མཆོད། །འོད་དེ་གུང་རྒྱལ་སྲས་ཆེན་བརྒྱད་དང་བཅས། །རྗེ་ཡི་མགུལ་ལྷ་སྲིད་པའི་ལྷ་དགུ་མཆོད། །བསྟན་མ་བཅུ་གཉིས་ཁང་ཁྱིམ་ནོར་གྱི་ལྷ། །ཞིང་ཕྱུགས་ཐབ་ལྷ་གནས་བདག་མགྲོན་ལྷ་མཆོད། །ཚེ་རབས་ལས་ལྷ་ད་ལྟ་སྐྱོབས་པའི་ལྷ། །རང་བཞིན་ཤུགས་ཀྱིས་འཁོར་བའི་ལྷ་རྣམས་མཆོད། །ཁྱད་པར་མ་མྱེས་སློབ་དཔོན་བརྒྱུད་པ་ཡི། །ལུས་དང་གྲིབ་བཞིན་འགྲོགས་པའི་ལྷ་རྣམས་མཆོད། །སྲིད་པའི་ཁམས་ཀྱི་ལྷ་འདྲེ་མཐུ་བོ་ཆེ། །བདག་ལ་རེ་ཞིང་ཆགས་པའི་མགྲོན་རྣམས་མཆོད། །གསོལ་ལོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་། །འཐོལ་ལོ་བཤགས་སོ་འགལ་འཁྲུལ་ཉེས་པའི་ཚོགས། །འབྲལ་མེད་གྲོགས་མཛོད་རྣམ་བཞིའི་ཕྲིན་ལས་སྒྲུབས། །ཆེད་དུ་བཅོལ་བའི་ལས་ཀུན་མ་གཡེལ་མཛོད། །མདོར་ན་ཉོན་མོངས་དུག་ལྔའི་གཞན་དབང་གིས། །སྔོན་ལས་འཕྲལ་རྐྱེན་ལས་བྱུང་མི་མཐུན་ཕྱོགས། །བླ་མ་མཆོག་གསུམ་སྲུང་མར་བཅས་པ་ཡིས། །བདེན་པའི་སྟོབས་ཀྱིས་ཡོངས་སུ་ཞི་གྱུར་ཅིག །ཅེས་པའི་འགོ་བའི་ལྷ་ལྔ་དང་སྲིད་པའི་ལྷ་དགུ་སོགས་ལ་བརྩི་ཚུལ་གཞན་ཡང་ཡོད་མོད་མིང་ཙམ་ལས་ངོ་བོ་གཅིག་པས་སྤྲོས་པ་བྱེད་མི་དགོས་ལ་མཐར་བདེན་ཚིག་བརྗོད་ལ་བཛྲ་མུས་གཤེགས་སུ་གསོལ། བསང་བྱེད་ན་མཆོད་ཅེས་པའི་མལ་དུ་བསང་ཞེས་སྦྱར། གློ་བུར་ལས་བཅོལ་སོགས་ལ་བསྐུལ་དང་གསོལ་ཞེས་བཏགས་སྟེ་འཕྲད་ཅུང་ཟད་བསྒྱུར་ཤེས་པར་བྱ། འདིའང་གློ་ཡུལ་རྒྱལ་པོའི་སྲས་མོ་ཞིང་སྐྱེས་ཀྱི་རྣལ་འབྱོར་མ་བདེ་ཆེན་དབང་མོས་བསྐུལ་ངོར་ལྕགས་ཁྱི་རྒྱལ་ཟླའི་ཚེས་དགུ་སྲུང་མ་མཆོད་པའི་དུས་སུ་སྨོན་ཐང་དུ་རྒྱལ་པོའི་ཕོ་བྲང་དུ་རིག་འཛིན་ཚེ་དབང་ནོར་བུས་གང་ཤར་དུ་སྨྲས་པའི་ཡི་གེ་པ་ནི་དག་མགྱོགས་རྐྱེན་གསུམ་ལྡན་པའི་སྤྲུལ་སྐུ་བསྟན་འཛིན་ནོ། །


previousརྩ་གསུམ་སྲུང་མའི་གསོལ་མཆོད་ཁྱེར་བདེ་འཕྲིན་ལས་མྱུར་འགྲུབ། next