Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
༈ སྙིང་རྗེའི་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་གི་སྒྲུབ་ཐབས་འཁོར་རྩ་དྲུང་འབྱིན་ཡེ་ཤེས་སྨན་མཆོག
   
   
   
   


 
previous༈ སྙིང་རྗེའི་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་གི་སྒྲུབ་ཐབས་འཁོར་རྩ་དྲུང་འབྱིན་ཡེ་ཤེས་སྨན་མཆོག next

༈ སྙིང་རྗེའི་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་གི་སྒྲུབ་ཐབས་འཁོར་རྩ་དྲུང་འབྱིན་ཡེ་ཤེས་སྨན་མཆོག

ན་མོ་ལོ་ཀཻ་ཤྭ་ར་ཡ། ངེས་འབྱུང་བྱང་ཆུབ་སེམས་མཆོག་གི། །རང་གཞན་གཏན་བདེར་འགོད་མཛད་པའི། །སྐལ་བ་ལྡན་པའི་གང་ཟག་ལ། །སྙིང་རྗེའི་དབང་ཕྱུག་སྒྲུབ་ཐབས་བསྟན། །དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི། ན་མོ༔མཁྱེན་པའི་དཔལ་མངའ་ཐུགས་རྗེའི་སྟོབས་ལྡན་པའི༔ རྒྱལ་བ་སྲས་དང་བཅས་ལ་བདག་སྐྱབས་མཆི༔ འགྲོ་ཀུན་བླ་མེད་སངས་རྒྱས་སར་འགོད་ཕྱིར༔ བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ༔ ཚོགས་བསགས་པ་ནི༔ ཨོཾ་ཨཱ༔ཧཱུཾ༔ དངོས་འབྱོར་ཡིད་སྤྲུལ་མཆོད་རྫས་དཔག་མེད་འབུལ༔ ཕྱག་འཚལ་ཐོག་མེད་བསགས་པའི་ཉེས་ལྟུང་བཤགས༔ དགེ་ལ་ཡི་རངས་མྱ་ངན་མི་འདའ་བར༔ ཆོས་གསུང་བསྐུལ་བའི་དགེ་ཚོགས་འགྲོ་ལ་བསྔོ༔ ལྷ་བསྐྱེད་ནི། ཧྲཱིཿ འཁོར་འདས་ཆོས་ཀུན་སྟོང་པ་ཉིད། །རང་བྱུང་སྙིང་རྗེས་ཀུན་ཏུ་ཁྱབ། །རྒྱུ་ཡི་ངོ་བོ་ཏཱྂཿཡིག་ལས། །འོད་འཕྲོས་སྣོད་བཅུད་བདེ་ཆེན་ཞིང༌། །དེ་དབུས་པདྨ་ཟླ་གདན་ཁར། །རང་ཉིད་སྐད་ཅིག་དྲན་རྫོགས་སུ། །སྤྱན་རས་གཟིགས་དབང་སྒྲོལ་མ་ཡུམ། །དཀར་གསལ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་མཆོད་སྦྱིན་གཡོན་པ་ནི། །མཆོག་གསུམ་དམ་རྒྱས་ཐུགས་ཀར་བརྒྱན། །བརྩེ་ཆེན་ཡེ་ཤེས་སྤྱན་བདུན་གྱིས། །འགྲོ་བའི་བདེ་སྡུག་སྒྲིབ་མེད་གཟིགས། །དབུ་རྒྱན་སྙན་ཆ་མགུལ་རྒྱན་དང༌། །སྣ་ཚོགས་གོས་ཀྱིས་སྐུ་ལ་བརྒྱན། །སྒེག་མཛེས་བྱང་ཆུབ་སེམས་མའི་ཆས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །མདུན་མཁར་པདྨ་ཟླ་བའི་སྟེང༌། །སྙིང་རྗེའི་དབང་ཕྱུག་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་གཞོན་ནུའི་ཚུལ། །བཅུ་གཅིག་ཞལ་ཀྱི་རྩ་ཞལ་དཀར། །གཡས་ལྗང་གཡོན་དམར་དེ་ཡི་སྟེང༌། །དབུས་ལྗང་གཡས་དམར་གཡོན་དཀར་བ། །དེ་སྟེང་དབུས་དམར་གཡས་དཀར་ཞིང༌། །གཡོན་ལྗང་དེ་དག་ཞི་ལ་འཛུམ། །དེ་སྟེང་ཁྲོ་ཞལ་ནག་པོ་ནི། །སྤྱན་གསུམ་མཆེ་གཙིགས་ཁྲོ་གཉེར་ཅན། །དེ་སྟེང་སྣང་མཐའ་ཞི་བའི་ཉམས། །དམར་བོ་རྒྱན་མེད་་གཙུག་ཏོར་ལྡན༌། །རྩ་བའི་ཕྱག་བརྒྱད་དང་པོ་གཉིས། །ཐུགས་དཀར་ཐལ་སྦྱར་གཡས་གཉིས་པས། །བགྲང་ཕྲེང་གསུམ་པ་མཆོག་སྦྱིན་མཛད། །བཞི་བའི་འཁོར་ལོ་འཛིན་པ་སྟེ། །གཡོན་གྱིས་གཉིས་པའི་པདྨ་དང༌། །གསུམ་པས་སྤྱི་བླུགས་བཞི་བ་ཡིས། །མདའ་གཞུ་བཟུང་ཞིང་རྣམ་པར་འགྱིང༌། །ལྷག་མའི་ཕྱག་ནི་དགུ་བརྒྱ་དང༌། །དགུ་བཅུ་རྩ་དགུ་མཆོག་སྤྱིན་མཛད། །པད་རྩ་ལྟར་དཀར་སྟོང་ཕྲག་གི། །ཕྱག་མཐིལ་ཡེ་ཤེས་སྤྱན་གྱིས་མཛེས། །ནོར་བུ་རིན་ཆེན་རྒྱན་འཕྱངས་ཞིང༌། །རི་དྭགས་པགས་པས་ནུ་གཡོན་བཀབ། །ལོངས་སྤྱོད་རྫོགས་པའི་རྒྱན་གྱིས་བརྒྱན། །བདག་མདུན་ཐུགས་ལས་འོད་འཕྲོས་པས། །ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར། །བཛྲ་ས་མ་ཡ་ཛཿ ཛཿཧཱུྂཿབྂཿཧོཿ ཏིཥྛ་ལྷནཿ མཆོད་པ་འབུལ་བ་ནི། ཧཱུྃ༔དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔ མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད༔ བསྟོད་པ་ནི། ཧྲཱིཿ ཕྱག་སྟོང་འཁོར་ལོའི་བསྒྱུར་བའི་རྒྱལ་པོ་སྟོང༌། །སྤྱན་སྟོང་བསྐལ་བ་བཟང་པོའི་སངས་རྒྱས་སྟོང༌། །གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །བཟླས་པ་ནི། བདག་མདུན་ཡེ་ཤེས་གཅིག་གི་ཀློང། །སྙིང་རྗེའི་ཡོད་ཟེར་ཀུན་ཏུ་འཕྲོས། །རྒྱལ་བ་མཆོད་ཅིང་འགྲོ་སྒྲིབ་་སྦྱང༌། །ཆོས་ཉིད་སྔགས་ཀྱི་རང་སྡིར། ན་མོ་རཏྣ་ཏྲ་ཡཱ་་ཡཿ ན་མོ་ཨཱརྻཱཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྷཱུ་རཱ་ཛ་ཡཿ ཏཐཱ་ག་ཏཱ་ཡཿ ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡཿ ན་མཿ་སརྦ་ཏ་ཐཱ་ག་ཏཱ་བྷྱཿཨརྷ་ཏེ་བྷྱཿ སམྱཀྶཾ་བུདྡྷཱ་བྷྱཿ ན་མ་ཨརྻཱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡཿ བོ་དྷི་ས་ཏྭཱ་ཡཿ མ་ཧཱ་ས་ཏྭཱ་ཡཿ མ་་ཧཱ་ཀཱ་རུ་ཎི་ཀཱ་ཡཿ ཏདྱ་ཐཱཿ ཨོཾ་དྷ་ར་དྷ་་རཿ དྷི་རི་དྷི་རིཿ དྷུ་རུ་དྷུ་རུཿ ཨིཊྚེ་ཝིཊྚཿ ཙ་ལེ་ཙ་ལེཿ པྲ་ཙ་ལེ་པྲ་ཙ་ལེཿ ཀུ་སུ་མེ་ཀུ་སུ་མ་ཝ་རེཿ ཨི་ལི་མི་ལིཿ ཙི་ཏེ་ཛྭ་ལ་མི་པ་ན་ཡ་སྭཱ་ཧཱཿ ཞེས་དང་གཟུངས་བརྒྱ་རྩ། ཨོཾ་མ་ཎི་པདྨེ་ཧཱུྂཿ སྟོང་ལས་མི་ཉུང་བ་་བཟླ་བར་བྱ་འོ། མཐར། མཆོད་པ་འབུལ་བ་ནི། ཧཱུྃ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔ མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད༔ བསྟོད་པ་ནི། ཧྲཱིཿ ཕྱག་སྟོང་འཁོར་ལོའི་བསྒྱུར་བའི་རྒྱལ་པོ་སྟོང༌། །སྤྱན་སྟོང་བསྐལ་བ་བཟང་པོའི་སངས་རྒྱས་སྟོང༌། །གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །གདུང་བས་རྒྱང་འབོད་དང་བཅས་འགྱོད་བཤགས་བྱ་བ་ནི། སྙིང་རྗེའི་དབང་ཕྱུག་མཁྱེན། ལན་མང་དུ་བརྗོད་ལ། ཀྱེ་མ་ཀྱེ་ཧུད་འཕགས་མཆོག་སྙིང་རྗེའི་གཏེར། ལུས་ངན་བུ་ཡི་སྨྲེ་ངག་འདི་དགོངས་ལ། །གསང་གསུམ་ཡེ་ཤེས་སྤྲུལ་བའི་ཟློས་གར་གྱིས། །འགྲོ་ཀུན་ཐར་ལམ་བསྒྲོད་པའི་ལམ་མཁན་མཛོད། །ཁྱོད་ནི་བསྐལ་མང་སྔོན་ནས་སངས་རྒྱས་ཀྱང། །ཐུགས་བསྐྱེད་ཆེན་པོས་་བྱང་སེམས་ཚུལ་བཟུངས་ཏེ། །བརྩེ་ཆེན་གཟིགས་པར་ཡལ་ཡོལ་མི་མངའ་ཡང༌། །ལས་ངན་བདག་སོགས་དད་པའི་ནོར་གྱིས་དབུལ། །ཡུན་ཐུང་སྐར་མདའ་ཙམ་གྱི་དད་པ་ལ། །རེ་བ་བཅོལ་ཞིང་གདུང་བས་གསོལ་འདེབས་ན། །དམན་རྣམས་སྒྲོལ་བའི་དམ་བཅའ་བརྟན་པོ་ཡིས། །བདག་བློ་ཡང་དག་ལམ་དུ་བསྒྱུར་དུ་གསོལ། །དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་ཅིང༌། །ཆོས་དང་འཕྲད་དཀའ་ཆོས་པར་རྐྱེན་མང་བས། །ད་ལྟ་ཉིད་དུ་ཐུགས་རྗེས་མ་བཟུང་ན། །ཕྱིས་ནས་དགེ་བློ་ཙམ་ཡང་སྐྱེ་དཀའོ། །ཐོགས་མེད་དུས་ནས་འཁོར་བའི་ཆུ་ཀློང་དུ། །དབང་མེད་ལས་ཀྱིས་འཁྱམས་ནས་ད་བར་དུ། །བར་མེད་སྡིག་པའི་ལས་ལ་རྟག་བརྩོན་པས། །ཐར་མེད་དམྱལ་བར་སྡུག་བསྔལ་མྱོང་ངེས་སོ། །སྲོག་གཅོད་མ་བྱིན་བླང་དང་མི་ཚང་སྤྱད། །འགྲོ་ལ་བརྡུང་བརྡེག་མ་རུང་རྣམ་འགྱུར་བསྟན། །ལུས་ཀྱི་སྒོ་ནས་བསགས་པའི་སྡིག་ལྟུང་ཀུན། །སྙིང་ནས་བཤགས་སོ་འཕགས་པས་དག་པར་མཛོད། །རྫུན་དང་ཕྲ་མ་བྱས་ཤིང་ཚིག་རྩུབ་སྨྲས། །ངག་འཆལ་དབང་གིས་ཆོས་ལ་བར་གཅོད་བྱས། །ངག་གི་སྒོ་ནས་བསགས་པའི་སྡིག་ལྟུང་ཀུན། །སྙིང་ནས་བཤགས་སོ་འཕགས་པས་དག་པར་མཛོད། །བསྣབ་སེམས་གནོད་སེམས་ལོག་པར་ལྟ་བ་ཡིས། །དགེ་སྡིག་གོ་ལོག་སྨྲས་ཤིང་སྤྱད་པ་སོགས། །ཡིད་ཀྱིས་སྒོ་ནས་བསགས་པའི་སྡིག་ལྟུང་ཀུན། །སྙིང་ནས་བཤགས་སོ་འཕགས་པས་དག་པར་མཛོད། །སོ་ཐར་སྡོམ་པ་མིང་དང་གོས་ལ་རེ། །སྡུག་བསྔལ་མཐོང་ཡང་ངེས་འབྱུང་སྐྱེ་དཀའ་བས། །བཅས་པའི་སྡོམ་དང་འགལ་བའི་ཉེས་ལྟུང་ཀུན། །སྙིང་ནས་བཤགས་སོ་འཕགས་པས་དག་པར་མཛོད། །བྱང་སེམས་བསླབ་པ་དོན་མེད་དམ་བཅར་ཟད། །མ་རྒན་བསད་ཀྱང་སྙིང་རྗེ་སྐྱེ་དཀའ་བས། །བཅས་པའི་སྡོམ་དང་འགལ་བའི་ཉེས་ལྟུང་ཀུན། །སྙིང་ནས་བཤགས་སོ་འཕགས་པས་དག་པར་མཛོད། །གསང་སྔགས་དམ་ཚིག་རྗེས་བཟློས་ཙམ་དུ་བསམ། །སངས་རྒྱས་མཇལ་ཡང་དག་སྣང་སྐྱེ་དཀའ་བའི། །བཅས་པའི་སྡོམ་དང་འགལ་བའི་ཉེས་ལྟུང་ཀུན། །སྙིང་ནས་བཤགས་སོ་འཕགས་པས་དག་པར་མཛོད། །བདག་སོགས་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །འཕགས་མཆོག་ཁྱོད་ཀྱིས་དགེ་བའི་བཤེས་མཛད་ཅིང། །ལྟར་སྣང་ཆོས་གཟུགས་ཁོ་ནར་མི་རེ་བར། །ཆོས་བཞིན་སྤྱད་ཅིང་འགྲོ་བའི་དོན་འགྲུབ་ཤོག

ཅེས་པའང་ཀཿཐོག་པ་རིག་འཛིན་ཚེ་དབང་ནོར་བུས་སྙིང་ནས་སྨོན་པ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །


previous༈ སྙིང་རྗེའི་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་གི་སྒྲུབ་ཐབས་འཁོར་རྩ་དྲུང་འབྱིན་ཡེ་ཤེས་སྨན་མཆོག next