Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྨེ་བ་བརྩེགས་མའི་དབང་ཆོག་ཉེས་པ་ཀུན་སེལ་དམ་ལྡན་སྙིང་གི་སྒྲོན་མེ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྨེ་བ་བརྩེགས་མའི་དབང་ཆོག་ཉེས་པ་ཀུན་སེལ་དམ་ལྡན་སྙིང་གི་སྒྲོན་མེ། next

སྨེ་བ་བརྩེགས་མའི་དབང་ཆོག་ཉེས་པ་ཀུན་སེལ་དམ་ལྡན་སྙིང་གི་སྒྲོན་མེ།

༈ སྨེ་བ་བརྩེགས་མའི་དབང་ཆོག་ཉེས་པ་ཀུན་སེལ་དམ་ལྡན་སྙིང་གི་སྒྲོན་མེ་ཞེས་བྱ་བ་བཞུགས་སོཿ

ན་མོ་ཛྙཱ་ན་ཌཱཀྐི་བཛྲ་ཝཱ་རཱ་ཧིཿ བཅོམ་ལྡན་རྡོ་རྗེ་ཕག་མོ་ནིཿ མཁའ་འགྲོ་སྨེ་བ་བརྩེགས་མ་སྟེཿ སྡིག་གྲིབ་མ་ལུས་སྦྱོང་མཛད་མརཿ ཕྱག་བྱས་དབང་གི་ཆོ་ག་བཤདཿ ཐུན་མོང་སྦྱང་བ་རྣམ་པ་ལྔཿ ཐུན་མིན་བྱིན་རླབས་རྣམ་པ་བཞིཿ ཡང་ཟབ་རྒྱས་འདེབ་རྣམ་གསུམ་སྟེཿ བཅུ་གཉིས་རིམ་པས་དབང་དོན་བསྡུསཿ སྦྱོར་བ་རྗེས་ཀྱི་རིམ་པ་སོགསཿ སྤྱི་ལྟར་སྦྱར་བས་འགྲུབ་པའོཿ དང་པོ་བླ་མའི་བྱ་བ་ནིཿ ཕག་མོའི་ཆོ་ག་སྤྱི་ལྟར་བཏང་ཿ བུམ་སྒྲུབ་དམ་རྫས་བྱིན་རླབས་བྱཿ བདག་མདུན་བུམ་གསུམ་དབྱེར་མེད་པཿ གཙོ་བུམ་སྒྲུབ་པའི་བྱ་བའོཿ ཨཿ སྟོང་པའི་ངང་ལས་ལས་བུམ་ནིཿ གཞལ་མེད་ཁང་དབུས་ལྟེ་བ་རུཿ ཁྲོ་རྒྱལ་སྨེ་བརྩེགས་པ་མཐིང་ཿ ཕྱག་གཉིས་རྡོར་དྲིལ་ཐུགས་གར་བསྣོལཿ སྟག་ཤམ་རུས་བརྒྱན་ཁྲོ་བོའི་ཆསཿ འོད་ཀྱིས་ཡེ་ཤེས་སྤྱན་དྲངས་བསྟིམཿ རྒྱལ་ཀུན་མཐུ་སྟོབས་ཡོངས་རྫོགས་པའིཿ བདུད་རྩིའི་རྒྱུན་གྱིས་བུམ་པ་གང་ཿ ཨོཾ་བྷཱུརྐུཾ་མ་ཧཱ་པྲཱ་མ་ཎ་ཡཿ བྷཱུརྩི་བྷཱུརྐཾ་བི་མ་ལ་ཨུཙྪུ་མ་ཧཱ་ཀྲོ་དྷ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱཿ མཐར་ནི་ཁྲོ་རྒྱལ་འོད་དུ་ཞུཿ དག་བྱེད་བདུད་རྩི་དབྱེར་མེད་གྱུརཿ སླར་ཡང་གཙོ་མོའི་གནས་གསུམ་ནསཿ འབྲུ་གསུམ་བདུད་རྩིའི་ཆར་བབས་པསཿ དབང་རྫས་རྣམ་དག་དབྱེར་མེད་གྱུརཿ ཐམས་ཅད་ཡེ་ཤེས་རོལ་བར་གྱུརཿ རྩ་སྔགས་བཟླ་ཞིང་དམིགས་པས་གཟིརཿ དེ་ནས་སློབ་དཔོན་རང་ཉིད་གྱིསཿ དབང་བླང་དམ་ཚིག་གཅིག་ཏུ་བསྲེཿ སློབ་མ་འཇུག་པར་གསོལ་བ་འདེབསཿ སློབ་མར་དབང་བསྐུར་བྱ་བ་ལཿ ཐོག་མར་ཁྲུས་བྱས་བགེགས་བསྐྲད་ཅིང་ཿ ཆོས་བཤད་སློབ་མས་མཎྜལ་ཕུལཿ དབང་བསྐུར་ཞུ་བའི་གསོལ་འདེབས་ནིཿ ཀྱེཿ སངས་རྒྱས་ཀུན་དངོས་བླ་མ་རྗེཿ ཉམས་གྲིབ་པར་ཆད་བསལ་བའི་ཕྱིརཿ བདག་ལ་ཁྲོ་མོ་སྨེ་བརྩེགས་ཀྱིཿ དབང་མཆོག་ཡོངས་རྫོགས་བསྐུར་ཏུ་གསོལཿ ལན་གསུམ་གསོལ་བཏབ་བླ་མ་ཡིཿ ཨེཿ སྐལ་ལྡན་རིགས་ཀྱི་བུཿ ལྷ་ཡི་ནང་ནས་ལྷ་ཆེན་པོཿ ཉེས་པ་ཀུན་སེལ་སྟོབས་ཀྱི་ལྷཿ ཚུལ་བཞིན་སྒྲུབ་པར་ནུས་ལགས་སམཿ དྲིས་པས་ལན་དུ་ནུས་ཞེས་བརྗོདཿ དེ་ནས་སྐྱབས་འགྲོ་སེམས་བསྐྱེད་དང་ཿ སྔགས་ཀྱི་སྡོམ་པ་གཞུང་བཞིན་བཟུང་ཿ དམ་ཚིག་རྡོ་རྗེའི་མནའ་ཆུ་བླུདཿ ཐུན་མོང་སྦྱང་བ་རྣམ་ལྔ་ཡིཿ དང་པོ་རླུང་གི་སྦྱང་བ་ནིཿ ཕེཾཿ ཀུན་ཏུ་བཟང་མོ་བཅོམ་ལྡན་ཕ་རོལ་ཕྱིནཿ རྡོ་རྗེ་ཕག་མོ་སྨེ་བ་བརྩེགས་མའི་ལྷཿ གནས་གསུམ་མཁའ་འགྲོ་འབུམ་སྡེའི་ཚོགས་དང་བཅསཿ བཞེངས་ཤིག་འོག་མིན་དབྱིངས་ནས་གནས་འདིར་གཤེགསཿ དམ་ཚིག་རླུང་ལ་རྡོ་རྗེའི་བྱིན་ཆེན་ཕོབསཿ སྐལ་ལྡན་སློབ་མའི་སྡིག་སྒྲིབ་བག་ཆགས་སྦྱོང་ཿ ཁྱད་པར་བྱང་ཆུབ་ལམ་གྱི་གེགས་ཆེན་པོཿ དམ་ཚིག་ཉམས་པའི་ཉེས་ལྟུང་དབྱིངས་སུ་སོལཿ བཅོམ་ལྡན་སྨེ་བ་བརྩེགས་མའི་ཐུགས་བསྐྱེད་དང་ཿ སྐལ་ལྡན་སློབ་མའི་འགྱོད་ཚངས་དྲག་པོའི་སྟོབསཿ སྔགས་དང་ཏིང་འཛིན་རྟེན་འབྲེལ་བདེན་པའི་མཐུསཿ ཉེས་ཚོགས་མ་ལུས་དབྱིངས་སུ་དག་གྱུར་ཅིགཿཨོཾ་ཨཱཿ་ཧཱུཾ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཡྂ་ཧོ་ཤུདྡྷེ་ཤུདྡྷེཿཨ་ཨ་ཨ་སྭཱ་ཧཱཿ བྱང་གི་མཁའ་འགྲོའི་བ་དན་ལསཿ དབང་རྫས་རླུང་གཡབ་ཉིད་ལ་ཐིམཿ དེ་ལས་རླུང་ལྗང་དྲག་ཏུ་འཕྲོསཿ སྒྲིབ་པ་གཏོར་ཕྱིར་གདོང་ལ་གཡབཿ ཀྱེཿ གྲིབ་བདག་མ་རིག་འཛིན་པའི་འདྲེཿ གྲིབ་ནི་ཟས་ནོར་གོས་ཀྱི་གྲིབཿ མཛེ་ཡུགས་ནད་གདོན་འབག་བཙོག་གྲིབཿ རོ་གྲིབ་དམར་གྲིབ་བཤན་པའི་གྲིབཿ ཤི་གཤེད་རབ་ཆད་དམ་སྲིའི་གྲིབཿ ལྟོག་དབུལ་ཆེ་སྲི་ཆུང་སྲིའི་གྲིབཿ ནང་དམེ་འཁོན་གྲིབ་བྱི་ཕོའི་གྲིབཿ ནང་སྡེབས་ནལ་བུ་དམ་ཉམས་གྲིབཿ མ་རིག་དུག་ལྔ་ལས་བྱུང་བའིཿ གྲིབ་ཀྱི་རིགས་སུ་གྱུར་བ་ཀུནཿ ཐམས་ཅད་ཆོས་ཉིད་བདེན་པའི་མཐུསཿ དག་ཅིང་ཡེ་ཤེས་ཉིད་གྱུར་ཅིགཿ གཉིས་པ་ཆུ་ཡིས་བཀྲུ་བ་ནིཿ སྔར་བཞིན་ཁ་བསྒྱུར་བྱིན་རླབས་ཞུཿ ཤར་ཀྱི་མཁའ་འགྲོའི་ཆུ་སྙིང་ལསཿ བདུད་རྩི་དབང་གི་རྫས་ལ་ཐིམཿ དེ་ལས་བདུད་རྩིའི་རྒྱུན་བྱུང་བསཿ སྒྲིབ་པ་བཀྲུ་ཕྱིར་འཐོར་བཀྲུ་བྱཿ ཨོཾ་ཨཱཿ་ཧཱུཾ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་བྂ་ཧོ་ཤུདྡྷེ་ཤུདྡྷེཿ ཨ་ཨ་ཨ་སྭཱ་ཧཱཿ གསུམ་པ་ས་ཡིས་སྦྱང་བ་ནིཿ གསོལ་འདེབས་རྒྱུད་བསྐུལ་སྔར་བཞིན་ལཿ ལྷོ་ཡི་མཁའ་འགྲོའི་རི་རབ་ལསཿ ལྂ་འཕྲོས་དབང་རྫས་ཕྱེ་མར་ཐིམཿ དེ་ལས་ཡེ་ཤེས་འོད་སྣང་གིསཿ སྒྲིབ་པ་སྦྱོང་ཕྱིར་ཕྱེ་མས་བྲབཿ ཨོཾ་ཨཱཿ་ཧཱུཾ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ལྂ་ཧོ་ཤུདྡྷེ་ཤུདྡྷེཿ ཨ་ཨ་ཨ་སྭཱ་ཧཱཿ བཞི་བ་མེ་ཡིས་བསྲེག་པ་ནིཿ སྔར་བཞིན་གསོལ་འདེབས་བྱིན་རླབས་དབབཿ ནུབ་ཕྱོགས་མཁའ་འགྲོའིམེ་སྒྲོམ་ལསཿ འོད་བྱུང་དབང་གི་རྫས་ལ་ཐིམཿ དེ་ལས་མེ་ཡི་ཚྭ་ཚྭ་ཡིསཿ སྒྲིབ་པ་བསྲེག་ཕྱིར་མེ་ལ་འགོམཿཨོཾ་ཨཱཿ་ཧཱུཾ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་རྂ་ཧོ་ཤུདྡྷེ་ཤུདྡྷེཿ ཨ་ཨ་ཨ་སྭཱ་ཧཱཿ ལྔ་བ་ནམ་མཁར་སྦྱང་བ་ནིཿ གཙོ་མོའི་ཕྱག་གི་ཆོས་འབྱུང་ལསཿ འོད་བྱུང་ཆོས་འབྱུང་ཉིད་ལ་ཐིམཿ སྡིག་སྒྲིབ་ཐམས་ཅད་མེ་སྐྱེས་པའིཿ དོན་ལ་མཉམ་པར་འཇོག་པའོཿ ཨོཾ་ཨཱཿ་ཧཱུཾ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཨེ་ཧོ་ཤུདྡྷེ་ཤུདྡྷེཿ ཨ་ཨ་ཨ་སྭཱ་ཧཱཿ དེ་ལྟར་སྦྱང་བ་རྣམ་པ་ལྔསཿ སྔར་བྱས་སྡིག་དང་གྲིབ་པ་ཀུནཿ སྟོང་པ་ཉིད་ཀྱི་དབྱིངས་སུ་སྦྱངཿ སྒྲིབ་བྲལ་ཤེལ་གོང་བཞིན་དུ་གྱུརཿ ཐུན་མིན་བྱིན་རླབས་རྣམ་བཞི་ནི། ། དང་པོ་བྱིན་རླབས་གཞི་འགོད་ཕྱིརཿ སློབ་མས་བླ་མར་མོས་གུས་བྱཿ སློབ་མ་སྐད་ཅིག་སྟོང་པར་སྦྱང་ཿ བླ་སློབ་གནས་གསུམ་འོད་ཟེར་གྱིསཿ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་ཤིང་ཿ བྱིན་རླབས་བསྟིམ་པ་འདི་ལྟར་བྱཿ ཨཿ གནམ་ས་ཆོས་འབྱུང་བསྣོལ་མའི་ནང་ཿ པྂ་ལས་པདྨ་འདབ་བཞི་ལཿ མ་ལས་ཉི་བའི་དཀྱིལ་འཁོར་རྒྱསཿ དེ་སྟེང་ཨ་ལས་ཁྲོས་མ་ནགཿ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པཿ ཕྱག་གཡས་དབང་གི་མེ་སྒྲོམ་བསྣམསཿ གཡོན་པ་དག་བྱེད་ཁྲུས་བུམ་འཛིནཿ ཞབས་གཉིས་གཡས་སྐུམ་གཡོོན་བསྐྱང་གིཿ པད་ཉི་བམ་རོའི་སྟེང་དུ་འགྱིང་ཿ མཆན་དུ་རྡོ་རྗེའི་ཁ་ཊཱྂ་བརྟེནཿ སྤྱི་བོར་ཕག་ཞལ་ངུར་སྒྲ་སྒྲོགཿ སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱནཿ ཤར་འདབ་རྡོ་རྗེ་སྨེ་བརྩེགས་དཀརཿ ཕྱག་གཡས་ཆུ་ཡི་སྙིང་པོ་ལཿ བདུད་རྩིའི་སྤྲིན་ཕུང་འཕྲོ་བ་སྟེཿ ཤིན་ཏུ་ཞི་ཞིང་མཛེས་པར་བསྐྱེདཿ ལྷོ་འདབ་རིན་ཆེན་སྨེ་བརྩེགས་སེརཿ ཕྱག་གཡས་རི་རབ་བརྩེགས་པ་ལསཿ ནོར་བུའི་ཆར་བ་འབེབ་པ་སྟེཿ སྐུ་ནི་བརྗིད་ཅིང་སྙེམས་པར་བསྐྱེདཿ ནུབ་འདབ་པདྨ་སྨེ་བརྩེགས་དམརཿ ཕྱག་གཡས་མེ་སྒྲོམ་འབར་བ་ལཿ དབང་སྡུད་འོད་དམར་ལྕགས་ཀྱུ་གཡོཿ སྒེག་ཅིང་ཆགས་པའི་ཉམས་ལྡན་བསྐྱེདཿ བྱང་འདབ་ཀརྨ་སྨེ་བརྩེགས་ལྗང་ཿ ཕྱག་གཡས་རླུང་གི་བ་དན་ལསཿ ལས་བྱེད་ཁྲོ་མོའི་དམག་ཚོགས་འགྱེདཿ འཇིགས་རུང་ཁྲོས་པའི་ཉམས་ཅན་བསྐྱེདཿ ཐམས་ཅད་ཞལ་གཅིག་ཕྱག་གཉིས་པཿ རྒྱན་དང་ཆ་ལུགས་གཙོ་དང་མཚུངསཿ སྤྱི་བོར་རིགས་བདག་པདྨ་འབྱུང་ཿ ཞལ་གཅིག་ཕྱག་གཉིས་རོར་དྲིལ་འཛིནཿ རྡོ་རྗེ་སེམས་དཔའི་ཆ་ལུགས་ཅནཿ སྤྱན་མ་ཡུམ་དང་གཉིས་མེད་འཁྲིལཿ དེ་དག་གནས་གསུམ་ཡི་གེ་དང་ཿ ཁྱད་པར་ཐུགས་ཀའི་ཨ་ཡིག་ལསཿ འོད་ཟེར་ཟངས་སྐུད་ལྟ་བུ་འཕྲོསཿ དབྱིངས་ནས་བདེ་བར་གཤེགས་པ་ཀུནཿ ཕག་མོའི་རྣམ་པར་སྤྱན་དྲངས་གྱུརཿ ཕེཾཿ ཆོས་དབྱིངས་རོལ་བའི་གཞལ་ཡས་ཆེན་པོ་ནསཿ ཆོས་སྐུ་ཀུན་ཏུ་བཟང་མོ་གཤེགས་སུ་གསོལཿ ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་ནསཿ མཁའ་སྤྱོད་རྡོ་རྗེ་ཕག་མོ་གཤེགས་སུ་གསོལཿ གང་འདུལ་སྤྲུལ་བའི་གཞལ་ཡས་ཆེན་པོ་ནསཿ མཚོ་རྒྱལ་སྨེ་བ་བརྩེགས་མ་གཤེགས་སུ་གསོལཿ ཐུགས་རྗེ་རོལ་བའི་གཞལ་ཡས་ཆེན་པོ་ནསཿ བླ་མ་པདྨ་འབྱུང་གནས་གཤེགས་སུ་གསོལཿ དུར་ཁྲོད་རོལ་བའི་གཞལ་ཡས་ཆེན་པོ་ནསཿ གནས་གསུམ་མཁའ་འགྲོ་འབུམ་སྡེ་གཤེགས་སུ་གསོལཿ མཐོང་གྲོལ་སྐུ་ཡི་བྱིན་རླབས་ལུས་སྩོལཿ དམ་ཉམས་མཐོང་དང་རེག་པའི་གྲིབ་རྣམས་དང་ཿ གཟུགས་ཁམས་གཟུངས་བའི་ཉམས་གྲིབ་མ་ལུས་དགཿ སྤྲུལ་བ་སྐུ་ཡི་བྱིན་རླབས་འཇུག་པར་མཛོདཿ ཐོས་གྲོས་གསུང་གི་བྱིན་རླབས་ངག་ལ་སྩོལཿ དམ་ཉམས་རྣམས་ལ་གཏམ་གྱིས་འབྲེལ་བའི་གྲིབཿ སྒྲ་ཁམས་གཟུང་བའི་ཉམས་གྲིབ་མ་ལུས་དགཿ ལོངས་སྤྱོད་རྫོགས་པའི་བྱིན་རླབས་འཇུག་པར་མཛོདཿ དྲན་གྲོལ་ཐུགས་ཀྱི་བྱིན་རླབས་ཡིད་ལ་སྩོལཿ དམ་ཉམས་ཞིང་བཅུའི་ཡུལ་ལ་བྱམས་པ་དངཿ ཡིད་ཁམས་གཟུང་བའི་ཉམས་སྒྲིབ་མ་ལུས་དགཿ ཆོས་ཀྱི་སྐུ་ཡི་བྱིན་རླབས་འཇུག་པར་ཤོགཿ སྐུ་དང་ཡིག་འབྲུ་ཕྱག་མཚན་ཐོ་རོ་རོཿ འཇའ་འོད་ཐིག་ལེ་འོད་ཟེར་ལམ་སེ་ལམཿ གསུང་དབྱངས་རུ་ལུའི་ཕེཾ་སྒྲ་སེང་སེ་སེང་ཿ ཐུགས་རྗེའི་ཡེ་ཤེས་གཟི་བྱིན་ད་ལ་ལཿ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལཿ མ་གཡེལ་མ་གཡེལ་བརྩེ་བའི་སྤྱན་གྱིས་གཟིགསཿ སྩོལ་ཅིག་སྩོལ་ཅིག་བྱིན་རླབས་ད་ལྟ་སྩོལཿ སྒྲུབས་ཤིག་སྒྲུབས་ཤིག་སྐུ་བཞིར་ད་སྒྲུབས་ཤིགཿ ཨོཾ་གྷརྑཾ་ཛིརྑཾ་བི་མཱ་ན་སེ་ཨུ་ཙུཥྨ་མ་ཧཱ་ཀྲོ་དྷཱི་ཧཱུྂ་ཕཊཿ ཨོཾ་ཨཱཿ་ཧཱུཾ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཨེ་ཡྂ་བྂ་རྂ་ལྂ་ཨ་ཨ་ཨ་སྭཱ་ཧཱཿ ཛྙཱ་ན་ཨ་བེ་ཤ་ཡ་ཕེཾ་ཕེཾཿ ཛ་ཛཿ ཏིཥྛ་བཛྲཿ ཞེས་བརྗོད་ཡེ་ཤེས་འགུགས་བསྟིམ་བྱཿ དང་པོ་བུམ་པའི་དབང་སྐུར་ནིཿ ཨོཾཿ དྲི་མེད་བུམ་པའི་གཞལ་ཡས་ནཿ རྡོ་རྗེ་ཕག་མོའི་ལྷ་ཚོགས་བཞུགསཿ བཀོད་པ་རབ་འབྱམས་སྐུ་ཡི་དབང་ཿ སྐལ་ལྡན་ཁྱོད་ལ་སྦྱིན་པར་བྱཿ ཨོཾ་གྷརྑཾ་ཛིརྑཾ་བི་མཱ་ན་སེ་ཨུ་ཙུཥྨ་མ་ཧཱ་ཀྲོ་དྷཱི་ཧཱུྂ་ཕཊཿ ཨོཾ་ཨཱཿ་ཧཱུཾ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཨེ་ཡྂ་བྂ་རྂ་ལྂ་ཨ་ཨ་ཨ་སྭཱ་ཧཱཿ ཀཱ་ཡ་ཨ་བྷི་ཥིཉྩཱ་ཨོཾཿ ཞེས་བརྗོད་བུམ་པ་སྤྱི་བོར་བཞགཿ བུམ་ཆུ་བཏུང་ཞིང་ལྷ་བསྟིམ་བྱཿ གཉིས་པ་གསང་བའི་དབང་སྐུར་ནིཿ ཨཱཿ སྣང་སྟོང་ཐབས་ཤེས་ཟུང་འཇུག་པའིཿ དཀར་དམར་བདེ་ཆེན་བྱང་ཆུབ་སེམསཿ སྒྲ་གྲགས་དག་པ་གསུང་གི་དབངཿ སྐལ་ལྡན་ཁྱོད་ལ་སྦྱིན་པར་བྱཿ ཨོཾ་བྷོདྷི་ཙིཏྟ་ཨ་ཧོ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩཱ་མིཿ ཞེས་བརྗོད་བདུད་རྩི་ལྕེ་ལ་བཞགཿ རྗེས་འབྲེལ་སྔགས་ཀྱི་བཟླས་ལུང་ནིཿ བླ་སློབ་གཉིས་ཀ་ལྷ་རུ་གསལཿ བླ་མའི་ཐུགས་ཀའི་སྔགས་ཕྲེང་རྒྱུནཿ སློབ་མར་བསྟིམ་ཞིང་རྗེས་བཟློས་བྱཿ ཨོཾ་གྷརྑཾ་ཛིརྑཾ་བི་མཱ་ན་སེ་ཨུ་ཙུཥྨ་མ་ཧཱ་ཀྲོ་དྷཱི་ཧཱུྂ་ཕཊཿ ཨོཾ་ཨཱཿ་ཧཱུཾ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཨེ་ཡྂ་བྂ་རྂ་ལྂ་ཨ་ཨ་ཨ་སྭཱ་ཧཱཿ ལན་གསུམ་བརྗོད་པས་བྱིན་རླབས་བརྟནཿ གསུམ་པ་ཤེས་རབ་དབང་སྐུར་ནིཿ ཧ྄ཱུྂཿ མཚན་ལྡན་ཡུམ་གྱི་དཀྱིལ་འཁོར་དུཿ རྡོ་རྗེའི་དམ་ཚིག་བླ་མེད་པཿ དྲན་རྟོག་བདེ་ཆེན་ཐུགས་ཀྱི་དབང་ཿ སྐལ་ལྡན་ཁྱོད་ལ་སྦྱིན་པར་བྱཿ ཀརྨ་མུ་དྲ་ཛྙཱ་ན་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩཱ་མིཿ ཞེས་བརྗོད་སྦྱོར་བའི་ཆོ་ག་ཡིསཿ དགའ་བཞིའི་ཡེ་ཤེས་ཉམས་སུ་བསྟརཿ བཞི་བ་ཚིག་དབང་སྐུར་བ་ནིཿ ཧོཿ བདེ་ཆེན་ལྷན་སྐྱེས་རིག་པ་སོ་མ་ལཿ སྤྲོས་པའི་ཆོས་བྲལ་ངོ་བོ་སྟོང་སེང་ངེ་ཿ རང་བཞིན་གསལ་ལ་ཐུགས་རྗེ་འགག་པ་མེདཿ དུས་གསུམ་རྒྱལ་བའི་དགོངས་པ་དེ་ཀའོཿ ཛྙཱ་ན་དྷཱ་ཏུ་ཨ་ཨ་ཨཿ དེ་ཡི་དབང་བཞི་ལེགས་པར་གྲུབཿ ཡང་ཟབ་རྒྱས་འདེབ་རྣམ་གསུམ་ནིཿ དང་པོ་སྣང་བར་རྒྱས་འདེབས་ནིཿ ཧོ་འདི་ལྟར་སྣང་བ་ཐམས་ཅད་ཀུནཿ ཡེ་ཤེས་གཅིག་གི་འཕྲོ་འདུ་སྟེཿ གཟུགས་སུ་སྣང་བ་ཐམས་ཅད་ཀུན་ཕག་མོའི་སྐུ་རུ་གསལ་བར་མཛོདཿ ཨོཾ་གྷརྑཾ་ཛིརྑཾ་བི་མཱ་ན་སེ་ཨུ་ཙུཥྨ་མ་ཧཱ་ཀྲོ་དྷཱི་ཧཱུྂ་ཕཊཿ ཨོཾ་ཨཱཿ་ཧཱུཾ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཨེ་ཡྂ་བྂ་རྂ་ལྂ་ཨ་ཨ་ཨ་སྭཱ་ཧཱཿ བཟང་ངན་གཟུགས་སུ་འཛིན་པ་ཀུནཿ ཡེ་ཤེས་སྐུ་རུ་དམིགས་པ་གཏདཿ དང་པོ་ཆེ་དང་ཐ་མ་ཕྲཿ སྣང་བ་སྐུ་ལ་སེམས་འཛིན་སྦྱང་ཿ དེ་ལ་ཉམས་གྲིབ་འབྱུང་མི་འགྱུརཿ གཉིས་པ་སྒྲ་ལ་རྒྱས་འདེབས་ནིཿ ཧོཿ གྲགས་པའི་སྒྲ་སྐད་ཅི་སྙེད་པཿ རྒྱལ་བ་ཉིད་ཀྱི་ཡེ་ཤེས་སྟེཿ ལྷ་ཉིད་སྔགས་ཀྱི་ཚུལ་དུ་ཤརཿ སྒྲ་གྲགས་སྔགས་སུ་ཤེས་པར་གྱིསཿ ཨོཾ་གྷརྑཾ་ཛིརྑཾ་བི་མཱ་ན་སེ་ཨུ་ཙུཥྨ་མ་ཧཱ་ཀྲོ་དྷཱི་ཧཱུྂ་ཕཊཿ ཨོཾ་ཨཱཿ་ཧཱུཾ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཨེ་ཡྂ་བྂ་རྂ་ལྂ་ཨ་ཨ་ཨ་སྭཱ་ཧཱཿ འབྱུང་བ་གཟུགས་ཅན་གཟུགས་མེད་སྒྲཿ མ་ལུས་སྔགས་སུ་ཤེས་པའི་ངང་ཿ སྔགས་ལ་སེམས་གཏད་དབྱངས་སུ་ལེནཿ དེ་ལ་གྲིབ་ཀྱིས་འཚེ་མི་འགྱུརཿ གསུམ་པ་ཆོས་ཉིད་རྒྱས་འདེབས་ནིཿ ཧོཿ སྒྲིབ་ཚོགས་གདོད་ནས་མ་སྐྱེས་པཿ ལྟ་བ་སྟོང་ཆེན་ནམ་མཁའི་གཤིསཿ ཆོས་རྣམས་ཀུན་གྱི་ཐུག་ས་སྟེ། །ཡེ་ཤེས་ཆེན་པོ་ཨ་ལ་ལཿ ཨོཾ་གྷརྑཾ་ཛིརྑཾ་བི་མཱ་ན་སེ་ཨུ་ཙུཥྨ་མ་ཧཱ་ཀྲོ་དྷཱི་ཧཱུྂ་ཕཊཿ ཨོཾ་ཨཱཿ་ཧཱུཾ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཨེ་ཡྂ་བྂ་རྂ་ལྂ་ཨ་ཨ་ཨ་སྭཱ་ཧཱཿ མ་བཅོས་གཉུག་མའི་གཤིས་ལ་བཞགཿ དེ་ལ་མཚན་མའི་ཆོས་ལས་འདསཿ རྗེས་སུ་བཀྲ་ཤིས་མངའ་གསོལ་དང༌། དམ་ཚིག་ཁས་ལེན་མཎྜལ་སོགསཿ རྒྱུད་སྡེ་གཞན་གྱི་དགོངས་པར་བསྟུནཿ དབང་འདི་ལན་གཅིག་ཐོབ་པ་ནིཿ དམ་གྲིབ་ཉམས་གྲིབ་ཡུགས་གྲིབ་དང་ཿ ཟས་གྲིབ་གོས་གྲིབ་ནད་གྲིབ་དང་ཿ དམར་གྲིབ་གདོན་གྲིབ་འབྱུང་བའི་གྲིབཿ དུག་ལྔ་ལས་བྱུང་གྲིབ་ཀུན་སེལཿ ས་དང་ལམ་གྱི་བར་ཆད་ནིཿ དམ་གྲིབ་འདི་ལས་ཆེ་བ་མེདཿ དམ་སྐོང་གྲིབ་སྦྱོང་བཤགས་པའི་ཐབསཿ རྣལ་འབྱོར་ཀུན་གྱི་སྙིང་ནོར་བྱཿ འདི་ཡོད་རྡོ་རྗེ་ཕ་ལམ་བཞིནཿ གྲིབ་རིགས་ཀུན་གྱིས་གླགས་མི་སྙེདཿ ནང་སེམས་གྲིབ་གྱིས་མ་ནོན་པཿ ཤེས་རབ་གསལ་ཞིང་ཉམས་རྟོགས་རྒྱསཿ ཕྱི་རུ་གྲིབ་གྱིས་མ་ནོན་པཿ འདོད་པ་འགྲུབ་ཅིང་འཁོར་གཡོག་མཐུནཿ སྣོད་བཅུད་གྲིབ་གྱིས་མ་ཐེབས་པཿ འབྱུང་བ་སྙོམས་ཤིང་འཁྲུགས་རྩོད་ཞིཿ ཕན་དང་བདེ་བ་དཔག་མེད་པཿ འབྱུང་བའི་གཏེར་གཅིག་ཨེ་མ་ཧོཿ ནམ་སྙིང་སྤྲུལ་བའི་དགེ་སློང་ཆེཿ མཁའ་འགྲོ་ཀུན་གྱི་དགྱེས་པའི་གྲོགསཿ ཚེ་དབང་ནོར་བུར་འབར་བ་དེརཿ པདྨས་བྱིན་རླབས་ཆོས་འདི་བྱུང་ཿ ས་མ་ཡཿ ཨྠྀི ༈ དབང་ཆོག་འདིར། ༡སྔོན་འགྲོ་བགེགས་གཏོར། སྦྱང་བའི་རྫས། ༢རླུང་གཡབ། ༣བུམ་ཆུ། ༤བྱེ་བསྔགསཿ ༥མེ་ཧོཾ། ༦ཆོས་འབྱུང་ངམ་མེ་ལོང༌། དབང་དངོས་གཞི་ལ། ༧གཙོ་བུམ་ཙཀླི་བཅས། ༨གསང་ཐོད། ༩སྔགས་བྱང༌། ༡༠རིག་མ། ༡༡མེ་ལོང་བཅས་དགོས་སོ། །


previousསྨེ་བ་བརྩེགས་མའི་དབང་ཆོག་ཉེས་པ་ཀུན་སེལ་དམ་ལྡན་སྙིང་གི་སྒྲོན་མེ། next