Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྫོགས་ཆེན་བཀའ་དུས་ངེས་དོན་སྙིང་པོ་ལས་ཕུར་པའི་རྒྱུན་ཁྱེར་ཕྲིན་ལས་འོད་འབར།
   
   
   
   
   
   
   


 
previousརྫོགས་ཆེན་བཀའ་དུས་ངེས་དོན་སྙིང་པོ་ལས་ཕུར་པའི་རྒྱུན་ཁྱེར་ཕྲིན་ལས་འོད་འབར། next

རྫོགས་ཆེན་བཀའ་དུས་ངེས་དོན་སྙིང་པོ་ལས་ཕུར་པའི་རྒྱུན་ཁྱེར་ཕྲིན་ལས་འོད་འབར།

༄། །རྫོགས་ཆེན་བཀའ་དུས་ངེས་དོན་སྙིང་པོ་ལས། །ཕུར་པའི་རྒྱུན་ཁྱེར་ཕྲིན་ལས་འོད་འབར་ཞེས་བྱ་བ་བཞུགས་སོ༎

སྐྱབས་སེམས་ནི། །ༀ་ཨཱ་ཧཱུྃ༔ སྐྱབས་གནས་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་འཁོར་བ་དོང་སྤྲུགས་སེམས་བསྐྱེད་དོ༔ ཨ༔ འཁོར་འདས་གཉིས་མེད་ཆོས་དབྱིངས་མཁའ་ལྟར་བརྡལ༔ མཆོག་གི་འོད་གསལ་རྒྱ་ཆད་ཕྱོགས་ལྷུང་བྲལ༔ རང་བྱུང་ཡེ་ཤེས་ལྷུན་གྲུབ་གཞལ་མེད་ཁང་༔ སངས་རྒྱས་ཀུན་མེས་རང་རིག་ཆོས་སྐུར་ཤར༔ ཧཱུྃ༔ བདག་ཉིད་ཀུན་བཟང་འོད་དུ་ཞུ་བ་ལས༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་མཐིང་སྤྱན་དགུ་བསྐྲད༔ ཕྱག་གཡས་དང་པོ་རྡོ་རྗེ་རྗེ་དགུ་དང་༔ བར་བས་རྩེ་ལྔ་གཡོན་གཉིས་མེ་དཔུང་དང་༔ ཁ་ཊྭཱཾ་ཀ་བསྣམས་མཐའ་གཉིས་ཕུར་པ་འདྲིལ༔ ཞབས་གཉིས་རཱུ་ཏྲ་ཕོ་མོའི་སྟེང་དུ་བརྫིས༔ སྐུ་སྨད་ཁྲོ་ཕུར་རང་བཞིན་དཔལ་ཆས་རྫོགས༔ དབུ་སྐྲ་གྱེན་བརྫིས་ཁྲག་འཐུང་རིགས་ལྔས་བརྒྱན༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མཐིང་ནག་བརྔམ༔ ཕྱག་གཉིས་རྡོ་རྗེ་ཐོད་པ་ཡབ་ལ་འཁྱུད༔ རྒྱན་ཆ་ཡབ་མཐུན་ཡབ་ཡུམ་མེ་དཔུང་བཞུགས༔ དེ་ཡི་ཕྱི་རིམ་ཁྲག་འཐུང་བཞི་བཅུ་བཞི༔ སྲུང་མ་བཅུ་གཉིས་ཕོ་བདུད་ཉི་ཤུ་གཅིག༔ གིང་ཆེན་བཅོ་བརྒྱད་གིང་ཕྲན་འབུམ་དང་བཅས༔ དཔལ་ཆེན་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས༔ འཇིགས་རྔམས་འོད་ཟེར་འབར་བའི་སྐུ་རུ་གསལ༔ ཕྱོགས་མཚམས་འཁོར་ཡུག་དཔའ་བོ་མཁའ་འགྲོའི་ཚོགས༔ བསྟན་སྲུང་དམ་ཅན་གནས་སྲུང་གཞི་བདག་གསལ༔ ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ལ༔ ཡེ་ཤེས་སྤྱན་དྲངས་ཆོས་དབྱིངས་ཆེན་པོར་འདྲེས༔ ཛཔྲ་ནི༔ གཙོ་བོའི་ཐུགས་གར་རང་འདྲའི་ཡེ་ཤེས་སེམས༔ དེ་ཡི་ཐུགས་གར་ཉི་ཟླའི་དཀྱིལ་འཁོར་སྟེང་༔ ཐུགས་སྲོག་ཧཱུྃ་མཐར་སྔགས་ཕྲེང་འཁོར་བ་ལས༔ འོད་འཕྲོས་བྱིན་བསྡུས་ཕྱི་ནང་དགྲ་སོད་གྱུར༔ ༀ་བཛྲ་ཀཱི་ལི་ཀི་ལ་ཡ་སརྦ་བིགྒྣཱན་བཾ་ཧཱུྃ་ཕཊ༔ རྩ་བའི་སྔགས་འདི་གཙོ་བོར་བསྙེན། སྤྲོ་ན་གཞན་ཡང་འཁོར་དང་སྲུང་མ། ལས་སྦྱོར་གྱི་སྔགས་སོགས་ཅི་འདོད་སྐབས་འདིར་སྦྱར་ཏེ་བཟླའོ། ། སྲུང་འཁོར་ནི། ཐུགས་ཀའི་སྲུང་འཁོར་དུ་སྲུང་བྱ་བཅུག་ལ། ༀ་བཛྲ་ཀཱི་ལི་ཀི་ལ་ཡ་སརྦ་བིགྒྣཱན་བཾ་ཧཱུྃ་ཕཊ༔ནྲྀ་བྷྲཱུྃ་ཧཱུྃ་ཛ༔ བདག་ཅག་མི་ནོར་འཁོར་བཅས་རཀྵ་རཀྵ་སྭཱཧཱ༔ བཟློག་པ་ནི། ཐུགས་ཀའི་ཧཱུྃ་ལས་སྤྲུལ་བའི་ཕོ་ཉ་སྤྲོས་ཏེ་བཟློག་པའི་ལས་མཛད་པར་མོས་ལ༔ ༀ་བཛྲ་ཀཱི་ལི་ཀི་ལ་ཡ་སརྦ་བིགྒྣཱན་བཾ་ཧཱུྃ་ཕཊ༔ ༀ་ཨ་ཀྲོ་ཏེ་ཀ་ཡ་མ་རཱ་ཙ་བཟློག༔ ༀ་ཨེ་ཀ་དུ་ན་བཟློག༔ ༀ་མ་ཧཱ་དུ་ན་བཟློག༔ ༀ་ས་ག་དུ་ན་བཟློག༔ ༀ་རཱ་ཙ་དུ་ན་བཟློག༔ ༀ་སུཾ་ཏྲི་རཀྵ་དུ་ན་བཟློག༔ ༀ་རཀྵ་ཏི་ཕོར་དུ་ན་བཟློག༔ ༀ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ མ་ནི་མཱ་ར་ནི་བྷྱོ༔ མ་ར་དུ་ན་བྷྱོ༔ རཀྨོ་རཀྵན་ཏིང་ཡ་རཀྵ་བྷྱོ༔ མཱ་ར་ཡ་མཱ་ར་ཡ་ཛ༔ ཀཱི་ལ་མ་བྷྱོ་བཟློག༔ ཅེས་ཐལ་རྡེབ་བྱ། རྫོགས་རིམ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དཀྱིལ་འཁོར་ཆོས་ཀྱི་དབྱིངས་སུ་བསྡུ༔ ཕཊ་ཕཊ་ཕཊ༔ ཅེས་སྣོད་བཅུད་སྒྱུ་མ་ལྟ་བུའི་སྐུར་བཞེངས་ནས་སྤྱོད་ལམ་གྱི་རྣལ་འབྱོར་ལ་འཇུག བསྔོ་བ་ནི། དགེ་བ་འདི་ཡིས་ཕྱི་ནང་དགྲ་ལས་རྒྱལ༔ ཕྲིན་ལས་ཐོགས་མེད་རང་གཞན་དོན་གཉིས་འགྲུབ༔ ངེས་དོན་ཕུར་བའི་རང་ཞལ་མངོན་དུ་གྱུར༔ འགྲོ་ཀུན་ཕྱམ་གཅིག་བྱང་ཆུབ་ཆེ་བརྙེས་ཤོག༔ ཅེས་པའང་བལ་ཡུལ་གྱི་སློབ་དཔོན་ཆེན་པོ་ཨིནྡྲ་དྷྭ་ཛས་བསྐུལ་ངོར་རྫོགས་པ་ཆེན་པོ་བཀའ་འདུས་ངེས་དོན་སྙིང་པོ་ལས་ཕྱུངས་ཏེ་ཀཿཐོག་པ་ཚེ་དབང་ནོར་བུས་ཤིང་ཁྱི་སྣྲོན་ཟླའི་ཚེས་དགུར་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱི་དུར་ཁྲོད་དུ་བྲིས་པའོ༎


previousརྫོགས་ཆེན་བཀའ་དུས་ངེས་དོན་སྙིང་པོ་ལས་ཕུར་པའི་རྒྱུན་ཁྱེར་ཕྲིན་ལས་འོད་འབར། next