Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
པཎ་ཆེན་བི་མ་ལ་མི་ཏྲའི་བཀའ་སྲོལ་སྒྲོལ་མ་དཀར་མོ་ཟླ་བཞིན་མའི་རྒྱུན་ཁྱེར་བདུད་རྩིའི་བཅུད་ཐིག
   
   
   
   
   
   
   
   
   
   
   
   
   
   


 
previousཔཎ་ཆེན་བི་མ་ལ་མི་ཏྲའི་བཀའ་སྲོལ་སྒྲོལ་མ་དཀར་མོ་ཟླ་བཞིན་མའི་རྒྱུན་ཁྱེར་བདུད་རྩིའི་བཅུད་ཐིག next

པཎ་ཆེན་བི་མ་ལ་མི་ཏྲའི་བཀའ་སྲོལ་སྒྲོལ་མ་དཀར་མོ་ཟླ་བཞིན་མའི་རྒྱུན་ཁྱེར་བདུད་རྩིའི་བཅུད་ཐིག

༈ པཎ་ཆེན་བི་མ་ལ་མི་ཏྲའི་བཀའ་སྲོལ། སྒྲོལ་མ་དཀར་མོ་ཟླ་བཞིན་མའི་རྒྱུན་ཁྱེར་བདུད་རྩིའི་བཅུད་ཐིག་བཞུགས་སོ། །

འཆི་མེད་སྒྲོལ་མར་ཕྱག་འཚལ་ལོ། །འཇའ་ལུས་འཕོ་ཆེན་གྲུབ་པ་བི་མ་ལའི་བཀའ་སྲོལ་སྒྲོལ་མའི་རྣལ་འབྱོར་ཤིན་ཏུ་བསྡུས་པ་ཉམ་སུ་ལེན་པར་འདོད་པས། སྒྲོལ་མའི་ལྷ་ཚོགས་མདུན་མཁར་མངོན་སུམ་དུ་བཞུགས་པར་འདོད་པས། ན་མོ་ཧཱུྂཿ སྔོན་འགྲོའི་ཆོས་སོཿ ༈ ཆོས་ཀྱི་དབྱིངས་ནས་བྱོན་པ་ལཿ ཕྱི་ནང་གསང་བའི་མཆོད་པ་འབུལཿ གསང་གསུམ་ཡོན་ཏན་དབྱངས་ཀྱིས་བསྟོདཿ དམ་ཚིག་ཡེ་ཤེས་དབྱེར་མེད་གྱུརཿ རང་ཉིད་སྒྲོལ་མའི་སྐུ་རུ་བཞེངསཿ ཛཔ྄་ནིཿ སྙིང་གར་འདབས་བརྒྱད་ཅུང་ཁ་བཟླུམཿ རྩ་སྔགས་ཡི་གེ་བརྒྱད་པ་ནིཿ འབུམ་ཕྲག་བརྒྱད་བསྙེན་གྲངས་བསྙེན་བྱཿ ལས་སྔགས་ནིཿ གཞུང་ལསཿ ཡེངས་མེད་རྩེ་བཅིག་འབུམ་ཕྲག་གཅིགཿ བཟླས་ན་ཚེ་ཡི་རིག་འཛིན་གྲུབཿ ཅེས་པ་ལྟར་བཟླས་པའི་སྐྱོན་སྤང་ཞིང་ཏིང་འཛིན་ལྡན་པའི་བཟླས་ན་གཞུང་ནས་བཤད་པའི་འབྲས་པུ་བསླུ་མེད་དུ་འབྱུང་ངོ༌། ཐུན་མཐར་དབྱངས་གསལ་ཡིག་བརྒྱ། རྟེན་སྙིང་བརྗོད་ཅིང་ཡིད་ཀྱིས་མཆོད་བསྟོད་བྱ། དབང་ཆོག་ཐུགས་ཡེ་ཤེས་ཀྱི་དབང༌། ལྷན་ཐབས། དགེ་འདིས་བདག་སོགས། འདི་ཉིད་ཉམས་སུ་ལེན་ཚུལ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་སྟེ། སྔོན་འགྲོ་ནི། རྩ་གསུམ་རབ་འབྱམས་དབྱེར་མེད་པའི་བླ་མ་འཕགས་པ་མདུན་མཁར་མངོན་སུམ་དུ་བཞུགས་པར་བསམ་པ་དང༌། དེའི་ཐུགས་བསྐྱེད་དྲན་ཞིང་སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། ཡན་ལག་བདུན་པ་བྱ་བ། སྡོམ་གསུམ་ཡིད་ཀྱིས་ལེན་པའོ། །དངོས་གཞི་ནི། རང་གི་ཕུང་ཁམས་སྟོང་བར་སྒོམ་པ། འཕགས་མའི་སྐུར་གསལ་བ། སྤྱན་འདྲེན་དབང་སྐུར་དང་མཆོད་བསྟོད་བྱ་བ་དང༌། སྐུ་ལ་སེམས་འཛིན་པ་ནི། སྤྱན་དང་ཞལ་སོགས་སྐུའི་ཆ་ཤས་ནས་རྣམ་པ་གསལ་བ་དང༌། སྐུ་ཡོངས་སུ་རྫོགས་པ། འོད་ཟེར་སྤྲོ་བསྡུ་བྱེད་པ་དང༌། དག་པ་དྲན་པ། འོད་ཟེར་གྱི་སྲུང་འཁོར་སྒོམ་པས་ཚེ་ཡི་བར་གཅོད་སྲུང་བ་ལྔའོ། ། །གསུང་ལ་སེམས་འཛིན་པ་ནི། ཐུགས་སྲོག་དང་སྔགས་ཕྲེང༌། སྒྲ་ལ་སེམས་འཛིན་པ་དང༌། རླུང་གིས་བཅུད་ལེན་གྱིས་ཚེ་བསྲིང་བའོ། ། །ཐུགས་ནི། ང་རྒྱལ་ལ་བསླབ་པ། རིགས་བདག་གི་སྐུ་ལས་བདུད་རྩི་འབེབས་པ། འབར་འཛག་གི་བདེ་བ་ངོས་འཛིན་པ། ཚེ་བཅུད་བསྡུས་ཤིང་བདེ་བ་ཆེན་པོར་མཉམ་པར་འཇོག་པ། ཡེ་ཤེས་ལྔའི་འོད་ཀྱི་དྲྭ་བར་ཚེ་སྦས་ཤིང་འགྱུར་མེད་བདེ་སྟོང་གིས་རྒྱས་འདེབས་པའོ། ། རྗེས་ཀྱི་བྱ་བ་ནི། གཞན་དོན་དུ་སྲུང་འཁོར་སྒོམ་པ། འོད་གསལ་གྱི་དབྱིངས་སུ་བསྡུ་བ། འཕགས་པའི་གསང་བ་གསུམ་ལམ་དུ་བྱེད་པ། དམིགས་བཅས་དང་དམིགས་མེད་ཀྱི་བསྔོ་བ་བྱ་བའོ། །དེ་ལྟར་གཞུང་ཆུང་ངུ་ལའང་རྒྱུད་བཞིན་མ་འཁྲུགས། མ་ནོར། ཚུལ་བཞིན་ཉམས་སུ་བླངས་ན་རྒྱུད་དང་གྲུབ་པའི་མན་ངག་བསླུ་བ་མེད་པས་འབྲས་བུ་མངོན་དུ་བྱེད་པ་ཡིན་ནོ། །གཞན་དམ་ཚིག་ཉམས་པ་དང༌། ཆོ་གའི་ཡན་ལག་ཉམས་པ། བརྒྱུད་པའི་བྱིན་རླབས་ཉམས་པའི་ཆོས་ལ་བརྩོན་ཀྱང་བཀྲ་མི་ཤིས་ཤིང་ལེགས་པའི་འབྲས་བུ་མི་འབྱུང་བ་དང༌། མན་ངག་ཀྱང་རང་ལ་དམོད་པའི་མཚོན་ཆར་འགྱུར་བའི་ཚུལ་སོགས་ཤེས་པར་བྱའོ། །དེ་ལྟར་ཉམས་སུ་བླངས་པས་གནས་སྐབས་ནད་གདོན་སྡིག་སྒྲིབ་དམ་ཚིག་ཉམས་པ་ཉམས་ཅད་བྱང་ཞིང༌། མཐར་འཆི་མེད་རྗེ་བཙུན་སྒྲོལ་མའི་གོ་འཕང་མངོན་དུ་བྱེད་པར་འགྱུར་རོ། །ཀཿཐོག་ལྷོ་རྒྱུད་ཀྱི་གསང་སྔགས་ནང་གི་དགེ་སློང་གི་གཟུགས་བརྙན་ཙམ་འཛིན་པ་རིག་འཛིན་ཚེ་དབང་ནོར་མང་པུལ་བདུད་རྩི་ཕུག་ཏུ་ས་སྤྲེལ་ཧོར་ཟླ་ལྔ་བའི་ཚེས་བཅུར་བྲིས་པས་འཆི་མེད་རིག་འཛིན་གོ་འཕང་ཐོབ་པར་གྱུར་ཅིག།


previousཔཎ་ཆེན་བི་མ་ལ་མི་ཏྲའི་བཀའ་སྲོལ་སྒྲོལ་མ་དཀར་མོ་ཟླ་བཞིན་མའི་རྒྱུན་ཁྱེར་བདུད་རྩིའི་བཅུད་ཐིག next