Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་ཀྱི་ཚེ་དབང་བསྡུས་པ་བུམ་གཅིག་གཏོར་གཅིག་འཆི་མེད་སྲོག་གི་རྒྱལ་མཚན།
   
   


 
previousཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་ཀྱི་ཚེ་དབང་བསྡུས་པ་བུམ་གཅིག་གཏོར་གཅིག་འཆི་མེད་སྲོག་གི་རྒྱལ་མཚན། next

ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་ཀྱི་ཚེ་དབང་བསྡུས་པ་བུམ་གཅིག་གཏོར་གཅིག་འཆི་མེད་སྲོག་གི་རྒྱལ་མཚན།

༄༅། །ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་ཀྱི་ཚེ་དབང་བསྡུས་པ་བུམ་གཅིག་གཏོར་གཅིག་འཆི་མེད་སྲོག་གི་རྒྱལ་མཚན་ཞེས་བྱ་བ་བཞུགས། །

༈ ན་མོ་གུ་རུ་ཨ་མི་ཏཱ་བྷ་ཡ། དེ་ལ་འདིར་མདུད་བསྐྱེད་ཀྱི་བཟླས་པ་སྔོན་དུ་འགྲོ་བས་དབང་རྫས་བྱིན་གྱིས་རླབས་ཤིང་ལས་བུམ་བསྒྲུབ། བགེགས་གཏོར། ཁྲུས་ཀྱི་བུམ་པ། ཚེ་གཏོར་བཅས་ཉེར་མཁོའི་དབང་ཆས་རིམ་པ་ལྟར་བཀོད་ལ། དབང་གི་སྔོན་འགྲོ་ནི། སློབ་དཔོན་སངས་རྒྱས་གསང་བས། དག་པ་ཁྲུས་ནས་མ་བཏོན་པར། །གསང་སྔགས་དབང་གི་སྒོ་མི་དབྱེ། །བྱུང་དང་མི་ཤེས་མ་གསལ་བར། །གསང་སྔགས་དབང་གི་གྲལ་མི་སྟོན། །སྲུང་བའི་འཁོར་ལོ་མ་བསྒོམ་པར། །གསང་སྔགས་དབང་གི་ཆོས་མི་འཆད། །ཅེས་གསུངས་པའི་དང་པོ་ལས་བུམ་གྱི་ཆུས་སློབ་མ་རྣམས་ལ་ཁྲུས་བྱ་བ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་རིང་ཁྱོད་ལ་ཁྲུས་བགྱིའོ། །ཞེས་ཡི་གེ་བརྒྱ་བརྗོད་ནས་སློབ་མ་རྣམས་སྣོད་རུང་བྱས། གཉིས་པ་བྱུར་བསལ་བ་ནི། ཨོཾ་ཧྲཱིཿཔདྨ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊཿ རང་ཉིད་རིག་པ་ཧྲཱིཿལས་རྟ་མཆོག་དཔལཿ དམར་གསལ་ཐོད་དབྱུག་གཡས་ལ་དུང་ཁྲག་གཡོནཿ དུར་ཁྲོད་ཆས་བརྒྱད་སྤྱི་གཙུག་རྟ་སྐད་འཚེརཿ མེ་དཔུང་དབུས་སུ་རང་སྣང་ཡུམ་བཅས་གསལཿ བགེགས་གཏོར་ལ་ཆབ་བྲན་ལ། རཾ་ཡཾ་ཁཾཿ གཏོར་མའི་དངོས་འཛིན་དྲི་མ་ཡོངས་སྦྱངས་ཏེཿ རཏྣའི་སྣོད་ཡངས་རྒྱ་ཆེར་ཁ་དོག་དྲིཿ ནུས་པ་ཕུན་ཚོགས་འདོད་དགུ་ཡིད་བཞིན་འབྱུངཿ བགེགས་རྣམས་ཚིམས་བྱེད་ལོངས་སྤྱོད་མང་པོར་གྱུརཿ ཨོཾ་ཨཱཿཧཱུྃཿཧོཿ ལན་གསུམ། ཨ་ཀཱ་རོ་ལན་གསུམ་བྱིན་གྱིས་རླབས། །སམྦྷཱ་རའི་སྔགས་ལན་གསུམ་གྱིས་བསྔོ། །བཀའ་བསྒོ་བ་ནི། ཧཱུྃཿ ཉོན་ཅིག་བགེགས་དང་ལོག་འདྲེན་མི་མིན་བདུདཿ ཐམས་ཅད་ང་ཡི་བཀའ་ལས་འདས་མ་བྱེདཿ གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ནཿ བདག་ཁྲོས་ལྷ་ཡི་ང་རྒྱལ་ཏིང་འཛིན་བསྐྱེདཿ ཁྲོ་ཚོགས་རབ་སྤྲོས་དཔག་མེད་སྟོང་ཁམས་གངཿ ལོག་འདྲེན་དགྲ་བགེགས་འབྱུང་པོ་ལྟ་ཅི་སྨོསཿ ཁམས་གསུམ་སྐད་ཅིག་ཡུད་ཙམ་དེ་ཉིད་ལསཿ མ་ལུས་གཏན་ནས་བརླག་པར་ཐེ་ཚོམ་མེདཿ དེ་བས་མཆོད་སྦྱིན་གླུད་གཏོར་འདི་ཁྱེར་ལཿ གནས་འདིར་མ་འདུག་རང་རང་གནས་སུ་དེངསཿ གདོན་བྱེད་འབྱུང་པོ་ཨུ་ཙ་ཡ་ཕཊཿ ཞེས་རྩ་སྔགས་དང་ཧཱུྃཿབཞི་དྲག་སྔགས་སོ་ལྔ་པ་དང་ཐུན་གྱིས་བྲབ། གུ་གུལ་བདུག གསུམ་པ་སྲུང་བའི་འཁོར་ལོ་ནིཿ ཧཱུྃཿབདག་ཉིད་དབང་ཆེན་རྟ་མཆོག་ཐུགས་ཀ་ནསཿ ཁྲོ་བོ་ཁྲོ་མོའི་ཕྱག་མཚན་ཡིག་འབྲུ་དངཿ ཡེ་ཤེས་མེ་འོད་འཇའ་ཟེར་མཚོན་ཆའི་ཚོགསཿ རབ་སྤྲོས་ཕྱོགས་བཞི་ཟུག་ཅིང་མཚམས་བཞིར་བཀྲམཿ སྟེང་འོག་ཁ་སྦྱོར་སྲུང་བའི་འཁོར་ལོའི་གུརཿ སྲ་བརྟན་འགྱུར་མེད་ལྷུན་གྱིས་གྲུབ་པར་གཏམསཿ བཛྲ་ཙཀྲ་རཀྵ་རཀྵ་བྷྲཱུཾཿ སེམས་བསྐྱེད་གསལ་འདེབས་སུ་གཞུག་ལ། ཆོས་བཤད་པ་ནི། འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་ཏུ་མཎྜལ་ཕུལ་མཛོད། ས་གཞི་སྤོས་ཆུའི་སོགས་བརྗོད། དེ་ནས་གསོལ་བ་འདེབས་ཤིང་སྡོམ་པ་བཟུང་བ་ནི། རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་མ་ལུས་འདུས་པའི་བདག་ཉིད་གུ་རུ་ཚེ་དཔག་མེད་པའི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་ཕ་མ་སེམས་ཅན་མ་ལུས་སྒྲོལ་བའི་ཕྱིར་དུ་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སྙམ་པས་འདིའི་རྗེས་བཟླས་མཛོད། ན་མོཿ འཆི་མེད་ཚེ་ཡི་ལྷ་ལ་སྐྱབས་སུ་མཆིཿ སེམས་བསྐྱེད་འགྲོ་བ་ཀུན་དོན་ཚེ་དབང་ཞུཿ ལན་གསུམ། དེ་ནས་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་བླང་ནས་སྲུང་བའི་སླད་དུ་རྗེས་བཟློས་མཛོད། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལཿ དུས་འདི་ནས་བཟུང་བྱང་ཆུབ་བརཿ སེམས་ཅན་ཀུན་གྱི་དོན་གྱི་ཕྱིརཿ སྡོམ་གསུམ་བླང་ཞིང་སྲུང་བར་བགྱིཿ ལན་གསུམ། དེ་ནས་སློབ་མ་ལྷར་བསྐྱེད་པ་ནི། ཁྱོད་རང་རྣམས་ཀྱིས་དམིགས་པ་འདི་བཞིན་དུ་གྱིས་ཤིག ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿ སྭ་བྷ་ལ་ཤུདྡྷཽ྅ཧཾཿ གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁྱེད་རང་རྣམས་ཀྱི་རིག་པ་སྙིང་རྗེ་སྒྱུ་མ་ལྟ་བུའི་རྐྱེན་ལ་བརྟེན་ནས་རྒྱུའི་ས་བོན་ཧྲཱིཿདམར་དུ་གྱུར། དེ་ཉིད་སྐད་ཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལོངས་སྤྱོད་རྫོགས་སྐུ་ཁ་དོག་དམར་པོ་པདྨ་རཱ་གའི་ལྷུན་པོ་བྱེ་བའི་འོད་འཕྲོ་ཞིང་ཉི་ཟླ་ཕྲག་ཁྲིག་ཟིལ་གྱིས་གནོན་པ། མཚན་དཔེ་མཆོག་ཏུ་འབར་བའི་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་དང་ཕྱག་གཉིས་མཉམ་བཞག་གི་མཐིལ་ན་འཆི་མེད་ཡེ་ཤེས་ཀྱིས་གང་བའི་བུམ་པ་དཔག་བསམ་ཤིང་གི་ཁ་བརྒྱན་ཅན་འཛིན་པ། རང་འོད་ཀྱི་ཡུམ་དང་བཅས་པའི་ཐུགས་ཀར་ཟླ་བ་སེན་གང་བའི་ལྟེ་བར་ཧྲཱི་གསེར་ཞུན་ལྟ་བུ་འོད་དུ་འབར་བ་དེ་ལས་འོད་འཕྲོས། སངས་རྒྱས་དང་བྱང་སེམས་རིག་པ་འཛིན་པའི་ཚོགས་ཐམས་ཅད་གཙོ་བོའི་རྣམ་པར་སྤྱན་དྲངས་ནས་ཁྱོད་རང་ལ་ཐིམ་པས་གཉིས་སུ་མེད་པར་མོས་མཛོད། རྩ་སྔགས་དང་ཡེ་ཤེས་དབབ་པའི་སྔགས་ཀྱི་མཐར། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་སྤོས་དུད་རོལ་དབྱངས་ཀྱིས་བྱིན་དབབ། ཡེ་ཤེས་དབབ་པ་དེ་ཉིད་བྱང་ཆུབ་སྙིང་པོའི་བར་དུ་བརྟན་པར་མོས་མཛོད། རྡོ་རྗེ་རྒྱ་གྲམ་བཅས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ དེ་ནས་གཏོར་མ་ཐོགས་ལ། འོ་བརྟན་གཡོའི་དྭངས་བཅུད་བསྡུས་པའི་ཐབས་ཤེས་ཀྱི་རྫས་ལ་ལོངས་སྤྱད་པས་རྩ་རླུང་ཐིག་ལེའི་དྭངས་མ་སྒྲིབ་བྲལ་དུ་སྨིན། ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་ལྟར་རྡོ་རྗེ་གསུམ་དུ་བརྟན་པར་མོས་ཤིགཿ ཧཱུྃ་ཧྲཱིཿ སྟོང་གསུམ་སྲིད་པ་ཀུན་གྱི་བཅུདཿ ཐབས་མཆོག་ཚེ་རིལ་ཤེས་རབ་ཆངཿ འཆི་མེད་ཚེ་ཡི་དམ་རྫས་འདིཿ སྐལ་ལྡན་བུ་ལ་སྦྱིན་པ་ཡིསཿ རྩ་རླུང་ཐིག་ལེའི་སྟོབས་འཕེལ་ནསཿ མཆོག་ཐུན་དངོས་གྲུབ་ཀུན་ཐོབ་ཤོགཿ ཨོཾ་ཨཱཿཧཱུྃ་ཨ་མཱ་ར་ཎི་ཛཱི་བནྟི་ཨཱ་ཡུ་ཥེ་རཏྣ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃཿ ཞེས་སྦྱིན། དེ་ནས་དམ་ཚིག་རྣམས་ཅི་ནུས་སུ་སྲུང་སྙམ་པ་འདིའི་རྗེས་བཟློས་མཛོད། གཙོ་བོའི་ཇི་ལྟར་སོགས། ལན་གསུམ། དབང་ཡོངས་རྫོགས་ཐོབ་པའི་བཀའ་དྲིན་གཏང་རག་གི་དོན་དུ་མཎྜལ་ཕུལ་མཛོད། ས་གཞི་སྤོས་ཆུའི་སོགས། དགེ་བ་བྱང་ཆུབ་ཏུ་ལྷན་ཅིག་བསྔོ་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད།

ཅེས་པའང་སྐྱེས་མཆོག་འབར་ར་བའི་གསུང་བསྐུལ་ངོར་སྤྲོས་མེད་ཀྱི་རྣལ་འབྱོར་པ་དང་འཕྲིན་ལས་རྒྱ་ཆེ་བའི་བླ་མ་རྣམས་ཀྱིས་ཚེ་དབང་བྱིན་རླབས་བྱེད་པ་སོགས་ལ་འདིས་ཀྱང་ཕན་པ་རྒྱ་ཆེན་སྟེར་བར་མཐོང་ནས་རིག་འཛིན་ཚེ་དབང་ནོར་བུས་བཀོད་པ་དགེ།


previousཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་ཀྱི་ཚེ་དབང་བསྡུས་པ་བུམ་གཅིག་གཏོར་གཅིག་འཆི་མེད་སྲོག་གི་རྒྱལ་མཚན། next