Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་ཀྱི་དོན་དབང་འཆི་མེད་བུམ་བཟང་།
   
   
   


 
previousཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་ཀྱི་དོན་དབང་འཆི་མེད་བུམ་བཟང་། next

ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་ཀྱི་དོན་དབང་འཆི་མེད་བུམ་བཟང་།

༄༅། །ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་ཀྱི་དོན་དབང་འཆི་མེད་བུམ་བཟང་ཞེས་བྱ་བ་བཞུགས་སོ། །

༈ ཚེ་དཔག་མེད་མགོན་བདེ་ཆེན་གླིང་། །དད་གསུམ་རྒྱལ་མཚན་རྩེར་མཆོད་ནས། །འགྲོ་ལ་སྲོག་གི་དཔལ་སྦྱིན་པའི། །དབང་གི་ཆུ་རྒྱུན་འདི་ནས་འབེབས། །སྙིགས་འགྲོའི་དཔལ་མགོན་དམ་པ་པདྨ་བདེ་ཆེན་གླིང་པས་གནས་མཆོག་དབུ་རྡོའི་བྲག་ནས་སྐྱེས་ཆེན་དམ་པ་བཅུ་ཕྲག་གསུམ་གྱི་མདུན་སར་ཁྲོམ་གཏེར་དུ་སྤྱན་དྲངས་པའི་ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་ཀྱི་དབང་རྒྱས་པ་ནི་གཞན་དུ་ཡོད་ལ། འདིར་དོན་དབང་སྐུར་ན། ཆོ་ག་སྔོན་དུ་འགྲོ་བས་བུམ་སྒྲུབ་བདག་འཇུག་བཅས་གྲུབ་པ་དང་། བགེགས་གཏོར་དང་ལས་བུམ། གཙོ་བུམ། ཚེ་རིལ། ཚེ་ཆང་བཅས་གྲ་འགྲིག་པར་བྱས་ལ། མེ་ཏོག་དང་མིག་རས་འགྱེད། དབང་གི་སྔོན་འགྲོ་ནི། སློབ་དཔོན་སངས་རྒྱས་གསང་བས། དག་པ་ཁྲུས་ནས་མ་བཏོན་པར། །གསང་སྔགས་དབང་གི་སྒོ་མི་དབྱེ། །བྱུར་དང་མི་ཤེས་མ་བསལ་བར། །གསང་སྔགས་དབང་གི་གྲལ་མི་སྟོན། །སྲུང་བའི་འཁོར་ལོ་མ་བསྒོམ་པར། །གསང་སྔགས་དབང་གི་ཆོས་མི་འཆད། །ཅེས་གསུངས་པའི་དང་པོ་ལས་བུམ་གྱི་ཆུས་སློབ་མ་རྣམས་ལ་ཁྲུས་བྱ་བ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །མི་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་རིང་ཁྱོད་ལ་ཁྲུས་བགྱིའོ། །ནས་ཡི་གེ་བརྒྱ་བརྗོད་ནས་སློབ་མ་རྣམས་སྣོད་རུང་བྱས། གཉིས་པ་བྱུར་གསལ་བ་ནི། ཨོཾ་ཧྲཱིཿཔདྨ་ཀྲོ་དྷ་ཧྱ་གྲཱི་བ་ཧཱུྃ་ཕཊཿ རང་ཉིད་རིག་པ་ཧྲཱིཿལས་རྟ་མཆོག་དཔལཿ དམར་གསལ་ཐོད་དབྱུག་གཡས་ལ་དུང་ཁྲག་གཡོནཿ དུར་ཁྲོད་ཆས་བརྒྱད་སྤྱི་གཙུག་རྟ་སྐད་འཚེརཿ མེ་དཔུང་དབུས་སུ་རང་སྣང་ཡུམ་བཅས་གསལཿ བགེགས་གཏོར་ལ་ཆབ་བྲན་ལཿ རཾ་ཡཾ་ཁཾཿ གཏོར་མའི་དངོས་འཛིན་དྲི་མ་ཡོངས་སྦྱངས་ཏེཿ རཏྣའི་སྣོད་ཡངས་རྒྱ་ཆེར་ཁ་དོག་དྲིཿ ནུས་པ་ཕུན་ཚོགས་འདོད་དགུ་ཡིད་བཞིན་འབྱུངཿ བགེགས་རྣམས་ཚིམས་བྱེད་ལོངས་སྤྱོད་མང་པོར་གྱུརཿ ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་གྱིས་རླབས། སམྦྷཱ་རའི་སྔགས་ལན་གསུམ་གྱིས་བསྔོ། བཀའ་བསྒོ་བ་ནི། ཧཱུྃཿ ཉོན་ཅིག་བགེགས་དང་ལོག་འདྲེན་མི་མིན་བདུདཿ ཐམས་ཅད་ང་ཡི་བཀའ་ལས་འདའ་མ་བྱེདཿ གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ནཿ བདག་ཁྲོས་ལྷ་ཡི་ང་རྒྱལ་ཏིང་འཛིན་བསྐྱེདཿ ཁྲོ་ཚོགས་རབ་སྤྲོས་དཔག་མེད་སྟོང་ཁམས་གངཿ ལོག་འདྲེན་དགྲ་བགེགས་འབྱུང་པོ་ལྟ་ཅི་སྨོསཿ ཁམས་གསུམ་སྐད་ཅིག་ཡུད་ཙམ་དེ་ཉིད་ལསཿ མ་ལུས་གཏན་ནས་བརླག་པར་ཐེ་ཚོམ་མེདཿ དེ་བས་མཆོད་སྦྱིན་གླུད་གཏོར་འདི་ཁྱེར་ལཿ གནས་འདིར་མ་འདུག་རང་རང་གནས་སུ་དེངསཿ གདོན་བྱེད་འབྱུང་པོ་ཨུ་ཙ་ཡ་ཕཊཿ ཞེས་རྩ་སྔགས་དང་ཧཱུྃཿབཞི་དྲག་སྔགས་སོ་ལྔ་པ་དང་ཐུན་གྱིས་བྲབ། གུ་གུལ་བདུག གསུམ་པ་སྲུང་བའི་འཁོར་ལོ་ནི། ཧཱུྃཿ བདག་ཉིད་དབང་ཆེན་རྟ་མཆོག་ཐུགས་ཀ་ནསཿ ཁྲོ་བོ་ཁྲོ་མོའི་ཕྱག་མཚན་ཡིག་འབྲུ་དངཿ ཡེ་ཤེས་མེ་འོད་འཇའ་ཟེར་མཚོན་ཆའི་ཚོགསཿ རབ་སྤྲོས་ཕྱོགས་བཞིར་ཟུག་ཅིང་མཚམས་བཞིར་བཀྲམཿ སྟེང་འོག་ཁ་སྦྱོར་སྲུང་བའི་འཁོར་ལོའི་གུརཿ སྲ་བརྟན་འགྱུར་མེད་ལྷུན་གྱིས་གྲུབ་པར་གཏམསཿ བཛྲ་ཙཀྲ་རཀྵ་རཀྵ་བྷྲཱུཾཿ སེམས་བསྐྱེད་གསལ་འདེབས་སུ་གཞུག་ལ། ཆོས་བཤད་པ་ནི། འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ས་གཞི་སྤོས་ཆུའི་སོགས་བརྗོད། འཇུག་པའི་དོན་དུ་གསོལ་བ་འདེབས་པ་ནི། །ཐལ་མོ་མེ་ཏོག་དང་ལྡན་པས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་གསོལ་བ་འདེབས་པ་འདིའི་རྗེས་བཟློས་མཛོད། ཀྱེཿབླ་མ་ཚེ་དཔག་མེད་དང་དབྱེར་མེད་པསཿ བདག་ཅག་དུས་མིན་འཆི་བ་ལས་སྒྲོལ་ཕྱིརཿ འཆི་མེད་ཀ་དག་མི་འགྱུར་རྡོ་རྗེའི་ཚེཿ དེ་རིང་མགོན་པོ་ཁྱོད་ཀྱིས་སྩལ་དུ་གསོལཿ ལན་གསུམ་བརྗོད། མིག་དར་སྦྱིན་ལ། ཨོཾ་ཙཀྵུ་བྷནྡྷ་བཱ་ར་མ་ཎཱ་ཡེ་སྭཱ་ཧཱཿ མེ་ཏོག་སྦྱིན་ལ། ཨོཾ་ཨཱ་ཁཾ་བཱི་ར་ཧཱུྃཿ དེ་ནས་རྒྱུད་དག་པའི་སླད་དུ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་མ་ལུས་འདུས་པའི་བདག་ཉིད་གུ་རུ་ཚེ་དཔག་མེད་པའི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་ཕ་མ་སེམས་ཅན་མ་ལུས་སྒྲོལ་བའི་ཕྱིར་དུ་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སྙམས་པས་འདིའི་རྗེས་བཟློས་མཛོད། ན་མོཿ འཆི་མེད་ཚེ་ཡི་ལྷ་ས་སྐྱབས་སུ་མཆིཿ སེམས་བསྐྱེད་འགྲོ་བ་ཀུན་དོན་ཚེ་དབང་ཞུཿ ལན་གསུམ། དེ་ནས་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་བླང་ནས་སྲུང་བའི་སླད་དུ་རྗེས་བཟླས་མཛོད། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལཿ དུས་འདི་ནས་བཟུང་བྱང་ཆུབ་བརཿ སེམས་ཅན་ཀུན་གྱི་དོན་གྱིས་ཕྱིརཿ སྡོམ་གསུམ་བླང་ཞིང་སྲུང་བར་བགྱིཿ ལན་གསུམ། ཐམས་ཅད་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པའི་མོས་པས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མིཿ དཀྱིལ་འཁོར་གྱི་སྒོ་ནས་ལྷ་རྣམས་ལ་ཕྱག་འཚལ་བ་མོས་པ་ཐལ་མོ་གནས་གསུམ་དུ་སྦྱར་བས་འདིའི་རྗེས་བཟློས་མཛོདཿ ཨོཾ་ན་མ་ཏེ་ཧཱུྃཿ ན་མ་མེ་ཧཱུྃཿ ན་མོ་ན་མ་ཧཱུྃཿ ལན་གསུམ། བླ་མ་དང་ཚེ་དཔག་མེད་ཐ་མི་དད་པའི་ཐུགས་ཀ་ནས་མགོན་པོ་ཚེ་མཐའ་ཡས་པ་གཉིས་པ་ཞིག་འཕྲོས་ཏེ་ཁྱོད་ཀྱི་སྙིང་གར་ཞུགས་པར་མོས་ཤིག དམ་ཆུ་ཐོགས་ལ། ཧོཿ དེ་རིང་བཅོམ་ལྡན་མགོན་པོ་ཚེ་དཔག་མེདཿ ཁྱོད་ཀྱི་སྙིང་གར་ཡང་དག་ཞུགས་པ་སྟེཿ ཚུལ་མིན་སྨྲས་ན་ཉམས་ཏེ་ལྟུང་བར་འགྱུརཿ དེ་ཕྱིར་ཁྱོད་ཀྱིས་ཤིན་ཏུ་གསང་བར་བྱཿ ས་མ་ཡ་ན་ར་ཀནཿ དེ་ནས་དངོས་གཞིའི་དབང་སྐུར་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལཿ བདག་ནི་འགྲོ་ལ་ཕན་ཕྱིར་དུཿ དེ་བཞིན་གཤེགས་ཀུན་བྱིན་གྱིས་རློབསཿ བདག་ལ་འཆི་མེད་ཚེ་དབང་སྩོལཿ ལན་གསུམ། དེ་ནས་སློབ་མ་ལྷར་བསྐྱེད་པ་ནི། ཁྱོད་རང་རྣམས་ཀྱིས་དམིགས་པ་འདི་བཞིན་དུ་གྱིས་ཤིག ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷཽ྅་ཧཾཿ གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁྱེད་རང་རྣམས་ཀྱི་རིག་པ་སྙིང་རྗེ་སྒྱུ་མ་ལྟ་བུའི་རྐྱེན་ལ་བརྟེན་ནས་རྒྱུའི་ས་བོན་ཧྲཱིཿདམར་དུ་གྱུར། དེ་ཉིད་སྐད་ཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལོངས་སྤྱོད་རྫོགས་སྐུ་ཁ་དོག་དམར་པོ་པདྨ་རཱ་གའི་ལྷུན་པོ་བྱེ་བའི་འོད་འཕྲོག་ཅིང་ཉི་ཟླ་ཕྲག་ཁྲིག་ཟིལ་གྱིས་གནོན་པ། མཚན་དཔེ་མཆོག་ཏུ་འབར་བའི་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་དང་ཕྱག་གཉིས་མཉམ་བཞག་གི་མཐིལ་ན་འཆི་མེད་ཡེ་ཤེས་ཀྱིས་གང་བའི་བུམ་པ་དཔག་བསམ་ཤིང་གི་ཁ་བརྒྱན་ཅན་འཛིན་པ། རང་འོད་ཀྱི་ཡུམ་དང་བཅས་པའི་ཐུགས་ཀར་ཟླ་བ་སེན་གང་བའི་ལྟེ་བར་ཧྲཱི་གསེར་ཞུན་ལྟ་བུ་འོད་དུ་འབར་པ་དེ་ལས་འོད་འཕྲོས། སངས་རྒྱས་དང་བྱང་སེམས་རིག་པ་འཛིན་པའི་ཚོགས་ཐམས་ཅད་གཙོ་བོའི་རྣམ་པར་སྤྱན་དྲངས་ནས་ཁྱོད་རང་ལ་ཐིམ་པས་གཉིས་སུ་མེད་པར་མོས་མཛོད། རྩ་སྔགས་དང་ཡེ་ཤེས་དབབ་པའི་སྔགས་ཀྱི་མཐར། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་སྤོས་དང་རོལ་དབྱངས་ཀྱིས་བྱིན་དབབ། ཡེ་ཤེས་དབབ་པ་དེ་ཉིད་བྱང་ཆུབ་སྙིང་པོའི་བར་དུ་བརྟན་པར་མོས་མཛོད། རྡོ་རྗེ་རྒྱ་གྲམ་བཅས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ ཞེས་མེ་ཏོག་འཐོར། རིགས་ཀྱི་ལྷ་ལ་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་ཕུལ་མཛོདཿ པཥྤེ་པྲ་ཏི་བཛྲ་ཧོཿ ཞེས་ཕུལ། མ་རིག་པའི་སྒྲིབ་པ་མིག་དར་དང་ལྷན་ཅིག་ཏུ་བསལ་ནས་ལྷ་ཞལ་མཇལ་བར་མོས་ཤིག བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊཿ ཅེས་མིག་དར་བསལ། འོ་བུམ་པའི་གཞལ་ཡས་ཁང་འདིའི་ནང་དུ་ཁྱོད་རྣམས་ཀྱི་རིགས་ཀྱི་བདག་པོ་མགོན་པོ་འོད་དཔག་མེད་བདེ་གཤེགས་ཡུམ་ལྔ་བཅས་པ་བཞུགས་པའི་སྐུ་ལུས་བདུད་རྩི་དཀར་དམར་གྱི་རྒྱུན་བབས་པས་ཚེ་ཡི་བར་ཆད་བསལ་ཞིང་ཚེ་སྲོག་རྡོ་རྗེའི་བྲག་རི་ལྟར་གྱུར་བར་མོས་མཛོད། རྣམ་བུམ་ཐོགས་ལ། ཧཱུྃཿ བཅོམ་ལྡན་རིགས་ལྔ་ཚེ་དཔག་མེདཿ གསང་བའི་ཡུམ་ཆོག་ལྷ་མོ་ལྔཿ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནསཿ འཆི་མེད་ཚེ་ཡི་དབང་བསྐུར་ཅིགཿ གསང་བ་ཐུགས་ཀྱི་གའུ་ནསཿ མི་འགྱུར་ཨཱ་ཡུ་ཚེ་ཡི་བཅུདཿ སྐད་ལྡན་བུ་ལ་བསྩལ་དུ་གསོལཿ མི་འགྱུར་གསང་བའི་རྒྱས་ཐོབ་ཅིགཿ ཨོཾ་གུ་རུ་ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱཿ མཱུྃ་ལཱྃ་མཱྃ་པྃ་ཏཱྃཿ ཨ་མཱ་ར་ཎ་ཛཱི་བནྟི་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃཿ ཚེ་རིལ་དང་ཚེ་ཆང་ཐོགས་ལ། འོ་བརྟན་གཡོའི་དྭངས་བཅུད་བསྡུས་པའི་ཐབས་ཤེས་ཀྱི་རྫས་ལ་ལོངས་སྤྱོད་པས་རྩ་རླུང་ཐིག་ལེའི་དྭངས་མ་སྒྲིབ་བྲལ་དུ་སྨིན། ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་ལྟར་རྡོ་རྗེ་གསུམ་དུ་བརྟན་པར་མོས་ཤིག ཧཱུྃ་ཧྲཱིཿ སྟོང་གསུམ་སྲིད་པ་ཀུན་གྱི་བཅུདཿ ཐབས་མཆོག་ཚེ་རིལ་ཤེས་རབ་འཆངཿ འཆི་མེད་ཚེ་ཡི་དམ་རྫས་འདིཿ སྐལ་ལྡན་བུ་ལ་སྦྱིན་པ་ཡིསཿ རྩ་རླུང་ཐིག་ལེའི་སྟོང་འཕེལ་ནསཿ མཆོག་ཐུན་དངོས་གྲུབ་ཀུན་ཐོབ་ཤོགཿ ཨོཾ་ཨཱཿཧཱུྃ་ཨ་མཱ་ར་ཎི་ཛཱི་བནྟི་ཨཱ་ཡུ་ཥེ་རཏྣ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃཿ ཅེས་སྦྱིན། མཐའ་མ་རྒྱས་འདེབས་པ་ནི། ཚེ་མདའ་འམ་རྡོ་རྗེ་ནམ་མཁར་རྒྱ་གྲམ་གྱི་ཚུལ་དུ་བཀོད་ནས། ཧཱུྃ་ཧྲཱིཿ རིགས་ལྔ་བདེ་གཤེགས་ཚེ་དཔག་མེདཿ ཉོན་མོངས་གསལ་དག་ཡེ་ཤེས་ངངཿ ཚེ་འདིར་བསྟིམ་མོ་བསོད་ནམས་དཔལ་བསྐྱེད་ཅིགཿ མིའུ་རྣམས་ལ་བཀྲ་ཤིས་ཤོགཿ འབྱུང་བ་ལྔ་ཡི་བདག་ཉིད་ཡུམཿ འབྱུང་ལྔའི་ཁམས་ནས་ཚེ་ཉམས་ནཿ ཡུམ་ཆེན་བཞི་ཡིས་དཔལ་བསྐྱེད་ཅིགཿ སྐལ་ལྡན་བུ་ཡི་སྒོ་གསུམ་ལཿ ཚེ་དཔག་མེད་མགོན་རིག་ལྔ་ཡིསཿ སྐུ་གསུང་ཐུགས་ཀྱི་རྒྱས་ཐོབ་ལཿ བླ་ཚེ་ཉམས་པ་སོར་ཆུད་ཅིགཿ པདྨ་འཁོར་ལོ་རིན་ཆེན་དངཿ རྡོ་རྗེ་རྒྱ་གམ་ཕྱག་རྒྱ་ལསཿ མི་འགྱུར་གསང་བའི་རྒྱས་ཐོབ་ཅིགཿ འབྱུང་བ་ཚེ་སྲོག་དཔལ་བསྐྱེད་ལཿ མི་འགྱུར་རྡོ་རྗེའི་དབང་བསྐུར་བསཿ སྐྱེ་འཆི་མེད་པའི་དོན་རྟོགས་ཤོགཿ ཨོཾ་ཨཱཿཧཱུྃཿཨ་མཱ་ར་ཎི་ཛཱི་བནྟི་བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃཿ ནང་ཕུང་པོ་ཁམས་ལྔའི་ཚེ་ཉམས་པཿ ཕྱི་རོལ་གྱི་འབྱུང་བ་ལྔའི་བཅུད་བསྡུས་ནས་རིགས་ལྔས་རྒྱས་བཏབ་པས་ཅིས་ཀྱང་མི་ཤིགས་པར་གྱུར་པའི་མོས་པ་མཛོད་ཅིག དེ་ནས་དམ་ཚིག་གི་རིམ་པ་ནི་གཞུང་རྩ་བ་རྡོ་རྗེའི་ཚིག་རྐང་ལསཿ རབ་ནི་སཱཙྪ་ནར་མ་རུཿ ཐེབས་ཚད་གདབ་སྟེ་འབུམ་ཐེར་རམཿ ཐ་མ་ལོ་རེ་སྟོང་ཚོ་ཙམཿ གདབ་པ་ཤིན་ཏུ་གལ་ཆེའོཿ གཞན་ཡང་མཆོད་རྟེན་ན་བཟའ་གསོལཿ སེམས་ཅན་སྲོག་བླུ་ཚེ་ཐར་བཏངཿ ཚེ་དཔག་མེད་ཀྱི་གཟུངས་སྔགས་འདོནཿ ལས་འཕྲང་ཟམ་པ་བཅོས་པ་སོགསཿ མདོར་ན་དཀར་པོའི་དགེ་ལ་འབདཿ ཅེས་སོགས་གསུངས་པའི་དམ་ཚིག་རྣམས་ཅི་ནུས་སུ་སྲུང་སྙམ་པ་འདིའི་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར། ལན་གསུམ། དབང་ཡོངས་རྫོགས་ཐོབ་པའི་བཀའ་དྲིན་གཏང་རག་གི་དོན་དུ་མཎྜལ་ཕུལ་མཛོད། དགེ་བ་བྱང་ཆུབ་ཏུ་ལྷན་ཅིག་བསྔོ་བར་ཞུ། །བསོད་ནམས་འདི་ཡིས་སོགས་བརྗོད། །ཨེ་མ་བླ་མའི་ཐུགས་རྗེ་ལྗོན་བཟང་ལས། །ཚེ་འཕེལ་འཆི་མེད་འབྲས་བུ་འདི་འཁྲུངས་པས། །དཔག་ཡས་འགྲོ་ལ་འཆི་མེད་སྲོག་གི་ཟུངས། །སྦྱིན་པའི་འཕྲིན་ལས་སྲིད་མཐར་གནས་པར་འགྱུར། །

ཅེས་པའང་རིག་འཛིན་ཚེ་དབང་ནོར་བུས་གཞུང་རྩ་བ་རྡོ་རྗེའི་ཚིག་རྐང་རྣམས་འཇུག་བདེ་བར་བསྡུས་ཏེ་བཀོད་པ་དགེའོ། །


previousཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་ཀྱི་དོན་དབང་འཆི་མེད་བུམ་བཟང་། next