Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཆོད་སྦྱིན་ཀུན་ལ་མཁོ་བའི་སྔགས་དྲུག་ཕྱག་དྲུག་བསམ་མི་ཁྱབ་པའི་གཏེར་མཛོད།
   
   
   
   
   


 
previousམཆོད་སྦྱིན་ཀུན་ལ་མཁོ་བའི་སྔགས་དྲུག་ཕྱག་དྲུག་བསམ་མི་ཁྱབ་པའི་གཏེར་མཛོད། next

མཆོད་སྦྱིན་ཀུན་ལ་མཁོ་བའི་སྔགས་དྲུག་ཕྱག་དྲུག་བསམ་མི་ཁྱབ་པའི་གཏེར་མཛོད།

༈ མཆོད་སྦྱིན་ཀུན་ལ་མཁོ་བའི་སྔགས་དྲུག་ཕྱག་དྲུག་བསམ་མི་ཁྱབ་པའི་གཏེར་མཛོད་ཞེས་བྱ་བ་བཞུགས་སོ།

དང་པོ་ཆོས་ཉིད་རྣམ་དག་གི་སྔགས་ནི། ཤེས་རབ་སྟོང་པ་ཉིད་ཀྱི་རང་བཞིན་སྟོན་པའི་ཐལ་མོ་ཁོང་སྟོང་གི་ཕྱག་རྒྱ་བཅས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ༔སྭ་བྷཱ་ཝ་ཤུདྡྷོ྅ཧཾ། རྒྱུད་སྡེ་མང་པོར་བཞུགས། སྦྱོང་བྱེད་སངས་རྒྱས་ཤཀྱཱ་ཐུབ་པ་གསེར་མདོག་གཡས་ས་གནོན་དང་གཡོན་མཉམ་བཞག་མཛད་པའི་ཐུགས་ཀར་རིན་ཆེན་མང་གི་ས་བོན་ཨཱཿདཀར་པོ་གསལ་བ་ལས་འོད་ཟེར་འཕྲོས། མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པ་ཉིད་དུ་གྱུར། གཉིས་པ་ནམ་མཁའ་མཛོད་ཀྱི་སྔགས་ནི། དཔྲལ་བའི་ཐད་དུ་སྙིམ་པ་སྦྱར་བའི་གུང་མོ་དང་སྲིན་ལག་གཉིས་པོ་རྩེ་སྤྲད་པའི་ཚིགས་འོག་མ་བཅག མཐེབ་མཛུབ་གཞན་རྣམས་བསྒྲེངས་པའི་རིན་ཆེན་སྒྲོམ་བའི་ཕྱག་རྒྱ་བཅས། ན་མ༔སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། དོན་ཡོད་ཞགས་པའི་རྒྱུད་སོགས་ནས་ཕྱུངས། སྤེལ་བྱེད་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་སེར་པོ་གཡས་རིན་པོ་ཆེ་དང་གཡོན་སྒྲོམ་བུ་འཛིན་པའི་སྒྲོམ་གྱི་ནང་དུ་ཡི་གེ་ཁྂྂ་སྔོན་པོ་གསལ་བ་ལས་འོད་ཟེར་འཕྲོས། མགྲོན་སོ་སོར་ཡིད་མཐུན་གྱི་འབྱོར་བ་ནམ་མཁའ་ཁྱབ་པར་གྱུར། གསུམ་པ་བདུད་རྩི་ཐབ་སྦྱོར་གྱི་སྔགས་ནི། མགྲིན་པའི་ཐད་དུ་སྙིམ་པ་ཕྱེད་སྦྱར་བའི་ཐལ་མོ་ཁ་ཕྱེས་པ་པདྨའི་དབྱིབས་ཀྱི་ཕྱག་རྒྱ་བཅས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ རིག་པ་མཆོག་གི་རྒྱུད་སོགས་ནས་ཕྱུངས། སྒྱུར་བྱེད་ཁྲོ་བོ་བདུད་རྩི་འཁྱིལ་བ་སྔོན་པོ་ཕྱག་གཉིས་བདུད་རྩིའི་བུམ་པ་ཐུགས་ཀར་འཛིན་པའི་ཐུགས་ཀར་ཧཱུྂཿསྔོན་པོ་གསལ་བ་ལས་འོད་ཟེར་འཕྲོས། དངོས་པོ་གཅིག་རྟོག་ལས་འདས་པ་བདུད་རྩིའི་རང་བཞིན་དུ་གྱུར། བཞི་བ་རྒྱ་ཆེན་ཤུགས་ལྡན་གྱི་སྔགས་ནི། གཡོན་མཛུབ་མོ་ཐུགས་གར་སྒྲེང་ཞིང་གཡོན་མཆོད་མཆོག་སྦྱིན་བསྟན་པ་འོད་ཀྱི་ཕྱག་རྒྱ་བཅས། ཨོཾ་ན་མ༔སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཁ་འབར་མའི་སྔགས་འདི་རྒྱུད་སྡེ་མང་པོར་བཞུགས། འཐོབ་བྱེད་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་གཡོན་སྐྱབས་སྦྱིན་དང་གཡས་མཆོག་སྦྱིན་གྱི་སོར་རྩེ་ལས་བདུད་རྩི་བབས་ཤིང་ཐུགས་ཀའི་ཧྲཱིཿདཀར་པོ་གསལ་བ་ལས་འོད་ཟེར་འཕྲོས། ཕམ་རྒྱལ་འཐབ་རྩོད་མེད་པའི་མཉམ་ཉིད་རྒྱུད་ལ་སྐྱེས། ལྔ་བ་ཡེ་ཤེས་སྐར་མདའི་སྔགས་ནི། ལྟེ་བའི་ཐད་དུ་གཡོན་པ་ཐལ་མོ་ཁ་བཟེད་པའི་སྟེང་དུ་གཡས་པའི་མཐེ་བོང་སྒྲེང་ཞིང་སོར་མོ་གཞན་ཚིགས་བཅག་པའི་གཅིག་རྒྱབ་གཅིག་གནོན་དྲིལ་བུའིཕྱག་རྒྱ་བཅས། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ། ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ། ཧྲི་ད་ཡ་ཛ་ལཱ་ནི་ཧཱུྃ། སུ་སིདྡྷི་ཀ་རའི་རྒྱུད་སོགས་ནས་ཕྱུངས། ཚིམ་བྱེད་སངས་རྒྱས་དོན་ཡོད་གྲུབ་པ་སྔོ་ལྗང་གཡས་རལ་གྲི་དང་གཡོན་དྲིལ་བུ་འཛིན་པའི་ཐུགས་ཀར་ཧ་ལྗང་གུ་གསལ་བ་ལས་འོད་ཟེར་འཕྲོས། སྲི་ཞུའི་ཡུལ་མཉེས་ཤིང་སྦྱིན་པའི་མགྲོན་རྣམས་ཚིམས་པར་གྱུར། དྲུག་པ་དབང་སྒྱུར་མཆོག་གི་སྔགས་ནི། སོར་མོ་རྣམས་ནང་དུ་བསྣོལ་ཞིང་མཐེ་བོང་སོ་སོའི་ནང་གི་མཐིལ་དུ་བཀུག་པའི་དབང་བསྒྱུར་འཁོར་ལོའི་རྒྱ་བཅས། ནམ༔ས་མནྟ་བུདྡྷ་ནཱཾ་གྲ་ཧེ་ཤྭ་རི་པྲབྷཉྩ་ཛ་ཏི་མ་ཧཱ་ས་མ་ཡ་སྭཱ་ཧཱ། གར་མཁན་མཆོག་གི་རྒྱུད་སོགས་ནས་ཕྱུངས། དབང་བྱེད་ཁྲོ་བོ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པའི་ཐུགས་ཀའི་ཧཱུྂཿམཐིང་ནག་ལས་འོད་ཟེར་འཕྲོས། བསྒོ་བའི་བཀར་ཉན་ཞིང་འདོད་པའི་འཕྲིན་ལས་སྒྲུབ་པར་བསམ། ཞེས་བཀའ་གཏེར་སྦྱི་ལ་གྲགས་པའི་སྔགས་དྲུག་ཕྱག་དྲུག་འདི་ལ། བཅའ་བའི་ཕྱག་རྒྱ། བཟླ་བའི་སྔགས། བསྐྱེད་པའི་ལྷ། ས་བོན་གྱི་ཡི་གེ། བྱིན་གྱིས་བརླབས་པའི་ཕན་ཡོན་སྟེ་ལྔ་ཚན་དྲུག་དང་ལྡན་པའི་སྒོ་ནས་བཟླས་པ་ལ་འཇུག་ན་མཆོད་སྦྱིན་གང་ཡིན་ཡང་ཚོགས་རྫོགས་སྟོབས་དང་ལན་ཆགས་བྱང་བ་ལ་སྟོབས་ཆེ་བ་ཡིན་ནོ། །འདི་ཁོ་ནས་གཏོར་མ་བསྔོ་ན། ཐོག་མར་སྐྱབས་སེམས་དང༌། མཐར། མཚན་བཞི་དང༌། རྟེན་འབྲེལ་སྙིང་པོ། སྦྱིན་པ་རྒྱ་ཆེན་དང༌། ཆོས་རྣམས་ཐམས་ཅད་དང༌། འབྱུང་བོ་གང་དག་སོགས་ཀྱིས་བསྔོ་བ་བྱས་ཤིང་ཡི་དམ་ཀྱི་སྔགས་ཀྱིས་སྲུང་བར་བྱ། བསྐྱེད་པའི་ལྷ་དེ་དག་མདུན་བསྐྱེད་བྱེད་པའི་ཚུལ་དང༌། བདག་བསྐྱེད་དང༌། གང་བཅས་པའི་ཕྱག་རྒྱའི་སྟེང་དུ་གསལ་བ། མཆོད་རྫས་ཀྱི་སྟེང་དུ་གསལ་འདེབས་པ་སོགས་རྣམ་གྲངས་དུ་མ་ཡོད་པ་བྱས་ཀྱང་འགལ་བ་མེད་མོད། བདག་སྐྱེད་ཡི་དམ་གང་རུང་གསལ་བའི་ཕྱག་རྒྱའི་སྟེང་དུ་བསྒོམ་པ་འདི་བླ་མ་དུས་གསུམ་སངས་རྒྱས་དུ་མས་བསྔགས་པ་རང་གིས་དེ་བཞིན་བགྱི་བ་ཡིན། སྤྱིར་སྔགས་དྲུག་པོ་ལ་ལྷ་དྲུག་གསལ་བ་དང༌། ཡི་དམ་སྤྱན་རས་གཟིགས་ལྟ་བུ་གཅིག་བསྒོམ་ནས་སྔགས་དྲུག་པོ་བགྲང་བས་ཆོག་པ་སོགས་མི་འདྲ་བ་དང༌། ལྷ་དྲུག་པོའང་འཇའཚོན་སྙིང་པོའི་རང་གཞུང་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་ཁར་རྒྱལ་བ་རིགས་ལྔ་བསྒོམ་ནས་བཟླ་ཚུལ་ཤིན་ཏུ་ལེགས་ནའང་འདིར་རྒྱུད་སྡེ་སྤྱི་འགྲོས་ལྟར་སྦྱར་བ་ཡིན་པས་ཀུན་ལ་འཇུག་བདེ་བ་ཡིན་ནོ། །བཀའ་མའི་ཕྱོགས་ལ་གཏོར་མའི་ཆོ་ག་ཞེས་པ་སྔ་འགྱུར་གཉག་ཛྙཱ་ན་ཀུ་མ་རས་བསྒྱུར་བ་དང༌། ཕྱི་འགྱུར་ལོ་ཆེན་རིན་ཆེན་བཟང་པོས་འགྱུར་བཅོས་གཉིས་བཞུགས་པ་ད་ལྟ་ཡོངས་གྲགས་སུ་ཆབ་གཏོར་འཇམ་དཔལ་མ་ཞེས་བྱ། དེའི་གཞུང་དུ་ལྷ་སྒོམ་ཚུལ་སོགས་གསལ་བོ་མེད་ཀྱང་རྒྱུད་སྡེ་གཞན་དང་གུ་རུའི་བཀའ་སྲོལ་གཏེར་མ་ཁུངས་ཐུབ་རྣམས་ལས་བྱུང་བའི་རྗེས་སུ་འབྲངས་ནས་བཀོད་པ་འདི་ཆེས་ཕུན་སུམ་ཚོགས་པ་ཡིན་ནོ། །ཞེས་་ལྷ་རིགས་ཀྱི་བཙུན་མ་ནམ་མཁའ་ཡེ་ཤེས་གསལ་སྒྲོན་གྱིས་བསྐུལ་བ་ལྟར་རིག་པ་འཛིན་པ་ཚེ་དབང་ནོར་བུའི་གཡོ་རུ་ཁྲ་འབྲུག་ཏུ་སྦྱར་བས་ཀུན་ཏུ་དགེ་བར་གྱུར་ཅིག། །།


previousམཆོད་སྦྱིན་ཀུན་ལ་མཁོ་བའི་སྔགས་དྲུག་ཕྱག་དྲུག་བསམ་མི་ཁྱབ་པའི་གཏེར་མཛོད། next