Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྲོལ་མ་དོན་གྲུབ་མའི་སྒྲུབ་ཐབས་བསྡུས་པ་དངོས་གྲུབ་འབྱུང་གནས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲོལ་མ་དོན་གྲུབ་མའི་སྒྲུབ་ཐབས་བསྡུས་པ་དངོས་གྲུབ་འབྱུང་གནས། next

སྒྲོལ་མ་དོན་གྲུབ་མའི་སྒྲུབ་ཐབས་བསྡུས་པ་དངོས་གྲུབ་འབྱུང་གནས།

༈ སྒྲོལ་མ་དོན་གྲུབ་མའི་སྒྲུབ་ཐབས་བསྡུས་པ་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་བཞུགས་སོཿ ཨྠྀི

ན་མོ་ཨརྻ་ཏཱ་ར་ཡེ། །པདྨ་གསུང་གི་གཙོ་མཆོག་སྤྱན་རས་གཟིགསཿ པདྨ་ལས་འཁྲུངས་སྲས་མཆོག་སམྦྷ་ཝཿ པདྨའི་ལྷ་ལྕམ་རྗེ་བཙུན་སྒྲོལ་མ་མཆོགཿ པདྨ་ཁྲོས་པ་རྟ་མགྲིན་བཅས་ལ་འདུདཿ གདུང་བས་བོས་ན་ཐུགས་རྗེ་གློགས་ལྟར་མྱུརཿ གུས་པས་བསྙེན་ན་བསླུ་མེད་བྱིན་རླབས་སྩོལཿ འགྲོ་བ་ཀུན་ལ་མ་གཅིག་ལྟར་བརྩེ་བའིཿ དུས་གསུམ་རྒྱལ་བའི་འཕྲིན་ལས་མཛད་དེས་སྐྱོངསཿ ཕྱག་མཚན་ཨུཏྤལ་གསར་བ་ལསཿ བརྡ་ལུང་བུང་བ་དགྱེས་པའི་དབྱངསཿ མ་བརྗེད་ཡི་གེར་བཀོད་པ་ལཿ སྔགས་ཀྱི་བདག་མོས་གནང་བ་སྩོལཿ འཕགས་མ་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་ཚེ་ནཿ བདག་དང་སྣང་བ་ཐམས་ཅད་ལ་རང་མཚན་དུ་ཞེན་པའི་བློ་སྐད་ཅིག་གིས་ཞི་ནསཿ མདུན་གྱི་ནམ་མཁར་རྒྱ་མཚོ་སྔོ་ལ་དྭངས་བཿ འོད་དང་འོད་ཟེར་འབར་བཿ ཆུ་སྐྱེས་སྣ་ཚོགས་འདབ་བརྒྱར་བཞད་པའི་སྟེང་དུ་རྒྱལ་བ་ཀུན་གྱི་འཕྲིན་ལས་མཿ མ་གཅིག་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་ཁུ་སྤྱན་བདུན་པཿ དབུ་ལ་མེ་ཐོག་གི་ཐོད་ཅིང་དང་སྐུ་ལ་མར་ཡུལ་གྱི་བུ་མོ་གཞོན་ནུའི་ཆས་གོས་གསོལ་བཿ བཅུ་དྲུག་ལང་ཚོ་རྫོགས་པའི་རྣམ་འགྱུར་ཅན་ཞིག་ཝལ་གྱིས་བྱུང་ནསཿ ཤིན་ཏུ་བརྩེ་བའི་སྤྱན་གྱིས་བདག་ལ་གཟིགས་པའི་ཚེཿ བདག་གིས་ཀསྨིར་དང་སྟོད་ཧོར་གྱི་འཁྲུགས་པའི་གཡུལ་བཤམ་པ་འདི་མྱུར་དུ་ཞི་བར་གསོལ་བ་བཏབ་པ་དང་ཿ ཕྱག་གི་ཨུཏྤལ་ལས་གསེར་སྦྲང་གཡུ་ཡི་གཤོག་པ་ཅན་ཞིག་སྤྲོས་ཏེ་བདག་གི་རྣ་ལམ་དུ་དབྱངས་རྟ་ལ་དྲངས་ནས་གསུང་བ་འདི་ལྟརཿ ཀྱེ་རིགས་ཀྱི་བུ་བློ་མ་ཞུམ་པར་འགྲོ་བའི་དོན་ལ་བརྩོན་དང་འཕགས་མ་ངས་འཕྲིན་ལས་དབྱེར་མེད་དུ་སྒྲུབ་པོཿ སྤྱིར་རྒྱལ་ཁམས་ལ་ཕན་བདེ་འབྱུང་བཿ སྒོས་ཡུལ་རིས་ཀྱི་རྩོད་པ་ཞི་བཿ དགེ་འདུན་པའི་སྡེ་མཐུན་པཿ ཁྱིམ་མཚེས་དང་ནང་མི་བྱམས་པའི་འཚོ་བ་ལ་ལོངས་སུ་སྤྱོད་པཿ རང་གི་རྒྱུད་ཀྱི་ཞེ་སྡང་ཧྲག་པོ་འདུལ་བའི་ཕྱིར་དུཿ འཕགས་མ་བདག་གིས་རིགས་པའི་མན་ངག་འདི་སྟོན་ནོཿ འདི་ལྟར་ཉམས་སུ་ལེན་ནུས་ན་ཕྱི་ཡི་འཁྲུགས་རྩོད་ཐམས་ཅད་ཞི་བར་འགྱུར་རོཿ གང་ཞེ་ན་དེ་ནང་གི་ཉོན་མོངས་པ་རྩུབ་པའི་རང་གཟུགས་མཆེད་པ་ཡིན་པས་སོཿ སྡོང་པོ་གཅིག་གི་རྩ་བ་བཅད་ན་ཡལ་ག་དང་ལོ་མ་འབྲས་པུ་ཐམས་ཅད་རང་བཞིན་གྱིས་རྒུད་པར་འགྱུར་བ་བཞིནཿ སེམས་གཅིག་པོ་འདི་འདུལ་བ་མན་ངག་གི་རྩ་བ་ཡིན་ནོཿ དེ་ཅི་ལྟར་འདུལ་ནཿ དམ་ཚིག་ལེགས་པར་བསྲུང་བ་དང་ཿ ལྷག་པའི་ལྷའི་བྱིན་རླབས་གཉིས་ལ་བརྟེན་ནས་འབྱུང་གིཿ དམ་ཚིག་ནིཿ ནང་མ་རེ་བཞིན་ཕ་མ་སེམས་ཅན་གྱི་དྲིན་དྲན་པ་དང་ཿ འགྲོ་བ་ཐམས་ཅད་ལས་ཀྱིས་གཞན་དབང་དུ་གྱུར་བར་འཁོན་སྦྱང་བ་དང་ཿ བྱམས་པ་སྙིང་རྗེ་དང་བཟོད་པའི་ཕན་ཡོད་དྲན་ཞིང་ཿ ཁོང་ཁྲོ་སོགས་ཀྱི་ཉེས་པ་དྲན་ནས་འདོད་ཆགས་དང་ཞེ་སྡང་གི་གནས་ལས་ངེས་པར་འབྱུང་བར་བྱའོཿ ལྷག་པའི་ལྷའི་བྱིན་རླབས་ལ་བརྟེན་པ་ནིཿ འདོད་པ་ཐམས་ཅད་འགྲུབ་པའི་འཕགས་མ་སྒྲོལ་མའི་ཐུགས་བསྐྱེད་དང་རྣམ་ཐར་དྲན་ཞིང་གསོལ་བ་འདེབས་པ་དང་ཿ དེའི་སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་ལ་བློ་རྩེ་གཅིག་ཏུ་གཞོལ་བའོཿ དེ་ཡི་ཆོག་གའི་རིམ་པ་ནི་འདི་ལྟརཿ སྐྱབས་འགྲོ་སེམས་བསྐྱེད་ནིཿ བླ་མ་ཡི་དམ་དབྱེར་མེད་སྒྲོལ་མ་ཡུམཿ གཏན་གྱི་སྐྱབས་སུ་བརྟེན་ནོ་ཐུགས་རྗེས་ཟུངསཿ མཁའ་ཁྱབ་འགྲོ་བ་སྡུག་བསྔལ་མཚོ་ལས་བསྒྲལཿ ཞི་བ་བྱང་ཆུབ་འཇུག་པར་སེམས་བསྐྱེད་དོཿ ལན་ཅི་མང་བཟླས་ཤིང་ཿ ཡན་ལག་བདུན་པ་འབུལ་བ་ནིཿ སྒོ་གསུམ་རབ་གུས་དྭངས་བས་ཕྱག་འཚལ་ལོཿ སྣང་སྲིད་རྣམ་དག་ཕྱག་རྒྱའི་མཆོད་པ་འབུལཿ ཐོག་མེད་སྡིག་ལྟུང་རྟོག་སྒྲིབ་འཐོལ་ཞིང་བཤགསཿ གང་གིས་དོན་གཉིས་སྒྲུབ་ལ་རྗེས་ཡི་རང་ཿ ཟབ་རྒྱས་གདམས་པའི་ཆོས་འཁོར་བསྐོར་བར་བསྐུལཿ འཕགས་ཚོགས་མྱ་ངན་མི་འདའ་གཏན་བཞུགས་གསོལཿ དུས་གསུམ་བསག་པའི་དགེ་ཚོགས་འགྲོ་ལ་བསྔོཿ གང་སྨོན་དོན་ཀུན་གྲུབ་པའི་བྱིན་རླབས་རྩོལཿ འཕགས་མ་འོད་དུ་ཞུ་ནས་རང་ལ་ཐིམཿ བདག་གི་རྣམ་སྨིན་ཕུང་པོ་སྟོང་པར་གྱུརཿ མཉམ་པར་འཇོགཿ ལྷར་བསྐྱེད་པ་ནིཿ ཏཱྂཿ མ་བཅོས་སྟོང་ཉིད་སྙིང་རྗེ་ཆེན་པོའི་གདངསཿ ཡེ་ཤེས་ལྔ་ལྡན་རྒྱུ་ཡི་ས་བོན་ཏཱྂཿ འོད་ཟེར་འཕྲོ་འདུས་འཕགས་མཆོད་འགྲོ་སྒྲིབ་སྦྱངཿ སྣང་སྲིད་གཞི་གྲོལ་ཨེ་ཡི་གཞལ་མེད་ཁང་ཿ སྙིང་རྗེའི་བདུད་རྩིའི་རྒྱ་མཚོ་གཡས་སུ་འཁྱིལཿ བྱམས་པའི་འཇའ་སྤྲིན་འོད་ཀྱི་གུར་ཆེན་འཁྲིགསཿ དགའ་བའི་པདྨ་འདབ་སྟོང་རྣམ་པར་བཞདཿ བཏང་སྙོམ་ཉ་གང་ཟླ་བའི་དཀྱིལ་འཁོར་ཤརཿ དེ་སྟེང་རང་སེམས་སྟོང་པའི་ཡེ་ཤེས་རྩལཿ མཚར་སྡུག་ལྷ་མོའི་སྐུར་ཤར་སྒྲོལ་མ་ཡུམཿ སྔོ་ལྗང་ཞལ་གཅིག་ཕྱག་གཉིས་སྤྱན་བདུན་ལྡནཿ ཞི་འཛུམ་མཚན་དཔེའི་གཟི་བྱིན་རབ་ཏུ་འབརཿ ཐབས་ཀྱི་ཕྱག་གཡས་མཆོག་སྦྱིན་ཐུར་དུ་བསྐྱང་ཿ ཤེས་རབ་ཕྱག་གཡོན་ཐུགས་གར་མཆོག་གསུམ་རྒྱཿ རབ་རྒྱས་ཨུཏྤལ་སྔོན་པོའི་སྡོང་བུ་འཛིནཿ སྲིད་ཞིའི་མཐའ་སྤང་ཞབས་གཉིས་མཉམ་སྟབས་བཞེངསཿ སྐུ་སྟོད་མ་རུའི་ན་ཆུང་ཆ་ལུགས་ལཿ སྐུ་སྨད་སྣ་ཚོགས་དར་གྱི་ཤམ་བུ་གསོལཿ དམར་སེར་པདྨའི་ཐོད་ཆིང་དབུ་སྐྲ་ནགཿ སྐུ་ལ་རིན་ཆེན་ནོར་བུའི་འཕྱང་འཕྲུལ་གཡོཿ སྤྱི་བོར་སྣང་མཐའ་མཉམ་བཞག་ཚེ་བུམ་བསྣམསཿ ཁ་རྒྱན་པདྨར་ཀུ་རུ་ཀུལླེ་དམརཿ རང་གི་སྙིང་དབུས་རྡོ་རྗེའི་ལྟེ་བ་རུཿ སྙིང་རྗེའི་དབང་ཕྱུག་ཞལ་གཅིག་ཕྱག་གཉིས་དམརཿ བཞེངས་སྟབས་གཡས་ན་པད་ཕྲེང་གཡོན་བུམ་པཿ རུས་པའི་རྒྱན་ལྡན་བཞད་སྒྲས་སྣང་སྲིད་གཡོཿ དེ་ཐུགས་ཉི་ཟླའི་ཀློང་དུ་རྟ་མགྲིན་མཐིང་ཿ ཞལ་གཅིག་ཕྱག་གཉིས་རལ་གྲི་ཞགས་པ་ཐོགསཿ ཞབས་གཉིས་བསྒྲད་སྟབས་སྤྱི་གཙུགས་རྟ་ལྗང་འཚེརཿ སྲིད་གསུམ་བྲན་ཁོལ་གནམ་ལྕགས་རལ་བ་གཟེངསཿ སྟེང་གི་ནམ་མཁར་བླ་མ་པདྨ་འབྱུང་ཿ བརྒྱུད་གསུམ་རིག་འཛིན་ལྷ་ཚོགས་སྤྲིན་ལྟར་གཏིབཿ བར་ཏུ་ཡི་དམ་རྒྱུད་སྡེ་བཞི་ཡི་ལྷཿ ཞི་ཁྲོ་དཔའ་བོ་དཔའ་མོ་སྐར་ལྟར་བཀྲཿ མཐའ་སྐོར་ཡེ་ཤེས་ལས་དང་འཇིག་རྟེན་གྱིཿ དམ་ཅན་སྲུང་མའི་ལྷ་ཚོགས་རླུང་ལྟར་འཚུབསཿ བདག་མདུན་ལྷ་ཚོགས་གནས་གསུམ་ཡི་གེ་ལསཿ འོད་ཀྱི་ལྕགས་ཀྱུས་ཡེ་ཤེས་ལྷ་ཚོགས་དྲངསཿ སྤྱན་འདྲེན་པ་ནིཿ ཏཱྂཿ སྐྱེ་མེད་དབྱིངས་ལས་སྐྱེ་བའི་གར་བསྒྱུར་བཿ རྩ་གསུམ་ཀུན་འདུས་མྱུར་མཛད་སྒྲོལ་མའི་ཚོགསཿ དད་དམ་ཏིང་འཛིན་སྟོབས་ཀྱིས་ཐུགས་རྒྱུད་བསྐུལཿ རང་སྣང་དཀྱིལ་འཁོར་འདི་རུ་གཤེགས་སུ་གསོལཿ ཨརྻཱ་ཏཱ་རེ་བཛྲ་ས་མ་ཡ་ཛཿ བཞུགས་སུ་གསོལ་བ་ནིཿ ཧོཿ རྣམ་དག་སེམས་བསྐྱེད་པདྨོ་རྒྱས་པའི་ཁྲིརཿ འགྲོ་རྣམས་དངོས་འཛིན་སྒྲིབ་པ་དག་པའི་ཕྱིརཿ བྱ་གྲུབ་ཡེ་ཤེས་རྡོ་རྗེ་བཙུན་མོ་ཆེཿ དབྱེར་མེད་བརྟན་བཞུགས་བདེ་བ་ཆེན་པོར་རོལཿ ཛཿཧཱུཾ་བཾ་ཧོཿ ཏིཥྛ་བཛྲ་ས་མ་ཡ་སྟྭཿ ཕྱག་འཚལ་བ་ནིཿ ཡེ་ཤེས་དབྱིངས་ལས་ཐུགས་རྗེ་རོལ་བའི་ལྷཿ གདོད་ནས་རང་སེམས་གཤིས་སུ་རྟག་བཞུགས་ཀྱང་ཿ གཉིས་འཛིན་མཚན་མར་ཞེན་པའི་བློ་ཡིས་སྒྲིབཿ བདག་སྣང་ལྷ་དང་དབྱེར་མེད་ཕྱག་འཚལ་ལོཿ ཨ་ཏི་པུ་ཧོཿ པྲ་ཏིཙྪ་ཧོཿ ཨོཾ་ཨཱ་ཧཱུཾཿ ཕྱི་མཆོད་འདོད་ཡོན་ལྔ་དང་རྒྱལ་སྲིད་བདུནཿ ནང་མཆོད་སྨན་རཀ་གཏོར་མ་ཐུན་མིན་རྫསཿ གསང་བ་སྦྱོར་སྒྲོལ་ཡེ་ཤེས་ཆེན་པོ་སྟེཿ སྣང་སྲིད་ཕྱག་རྒྱར་ཤར་བའི་མཆོད་པ་འབུལཿ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུཔེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱཱ་ཤབྟ་རཱུ་པ་ཤབྟ་གནྡྷེ་ར་ས་སྤརྵེ་དྷརྨ་དྷ་ཏུ་ཧཱུཾཿ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་སུ་ཁཱ་པཱུ་ཛ་ཧོཿ བསྟོད་པ་ནིཿ ཨོཾཿ སྒྲོལ་མ་ཆེན་མོ་འཕྲིན་ལས་མྱུར་འགྲུབ་མཿ སྒྱུ་མ་ཆེན་མོ་ཁམས་གསུམ་དབང་བསྒྱུར་བཿ འོད་གསལ་ཆེན་མོ་བདེ་བ་ཀུན་གྱི་དཔྱིདཿ ཞི་བ་ཆེན་མོ་འཁོར་དང་བཅས་ལ་བསྟོདཿ བཟླས་པ་ནིཿ རྟ་མགྲིན་ཐུགས་པར་འོད་ལྔའི་ཐིག་ལེའི་ཀློང་ཿ འཕགས་མའི་ཐུགས་སྲོག་ཏཱྂཿལྗང་འོད་ཟེར་འབརཿ དེ་མཐར་ཡི་གེ་བཅུ་བས་བསྐོར་བ་ལསཿ རྒྱལ་བ་ཀུན་ཀྱི་འཕྲིན་ལས་བརྟན་པར་གྱུརཿ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱཿ འདི་ནི་སྙིང་པོ་དམ་པ་སྟེཿ བཟླས་པ་ཙམ་གྱིས་མཁའ་འགྲོ་འདུཿ འབྲུ་འབུམ་བཟླས་པས་དོན་ཀུན་འགྲུབཿ བཞི་འགྱུར་ས་ཡ་དུང་བྱུར་སོགསཿ རིམ་པར་ཞལ་གཟིགས་ལུང་བསྟན་ཐོབཿ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཛཾ་བྷེ་མོ་ཧེ་སྭཱཧཱཿ འདི་ནི་སྒྲོལ་མ་སྒོས་ཀྱི་སྔགསཿ མེ་ཏོག་དམར་པོའི་མཎྜལ་བཅསཿ སྙིང་པོའི་བཞི་ཆ་བཟླ་བར་བྱཿ འདོད་པའི་དོན་འགྲུབ་ལུང་བསྟན་ཐོབཿ དེ་ནས་ལས་ཀྱི་རིམ་པ་ནིཿ དང་པོ་ཞི་བའི་དམིགས་པ་ནིཿ ཐུགས་ཀའི་སྤྱན་ལས་གཟིགས་ལས་རང་འདྲ་དཔག་ཏུ་མེད་པ་འཕྲོསཿ འགྲོ་བ་རྣམས་ཀྱི་སྙིང་ལ་ཞུགས་པས་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་མཐའ་དག་དགཿ ཁྱད་པར་ཏུ་རྒྱལ་བློན་བཙུན་མོ་དམག་དཔོན་ཆེ་དགུ་ཀུན་གྱི་བསམ་པ་ངན་པ་ཐམས་ཅད་ཞི་བར་གྱུརཿ ཨོཾ་མ་ཎི་པདྨེ་ཧཱུཾཿཧྲིཿ ཅེས་པ་ལྷ་སྔགས་ཿ ལས་སྔགས་ནིཿ དཀོན་མཆོག་གསུམ་མཚོན་གྱི་ཕྱག་རྒྱ་ཐུགས་ཀར་བཀོད་ནསཿ ལྷས་སྦྱིན་གྱི་གདུགས་སེམས་ཤནྟཾ་ཀུ་རུ་ཡེ་སྭཱཧཱཿཞེས་དམིགས་བྱ་ཁྱད་པར་བ་ཡོད་ཚེ་མིང་སྤེལ་ནས་བཟླཿ གཉིས་པ་རྒྱས་པའི་ལས་ནིཿ སྤྱི་བོའི་ཚེ་དཔག་མེད་ཀྱི་སྐུ་ལས་བདུད་རྩིའི་སྤྲིན་ཆེན་པོ་སྤྲོས་ཏེ་འཇིག་རྟེན་ཐམས་ཅད་ཁེངསཿ འགྲོ་བ་རྣམས་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་རྒྱསཿ ཁྱད་པར་རྒྱལ་བློན་བཙུན་མོ་ཆེ་དགུ་ཐམས་ཅད་ཀྱི་གཞན་ཕན་བྱང་ཆུབ་ཀྱི་སེམས་རྒྱས་པར་གྱུརཿ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱཧཱཿ ཅེས་པ་ལྷ་སྔགས་དང་ཿ ལས་སྔགས་ནིཿ གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་ཅིང་ཿ གཞན་ཕན་གྱི་སེམས་བྷྲཱུཾ་པུཥྚཾ་ཀུ་རུ་ཡེ་སྭཱཧཱཿ མིང་སྤེལ་ཀྱང་རུང་ངོཿ གསུམ་པ་དབང་གི་ལས་ནིཿ རིགས་བདག་སྣང་བ་མཐའ་ཡས་ཀྱི་ཕྱག་གི་ཚེ་བུམ་ལས་མཁའ་འགྲོ་དམར་མོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་གྲངས་མེད་པ་འཕྲོསཿ འཁོར་འདས་ཀྱི་ལེགས་ཚོགས་ཐམས་ཅད་འོད་དམར་གྱི་རླུང་འཁོར་བ་བཞིན་དྲངས་ཤིང་བདག་གི་གདན་ལ་བསྟིམཿ ཁྱད་པར་མཁའ་འགྲོ་རྣམས་རྒྱལ་བློན་བཙུན་མོ་དམག་དཔོན་ཆེ་དགུ་རྣམས་ཀྱི་སྙིང་ལ་ཞུགས་ནས་བློ་དགེ་བའི་ཕྱོགས་བསྒྱུར་ཞིང་བདག་ལ་གུས་པར་གྱུརཿ ཨོཾ་ཀུ་རུ་ཀུལླེ་ཧྲཱི་སྭཱཧཱཿ ལྷ་སྔགས་སོཿ ལས་སྔགས་ནིཿ ལྕགས་ཀྱུའི་ཕྱག་རྒྱ་བཅསཿ དམིགས་བྱ་ཐམས་ཅད་ཝ་ཤང་ཀུ་རུ་ཧོཿ དྲག་པོའི་ལས་ནིཿ ཐུགས་ཀའི་རྟ་མགྲིན་ལས་ཁྲོ་བོ་འབར་བའི་ཚོགས་སྤྲོས་ཏེཿ མི་དགེ་བའི་ལས་ལ་འཇུག་པར་བསྐུལ་བའི་ཉོན་མོངས་བདུད་བཞིའི་གནོད་པ་ཐམས་ཅད་ཚར་བཅདཿ ཁྱད་པར་ཏུ་རྒྱལ་བློན་བཙུན་མོ་དམག་དཔོན་ཆེ་དགུ་སོགས་ཀྱིས་རྩོད་པ་དང་དམག་འཁྲུགས་ཀྱི་གཡུལ་ཤོམ་པར་བསྐུལ་བའི་སྨོན་ལམ་ལོག་པའི་རྒྱལ་འགོང་དམ་སྲི་ཐམས་ཅད་འགུགས་བསྐྲད་སྒྲོལ་བའི་ལས་ཀྱིས་ཚར་བཅད་པར་བསམཿ ཨོཾ་ཧྱ་གྷྲི་ཝ་ཧཱུཾ་ཕཊཿ ལྷ་སྔགས་སོཿ ལས་སྔགས་ནིཿ རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་བཅསཿ གནོད་བྱེད་འབྱུང་བོ་མཱ་ར་ཡ་ཕཊཿ ཞེས་ཕུར་བུ་ཡོད་ན་ཧོཾ་ཏུ་ལན་གསུམ་གདབ་པོཿ གཞན་ཡང་འགུགས་པ་དང་དབང་དུ་བྱེད་པ་དང་ཿ བསད་པའི་ལངྒ་བསྟབས་ཀྱང་དགེའོཿ འདི་ལྟར་བཟླས་པས་ནང་གི་གཟའ་མི་འཐུནཿ བླ་མ་གྲྭ་ཚང་དགོན་སྡེའི་ཁ་མཆུ་ཞིཿ རྒྱལ་བློན་བཙུན་མོ་འགལ་བ་མཐུན་ཕྱོགས་སྒྱུརཿ འབྱུང་བོས་དཀྲུགས་པའི་དམག་དང་རྩོད་པ་སེལཿ ཁྱད་པར་སེམས་ཀྱི་ཞེ་སྡང་རྩུབ་མོ་ཡིསཿ རང་རྒྱུད་འཁྲུགས་ཤིང་ཁྲོ་བ་རིམ་བཞིན་ཞིཿ བཟོད་པའི་གོ་ཆ་རབ་ཏུ་བརྟན་པ་ཐོབཿ སྒྲོལ་མས་ཚེ་རབས་ཀུན་ཏུ་རྗེས་སུ་འཛིནཿ ལྷ་ཀླུ་སྡེ་བརྒྱད་ཕྱོགས་སྐྱོང་དབང་དུ་བྱེདཿ འདི་ཕྱིའི་དོན་ཀུན་སྨོན་པ་བཞིན་དུ་འགྲུབཿ ས་མ་ཡཿ ཐུན་མཐར་མཆོད་པ་ཅི་རིགས་བྱཿ ནན་གྱིས་གསོལ་བ་འདེབས་པ་ནིཿ ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོཿ ལྷ་དང་མི་འམ་ཅི་ཡིས་བསྟེན་མཿ ཀུན་ནས་གོ་ཆ་དགའ་བ་བརྗིད་པའིཿ རྩོད་དང་རྨི་ལམ་ངན་པ་སེལ་མཿ སྒོ་གསུམ་འབད་པས་སྨོན་པ་བྱཿ མཐའ་མར་དགེ་ཚོགས་བསྔོ་བ་ནིཿ ཧོཿ དགེ་ཚོགས་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདིསཿ མཐའ་ཡས་འགྲོ་བའི་སྡུག་བསྔལ་ཚ་གདུང་སེལཿ བྱང་ཆུབ་སེམས་ཀྱི་ལྗོན་བ་བརླན་པ་དང་ཿ ཟུང་འཇུག་འབྲས་བུ་མྱུར་ཏུ་སྨིན་པར་ཤོགཿ ཅེས་སོགས་བསྔོ་སྨོན་འབད་པས་བྱཿ ཅེས་པའང་སྔོན་ཆད་ལན་མང་པོར་འཕགས་མས་རྗེས་སུ་བཟུང་བའི་མཚན་མ་ཐོབ་པས་ཆོ་ག་འདི་བྱིན་རླབས་མཆོག་ཏུ་ཆེ་བར་ངེས་ཏེཿ ཅུང་ཟད་གླེང་ན་རང་ལོ་སོ་གཉིས་སུ་སོན་པ་ས་བྱ་ལོར་མོན་གྱི་རྒྱལ་ཁབ་གཉིས་ཀྱི་དམག་འཁྲུགས་བཟླུམ་ཚེ་རྗེ་བཙུན་སྒྲོལ་མ་བཞེངས་སྟབས་ལོངས་སྐུའི་ཆས་ཅན་ཞིག་ཞལ་གཟིགས་ཤིང་གདམས་པ་འདི་ཉིད་ལན་གཅིག་གནང་བ་དང་ཿ ས་འབྲུག་ལོར་བལ་ཡུལ་གྱི་མཆོད་རྟེན་ཞིག་པོ་ལས་སྒྲོལ་མའི་མཚན་བརྒྱ་བ་དང་སྒྲུབ་ཐབས་འདི་ཉིད་ཀྱི་རྒྱ་དཔེ་ལག་ཏུ་སོན་ཀྱང་བོད་ཡིག་ཏུ་འབེབས་རྒྱུ་བཏང་སྙོམས་སུ་ལུསཿ ལྕགས་རྟ་ལོར་རང་ལ་བོད་གཞུང་གིས་བཀའ་ཆད་བྱུང་ཞི་བའི་ཆེད་འཁོར་གཡོག་ཀུན་གྱིས་སྒྲོལ་མའི་བསྟོད་པ་འབུམ་ཕྲག་འཕྲལ་འགྲུབ་བགྱིས་པ་དང་ཿ རྨི་ལམ་གྱི་སྣང་ངོར་རྗེ་བཙུན་མ་ཡིད་ཙམ་ཁྲོས་པ་ཞིག་གིས་ལྕགས་ཕུར་ཞིག་དང་སྒྲོལ་མའི་པུ་སྟི་ཆུང་བ་ཞིག་སྤྲད་པར་རྨིས་པ་དང་ཿ ལོ་དེའི་སྨིན་ཟླའི་ཚེས་བཅོ་ལྔ་ལ་ཁྲ་འབྲུག་སྒྲོལ་མ་རང་བྱོན་ལ་མཆོད་འབུལ་སྐབས་མི་མིན་མཁའ་འགྲོ་ཉ་བཤན་གྱི་བུ་མོའི་ཚུལ་བཟུང་བ་ཞིག་གིས་སྒྲོལ་མའི་རྒྱུད་ཀྱི་པུ་སྟི་ཞིག་ལག་ཏུ་གཏད་ཅིང་མོ་རང་གི་ནང་གོས་བདག་གི་མགོ་བོར་བསྐོན་ནསཿ རྩོད་དང་རྨི་ལམ་ངན་པ་སེལ་མཿཞེས་ལན་གསུམ་གསུང་བས་མི་རིང་བར་གཞུང་གི་བཀའ་ཆད་སོགས་རྨི་ལམ་ལྟ་བུར་བདེན་མེད་དུ་སོང་ངོ་ཿ རྗེས་སུ་༧གངས་རིའི་ལྗོངས་ཀྱི་འདྲེན་པ་ཕྱག་ན་པདྨོའི་གསུང་གི་ཚབ་བྱས་ཏེ་མར་ཡུལ་ལ་དྭགས་ཀྱི་ཡུལ་དུ་ཆིང་སྒྲིག་ལ་ཡོང་བའི་ཚེ་ན་ལ་དྭགས་ཀྱི་རྒྱལ་བློན་གྱི་རྒྱུད་མཐའ་ཡི་རྒྱ་འདྲེ་འགོང་པོས་རྒྱུད་བརླམ་ཏེ་གཞི་མེད་ཀྱི་གླེང་མོ་མང་དུ་བྱུང་བ་ཞི་བའི་ཆེད་དུ་རིམ་གྲོ་མང་དུ་བགྱིས་པ་དང་ཿ ཁྱད་པར་ཏུ་རང་ལོ་ང་དྲུག་ཏུ་སོན་པ་དཔལ་གདོང་ཆུ་བྱ་ལོའི་རྒྱལ་ཟླའི་ཉེར་ལྔ་ལ་ལ་དྭགས་ཀྱི་བུ་མོ་ཞིག་གིས་མེ་ཏོག་སྔོན་པོའི་ཕྲེང་བ་ཞིག་ཕུལ་བས་རྐྱེན་བྱས་རྗེ་བཙུན་མ་སྒྲོལ་མའི་བཀའ་དྲིན་དྲན་ཞིང་གདུང་བའི་གསོལ་བ་དྲག་ཏུ་བཏབ་ཚེ་ཐ་མལ་གྱི་སྣང་བ་གནས་འགྱུར་ཏེ་རྗེ་བཙུན་སྒྲོལ་མ་མངོན་སུམ་དུ་མཇལ་ཞིང་འཕགས་མའི་ཐུགས་བསྐྱེད་དུས་ལས་མི་ཡོལ་བས་སྒྲོལ་བའི་སྒྲུབ་ཐབས་འདི་ཉིད་བུང་བའི་སྒྲ་ལས་བྱུང་བཞིན་ཀཿཐོག་རིག་པ་འཛིན་པ་ཚེ་དབང་ནོར་བུས་འཕྲལ་དུ་གནས་ཆེན་ཉེར་བཞིའི་ཡ་གྱལ་མ་རུ་ཞེས་གྲགས་པར་དག་པར་ཕབ་པོཿ འདི་ལྟར་གསང་ཞིང་ཉམས་སུ་བླང་ན་དམག་འཁྲུགསཿ ཤག་འགྱེདཿ སྟོབས་འགྲནཿ གླེང་ལོག་སོགས་རྩོད་པ་མ་ལུས་པ་ཞི་བའི་འཕྲིན་ལས་མངོན་དུ་གྲུབ་པ་ཡིན་ནོ༔ སརྦ་བི་ཛ་ཡནྟུ༔


previousསྒྲོལ་མ་དོན་གྲུབ་མའི་སྒྲུབ་ཐབས་བསྡུས་པ་དངོས་གྲུབ་འབྱུང་གནས། next