Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡིག་མེད་ཨུ་པ་དེ་ཤ་ལས་དཔལ་ནམ་མཁའི་སྙིང་པོའི་བྱིན་རླབས་དབང་གི་ཆོ་ག་ཕྱི་ནང་གསང་བ་ཡང་གསང་མཆོག་གསང་བཅས།
   
   
   
   
   
   


 
previousཡིག་མེད་ཨུ་པ་དེ་ཤ་ལས་དཔལ་ནམ་མཁའི་སྙིང་པོའི་བྱིན་རླབས་དབང་གི་ཆོ་ག་ཕྱི་ནང་གསང་བ་ཡང་གསང་མཆོག་གསང་བཅས། next

ཡིག་མེད་ཨུ་པ་དེ་ཤ་ལས་དཔལ་ནམ་མཁའི་སྙིང་པོའི་བྱིན་རླབས་དབང་གི་ཆོ་ག་ཕྱི་ནང་གསང་བ་ཡང་གསང་མཆོག་གསང་བཅས།

༄༅། །ཡིག་མེད་ཨུ་པ་དེ་ཤ་ལས༔ དཔལ་ནམ་མཁའི་སྙིང་པོའི་བྱིན་རླབས་དབང་གི་ཆོ་ག་ཕྱི་ནང་གསང་བ་ཡང་གསང་མཆོག་གསང་བཅས་བཞུགས་སོ༔

ན་མོ་གུ་རུ་ཨ་ཏི་གརྦྷ་ཡེ༔ དཔལ་ཆེན་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ༔ གང་གི་བླ་མའི་རྣམ་འབྱོར་གྱི་སྒོ་ནས་ཚེ་གཅིག་ཟུང་འཇུག་མཉེས་པར་འདོད་པས་དང་པོ་བླ་མ་མཚན་ཉིད་དང་ལྡན་པ་བཙལ༔ དེའི་གདམས་པར་ཉན༔ དམ་ཚིག་གི་རིམ་པ་རྒྱུད་ལས་ཇི་ལྟར་གསུང་པ་ལྟར་སྲུང་དགོས་སོ༔ དད་པ་དང་༔ དམ་ཚིག༔ དྲན་ཤེས་བག་ཡོད་པ་ནི་དངོས་གྲུབ་ཀྱི་རྩ་བ་ཡིན་ཏེ༔ དཔལ་ཡང་དག་གྲུབ་པ་ལས༔ སྣུམ་པ་ཡི་ནི་དམ་ཚིག་དང་༔ གཙང་དང་འཇིགས་པའི་བརྟུལ་ཞུགས་ཅན༔ ཅེས་གསུངས་པའི་དོན་བཞིན་ནོ༔ ཐོག་མར་བསྐལ་ལྡན་ཀྱི་སྐྱེས་བུར་སྨིན་བྱེད་ཀྱི་རིམ་པ་སྦྱིན་པ་ལ༔ དཀྱིལ་འཁོར་མེ་རི་དུར་ཁྲོད་རྡོ་ར་དང་བཅས་པར་རིན་པོ་ཆེའི་ས་གཞི་གྲུ་བཞི༔ བདུད་རྩིའི་རྒྱ་མཚོ་ཟླུམ་པོ༔ དེའི་ནང་དུ་ཆོས་འབྱུང་ཆོས་འབྱུང་ཕྱི་དཀར་བར་དམར་ནང་མཐིང་ཀ༔ ནོར་བུ་ཟླུམ་པོར་འོད་ལྔའི་ཐིག་ལེ་སྲོག་ཡིག་དང་བཅས་པའོ༔ གཏོར་མ་ནི་ཆོས་འབྱུང་པདྨ་ནོར་བུ་ཉི་ཟླས་མཚན་པའོ༔ ཉེ་བར་མཁོ་བའི་དམ་ཚིག་གི་རྫས་རྣམས་ནི་དབང་གཞུང་ལས་བྱུང་བ་ལྟར་རོ༔ དབང་ལ་ཕྱི་ཐུན་མོང་རྡོ་རྗེ་གསུམ་གྱི་དབང་བཞི༔ ནང་ཐུན་མིན་བསྐྱེད་པ་སྐུ་ཡི་དབང་བཞི༔ གསང་བ་དག་པ་ཡབ་ཀྱི་དབང་བཞི༔ ཡང་གསང་རྫོགས་པ་ཡུམ་གྱི་དབང་བཞི༔ མཆོག་གསང་ཨ་ཏི་སྤྲོས་མེད་ཀྱི་དབང་བཞི༔ མཐའ་རྟེན་བཀྲ་ཤིས་ཚེ་ཡི་དབང་བཞིའོ༔ དབང་སྒྲུབ་པ་ཀུན་ལ་དཔལ་ནམ་མཁའི་སྙིང་པོའི་བླ་མའི་རྣམ་འབྱོར་སྔོན་དུ་སོང་བས་བདག་མདུན་བུམ་གསུམ་དབྱེར་མེར་དུ་སྒྲུབ་ཤིང་བྱིན་རླབས་དབབ་པར་བྱའོ༔ དང་པོ་བྱིན་རླབས་སྒོ་འབྱེད་རྡོ་རྗེ་གསུམ་གྱི་དབང་ནི༔ ཁྲུས་དང་བཤགས་པ་མཎྜལ་སྔོན་དུ་འགྲོ་བས༔ གསོལ་བ་འདེབས་པ་ནི༔ བྱིན་རླབས་རྩ་བ་བླ་མ་རིན་པོ་ཆེ༔ དམ་ཚིག་རྩ་བ་རྡོ་རྗེ་གསུམ་གྱི་དབང་༔ མོས་གུས་རྩ་བར་བྱེད་པའི་སློབ་མ་ལ༔ གསང་སྔགས་རྩ་བའི་བྱིན་རླབས་མ་ལུས་སྩོལ༔ བླ་མས་རྗེས་སུ་གདམས་པ་ནི༔ ཨེ་མ་བུ་ཁྱོད་བསྐལ་བ་བཟང་༔ ཐར་བ་འདོད་ལ་བླ་མ་གཙོ༔ དངོས་གྲུབ་འདོད་ལ་བྱིན་རླབས་གཙོ༔ རྣམ་གྲོལ་རྨད་བྱུང་ལག་པའི་མཐིལ༔ ཨ་ལ་ལ་ཧོ༔ རྒྱུན་བཤགས་ཡན་ལག་བརྒྱད་པ་བྱ༔ དམ་ཚིག་བདུད་རྩི་སྦྱིན་པ་ནི༔ ཨེ་མ་བསྐལ་ལྡན་རིགས་ཀྱི་བུ༔ དམ་ཚིག་དྲན་ཞིང་བདུད་རྩི་རོལ༔ ཉམས་པའི་ཉེས་པ་སྙིང་ལ་ཆོངས༔ ཚུལ་བཞིན་སྒྲུབ་ན་དངོས་གྲུབ་ཐོབ༔ ས་མ་ཡ་ན་ར་ཀན༔ སྡོམ་པ་ལེན་པ་ནི༔ ཨེ་མ༔ དྲིན་ཅན་བླ་མ་རིན་པོ་ཆེ༔ སྔོན་གྱི་རྒྱལ་བ་རིག་འཛིན་གྱི༔ སྡོམ་གསུམ་དམ་ཚིག་བླང་བ་བཞིན༔ བདག་གིས་འཛིན་ནོ་གནང་བར་མཛོད༔ ལན་གསུམ་གྱིས་སྡོམ་པ་ཐོབ༔ མེ་ཏོག་སྦྱིན༔ མིག་རས་ཐོགས༔ ཡེ་ཤེས་དབབ་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས༔ སྤྲུལ་སྐུ་པདྨ་འབྱུང་གནས་ནམ་མཁའི་སྙིང་༔ ཐུགས་བསྐྱེད་བསླུ་མེད་བདེན་པ་དེང་བསྐུལ་ལོ༔ བྱིན་རླབས་འཕོ་བའི་དབང་ཆེན་སྐུར་དུ་གསོལ༔ གསང་བའི་བདག་པོ་དཔའ་བོ་རྡོ་རྗེ་ཆོས༔ བྱང་ཆུབ་སེམས་དཔའ་ནམ་མཁའ་རྡོ་རྗེ་ཡི༔ ཐུགས་བསྐྱེད་བསླུ་མེད་བདེན་པ་དེང་བསྐུལ་ལོ༔ བྱིན་རླབས་འཕོ་བའི་དབང་ཆེན་སྐུར་དུ་གསོལ༔ སྐད་གཉིས་སྨྲ་བའི་དབང་ཕྱུག་ནམ་མཁའི་སྙིང་༔ རྨོངས་པའི་མུན་པ་སེལ་བའི་བྱིན་ཆེན་ཕོབས༔ ཤེས་རབ་གསུམ་གྱི་སྒྲོན་མེ་སྙིང་ནས་འབར༔ གཟུངས་སྤོབས་བློ་གྲོས་སྒོ་བརྒྱ་འགྱེད་པར་མཛོད༔ འདུལ་འཛིན་རྒྱ་མཚོའི་ཁྱུ་མཆོག་ནམ་མཁའི་སྙིང་༔ བསྟན་པའི་རྒྱལ་མཚན་སྦྲེང་པའི་བྱིན་ཆེན་ཕོབས༔ སྲིད་ལས་ངེས་པར་འབྱུང་བློ་སྣ་རྒྱུད་ལ་སྐྱེས༔ ཚུལ་ཁྲིམས་རྣམ་པར་དག་པའི་དངོས་གྲུབ་སྩོལ༔ བྱང་ཆུབ་སེམས་དཔའི་གཙོ་མཆོག་ནམ་མཁའི་སྙིང་༔ མཐའ་ཡས་འགྲོ་བ་སྒྲོལ་བའི་བྱིན་ཆེན་ཕོབས༔ ཀུན་རྫོབ་དོན་དམ་བྱང་ཆུབ་སེམས་མཆོག་འབྱོང་༔ ཐེག་ཆེན་ས་ལམ་མཐར་ཕྱིན་དངོས་གྲུབ་སྩོལ༔ ཉི་ཟེར་རྟ་ལ་ཆིབས་པའི་ནམ་མཁའི་སྙིང་༔ སྟོབས་ཀྱིས་མངའ་དབང་བསྒྱུར་བའི་བྱིན་ཆེན་ཕོབས༔ མངོན་ཤེས་ཏིང་འཛིན་རྫུ་འཕྲུལ་མངའ་དབང་འབྱོར༔ སྣ་ཚོགས་འགྲོ་བ་འདུལ་བའི་དངོས་གྲུབ་སྩོལ༔ དཔལ་ཆེན་གྲུབ་པའི་རིག་འཛིན་ནམ་མཁའི་སྙིང་༔ སྣང་བ་ལྷ་རུ་ཤར་བའི་བྱིན་ཆེན་ཕོབས༔ ཡུལ་གསུམ་གྱད་དུ་གྱུར་བས་སྣང་ཞེན་དག༔ སྣོད་བཅུད་དག་མཉམ་ཆེན་པོའི་དངོས་གྲུབ་སྩོལ༔ མ་བདུན་མཁའ་འགྲོའི་ཚོགས་རྗེ་ནམ་མཁའི་སྙིང་༔ རྩ་རླུང་ལས་སུ་རུང་བའི་དངོས་གྲུབ་སྩོལ༔ སྒྱུ་མ་བདེ་མཆོག་ཏིང་འཛིན་མངོན་དུ་གྱུར༔ འདུ་བ་གསུམ་དང་ལྡན་པར་བྱིན་གྱིས་རློབས༔ ཡང་དག་ཡེ་ཤེས་ཉག་གཅིག་ནམ་མཁའི་སྙིང་༔ གཟུང་འཛིན་རྟོག་པ་འཇོམས་པའི་བྱིན་ཆེན་ཕོབས༔ འོད་གསལ་ཡེ་ཤེས་སྒྲོན་མེ་སྙིང་ནས་འབར༔ འཇའ་ལུས་འཕོ་ཆེན་འགྲུབ་པའི་དངོས་གྲུབ་སྩོལ༔ རང་བྱུང་ལྷན་སྐྱེས་བསུང་ཞིམ་ཐུ་ལི་ལི༔ དཔའ་བོ་མཁའ་འགྲོའི་གར་སྟབས་ཤིགས་སེ་ཤིག༔ རྩ་གསུམ་སྲུང་མའི་སྤྲིན་ཆེན་ཡེ་རེ་རེ༔ སྐུ་ཡིག་ཕྱག་མཚན་ཐིག་ལེ་ཐོ་རོ་རོ༔ ཡེ་ཤེས་སྒྱུ་མའི་ཕྱག་རྒྱ་ད་ལ་ལ༔ སྒྲ་གྲགས་སྔགས་ཀྱི་རོལ་ལོ་འུ་རུ་རུ༔ རང་བྱུང་བདེ་ཆེན་འབར་ཉམས་ཁྲི་ལི་ལི༔ འཛིན་མེད་ཀ་དག་རིག་པ་རྗེན་ནེ་ནེ༔ དད་དམ་བརྟན་པོས་བྱིན་རླབས་དེང་བསྐུལ་ལོ༔ དུས་ལས་མ་གཡེལ་བྱིན་རླབས་དབང་ཆེན་སྐུར༔ འབྲེལ་ཚད་འགྲོ་བའི་ཤེས་རྒྱུད་དགེ་ལ་སྒྱུར༔ བདེ་སྟོང་དཔེ་བྲལ་ཡེ་ཤེས་ཁོངས་ནས་སྦོར༔ ཨ་ཨ་ཨ་ཨ༔ ཨ་ཨ་ཨ་ཨ༔ ཨཨཨཨ༔ ཞེས་མཉམ་པར་བཞག་ཅིང་རོལ་ལོ་འུར་བས་ཡེ་ཤེས་པ་དབབ་པར་བྱ༔ ཏིཥྛ་བཛྲ་གྱིས་བརྟན་པར་གསོལ༔ པུཥྤེ་པྲ་ཏི་ཙ་ཧོ༔ མེ་ཏོག་ཕུལ༔ ཨ་ཝེ་ཤ་ཡ་ཕཊ༔ མིག་རས་བསལ༔ དངོས་གཞིའི་དབང་་ནི༔ མཎྜལ་གསོལ་འདེབས་ནི༔ ན་མོ༔ སྟོང་གསུམ་འཇིག་རྟེན་བཀོད་པའི་མཎྜལ་འདི༔ སྒོ་གསུམ་སྒྲིབ་པ་སྦྱོང་བའི་རྟེན་དུ་འབུལ༔ གསང་གསུམ་ལྷ་སྐུར་འབྱོང་བའི་དབང་ཆེན་པོ༔ སྐལ་ལྡན་སྙིང་གི་བུ་ལ་བསྩལ་དུ་གསོལ༔

མི་བསྐྱོད་པའི་དབང་ནི༔ ༀ༔ ཞེ་སྡང་དག་བྱེད་མི་བསྐྱོད་རྡོ་རྗེའི་དབང༔ སྐལ་སྐྱེས་ལྡན་བུ་ཁྱོད་ལ་སྦྱིན་པ་ཡིས༔ མེ་ལོང་ཡེ་ཤེས་རྒྱུད་ལ་སྐྱེ་བ་དང་༔ རྡོ་རྗེའི་རིགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ རིན་འབྱུང་དབང༔ ཏྲཱྃ༔ ང་རྒྱལ་དག་བྱེད་རིན་ཆེན་འབྱུང་ལྡན་དབང་༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་སྦྱིན་པ་ཡིས༔ མཉམ་ཉིད་ཡེ་ཤེས་མངོན་དུ་གྱུར་བ་དང་༔ རིན་ཆེན་རིགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ སྣང་མཐའི་དབང་༔ ཨཱ༔ འདོད་ཆགས་འཇོམ་བྱེད་སྣང་བ་མཐའ་ཡས་དབང་༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་སྦྱིན་པ་ཡིས༔ སོར་རྟོག་ཡེ་ཤེས་རྒྱུད་ལ་སྐྱེ་བ་དང་༔ པདྨའི་རིགས་རིགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ དོན་གྲུབ་དབང་༔ ཧཱ༔ ཕྲག་དོག་བྱེད་དོན་ཡོད་གྲུབ་པའི་དབང་༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་སྦྱིན་པ་ཡིས༔ བྱ་གྲུབ་ཡེ་ཤེས་རྒྱུད་ལ་སྐྱེ་བ་དང་༔ ལས་ཀྱི་རིགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ རྣམ་སྣང་དབང་༔ ཧཱུྃ༔ གཏི་མུག་དག་བྱེད་རྣམ་པར་སྣང་མཛད་དབང་༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་སྦྱིན་པ་ཡིས༔ ཆོས་དབྱིངས་ཡེ་ཤེས་རྒྱུད་ལ་སྐྱེ་བ་དང་༔ སངས་རྒྱས་རིགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ གསང་གསུམ་རྡོ་རྗེའི་དབང་ནི༔ སློབ་མ་རྡོར་སེམས་སུ་གསལ་༔ ནམ་སྙིང་རྡོ་རྗེ་ཆོས་ཀྱི་དཔྲལ་བ་ནས་རང་འདྲའི་སྐུ་ཆུང་གྲངས་མེད་པ་འཕྲོས་ཏེ་སློབ་མའི་སྨིན་མཚམས་སུ་ཞུགས༔ དག་བྱ་དག་བྱེད་ངོ་སྤྲད༔ ཡེ་ཤེས་པ་དབབ༔ གཉིས་ཀ་མཉམ་པར་འཇོག༔ གསུང་ལ༔ ནམ་སྙིང་རྡོ་རྗེ་ཆོས་ཀྱི་མགྲིན་པ་ནས་ཡི་གེ་དང་སྔགས་ཕྲེང་གྲངས་མེད་པ་འཕྲོས་ཏེ་སློབ་མའི་མགྲིན་པར་ཞུགས༔ དག་བྱ་དག་བྱེད་ངོ་སྤྲད༔ སྔགས་ཀྱི་བཟླས་ལུང་སྦྱིན༔ ཡེ་ཤེས་པ་དབབ༔ གཉིས་ཀ་མཉམ་པར་འཇོག༔ ཐུགས༔ ནམ་སྙིང་རྡོ་རྗེ་ཆོས་ཀྱི་སྙིང་ཀ་ནས་རྡོ་རྗེ་སྔོན་པོ་གྲངས་མེད་པ་འཕྲོས་ཏེ་སློབ་མའི་སྙིང་གར་ཞུགས༔ དག་བྱ་དག་བྱེད་ངོ་སྤྲད༔ ཡེ་ཤེས་པ་དབབ༔ གཉིས་ཀ་མཉམ་པར་འཇོག༔ སློབ་མ་འོད་ལྔའི་ཐིག་ལེར་གྱུར་ཅིང་བླ་མའི་སྙིང་གར་ཐིམ༔ ཐུགས་ཡིད་བསྲེ༔ ལྡང་ཚེ་ཧཱུྃ་གླུ་ལེན༔ མཐར་ཚེ་དབང་བསྐུར་ཀྱང་ཆོག༔ ཡོན་བསྟབས༔ དམ་ཚིག་ཁས་ལེན༔ བསྔོ་བ་བྱའོ༔ རིགས་ལྔའི་དབང་དང་རྡོ་རྗེ་གསུམ་གྱི་བྱིན་རླབས་བཅས་དབང་བཞིའོ༔

༈ ཐུན་མིན་བསྐྱེད་པ་སྐུ་ཡི་དབང་བཞི་ནི༔ མཎྜལ་གསོལ་འདེབས་ནི༔ ན་མོ༔ སྒྲོན་མ་ལྕགས་ཀྱུ་ཕུན་ཚོགས་མཎྜལ་འདི༔ སད་པའི་སྒྲིབ་པ་སྦྱོང་བའི་རྟེན་དུ་འབུལ༔ སྣང་སྲིད་ཕྱག་རྒྱར་ཤར་བའི་དབང་ཆེན་པོ༔ སྐལ་ལྡན་སྙིང་གི་བུ་ལ་བསྩལ་དུ་གསོལ༔ ཡེ་ཤེས་དབབ་པ་སོགས་གོང་ལྟར་རོ༔ བུམ་དབང་ནི༔ བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་དབང་ལྷ་རིགས་ལྔ་འཁོར་བཅས་ནམ་མཁར་སྤྱན་དྲངས༔ ཡབ་ཀྱིས་དགོངས་པ་མཛད་ཡུམ་གྱིས་བདུད་རྩིའི་བུམ་པ་ཐོགས་ཏེ༔ ཧཱུྃ༔ དད་པ་སྨོན་ལམ་སྟོབས་ལ་བརྟེན༔ ལུས་ཀྱི་བགས་ཆགས་སྦྱོང་བྱེད་པའི༔ སྣང་སྟོང་བུམ་པའི་དབང་མཆོག་འདིས༔ སྤྲུལ་སྐུའི་དཀྱིལ་འཁོར་མཐོང་བར་ཤོག༔ ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ གསང་དབང་ནི༔ ཨཱ༔ ནམ་སྙིང་ཡབ་ཡུམ་དགྱེས་རོལ་བའི༔ ངག་གི་སྒྲིབ་པ་སྦྱོང་བྱེད་པ༔ གྲགས་སྟོང་བདུད་རྩི་གསང་དབང་འདིས༔ ལོངས་སྐུའི་དཀྱིལ་འཁོར་མཇལ་བར་ཤོག༔ གུ་ཧྱ་ཨ་བྷི་་ཥིཉྩ་ཧཱུྃ༔ བདུད་རྩི་སྦྱིན༔ སྔགས་ཀྱི་བཟླས་ལུང་ནི༔ ཡབ་ཀྱི་ཐུགས་ཀ་ནས་ཡུམ་ཀྱི་ཐུགས་གར་སྤྲོས༔ དེའི་ཞལ་ལས་སློབ་མའི་སྙིང་གར་བཞུགས་པར་མོས་ལ༔ སྔགས་ཀྱི་རྗེས་ཟློས་བྱ༔ ཤེར་དབང་ནི༔ ཧཱུྃ༔ མཉམ་སྦྱོར་བདེ་སྟོང་ཡེ་ཤེས་ཆེ༔ ཡིད་ཀྱི་སྒྲིབ་པ་སྦྱོང་བྱེད་པ༔ མཚན་ལྡན་ཤེས་རབ་དབང་འདིའི་མཐུས༔ ཆོས་སྐུའི་དཀྱིལ་འཁོར་མཇལ་བར་ཤོག༔ ཛྙཱ་ན་མུ་ཏྲ་ས་མ་ཡ་སྟྭཾ༔ རིག་མ་གཏད༔ ཀ་དག་ཚིག་གི་དབང་ནི༔ མེ་ལོང་གཏད་ལ༔ ཨ༔ སྣང་བ་མ་འགགས་ཡེ་ཤེས་རྒྱན༔ སྟོང་པ་སྤྲོས་བྲལ་ཆོས་ཀྱི་དབྱིངས༔ རང་སེམས་འདི་ལས་ལོག་ན་མེད༔ དེ་ཉིད་རྟོགས་པས་རང་སངས་རྒྱས༔ ཨ་ཨ་ཨ༔ དྷརྨ་དྷ་ཏུ་ཧོ༔ ཡོན་འབུལ་ཁས་ལེན་བསྔོ་བས་མཐའ་རྒྱས་པར་བྱ༔ ཐུན་མིན་བསྐྱེད་པ་སྐུ་ཡི་དབང་ངོ་བཞིའོ༔ ས་མ་ཡ༔

༈ གསང་བ་དག་པ་ཡབ་ཀྱི་དབང་བཞི་ནི༔ མཎྜལ་གསོལ་འདེབས་ནི༔ ན་མོ༔ དཀར་དམར་བདུད་རྩི་ཁོལ་བའི་མཎྜལ་འདི༔ རྨི་ལམ་སྒྲིབ་པ་སྦྱོང་བའི་རྟེན་དུ་འབུལ༔ བདེ་ཆེན་ཡེ་ཤེས་འབར་བའི་དབང་ཆེན་པོ༔ སྐལ་ལྡན་སྙིང་གི་བུ་ལ་བསྩལ་དུ་གསོལ༔ ཡེ་ཤེས་དབབ་པ་སོགས་གོང་ལྟར་རོ༔ དེ་ལྟར་སྒོ་གསུམ་ལ་ཡེ་ཤེས་འཕོས་པས་གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སློབ་མ་ཡི་གེ་ཧཱུྃ་དུ་གྱུར་བ་བླ་མའི་ཡབ་ཏུ་ཞུགས༔ སྤྱི་བོའི་རྩ་འཁོར་ཏུ་དཔའ་བོ་ཧེ་རུ་ཀ་དཀར་པོ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་གྱུར༔ སྐུ་ཡི་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་དགོངས་པ་མཛད༔ སྐུ་ཡི་རིགས་མ་རྣམས་ཀྱིས་དབང་བསྐུར༔ ལུས་བདུད་རྩིས་གང་པས་བདེ་བས་སྨྱོས༔ ལུས་རྩ་ཡི་སྒྲིབ་པ་དག༔ རྩ་དག་པ་སྤྲུལ་སྐུའི་གོ་འཕང་ཐོབ་པའི་བསྐལ་བ་ཅན་དུ་བྱས་སོ༔ བུམ་ཆུ་གཏོར་བ་བུམ་དབང་ངོ་༔ གསང་བའི་དབང་ནི༔ སློབ་མ་དབུ་མའི་ལམ་བརྒྱུད་མགྲིན་པའི་རྩ་འཁོར་ཏུ་ཞུགས༔ དཔའ་བོ་ཧེ་རུ་ཀ་དམར་པོ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་གྱུར༔ གསུང་གི་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་དགོངས་པ་མཛད༔ གསུང་གི་རིགས་མ་རྣམས་ཀྱིས་དབང་བསྐུར༔ ལུས་བདུད་རྩིས་གང་པས་བདེ་བས་སྨྱོས༔ ངག་རླུང་གི་སྒྲིབ་པ་དག༔ རླུང་དག་པ་ལོངས་སྐུའི་གོ་འཕང་ཐོབ་པའི་བསྐལ་བ་ཅན་དུ་བྱས་སོ༔ བུམ་ཆུ་ཞལ་དུ་བླུད་པ་གསང་དབང་ངོ་༔ ཤེར་དབང་ནི༔ སློབ་མ་དབུ་མའི་ལམ་བརྒྱུད་མགྲིན་པའི་རྩ་འཁོར་ཏུ་ཞུགས༔ དཔའ་བོ་ཧེ་རུ་ཀ་མཐིང་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་གྱུར༔ ཐུགས་ཀྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་དགོངས་པ་མཛད༔ ཐུགས་ཀྱི་རིགས་མ་རྣམས་ཀྱིས་དབང་བསྐུར༔ ལུས་བདུད་རྩིས་གང་པས་བདེ་བས་སྨྱོས༔ ཡིད་ཐིག་ལེའི་སྒྲིབ་པ་དག༔ ཐིག་ལེ་དག་པ་ཆོས་སྐུའི་གོ་འཕང་ཐོབ་པའི་བསྐལ་བ་ཅན་དུ་བྱས་སོ༔ བུམ་ཆུ་སྙིང་གར་གཏོར་བ་ཤེར་དབང་ངོ་༔ ཚིག་དབང་ནི༔ སློབ་མའི་དབུ་མའི་ནང་ཏུ་ཨ་དཀར་པོ་ཉེར་གཅིག་གསལ་བཏབ༔ ཨ་ནི་མ་སྐྱེས་མ་འགག་པ༔ དྲི་མ་མེད་ཅིང་སྤང་བ་མེད༔ གཟུང་དང་འཛིན་པ་ཀུན་ལས་འདས༔ ཆོས་ཉིད་དག་པའི་དོན་ཉིད་དོ༔ ཞེས་མཉམ་པར་བཞག་ལ༔ ཨ་བརྒྱ་རྩ་བརྒྱད་ལྷན་དུ་བརྗོད༔ མཐར་དབུ་མའི་ཨ་འོག་ནས་ཡར་རེ་རེར་ཐིམ༔ སྟོང་ཆེན་སྤྲོས་པ་ཐམས་ཅད་དང་བྲལ་བའི་དབྱིངས་སུ་ལ་བཟླ་བ་ནི་དབང་བཞི་བའོ༔ ཡོན་བསྟབས་དམ་ཚིག་ཁས་ལེན་སོགས་སྤྱི་ལྟར་བྱ༔ གསང་བ་དག་པ་ཡབ་ཀྱི་དབང་བཞིའོ༔ ས་མ་ཡ༔ ༈ ཡང་གསང་རྫོགས་པ་ཡུམ་ཀྱི་དབང་བཞི་ནི༔ མཎྜལ་གསོལ་འདེབས་ནི༔ ན་མོ༔ སྒྱུ་རྩལ་བྱང་ཆུབ་རིག་མའི་མཎྜལ་འདི༔ སྙོམ་འཇུག་སྒྲིབ་པ་སྦྱོང་བའི་རྟེན་དུ་འབུལ༔ ཁ་སྦྱོར་ཟུང་འཇུག་བདེ་བའི་དབང་ཆེན་པོ༔ སྐལ་ལྡན་སྙིང་གི་བུ་ལ་བསྩལ་དུ་གསོལ༔ ཡེ་ཤེས་དབབ་པ་སོགས་གོང་ལྟར་རོ༔ བླ་མ་ལ་མོས་གུས་དྲག་ཏུ་བྱས་པས་བླ་མའི་ཐུགས་ནས་འོད་ཟེར་དམར་པོ་བདེ་བ་འཇམ་པ་དྲོད་དང་བཅས་པ་ཞིག་དབལ་གྱིས་བྱུང་༔ སློབ་མར་རེག་པ་ཙམ་གྱིས་འོད་ཀྱི་གོང་བུར་གྱུར་བ་བླ་མའི་ཞལ་ཏུ་ཞུགས་སྤྱི་བོའི་རྩ་འཁོར་གྱི་ཧེ་རུ་ཀ་ཡབ་ཡུམ་སྦྱོར་བའི་བདེ་བ་ལས་བྱུང་བས་དགའ་བ་སྐྱེས༔ མགྲིན་པར་སླེབས་པས་མཆོག་དགའ༔ སྙིང་གར་སླེབས་པས་ཁྱད་པར་གྱི་དགའ་བ༔ ལྟེ་བར་སླེབས་པས་ལྷན་སྐྱེས་ཀྱི་དགའ་བ་མངོན་ཏུ་གྱུར༔ ཡས་བབས་ཀྱི་དགའ་བ་བཞི་རྫོགས་ཤིང་གསང་བར་སླེབས་པས་འཕོ་བ་མེད་པའི་བདེ་བ་ཆེན་པོའི་ངང་ཏུ་ལྷན་ནེར་གནས་པར་གྱུར༔ བླ་མའི་ཞལ་ནས་ཕཊ་བརྗོད་པ་དང་གསང་བའི་རྡོ་རྗེ་ནས་ཡུམ་ཀྱི་བྷ་གའི་གཞལ་ཡས་ཁང་དུ་ཞུགས༔ སློབ་མ་ཧེ་རུ་ཀ་ལྗང་གསལ་གྱི་སྐུ་རྫོགས་པ་ལ་ལས་ཀྱི་རིགས་ཀྱི་མཁའ་འགྲོ་ཉི་ཤུ་རྩ་བརྒྱད་ཀྱིས་གར་སྟབས་བཅས་འཁྱུད་པའི་རེག་བྱ་ཉམས་སུ་བསྟར་བས་སྣང་བའི་དངོས་པོ་ལ་འཛིན་པ་ཞིག དགའ་བའི་དགའ་བ་རྒྱུད་ལ་སྐྱེས༔ སྟོང་པ་དང་པོའི་འོད་གསལ་ཤར༔ གཟུགས་སྟོང་པ་ཉིད༔ སྟོང་པ་ཉིད་གཟུགས་སོ༔ གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན༔ སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ༔ ཞེས་ངོ་སྤྲད༔ མས་བརྟན་གྱི་དབང་དང་པོའོ༔ ཕཊ་ཅེས་བརྗོད་པས་སློབ་མ་ལྟེ་བར་འཕོས་ཧེ་རུ་ཀ་སེར་གསལ་གྱི་སྐུར་གསལ་གྱི་སྐུ་རྫོགས་པ་ལ་རིན་ཆེན་རིགས་ཀྱི་མཁའ་འགྲོ་དྲུག་ཅུ་རེ་གཉིས་ཀྱིས་གར་སྟབས་བཅས་འཁྱུད་པའི་ནུ་མ་སྣུན་པའི་རེག་བྱ་ཉམས་སུ་བསྟར་བས་སྣང་བའི་དངོས་པོ་ལ་འཛིན་པ་ཞིག མཆོག་དགའི་དགའ་བ་རྒྱུད་ལ་སྐྱེས༔ སྟོང་པ་གཉིས་པའི་འོད་གསལ་ཤར༔ གཟུགས་སྟོང་པ་ཉིད༔ སྟོང་པ་ཉིད་གཟུགས་སོ༔ གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན༔ སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ༔ ཞེས་ངོ་སྤྲད༔ མས་བརྟན་གྱི་དབང་གཉིས་པའོ༔ ཕཊ་ཅེས་བརྗོད་པས་སློབ་མ་སྙིང་གར་འཕོས་ཧེ་རུ་ཀ་མཐིང་གསལ་གྱི་སྐུར་གྱུར་པ་ལ་སངས་རྒྱས་རིགས་ཀྱི་མཁའ་འགྲོ་བརྒྱད་ཀྱིས་གར་སྟབས་བཅས་འཁྱུད་པའི་མཆུ་སྒྲོས་སྦྱོར་བའི་རེག་བྱ་ཉམས་སུ་བསྟར་བས་སྣང་བའི་དངོས་པོ་ལ་འཛིན་པ་ཞིག ཁྱད་པར་དགའ་བའི་དགའ་བ་རྒྱུད་ལ་སྐྱེས༔ སྟོང་པ་གསུམ་པའི་འོད་གསལ་ཤར༔ གཟུགས་སྟོང་པ་ཉིད༔ སྟོང་པ་ཉིད་གཟུགས་སོ༔ གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན༔ སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ༔ ཞེས་ངོ་སྤྲད༔ ཡས་བབས་ཀྱི་དབང་གསུམ་པའོ༔ མས་བརྟན་གྱིས་དབང་གསུམ་པ་པོའོ༔ ཕཊ་ཅེས་བརྗོད་པས་སློབ་མ་མགྲིན་པར་འཕོས་ཧེ་རུ་ཀ་དམར་གསལ་གྱི་སྐུར་གྱུར་པ་ལ་པདྨའི་རིགས་ཀྱི་མཁའ་འགྲོ་བཅུ་དྲུག་གར་སྟབས་བཅས་འཁྱུད་པའི་དབང་པོ་གཉིས་སྦྱོར་བའི་རེག་བྱ་ཉམས་སུ་བསྟར་བས་སྣང་བའི་དངོས་པོ་ལ་འཛིན་པ་ཞིག ལྷན་སྐྱེས་དགའ་བའི་དགའ་བ་རྒྱུད་ལ་སྐྱེས༔ སྟོང་པ་བཞི་བའི་འོད་གསལ་ཤར༔ གཟུགས་སྟོང་པ་ཉིད༔ སྟོང་པ་ཉིད་གཟུགས་སོ༔ གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན༔ སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ༔ ཞེས་ངོ་སྤྲད༔ མས་བརྟན་གྱི་དབང་བཞི་བའོ༔ ཕཊ་ཅེས་བརྗོད་པས་སློབ་མ་སྤྱི་བོར་འཕོས་ཧེ་རུ་ཀ་དཀར་གསལ་གྱི་སྐུར་གྱུར་པ་ལ་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་སུམ་ཅུ་སོ་གཉིས་གར་སྟབས་བཅས་འཁྱུད་པའི་རེག་བྱ་ཉམས་སུ་བསྟར༔ སློབ་མ་གཡས་སྐོར་གྱིས་ཡུམ་རྣམས་ལ་རེ་རེ་བྱས་ནས་ཐིམ༔ མཐར་དབུས་ཀྱི་གཙོ་མོ་ལ་ཐིམ༔ ཆོས་གཟུགས་དབྱེར་མི་བྱེད་པའི་སྟོང་པ་ཆེན་པོའི་ངང་དུ་འབྱམས༔ ཕྱོགས་འབྱམས་བར་མེད་ཀྱི་འོད་གསལ་ཤར༔ གཟུགས་སྟོང་པ་ཉིད༔ སྟོང་པ་ཉིད་གཟུགས་སོ༔ གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན༔ སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ༔ ཞེས་ངོ་སྤྲད༔ མཁའ་འགྲོ་ཡང་གཙུག་ཏོར་གྱི་རྩེ་མོར་གཞོམ་ཏུ་མེད་པར་ནཱ་དའི་ངོ་བོར་འཕོས༔ རྣམ་པ་ཀུན་ལྡན་རྣམ་པ་མེད༔ བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་༔ ཆ་མེད་ཅ་ལས་འདས་པ་པོ༔ བསམ་གཏན་བཞི་བའི་རྩེ་མོ་འཆང་༔ ས་བཅུའི་རྒྱུན་མཐར་གཙུག་ཏོར་དུ་རྡོ་རྗེ་འཆང་གི་ངོ་བོར་མངོན་པར་བྱང་ཆུབ་པའི་རྟེན་འབྲེལ་མངོན་དུ་བྱས་པའོ༔ ཡང་གསང་རྫོགས་པ་ཡུམ་གྱི་དབང་བཞིའོ༔ ས་མ་ཡ༔

༈ མཆོག་གསང་ཨ་ཏི་སྤྲོས་མེད་ཀྱི་དབང་བཞི་ནི༔ ན་མོ༔ རང་བྱུང་འོད་གསལ་རྒྱན་གྱི་མཎྜལ་འདི༔ གཉིད་འཐུག་སྒྲིབ་པ་སྦྱོང་བའི་རྟེན་དུ་འབུལ༔ འཕོ་ཆེན་འོད་སྐུར་གྲོལ་བའི་དབང་ཆེན་པོ༔ སྐལ་ལྡན་སྙིང་གི་བུ་ལ་བསྩལ་དུ་གསོལ༔ ཡེ་ཤེས་དབབ་པ་སོགས་གོང་ལྟར་རོ༔ དུས་སུ་བབ་པ་ན་བླ་མས་སྟོད་གཡོགས་བསལ༔ སློབ་མ་གཅེར་བུར་རྡོ་རྗེའི་བཞུགས་སྟངས་བཅས༔ བླ་མས༔ ཀྱེ་རིགས་ཀྱི་བུ༔ སྒོ་གསུམ་ལྷོད་ལ་ཞོག༔ སེམས་ཀྱི་རྩ་བར་ལྟོས༔ སྣ་ཚོགས་འགྱུ་བའི་སེམས་འདི་ཆོས་ཉིད་ཀྱི་གསལ་ཆ་ཡིན་པར་ངོ་ཤེས་པར་ཀྱིས༔ དང་པོ་དུས་གསུམ་ངོ་སྤྲོད་ནི༔ འདས་རྗེས་མ་དཔྱོད༔ མ་འོངས་པའི་མདུན་མ་བསུ༔ ད་ལྟའི་ཤེས་པ་ལ་དགག་སྒྲུབ་མ་བྱེད་པར་རང་སོར་ཞོག༔ དེ་ཚེ་རྣམ་རོག་གིས་མ་བསླད་པའི་ཤེས་པ་དྭངས་སང་གེ་བ་ཞིག་ཡོང་པ་དེ་ཆོས་སྐུ་ཡིན་པར་ངོ་ཤེས་པར་མཛོད༔ གཉིས་པ་དུག་ལྔ་ངོ་སྤྲད་པ་ནི༔ ཞེ་སྡང་སྐྱེར་ཆུག༔ དེ་ལ་རང་སེམས་ཡིན་པར་ངོས་ཟུང་༔ སེམས་གཞི་མེད་རྩ་བྲལ་དུ་ཐག་ཆོད༔ སྐྱེ་མེད་ཀྱི་སེམས་ལ་འཛིན་མེད་དུ་ལྟོས་དང་མེ་ལོང་ཡེ་ཤེས་འཆར་བར་འགྱུར་རོ༔ ང་རྒྱལ་སྐྱེར་ཆུག༔ དེ་ལ་རང་སེམས་ཡིན་པར་ངོས་ཟུང་༔ སེམས་གཞི་མེད་རྩ་བྲལ་དུ་ཐག་ཆོད༔ སྐྱེ་མེད་ཀྱི་སེམས་ལ་འཛིན་མེད་དུ་ལྟོས་དང་མཉམ་ཉིད་་ཡེ་ཤེས་འཆར་བར་འགྱུར་རོ༔ འདོད་ཆགས་སྐྱེར་ཆུག༔ དེ་ལ་རང་སེམས་ཡིན་པར་ངོས་ཟུང་༔ སེམས་གཞི་མེད་རྩ་བྲལ་དུ་ཐག་ཆོད༔ སྐྱེ་མེད་ཀྱི་སེམས་ལ་འཛིན་མེད་དུ་ལྟོས་དང་སོར་རྟོག་ཡེ་ཤེས་འཆར་བར་འགྱུར་རོ༔ ཕྲག་དོག་སྐྱེར་ཆུག༔ དེ་ལ་རང་སེམས་ཡིན་པར་ངོས་ཟུང་༔ སེམས་གཞི་མེད་རྩ་བྲལ་དུ་ཐག་ཆོད༔ སྐྱེ་མེད་ཀྱི་སེམས་ལ་འཛིན་མེད་དུ་ལྟོས་དང་བྱ་གྲུབཡེ་ཤེས་འཆར་བར་འགྱུར་རོ༔ གཏི་མུག་སྐྱེར་ཆུག༔ དེ་ལ་རང་སེམས་ཡིན་པར་ངོས་ཟུང་༔ སེམས་གཞི་མེད་རྩ་བྲལ་དུ་ཐག་ཆོད༔ སྐྱེ་མེད་ཀྱི་སེམས་ལ་འཛིན་མེད་དུ་ལྟོས་དང་ཆོས་དབྱིངས་ཡེ་ཤེས་འཆར་བར་འགྱུར་རོ༔ ཨ་བརྗོད་ལ་མཉམ་པར་བཞག༔ གསུམ་པ་ཡུལ་ལྔ་ངོ་སྤྲད་པ་ནི༔ ཀྱེ་རིགས་ཀྱི་རིགས་ཀྱི་བུ༔ རིག་པ་ཡུལ་ལ་གཡོས་ནས་ཆུ་ཁམས་ལ་གཤེར་བའི་འཛིན་པ་བྱུང་༔ ས་ཁམས་ལ་བརྟན་པའི་ཚོར་བ་རྒྱས༔ མེ་ཁམས་ལ་དྲོ་བའི་འདུ་ཤེས་བྱུང་༔ རླུང་ཁམས་ལ་གཡོ་བའི་འདུ་བྱེད་༔ ནམ་མཁའི་ཁམས་ལ་ཁྱབ་པའི་སྒྲོ་བཏགས༔ འཛིན་པ་དེ་ནི་དྲི་མ་ཡིན་ལ༔ རྟོགས་ན་དྲི་མ་ལས་གསལ་བའི་ཡེ་ཤེས་གཞན་ན་མེད་དོ༔ དེའི་ངོ་བོ་ནི་ཡུལ་རྐྱེན་ཡོངས་སུ་ཟད་པའི་ཟང་ཐལ་ཕྱལ་བ་ཆེན་པོའི་ཡེ་ཤེས་ཡིན་ནོ༔ དེ་ཉིད་ཤེས་ན་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་བ་ང་གཞན་ན་མེད་དོ༔ བཞི་བ་འོད་གསལ་ཡེ་ཤེས་སུ་ངོ་སྤྲོད་པ་ནི༔ རྨ་བྱའི་མདོང་སོགས་བསྟན་ལ༔ ཀྱེ་རིགས་ཀྱི་བུ༔ སྲིད་པ་འདིར་ཡང་འོད་གསལ་ཀྱི་ཡེ་ཤེས་མ་འགགས་པའི་གསལ་སྣང་ཅིར་ཡང་འཆར་བ་དེ༔ ངོ་མ་ཤེས་པས་འོད་ལྔ་ལ་འཛིན་པ་བྱུང་༔ ཁ་དོག་ལྔ་བདེན་གྲུབ་ཏུ་འཛིན༔ ངོ་ཤེས་ན་དེ་ལ་ཐག་ཏུ་གྲོལ་བ་ཡིན་ཏེ༔ དབྱིངས་སྐྱེ་བ་མེད་པ་ལས་འགག་པ་མེད་པའི་ཡེ་ཤེས་ཅིར་ཡང་འཕྲུལ་ཚེ་དཀར་པོ་དང་༔ སེར་པོ༔ དམར་པོ༔ ལྗང་ཁུ༔ མཐིང་ཀ༔ ལ་སོགས་པ་འོད་ལྔ་འབྱུང་བ་ལ་མིང་ཚིག་བདེན་གྲུབ་ཏུ་འཛིན་པའི་པས་འཁོར་བ་ལུགས་རྒྱུད་དུ་བྱུང་༔ མེད་པ་གཅིག་ཏུ་ཕྱལ་བ་ཆེན་པོར་གོ་ན་གཟུང་འཛིན་ཆོས་ཀུན་གཉུག་མའི་གཤིས་སུ་ཐིམ༔ ཤེལ་འོད་ནང་དུ་བསྡུ་བ་ལྟར་ཡེ་ཤེས་དབྱིངས་འཁྱིལ་འཕོ་ཆེན་འཇའ་ལུས་ཆེན་པོའི་སྐུ་རུ་སངས་རྒྱས་པ་ཡིན་ནོ༔ མཆོག་གསང་ཨ་ཏི་སྤྲོས་མེད་ཀྱི་དབང་བཞིའོ༔ ས་མ་ཡ༔

༈ མཐའ་རྟེན་བཀྲ་ཤིས་ཚེ་ཡི་དབང་ནི༔ མཎྜལ་གསོལ་འདེབས་ནི༔ ན་མོ༔ འབྱུང་ལྔའི་དྭངས་མ་འདུས་པའི་མཎྜལ་འདི༔ སྲོག་གཅོད་སྒྲིབ་པ་སྦྱོང་བའི་རྟེན་དུ་འབུལ༔ འཆི་མེད་རྡོ་རྗེ་ཚེ་ཡི་དབང་ཆེན་པོ༔ སྐལ་ལྡན་སྙིང་གི་བུ་ལ་བསྩལ་དུ་གསོལ༔ ཡེ་ཤེས་དབབ་པ་སོགས་གོང་ལྟར་རོ༔ སློབ་མ་དཔའ་བོ་རྡོ་རྗེ་ཆོས་སུ་གསལ་བཏབ་ལ༔

༈ ཚེ་འགུགས༔ ཧཱུྃ་ཧཱུྃ་ཧཱུྃ༔ སྐུ་གསུམ་རྒྱལ་བ་རབ་འབྱམས་དབྱིངས་ནས་བཞེངས༔ འཕོ་མེད་རྡོ་རྗེ་གསུམ་གྱི་བྱིན་གྱིས་རློབས༔ དཔལ་ཆེན་ནམ་མཁའི་སྙིང་པོས་བྱིན་རླབས་སྩོལ༔ ཀུན་གཞི་ལས་རླུང་འཕོ་བ་དག་པར་མཛོད༔ བདེ་ཆེན་དབང་གི་མ་བདུན་བྱིན་རླབས་སྩོལ༔ ཚོགས་བདུན་འགྱུ་བའི་བྱེད་ལས་དག་པར་མཛོད༔ སྐུ་ཡི་རིག་མ་ཤེལ་དཀར་རྡོ་རྗེ་མཚོས༔ ཆུ་ཡི་བཅུད་དང་ཚེ་བསོད་ཡེ་ཤེས་ཁུག༔ ཁྲག་ཁམས་འགྱུར་བས་འཕེལ་ཉམས་རྒུད་པ་གསོས༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ གསུང་གི་རིག་པ་པདྨ་བདེ་བ་ཆེས༔ མེ་ཡི་བཅུད་དང་ཚེ་བསོད་ཡེ་ཤེས་ཁུག༔ དྲོད་ཁམས་འགྱུར་བས་འཕེལ་ཉམས་རྒུད་པ་གསོས༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཐུགས་ཀྱི་རིག་མ་ཡེ་ཤེས་མཚོ་རྒྱལ་མས༔ ནམ་མཁའི་བཅུད་དང་ཚེ་བསོད་ཡེ་ཤེས་ཁུག༔ རྣམ་ཤེས་འགྱུར་བས་འཕེལ་ཉམས་རྒུད་པ་གསོས༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཡོན་ཏན་རིག་མ་ཕྲིན་ལས་དཔལ་འབར་མས༔ ས་ཡི་བཅུད་དང་ཚེ་བསོད་ཡེ་ཤེས་ཁུག༔ ཤ་ཁམས་འགྱུར་བའི་འཕེལ་ཉམས་རྒུད་པ་གསོས༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཕྲིན་ལས་རིག་མ་ཐོགས་མེད་ཤུགས་ཆེན་མས༔ རླུང་གི་བཅུད་དང་ཚེ་བསོད་ཡེ་ཤེས་ཁུག༔ དབུགས་ཁམས་འགྱུར་བའི་འཕེལ་ཉམས་རྒུད་པ་གསོས༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཧྲཱི༔ ཞི་བའི་ལས་མཛད་རྡོ་རྗེ་ནམ་མཁའི་སྙིང་༔ ཞེ་སྡང་དབང་གིས་གས་ཉམས་འཐོར་བ་སྡུས༔ གཟུགས་ཁམས་བཅུད་སྤེལ་ཚེ་དབང་བྱིན་ཆེན་ཕོབས༔ གཞོམ་བྲལ་མེ་ལོང་ཡེ་ཤེས་རྒྱས་པར་མཛོད༔ རྒྱས་པའི་ལས་མཛད་རིན་ཆེན་ནམ་མཁའི་སྙིང་༔ ང་རྒྱལ་དབང་གིས་གས་ཉམས་འཐོར་བ་སྡུས༔ ཚོར་བའི་བཅུད་སྤེལ་ཚེ་དབང་བྱིན་ཆེན་ཕོབས༔ མཉམ་ཉིད་ཡེ་ཤེས་སྣང་བ་རྒྱས་པར་མཛོད༔ དབང་གི་ལས་མཛད་པདྨ་ནམ་མཁའི་སྙིང་༔ འདོད་ཆགས་དབང་གིས་གས་ཉམས་འཐོར་བ་སྡུས༔ འདུ་ཤེས་བཅུད་སྤེལ་ཚེ་དབང་བྱིན་ཆེན་ཕོབས༔ སོར་རྟོག་ཡེ་ཤེས་སྣང་བ་རྒྱས་པར་མཛོད༔ དྲག་པོའི་ལས་མཛད་ཕྲིན་ལས་ནམ་མཁའི་སྙིང་༔ ཕྲག་དོག་དབང་གིས་གས་ཉམས་འཐོར་བ་སྡུས༔ འདུ་བྱེད་བཅུད་སྤེལ་ཚེ་དབང་བྱིན་ཆེན་ཕོབས༔ བྱ་གྲུབ་ཡེ་ཤེས་སྣང་བ་རྒྱས་པར་མཛོད༔ ཡེ་ཤེས་གྲུབ་པ་ཟུང་འཇུག་ནམ་མཁའི་སྙིང་༔ གཏི་མུག་དབང་གིས་གས་ཉམས་འཐོར་བ་སྡུས༔ རྣམ་ཤེས་བཅུད་སྤེལ་ཚེ་དབང་བྱིན་ཆེན་ཕོབས༔ ཆོས་དབྱིངས་ཡེ་ཤེས་སྣང་བ་རྒྱས་པར་མཛོད༔ ༀ་ཨཱ༔གུ་རུ་ག་གྷ་ན་གརྦྷ་ཨཱཿཡུརྫྙཱ་ན་སིདྡྷི་བྷྲཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ མདའ་དར་གཡབ་ཅིང་ཚེ་གཡང་འགུགས་པར་བྱའོ༔ ༈ ཚེ་འབྲིང་མགོ་བོར་བཞག་ལ༔ འཆི་མེད་གཉུག་མ་ཚེ་ཡི་གའུ་ན༔ ཚེ་བདག་ནམ་སྙིང་ཞི་ཁྲོའི་ལྷ་ཚོགས་བཞུགས༔ གསང་གསུམ་བྱིན་རླབས་འཇའ་དང་འོད་དུ་འཁྱིལ༔ མཐོང་ཐོས་རེག་ཚད་རྡོ་རྗེའི་དབང་ཐོབ་ཤོག༔ ཚེ་རིལ་སྦྱིན་ལ༔ བརྟན་པའི་བཅུད་བསྡུས་འཆི་མེད་རིལ་བུ་འདི༔ སྣང་བའི་བདག་ཉིད་ནམ་མཁའི་སྙིང་པོའི་བྱིན༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་སྦྱིན་པ་ཡིས༔ སྣང་བ་ལྷར་ཤར་འཆི་མེད་ཚེ་ཐོབ་ཤོག༔ ཚེ་ཆང་སྦྱིན་ལ༔ གཡོ་བའི་དཔལ་འདུས་ཟག་མེད་བདུད་རྩི་འདི༔ སྟོང་པའི་ཡེ་ཤེས་རྡོ་རྗེ་ཡུམ་གྱི་བྱིན༔ སྐལ་ལྡན་སྐྱེས་བཡ་ཁྱོད་ལ་སྦྱིན་པ་ཡིས༔ ཡུལ་ཅན་ཡེ་ཤེས་འཆི་མེད་ཚེ་ཐོབ་ཤོག༔ ཚེ་སྦ་བ་ནི༔ ༀཨཱཿཧཱུྃ་ཧྲཱི༔ ཀུན་གཞི་བག་ཆགས་འཐས་པའི་ཚེ༔ རང་བྱུང་ཡེ་ཤེས་ཀློང་དུ་སྦ༔ གཞན་དབང་མ་རིག་འཁྲུལ་པའི་ཚེ༔ ཆོས་ཉིད་ཡོངས་གྲུབ་ཆེན་པོར་སྦ༔ ཀུན་བཏགས་གདོན་གྱིས་ཟིན་པའི་ཚེ༔ ཟག་མེད་བདེ་ཆེན་ངང་དུ་སྦ༔ སྣང་གསུམ་འཕོ་བའི་སྦགས་པའི་ཚེ༔ སྐུ་གསུམ་ཀ་དག་ངང་དུ་སྦ༔ ཉོན་མོངས་དུག་ལྔའི་སྒྲིབ་པའི་ཚེ༔ རྒྱལ་བ་སྐུ་ལྔའི་དགོངས་པར་སྦ༔ འབྱུང་ལྔ་ཉམས་ཤིང་ཡལ་བའི་ཚེ༔ དབྱིངས་ཀྱི་ཡུམ་ལྔའི་མཁའ་ལ་སྦ༔ ཛྙཱ་ན་ཨཱཿཡུ་བྷྲཱུྃ་ཏིཥྛ་བཛྲ༔ དམ་ཚིག་ཁས་ལེན་པ་དང་༔ ཡོན་འབུལ་བ༔ བྲན་འབུལ༔ བསྔོ་སྨོན་སོགས་ཀྱིས་རྒྱས་འདེབས་པར་བྱའོ༔ ཅེས་པའང་ལྕགས་ཁྱི་ལོའི་གློ་ཡུལ་དགོན་པ་སྒང་གི་ལྷ་ཁང་དུ༔ གསང་བའི་བདག་པོ་རྡོ་རྗེ་ཆོས་ཀྱིས་རྒྱུད་སྡེ་ཐམས་ཅད་ཀྱི་བདག་པོར་མངའ་གསོལ་བའི་ཉམས་བྱུང་བ་དང་༔ དཔལ་ཆེན་ནམ་མཁའི་སྙིང་པོ་གང་གི་བྱིན་རླབས་ཞུགས་པ་ལ་སྤྲུལ་བའི་སྐུ་རུ་བསྙད་པ༔ ཀཿཐོག་ལྷོ་རྒྱུད་དུ་སྐྱེས་པའི་རིག་འཛིན་ཚེ་དབང་ནོར་བུ་རང་ལོ་སོ་གསུམ་ལོར་རང་རིག་ཡེ་ཤེས་ལས་རྡོལ་བ༔ མཁའ་འགྲོའི་ཁ་རླང་ཐུ་ལེ་བ་འདི་དམ་ལྡན་ལས་གཞན་དུ་མ་སྦྱིན་ཅིག༔ ས་མ་ཡ༔ དམ་རྒྱ༔ ཨྀཐི༔


previousཡིག་མེད་ཨུ་པ་དེ་ཤ་ལས་དཔལ་ནམ་མཁའི་སྙིང་པོའི་བྱིན་རླབས་དབང་གི་ཆོ་ག་ཕྱི་ནང་གསང་བ་ཡང་གསང་མཆོག་གསང་བཅས། next