Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་བཀའ་སྲུང་སྔགས་ཀྱི་སྲུང་མ་དྲག་པོ་སུམ་བསྒྲིལ་གྱི་སྲོག་དབང་དམ་ལྡན་སྲོག་གི་རྒྱལ་མཚན།
   
   
   
   
   
   
   
   
   
   
   
   
   
   
   


 
previousཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་བཀའ་སྲུང་སྔགས་ཀྱི་སྲུང་མ་དྲག་པོ་སུམ་བསྒྲིལ་གྱི་སྲོག་དབང་དམ་ལྡན་སྲོག་གི་རྒྱལ་མཚན། next

ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་བཀའ་སྲུང་སྔགས་ཀྱི་སྲུང་མ་དྲག་པོ་སུམ་བསྒྲིལ་གྱི་སྲོག་དབང་དམ་ལྡན་སྲོག་གི་རྒྱལ་མཚན།

༄༅། །ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་བཀའ་སྲུང་སྔགས་ཀྱི་སྲུང་མ་དྲག་པོ་སུམ་བསྒྲིལ་གྱི་སྲོག་དབང་དམ་ལྡན་སྲོག་གི་རྒྱལ་མཚན་ཞེས་བྱ་བ་བཞུགས་སོ། །

ན་མོ་ཤྲཱི་བཛྲ་ཧེ་རུ་ཀཿ རྒྱུད་སྡེའི་རྩེ་མོ་རྫོགས་ཆེན་གྱི། །བཀའ་སྲུང་རྩེ་མོ་དྲག་པོ་གསུམ། །རྣལ་འབྱོར་རྩེ་མོའི་གདེང་ལྡན་པས། །སློབ་མའི་རྩེ་མོར་སྦྱིན་པར་བྱ། །དེ་ལ་འདིར་འོད་གསལ་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུའི་གཉེར་ཁ་འཛིན་པ་དང་རྡོ་རྗེ་སེམས་དཔའ་སྒྲུབ་པ་བཀའ་བརྒྱད་ཀྱི་སྲུང་མའི་གཙོ་བོ་དཔལ་སྔགས་ཀྱི་སྲུང་མ་དྲག་པོ་སུམ་སྒྲིལ་ཡིན་ཕྱིར། འདི་ཉིད་དམ་ཚིག་ལྡན་པའི་སློབ་བུ་ལ་གཏད་རྒྱ་མཛད་པའི་བྱ་བ་ལ། སློབ་དཔོན་རང་ཉིད་སྦྱང་བ་སྔོན་སོང་གི་སྐྱེས་བུ་དམ་པ་མིན་ཚེ་འདི་ཉིད་ཀྱི་སྲོག་དབང་ཐོབ་ཅིང་དཔལ་ཆེན་སྒྲུབ་པ་བཀའ་བརྒྱད་ཀྱི་བསྙེན་སོང༌། དྲེགས་པའི་སྲོག་ལ་དབང་བསྒྱུར་བའམ། དམ་ཚིག་གཙང་མས་བསྟན་སྲུང་ལས་ལ་བཀོལ་བདེ་བ་ཞིག་ངེས་པར་ཡིན་དགོས། སློབ་མའང་བླ་མའི་བཀའ་ལས་མི་འདའ་ཞིང་སྲུང་མའི་གསོལ་མཆོད་རྒྱུན་མི་ཆད་པར་བྱེད་པའི་དམ་བཅའ་བསྟན་པོ་དང་ལྡན་པ་ཞིག་ལ་སྦྱིན་གྱིས། དེ་ལྟ་བུའི་སློབ་ཀྱི་མཚན་ཉིད་དང་མི་ལྡན་ན་ཞུ་གནང་བྱེད་མཁན་གཉིས་ཀ་ལ་སྲུང་མས་བཀའ་ཆད་འབྱུང་བར་གདོན་མི་ཟ་བས་བག་ཡོད་ཐབས་ལ་མཁས་པ་དགོས་སོ། །དེ་ལ་གསུམ། སློབ་དཔོན་གྱི་བྱ་བ་དང༌། སློབ་མའི་བྱ་བ། གཉིས་ཀའི་བྱ་བའོ། །དང་པོ་ནི། དྲག་པོའི་དཀྱིལ་འཁོར་ནག་པོ་གྲུ་གསུམ་བའི་དབུས་སུ་ཐིག་ལེ་མཐིང་ཀ། གཡས་གཡོན་ཏུ་དམར་ནག་གཉིས། མདུན་དུ་སྔགས་སྲུང་མའི་གཏོར་མ། གཡས་སུ་གཟའ་གཏོར་གཡས་དཀྱུས། གཡོན་ཏུ་དམ་ཅན་གཏོར་མ་ར་མགོ་ཅན། མཐའ་སྐོར་ཏུ་དམར་གཏོར་དང་འཐེབ་ཀྱུ་གང་མང༌། འབུལ་གཏོར། བགེག་གཏོར། ཉ་བོ་གཉིས། ཙཀླི་ལ། གཉེན་པོ་སྟོབས་ཀྱི་ལྷ། གཤིན་རྗེ། རྟ་མགྲིན། དྲེགས་འདུལ་གསུམ་གྱི་སྐུ། མ་གཟའ་དམ་གསུམ། སྔགས་བྱང༌། བླ་རྡོ། ཕུར་བ། རྒྱལ་མཚན་བཅས་དངོས་སམ་བྲིས་མ་གང་རུང༌། སྨན་རཀ་གཏོར་གསུམ། དྲག་པོའི་མཆོད་པ། ཇ་འོ་ཆང་ཕུད་གསུམ། བསྐང་རྫས་སྣ་ཚོགས་འདུ་བྱས། སློབ་དཔོན་རང་ཉིད་དཔལ་ཆེན་སྒྲུབ་པ་བཀའ་བརྒྱད་ཀྱི་བདག་སྐྱེད་སྔོན་དུ་འགྲོ་བས་སྣོད་བཅུད་ལ་བྱིན་དབབས། དམ་སྲི་འགུག་པ་དང༌། བསྒྲལ་བ། སྲུང་མའི་གསོལ་ཀ་བཅས་བསྟབས་པ་ལེགས་པར་བྱ། གཉིས་པ་སློབ་མའི་བྱ་བ་ནི། དབང་གི་སྔོན་དུ་རྒྱུད་དག་པར་བྱ་བའི་ཕྱིར་བཤགས་སྡོམ་དང༌། གཞན་ཕན་ཅན་གྱི་སེམས་བསྐྱེད། དམ་ཚིག་གི་རིམ་པ་ལ་བློ་ལེགས་པར་སྦྱང༌། བླ་མ་དང་དགེ་འདུན་པའི་སྡེ་ལ་ཚོགས་བསྐང་བྱ། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་སྟོང་ལས་མི་ཉུང་བར་བཟླ། སྲུང་མ་ལ་གསོལ་མཆོད་བྱས་ཏེ་གནང་བ་ཞུ་བ་སོགས་སྔོན་དུ་འགྲོ་བས། དང་པོ་གསོལ་བ་འདེབས་པ་ནི། ཨེ་མ་བླ་མ་དཔལ་ཆེན་ཧེ་རུ་ཀཿ ཁྱོད་ནི་འཁོར་འདས་སྲོག་གི་བདགཿ བདག་ལ་བསྟན་པ་སྲུང་སྤེལ་ཕྱིརཿ དྲེགས་པའི་མཐུ་དབང་བཀའ་དྲིན་སྩོལཿ བླ་མས། ཨེ་མ་ཐུགས་བསྐྱེད་ཁྱད་པར་ཆེཿ རང་འདོད་དམན་པས་མ་བསྒྲིབ་པརཿ བསྟན་པ་སྲུང་དང་སྤེལ་བའི་ཕྱིརཿ དབང་མཆོག་བསྐུར་གྱིས་དགའ་བར་གྱིསཿ བླ་མ་དཔལ་ཆེན་པོ་སྒྲུབ་པ་བཀའ་བརྒྱད་རྩ་གསུམ་སྲུང་མར་བཅས་པ་མངོན་སུམ་བཞུགས་པའི་དྲུང་དུ་བསག་སྦྱོང་སྤེལ་གསུམ་དང་སྐྱབས་སུ་འགྲོ་ཞིང་སེམས་ཁྱད་པར་ཅན་བསྐྱེད་པར་མོས་ལ་རྒྱུན་བཤགས་ཡན་ལག་བདུན་པ་འདི་མཛད་པར་ཞུ། རྡོ་རྗེ་སློབ་དཔོན་སོགས་ལན་གསུམ་བརྗོད། དམ་ཆུ་སྦྱིན་ལ། ཧོཿ འདི་ནི་རྡོ་རྗེ་སེམས་དཔའི་ཆུཿ བླ་སློབ་དམ་ཚིག་གཅིག་ཏུ་བསྲེཿ སྲུང་ན་བདུད་རྩི་ཉམས་ན་དུགཿ བླང་དོར་ཤེས་པས་དམ་ཚིག་སྲུངཿ ས་མ་ཡ་ཨི་དམ་ན་ར་ཀནཿ ཡེ་ཤེས་དབབ་པ་ནི། སློབ་མས་བླ་མ་ལ་མོས་གུས་དྲག་ཏུ་བསྐྱེད་ལ། ཨོཾ་ཤཱུ་ནྱ་ཏཱ་སོགས་སྦྱང༌། སློབ་མའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མི་དམིགས་པར་སྟོང་པར་སྦྱང༌། སྟོང་པའི་ངང་ལས་སྲུང་བའི་གུར་ཁང་དུ་དུར་ཁྲོད་བརྒྱད་ཀྱི་བསྐོར་བའི་དབུས། ཐོ་པ་སྐམ་རློན་གྱིས་གྲུབ་པའི་དྲག་པོའི་གཞལ་ཡས་ཁང་གི་ནང་དུ་རང་སེམས་ཧཱུཾཿ ཡིག་མཐིང་ཀ་ལས་སྐད་ཅིག་གིས་དཔལ་ཆེན་པོ་དྲེགས་པ་ཀུན་འདུལ་དུ་གསལ་བ་ནི། ཞལ་གསུམ་ཕྱག་དྲུག་ཞབས་བཞི་ལྷ་ཆེན་ཆེན་དྲེགས་པའི་སྙིང་གར་བརྫིས་པ། ཞལ་གཡས་དཀར་གཡོན་སེར་དབུས་མཐིང་ནག ཕྱག་དྲུག་དང་པོ་གཉིས་ཀྱི་རྡོ་རྗེ་དང་བྷན་དམར། གཡས་འོག་མ་གཉིས་ཀྱི་ལྷ་ཆེན་བརྒྱད་ཀྱི་མགོ་བོ། གཡོན་འོག་མ་གཉིས་ཀྱི་ཀླུ་ཆེན་བརྒྱད་ཀྱི་མགོ་བོ་བསྣམ་པ། དེའི་གཡས་སུ་གཤིན་རྗེ་སེར་པོ་ཐོད་དབྱུག་དང་བྷནྡྷ་འཛིན་པ། གཡོན་དུ་རྟ་མགྲིན་དམར་པོ་པདྨའི་དབྱུག་ཏོ་དང་ཐོད་ཁྲག་འཛིན་པ། གཉིས་ཀ་རང་འོད་ཀྱི་ཡུམ་དང་འཁྲིལ་ཞིང་དཔལ་དང་དུར་ཁྲོད་ཀྱི་ཆས་ཐམས་ཅད་རྫོགས་པ། ཁྲོ་གཏུམ་བཟོད་པར་དཀའ་བའི་གནས་གསུམ་ཡི་གེ་གསུམ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་དབྱིངས་ནས་ཡེ་ཤེས་པའི་ལྷ་ཚོགས་གཉེན་པོ་ལྷ་གསུམ་གྱི་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་མཚུབས་པ་བཞིན་བྱོན་ནས་ཁྱོད་རང་རྣམས་ལ་ཐིམ་པར་མོས་ལ། ཧཱུྂཿ བཞེངས་ཤིག་དཔལ་ཆེན་དྲེགས་པ་ཀུན་འདུལ་ལྷཿ དགོངས་ཤིག་བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེདཿ གཟིགས་ཤིག་དབང་ཆེན་ཁྲོ་ཆེན་རྟ་མཆོག་དཔལ། མཛོད་ཅིག་དྲེགས་པའི་མཐུ་དབང་གཉན་པོ་སྩོལཿ བདག་གི་ཐོག་མེད་དུས་ནས་ཁྱོད་བསྙེན་ནཿ དབང་མཆོག་ཁྱོད་ཀྱིས་མི་སྐུར་སུ་ཡིས་སྐུརཿ སངས་རྒྱས་བསྟན་ལ་སྡང་བའི་དགྲ་དར་ནཿ དམ་ཅན་རྒྱ་མཚོ་མི་སྒྲུབ་སུ་ལ་རེཿ སྐུ་གསུང་ཐུགས་ཀྱི་གསང་བས་བྱིན་རློབས་ལཿ དྲེགས་པ་མ་ལུས་དབང་དུ་སྡུད་པ་དང་ཿ སངས་རྒྱས་བསྟན་པ་སྲུང་དང་སྤེལ་བ་ཡིཿ འཕྲིན་ལས་མཐར་རུ་རྒྱས་པའི་བྱིན་ཆེན་ཕོབསཿ དྲག་སྔགས་མེ་དཔུང་མའི་མཐར་ཨ་བེ་ཤ་ཡ་ཛ་ཛཿ ཕོབས་ཕོབསཿ ཛྙཱ་ན་ས་ཏྭ་ཏིཥྛ་ལྷནཿ ཞེས་བསྟིམ། ༈ སྲོག་དབང་དངོས་ལ། གོང་གནོན་གཉེན་པོ་ལྷ་གསུམ་གྱི་བྱིན་རླབས་དང༌། སྲུང་མ་དྲེགས་པ་རྣམ་གསུམ་གྱི་སྲོག་གཏད། མཐའ་རྟེན་མཐུ་ཡི་དབང་ངོ༌། ། དང་པོ་ནི། དྲེགས་འདུལ་གྱི་སྐུ་གཏད་ལ། དཔལ་ཆེན་ཁྲོ་གཏུམ་གདུག་པ་ཅནཿ དྲེགས་པ་ཀུན་འདུལ་དབང་བསྐུར་བསཿ ཁྲོ་རྒྱན་འདི་ཡི་བྱིན་རླབས་ཀྱིསཿ དྲེགས་པ་དབང་དུ་སྡུད་པར་ཤོགཿ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ས་མ་ཡ་སྟྭཾཿ གཤིན་རྗེའི་སྐུ་གཏད་ལ། ཧཱུྂཿ དཔལ་ཆེན་ཁྲོ་གཏུམ་གདུག་པ་ཅནཿ གཤིན་རྗེ་གཤེད་པོས་དབང་བསྐུར་བསཿ ཁྲོ་རྒྱལ་འདི་ཡི་བྱིན་རླབས་ཀྱིསཿ དྲེགས་པ་དབང་དུ་སྡུད་པར་ཤོགཿ ཨོཾ་ཨ་ཀྲོ་དྷེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་བྷཉྫཱ་ས་མ་ཡ་སྟྭཾཿ རྟ་མགྲིན་གྱི་སྐུ་གཏད་ལ། ཧཱུྂཿ དཔལ་ཆེན་ཁྲོ་གཏུམ་གདུག་པ་ཅནཿ པདྨ་རྟ་མགྲིན་དབང་བསྐུར་བསཿ ཁྲོ་རྒྱལ་འདི་ཡི་བྱིན་རླབས་ཀྱིསཿ དྲེགས་པ་དབང་དུ་སྡུད་པར་ཤོགཿ ཨོཾ་ཧྲཱི་པདྨ་ཏ་ཀྲྀཏ་ཧྱ་གྷྲྀ་ཝ་ས་མ་ཡ་སྟྭཾཿ དེ་ལྟར་བྱིན་དབབས་ཤིང་དབང་བསྐུར་བས་ཁྱོད་རང་རྣམས་སྐད་ཅིག་གིས་དཔལ་ཆེན་དྲེགས་པ་ཀུན་འདུལ་གསུམ་ཕྱག་དྲུག་ཞབས་བཞི་ལྷ་ཆེན་ཆེན་དྲེགས་པའི་སྙིང་གར་བརྫིས་པ། ཞལ་གཡས་དཀར་གཡོན་སེར་དབུས་མཐིང་ནག ཕྱག་དྲུག་དང་པོ་གཉིས་ཀྱི་རྡོ་རྗེ་དང་བྷན་དམར། གཡས་འོག་མ་གཉིས་ཀྱི་ལྷ་ཆེན་བརྒྱད་ཀྱི་མགོ་བོ། གཡོན་འོག་མ་གཉིས་ཀྱི་ཀླུ་ཆེན་བརྒྱད་ཀྱི་མགོ་བོ་བསྣམས་པ། གཡས་སུ་གཤིན་རྗེ། གཡོན་དུ་རྟ་མགྲིན་བཅས་དཔལ་དང་དུར་ཁྲོོད་ཀྱི་ཆས་ཐམས་ཅད་རྫོགས་པ་འཇིགས་ཤིང་བལྟ་བས་མི་ངོམ་པ། སྡེ་བརྒྱད་ཡོངས་ཀྱི་སྲོག་བདག་ང་ཡིན་སྙམ་པའི་ཆེ་བའི་ང་རྒྱལ་བསྐྱེད་པ་ནི། ཧཱུཾཿ ང་ནི་དཔལ་ཆེན་ཧེ་རུ་ཀཿ ང་ནི་དཔའ་བོ་ཡོངས་ཀྱི་རྗེཿ ང་ནི་མཁའ་འགྲོ་ཀུན་གྱི་གྲོགསཿ ང་ནི་སྲིད་པ་ཀུན་གྱི་བདགཿ ལྷ་སྲིན་མ་ལུས་ང་ཡི་བྲནཿ སྡེ་བརྒྱད་མ་ལུས་ང་ཡི་གཡོགཿ འཁོར་འདས་ཀུན་ཀྱི་སྤྱི་དཔལ་ངཿ ང་ལས་ཆེ་བ་སུ་ཡང་མེདཿ ཨ་ཨ་ཨཿ གཉིས་པ་དྲེགས་པ་རྣམ་གསུམ་གྱི་སྲོག་གཏད་པ་ལ་གཉིས། ཐུན་མོངས་སྤྱན་འདྲེན་དང༌། ཐུན་མིན་དྲེགས་པ་སྒེར་གྱི་སྲོག་གཏད་དོ། །དང་པོ་ནི། དེ་ལྟར་ཕུང་ཁམས་ལྷ་ཡི་འཁོར་ལོར་གསལ་བའི་ངང་ནས་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཛ་ཡིག་དམར་ནག་འཕྲོས་ཏེ་སྲུང་མའི་ཚོགས་རྣམས་མདུན་དུ་བཀུགས་པར་མོས་ལཿ ཛཿ སྣང་སྲིད་ཟིལ་གནོན་པདྨ་ཁྲག་འཐུང་གིསཿ དབང་བསྐུར་དམ་ཕོག་དམ་ཅན་ཀུན་གྱི་གཙོཿ ཨེ་ཀ་གཟའ་དང་དམ་ཅན་ཐིག་ལེ་རྩལཿ འདིར་གཤེགས་ཁྱོད་ཀྱི་ཐུགས་དམ་དུས་ལ་བབསཿ ཧཱུཾཿ བསྐལ་བ་རླུང་ནག་འཚུམ་མའི་དཀྱིལ་འཁོར་ནསཿ ལས་དང་ཡེ་ཤེས་ཚོགས་ཀྱི་རྗེ་མོ་ནིཿ དཔལ་ལྡན་གཙོ་མོ་ཨེ་ཀ་ཙཱ་ཏི་མཿ བསྐལ་བ་ཞིང་གི་རྡུལ་སྙེད་འཁོར་དང་བཅསཿ རུ་ལུའི་སྒྲ་སྐད་ནམ་མཁའི་འབྲུག་ལྟར་སྒྲོགསཿ ལྷོ་སྤྲིན་འཐིབས་ཚུལ་སྐུ་མདོག་སྣ་ཚོགས་སྟོནཿ དྲང་སྲོང་གཟའ་མཆོག་ཆེན་པོ་དབུ་དགུ་བཿ གཟའ་བརྒྱད་གདོང་མོ་རྒྱུ་སྐར་ཕོ་ཉར་འགྱེདཿ སྐྱེས་བུ་གིང་ཆེན་རྡོ་རྗེ་ལེགས་པ་རྩལཿ མཆེད་འཁོར་སུམ་བརྒྱ་བརྟན་མའི་ཚོགས་ཀྱིས་བསྐོརཿ གཞན་ཡང་སློབ་དཔོན་གཉན་སྲུང་འགོ་བའི་ལྷཿ མཆེད་འཁོར་སྡོང་ཟླ་བྲན་གཡོག་འཁོར་དང་བཅསཿ གློག་ལྟར་འཁྱུགས་ཅིང་གང་ལ་ཐོགས་པ་མེདཿ དུས་བཞིར་ཉུལ་ཞིང་བསྟེན་པའི་དམ་རྫས་སྲུང་ཿ རྣལ་འབྱོར་སྐྱོང་ཞིང་རེ་བ་སྐོང་ངོ་ཞེསཿ ཞལ་བཞེས་གང་ལགས་རྗེས་སུ་མཐུན་དགོངས་ལཿ དད་པས་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལཿ འདི་ལ་བྱིན་རློབས་དཀྱིལ་འཁོར་གཉན་པོ་སྲུང་ཿ ཕྱི་ནང་གསང་བའི་མཆོདཔ་འདི་བཞེས་ལཿ འདོད་པའི་དོན་དགོངས་འཕྲིན་ལས་རྫོགས་པར་མཛོདཿ མ་ར་ཏྲི་ས་མ་ཡ་ཧཱུྂ་ཛཿ ཨོཾ་མ་མ་ཏྲཀྴ་་ར་ཏྲི་རུ་ལུ་རུ་ལུ་ཧཱུྂ་བྷྱོ་ཛ་ཛ་ཛཿ ཞེས་སྤོས་རོལ་བྱ་ཞིང་མཆོད་པ་འབུལ་བ་ནི། ཨོཾ་ཨཱཿ་ཧཱུྂཿ རྨ་བྱུང་ཏིང་འཛིན་རོལ་བ་ལས་བྱུང་བའིཿ ཤ་རི་ཁྲག་མཚོ་སྨན་རཀ་གཏོར་མའི་ཚོགསཿ འབུལ་ལོ་སྒྲུབ་པ་པོ་ཡི་རྗེས་འབྲངས་ཤིང་ཿ གསང་སྔགས་བསྟན་པ་དར་བའི་འཕྲིན་ལས་མཆོདཿ མ་ར་ཏྲི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒཾ་ནས་སྨན་དང་རཀྟ་བཅས་འབུལཿ དྲེགས་པ་སྒེར་གྱི་སྲོག་གཏད་ལ་སྐུ་གསུང་ཐུགས་གསུམ་ལས། དང་པོ་སྐུ་གཏད་པ་ནི། སློབ་མ་དྲེགས་པ་ཀུན་འདུལ་གསལ་བའི་ལག་ཏུ་དམ་ཅན་སྐུ་དངོས་སུ་གཏད་པར་བསམ་ཞིང༌། མ་མོའི་སྐུ་ཐོགས་ལ། མཿ སྣང་སྲིད་མ་མོའི་གཙོ་མོ་སྟེཿ སྲིད་པའི་རྒྱལ་མོ་བློན་པོར་བཅསཿ མ་མོའི་ལྷ་ཚོགས་བུ་ལ་གཏདཿ བསྟན་པ་སྲུང་པའི་མཐུ་ཐོབ་ཤོགཿ མ་མ་རུ་ལུ་དབང་ཨ་ཨཱཿ མ་མ་རུ་ལུ་དབང་ས་མ་ཡ་ལྷནཿ མ་མ་རུ་ལུ་དབང་ས་མ་ཡ་སྟྭཾཿ གཟའ་བདུད་ཀྱི་སྐུ་ཐོགས་ལཿ རཿ སྣང་སྲིད་གཟའ་ཡི་གཙོ་བོ་སྟེཿ ཁྱབ་འཇུག་ཆེན་པོ་འཁོར་གཡོག་བཅསཿ གཟའ་བདུད་ལྷ་ཚོགས་བུ་ལ་གཏདཿ བསྟན་པ་སྲུང་པའི་མཐུ་ཐོབ་ཤོགཿ ར་རཱ་ཧུ་ལ་དབང་ཨ་ཨཱཿ ར་རཱ་ཧུ་ལ་དབང་ས་མ་ཡ་ལྷནཿ ར་རཱ་ཧུ་ལ་དབང་ས་མ་ཡ་སྟྭཾཿ ཏྲིཿ སྣང་སྲིད་དམ་ཅན་་གཙོ་བོ་སྟེཿ རྡོ་རྗེ་ལེགས་པ་འཁོར་གཡོག་བཅསཿ ཤེལ་གིང་ལྷ་ཚོགས་བུ་ལ་གཏདཿ བསྟན་པ་སྲུང་པའི་མཐུ་ཐོབ་ཤོགཿ ཏྲི་བཛྲ་ས་དྷུ་ས་མ་ཡ་དབང་ཨ་ཨཱཿ ཏྲི་བཛྲ་ས་དྷུ་ས་མ་ཡ་དབང་ས་མ་ཡ་ལྷནཿ ཏྲི་བཛྲ་ས་དྷུ་ས་མ་ཡ་དབང་ས་མ་ཡ་སྟྭཾཿ བརྒྱུད་འཛིན་དམ་ལྡན་ལ་ཐུན་མིན་ནི་ཞབས་འོག་ཏུ་འདྲེན་ཅིང་ཞལ་ཏུ་བཟུང་ཡང་རུང་གི་གང་ཐོད་ཐོད་ལ་མིན་ནོ། །གཉིས་པ་གསུང་གཏད་པ་ནི། སྔགས་བྱང་སམ་སྲོག་འཁོར་ཐོགས་ལཿ སྲུང་མ་རྣམས་ཀྱི་སྲོག་ཡིག་སྔགས་ཕྲེང་ཁ་ནས་ཕྱུང་སྟེ་སློབ་མ་དྲེག་པ་ཀུན་འདུལ་གསལ་བའི་ཐུགས་ཀའི་ཧཱུྂ་གི་ཞབས་ཀྱུ་ལ་ཐིམ་པར་བསམ་ལ། ཧཱུྂ་དྲེགས་པ་ཀུན་གྱི་སྲོག་གི་སྙིང་ཿ དེ་རིང་ཁྱོད་ལ་གཏད་པ་ཡིསཿ དྲག་པོ་སྔགས་ཀྱི་ནུས་སྟོབས་རྒྱསཿ བསྟན་པ་སྲུང་བའི་མཐུ་ཐོབ་ཤོགཿ ཨོཾ་མ་མ་ཏྲཀྴ་རུ་ལུ་རུ་ལུ་ཧཱུྂ་བྷྱོ་ཧཱུྂཿ ཏྲི་བཛྲ་ས་དྷུ་ས་མ་ཡ་ཧཱུྂཿ ཧྲཱི་ཤཀ་རུ་རཀ་རཾ་ནཱ་ག་ཙིཏྟ་གྷྲཾ་མ་མ་ཡོཾ་ཟ་འགྲམ་ཧ་ཧ་ཡོ་ཀེ་ཤ་ལ་ཛ་ཛ་ཛ་ཧཱུྂཿ ཐུན་མིན་སྲོག་ཡིག་རེ་རེ་ནས་ཁ་དོག་དབྱིབས་བཅས་གསལ་བ་བསྟིམས་ཤིང་རྒྱས་འདེབས། གསུམ་པ་ཐུགས་གཏད་པ་ནིཿ དྲེགས་པ་ཀུན་གྱི་བྱིན་རླབས་ཕྱག་མཚན་སྙིང་དང་སྤྱང་མོ། ཆུ་སྲིན་རྒྱལ་མཚན་ཞགས་པ་གཞུམདའ་གཞུ་རྡོ་རྗེ་སྙིང་བཅས་པར་བསྟིམས་པ་ཐོགས་ལ། ཧཱུྂཿ འབར་བའི་ཕྱག་རྒྱ་ཆེན་པོ་ལཿ དྲེགས་པ་ཀུན་གྱི་བླ་ཆགས་པཿ དེ་རིང་ཁྱོད་ལ་གཏད་པ་ཡིཿ སྟོང་སྲོག་རང་དབང་སྒྱུར་བར་ཤོགཿ མ་ར་ཏྲི་ས་མ་ཡ་ཧཱུྂ་ཛཿ ཨོཾ་མ་མ་ཏྲཀྴ་ར་ཏྲི་རུ་ལུ་རུ་ལུ་ཧཱུྂ་བྷྱོ་ཛ་ཛ་ཛཿ ཙིཏྟ་ས་མ་ཡ་ཧཱུྂཿ ས་མ་ཡ་སྟྭྂཿ ཏིཥྛ་བཛྲཿ ཐུན་མིན་དྲེགས་པའི་རང་སེམས་སུ་ངོ་སྤྲད་ཅིང་རང་ལ་བསྟིམས་པ་དང་རྫོགས་རིམ་ཏུ་བསྡུ་བར་བྱ། རྗེས་འབྲེལ་མཐའ་རྟེན་གྱི་དབང་ལ་གསུམ། དགྲ་བགེག་སྒྲོལ་བའི་དབང༌། དོན་ཀུན་གྲུབ་པའི་དབང༌། ཡོངས་རྫོགས་གཏོར་མའི་བཀའ་གཏད་དོ། དང་པོ་དགྲ་བགེག་སྒྲོལ་བའི་དབང་ནི། ཕུར་བུ་གཏད་ལ། ཧཱུྂཿ དཔལ་ཆེན་མཐུ་སྟོབས་གཅིག་བསྡུས་པཿ ཐལ་འབྱིན་ཕུར་བའི་ཕྱག་རྒྱ་འདིཿ སྐལ་ལྡན་བུ་ལ་གཏད་པ་ཡིཿ གདུག་པ་སྒྲོལ་བའི་དབང་ཐོབ་ཤོགཿ ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་དཏ་ཀ་ཧ་ན་ད་ཧ་པ་ཙ་ཨ་མུ་ཀ་མ་ར་ཕཊཿ ཕུར་བུ་ལངྒ་ལན་གསུམ་བཏབ་ནས་བཏུབ། ཨ་མུ་ཀ་མ་ར་ཁ་ཧིཿ ཞེས་བརྗོད་ནས་ལིང་རོ་གཏོར་མ་ལ་བསྟབས། གཉིས་པ་དོན་ཀུན་གྲུབ་པའི་དབང་ནིཿ རྒྱལ་མཚན་ཐོགས་ལ། ཧཱུྂཿ དྲེགས་པའི་སྲོག་གི་དབང་ཐོབ་ནསཿ འཕྲིན་ལས་གང་བརྩམ་འགྲུབ་པ་ཡིཿ རྒྱལ་མཚན་མངའ་ཐང་ལོངས་སྤྱོད་རྒྱསཿ བསམ་པ་ཡིད་བཞིན་འགྲུབ་པར་ཤོགཿ ཨོཾ་རཏྣ་དྷྭ་ཛ་སརྦ་ཝརྡྷ་པུཥྚཾ་ཀུ་རུ་ཡེ་སྭཱ་ཧཱཿ གསུམ་པ་ཡོངས་རྫོགས་གཏོར་མའི་བཀའ་བགོ་ནི། གཏོར་མ་དེ་ཉིད་སྲུང་མ་མཆོག་གྱུར་མ་གཟའ་དམ་གསུམ་རྟེན་དང་བསྟེན་པའི་དཀྱིལ་འཁོར་ལ་བཀའ་ཉན་ལས་བྱེད་ཀྱི་ཚོགས་དང་བཅས་པ་གསལ་བ་སློབ་མའི་ལག་ཏུ་བཞག་ལ། ཧོ། དཔལ་ལྡན་སྔགས་ཀྱི་སྲུང་མ། གཟའ་བདུད་སྲོག་གི་སྤུ་གྲི། སྐྱེས་བུ་རྡོ་རྗེ་ལེགས་པ་འཁོར་སྡོང་ཟླ་བྲན་གཡོག་དང་བཅས་ཁྱོད་རྣམས་ཀྱིས། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལོ་ཆེན་བཻ་རོ་ཙ་ན། གནུབས་ཆེན་ནམ་མཁའི་སྙིང་པོ། པདྨ་བདེ་ཆེན་གླིང་པ། རིག་འཛིན་ཚེ་དབང་ནོར་བུ། ཁ་སྐོང་ནི། ལོ་རི་ཆོས་ཀྱི་རྒྱ་མཚོ། ཀུན་སྤང་དགེ་ལེགས་རྒྱ་མཚོ། རྟ་མགྲིན་དབང་གི་རྒྱལ་པོ། པདྨ་ཉིན་བྱེད་དབང་པོ། ཀུན་བཟང་འཕྲིན་ལས་ལྷུན་གྲུབ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་སྲུང༌། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོང༌། ཁྱད་པར་ཏུ་རྡོ་རྗེའི་སློབ་མ་འདིའི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ལ། ཆོས་མཐུན་གྱི་བསམ་པ་སྒྲུབ། རེ་བ་སྐོང༌། འགལ་རྐྱེན་སོལ། མཐུན་རྐྱེན་སྦྱོར། ས་ལམ་གྱི་བར་ཆད་སོལ། ཉིན་གསུམ་གྱི་བྱ་ར་གྱིས། མཚན་གསུམ་གྱི་མེལ་ཚེ་མཛོད། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། མདོར་ན་ཆོས་དང་མཐུན་པའི་བྱ་བ་གང་བརྩམས་འགྲུབ་པའི་སྡོང་གྲོགས་གཡེལ་མེད་དུ་མཛོད་ཅིག །ཅེས་བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར། གསུམ་པ་དཔོན་སློབ་གཉིས་ཀྱི་བྱ་བ་ནི། དེང་ནས་བཟུང་སྟེ་སྲུང་མ་མཆོད་པར་དམ་བཅས་པ་ཡིན་པས་བསང་བཏང་གསེར་སྐྱེམ་མཆོད་གཏོར་མ་འབུལ་བ་སོགས་མཆོད་གསོལ་ཉུང་ངུ་བྱ། རྗེས་ཀྱི་བྱ་བ་ལ། དེ་ལྟར་དབང་ལེགས་པར་ཐོབ་པ་ཡིན་པས། དམ་ཚིག་གི་རིམ་པ་ཚུལ་བཞིན་སྲུང་དགོས་ཏེ། རྩ་བ་བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག མ་མོ་འཁྲུགས་པའི་རྒྱུ་སློབ་དཔོན་ལ་སྐུར་འདེབས་སྤོང༌། མ་དང་སྲིང་མོ་ལ་མི་སྤྱོད། བུད་མེད་ལ་ཁྱད་གསོད་མི་བྱ། རང་དང་ཆོས་རྒྱུན་གྱི་སྙན་པ་སྒྲོག གཟའ་ཡི་དམ་ཚིག་སློབ་དཔོན་ལ་སྐུར་བ་མི་འདེབས། རྒྱུ་དུས་བརྒྱད་གང་རུང་ལ་མཆོད། སྐྱེ་བོ་ཡོངས་ལ་གླེང་ལོག་མི་བྱ། དྲེགས་པ་ཅན་གྱི་གཡོག་མི་བྱ། བསམ་གཏན་པ་གུས་བཀུར་བྱ། དམ་ཅན་གྱི་དམ་ཚིག་ལ། དབུལ་མོ་ལ་ཁྱད་གསོད་མི་བྱ། མ་བྱིན་པ་མི་ལེན། སྦྱིན་པ་གཏོང་བ་སོགས་རྒྱུད་དང་སྒྲུབ་ཐམས་ནས་བཤད་པ་བཞིན་སྲུང་སྙམ་པའི་སྒོ་ནས་འདིའི་རྗེས་བཟློས་མཛོད། གཙོ་བོས་ཇི་ལྟར་ཞེས་དམ་ཚིག་ཁས་ལེན་པ་དང༌། ས་གཞི་སྤོས་ཆུས་ཞེས་མཎྜལ་འབུལ་བ། དེང་ནས་བརྩམ་ཏེ་སོགས་བྲན་དུ་འབུལ་བ། བསོད་ནམས་འདི་ཡིས་སོགས་བསྔོ་བ་བྱས་ཤིང་བྱའོ། །ཆོ་ཀ་རྒྱས་པའི་དབང་ཏུ་བྱས་ན་ཚོགས་ལ་རོལ་ཞིང་མཆོད་བསྟོད་སོགས་གཞུང་བཞིན་བྱའོ། ། ཞེས་རང་ལུགས་ཀློང་གསལ་ཌཱཀྐི་སྙིང་ཐིག་གི་གཏེར་སྲུང་སྔགས་ཀྱི་སྲུང་བ་དྲག་པོ་སུམ་སྒྲིལ་གྱི་སྲོག་གཏད་འདི་ནི་མཚུངས་མེད་བླ་མ་པདྨ་བདེ་ཆེན་གླིང་པའི་རྡོ་རྗེའི་ལྗགས་ཀྱིས་བཀའ་གནང་བ་བཞིན་གཏེར་གཞུང་རྣམས་ཀྱི་དགོངས་པ་བསྡེབས་ཏེ་རིག་འཛིན་ཚེ་དབང་ནོར་བུས་རང་ལོ་ཉེར་བཞི་དབོ་ཟླའི་ཉེར་དགུ་ལ་བཀོད་པའི་ཡི་གེ་པ་ནི་མཁས་པ་ཆེན་པོ་འབྲས་སྤུང་རབ་འབྱམས་པའོ། །སྲུང་མ་གསུམ་པོ་ཡེ་ཤེས་པ་དྲེགས་པའི་ཚུལ་བཟུང་བ་ཡིན་པས་རྒྱུད་འཇམ་ཞིང་ཁ་དགེ། བར་ཆད་སེལ་བའི་ཕྱིར་ཏུ་ཐུན་མོངས་གི་དབང་ཙམ་གནང་ཡང་ཉེས་པར་མི་འགྱུར་མོད་བཀའ་བབས་ཀྱི་བརྒྱུད་འཛིན་ལས་ཐུན་མིན་གྱི་སྲོག་གཏད་བྱས་ན་རང་སྡིག་པས། གསང་རྒྱ། གཉན་རྒྱ། གཏད་རྒྱ།


previousཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་བཀའ་སྲུང་སྔགས་ཀྱི་སྲུང་མ་དྲག་པོ་སུམ་བསྒྲིལ་གྱི་སྲོག་དབང་དམ་ལྡན་སྲོག་གི་རྒྱལ་མཚན། next