Nitartha Digital Library
Tibetan
 
no previousno next

(༡)དཔལ་ལྡན་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔ་ལས་འཁོར་ལོ་སྡོམ་པ་ལྷ་ལྔའི་སྒྲུབ་ཐབས་ཀྱི་དོན་ཕྱིན་ཅི་མ་ལོག་པ་རྣམ་པར་བཤད་པ་ཡིད་བཞིན་འདོད་འབྱུང་གསང་ཆེན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བ་བཞུགས་སོ། །

(༢)གདོད་ནས་ལྷུན་གྲུབ་དགའ་བཞིའི་དཔའ་བོ་སྤྲོས་བྲལ་དབྱིངས་ཀྱི་ཤེས་རབ་མས་འཁྱུད་པ། རབ་གསལ་དྲི་མེད་དབང་སྔོན་ལྷུན་པོ་དང་མཚུངས་དཔག་ཡས་སྤྲུལ་པའི་དཀྱིལ་འཁོར་སྤྲོ། བདེ་ཆེན་ཡེ་ཤེས་ཉམས་བརྒྱའི་རོལ་པས་ཤེས་བྱའི་སྣང་བ་ཀུན་ལ་རྟག་རོལ་བ། དཔལ་ཆེན་ཧེ་རུ་ཀ་དཔལ་ཡབ་ཡུམ་ཞབས་རྡུལ་རྣམ་ཀུན་སྤྱི་བོར་འཛིན་གྱུར་ཅིག །བསམ་གྱི་མི་ཁྱབ་ཐུགས་རྗེའི་མཐུ་ཡི་སྒྲུབ་ལ་དངོས་གྲུབ་མྱུར་སྩོལ་བ། བདེ་ཆེན་རང་བཞིན་དཔའ་བོ་ལྔ་དང་སྙིང་པོའི་རྣལ་འབྱོར་མ། རྡོ་རྗེའི་རང་བཞིན་གནས་གསུམ་དཔའ་བོ་དང་ནི་མཁའ་འགྲོའི་ཚོགས་བཅས་ཀྱི། བདག་ལ་ཐུགས་རྗེའི་བརྩེ་བས་རྗེས་སུ་བཟུང་སྟེ་རང་སྣང་བར་ཆད་བསལ་དུ་གསོལ། ཤིན་ཏུ་གསང་བ་རྒྱ་ཆེའི་རྒྱུན་དོན་གང་། རྡོ་རྗེ་འཛིན་པས་བཀའ་ཡིས་གནང་བ་དང་། རྗེས་འཇུག་རྣམས་

(༣)ཀྱིས་བདེ་བླག་རྟོགས་ཕྱིར་དང་། བདག་གཞན་བསོད་ནམས་སྤེལ་ཕྱིར་རྒྱས་པར་སྤེལ། དེ་ལ་ཡང་སྲིད་ཞི་ཀུན་ལ་ཁྱབ་པའི་ཆོས་དབྱིངས་རྟག་བརྟན་ཡེ་ཤེས་ཀྱི་སྐུ། བདེ་བར་གཤེགས་པའི་སྙིང་པོའི་རང་གཟུགས་དཔལ་བཅོམ་ལྡན་འདས་བདེ་བའི་མཆོག་ནི་གདོད་ནས་ལྷུན་གྲུབ་ཏུ་སེམས་ཅན་གྱི་ཁམས་ལ་རང་བཞིན་སྤྲོས་བྲལ་དུ་བཞུགས་ཤིང་འགྲོ་བའི་དོན་ལ་སྤྱོད་པ་ཡིན་མེད། འགྲོ་ཁམས་སོ་སོའི་གནས་སྐབས་དང་། ཁྱད་པར་ལས་འགྲོ་བ་རྣམས་ཀྱི་སྡུག་བསྔལ་སེལ་ཞིང་བདེ་བ་བསྐྱེད་པའི་བྱེད་སོ་སྣ་ཚོགས་དང་གྲུབ་པའི་མཐའ་སྣ་ཚོགས་དང་། སོ་སོའི་སྐྱེ་བོ་རྣམས་ཀྱི་ལས་དང་བྱ་བ་དང་། ལམ་སྟོན་པ་པོ་སོགས་ཐ་དད་དུ་མཐའ་ཡས་པར་བྱུང་བ་དག་ཀྱང་གཞི་ལྡན་གྱི་ཡེ་ཤེས་ཉིད་ཀྱི་རྣམ་པར་གསལ་བ་ལས་གཞན་དུ་མ་གཡོས་ཤིང་། དེ་བས་ན། ནང་པ་སངས་རྒྱས་པའི་གྲུབ་མཐའ་བཞི་སོགས་ལྟ་ཅི་སྨོས་

(༤)ཕྱི་རོལ་པ་དག་གི་གཞུང་ལུགས་རྣམས་དང་། བཟོ་ཡི་གནས་སོགས་རིགས་པའི་འཇུག་སྒོ་མཐའ་དག་ཀུན་རྒྱལ་བ་ཉིད་ཀྱི་ཡེ་ཤེས་ལས་འཆར་བའི་ཕྱིས་ཀྱི་རྣམ་འགྱུར་རོལ་གར་ཙམ་དུ་ཤེས་པར་བྱ་སྟེ། འོན་རང་ཕྱི་ནང་གི་གྲུབ་མཐའ་སོགས་སྣ་ཚོགས་པ་དེ་དག་ལས་ཐར་པའི་ལམ་སྟོན་བྱེད་ནི་སངས་རྒྱས་ཀྱི་བསྟན་པ་ཁོ་ན་ཡིན་ལ། དེ་ལས་ཡང་ཐེག་པ་གསུམ་གྱི་ལམ་ཞེས་གྲགས་ཀྱང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ནི། མཐར་ཐུག་གི་ལམ་དང་འབྲས་བུ་ཡོངས་སུ་རྫོགས་པ་མ་ཡིན་ཏེ། ཅི་ཡི་ཕྱིར་ཞེ་ན། ལམ་གྱི་ཆ་ཤས་དུམ་བུ་ཙམ་བསྟན་པ་དང་། འབྲས་བུ་ཐར་པའི་ཆ་ཤས་ཙམ་ཐོབ་པ་དང་། མཐར་ཐུག་གི་ཐེག་པ་ཆེན་པོར་གཞོལ་དགོས་ཀྱི་རང་དབང་དུ་མ་གྱུར་པ་ཉིད་དོ། འབྲས་བུ་ཐོབ་པའི་ཆ་མཐར་ཐུག་གི་ལམ་བགྲོད་བྱེད་ནི་ཐེག་པ་ཆེན་པོ་ཉིད་ཡིན་ལ། དེ་ཕྱིར་དགོས་དབང་གི་ཐེག་པ་གསུམ་དུ་གསུངས་ཀྱང་། གཉིས་པོ་ཐེག་ཆེན་གྱི་ལམ་དུ་འདུས་པས་ཤིན་ཏུ་ཐ་དད་པའི་རིམ་པ་གསུམ་དུ་ཡོད་པ་ནི་མ་ཡིན་ཏེ། ཐེག་པ་གསུམ་གྱི་ངེས་འབྱུང་ལ། ཐེག་པ་གཅིག་གི་འབྲས་བུར་གནས། ཞེས་གསུངས་པས་སོ། །ཐེག་པ་ཆེན་པོ་དེ་ལ་ཡང་འབྲས་བུ་

(༥)མཐར་བགྲོད་བྱེད་ཀྱི་ལམ་རྫོགས་པར་མི་འབྱུང་བ་ཕ་རོལ་དུ་ཕྱིན་པའི་ཐེག་པ་དང་། མཐར་ཐུག་བགྲོད་བྱེད་ཀྱི་ལམ་རྫོགས་པ་སྔགས་ཀྱི་ཐེག་པ་ཞེས་གཉིས་སུ་འདོད་ལ། ཕ་རོལ་དུ་ཕྱིན་པའི་འབྲས་བུ་རྣམས་སྔགས་ཀྱི་ཐེག་པ་ཚངས་ལ། རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་ནི་དེར་མེད་པའི་ལྷག་པོ་ཡིན་པས་དོན་དུ་ཐེག་པ་ཆེན་པོ་མདོ་སྡེའི་ཚུལ་ཡང་སྔགས་ཀྱི་ཐེག་ཚུལ་ཉིད་དུ་འདུས་པའོ། དེ་ཉིད་འཆད་པ་མ་ཡང་སྤྱི་དང་བྱེ་བྲག་གཉིས། སྤྱིར་གསང་ཆེན་ཐེག་པ་ཆེན་པོའི་ཆོས་ཀྱི་རྣམ་བཞག་མདོར་བསྡུས་སུ་བསྟན་པ། བྱེ་བྲག་གཞུང་དངོས་བསྟན་པའོ། དང་པོ་ལ། བདག་ཅག་གི་སྟོན་པས་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་དང་། བཀའ་ཡི་བསྡུ་བ་པོ་རྣམས་ཀྱིས་བསྡུས་ནས། འཕགས་བོད་ཀྱི་ཡུལ་དུ་ཇི་ལྟར་རྒྱས་པའི་ཚུལ་ལོ། །དང་པོ་ལ་ཡང་དོན་གསུམ་གྱིས་དབྱེ་སྟེ། དང་པོ་སྤྱི་ཡི་ངོ་བོ་ངོས་བཟུང་བ་དང་ངེས་ཚིག་སྨོས་པའི་སྒོ་ནས་མདོར་བསྟན། དེ་ཕ་རོལ་དུ་ཕྱིན་པ་ལས་ཁྱད་པར་དུ་འཕགས་ཚུལ་དང་། དབྱེ་བ་སོ་སོར་རྒྱས་པར་འཆད་པའོ། །དང་པོ་ནི། སྟོན་པས་གསུང་པའི་ལུང་གི་དམ་ཆོས་ཡུལ་མི་སྤང་པར་ལམ་

(༦)མྱུར་དུ་བྱེད་པའི་ཐབས་ཁྱད་པར་ཅན་རྒྱུ་འབྲས་ལྷུན་གྲུབ་ཏུ་གཙོ་བོར་སྟོན་པ། བརྗོད་བྱ་བརྗོད་བྱེད་ཟག་མེད་བདེ་བའི་རྒྱུ་ལམ་འབྲས་བུ་དང་བཅས་པ་རྣམས་དང་། དེའི་ཕྱོགས་སུ་རྟོགས་པ་རྣམས་ནི་གསང་སྔགས་ཀྱི་ཚུལ་དང་། རྒྱུད་སྡེ་དང་། རྡོ་རྗེ་ཐེག་པ། རིག་པ་འཛིན་པའི་སྡེ་སྣོད་དང་། འབྲས་བུའི་ཐེག་པ་ཞེས་ཀྱང་བྱ། སྒྲ་དོན་ཡང་། དུས་འཁོར་ལས། གསང་བས་འགྲུབ་ཕྱིར་གསང་སྔགས་ཏེ། རྡོ་རྗེ་ཐེག་པ་འབྲས་བུ་ཆེ། ཞེས་གསུང་ལྟར། ཡིད་འཁོར་བ་དང་ཉོན་མོངས་པའི་ཚ་གདུང་ལས་སྐྱོབས་པའི་ཕྱིར་གསང་སྔགས་སམ། ཡང་ན་སྣོད་མིན་རྣམས་ལ་གསང་བའི་ཚུལ་བཞིན་སྤྱད་ན་འགྲུབ་པར་འགྱུར་བའི་ཕྱིར་དེ་སྐད་ཅེས་བརྗོད་ལ། སྣོད་མིན་དེ་ཡང་འདི་ནས་བཤད་པའི་ལྟ་སྤྱོད་བློར་མི་ཤོང་ཤིང་རྟོག་གེ་བ་ཚིག་ཙམ་ལ་ཞེན་པ་དག་གོ །ཚུལ་ནི་རྣམ་བཤད་རིག་པར་དོན་བརྒྱད་ལ་འཇུག་པར་བཤད་ཀྱང་འདི་ནི་ཐབས་དང་ལམ་དག་གོ །རྒྱུད་སྡེ་ཞེས་བྱ་བ་ནི། བཀའ་འགྲེལ་ཡེ་ཤེས་ལྡན་ལས། དེས་སེམས་རྣམ་པར་རྟོག་པ་ལས་སྐྱོབས་པས་ན་རྒྱུད་དོ། །རྒྱུད་ཀྱི་ཚོགས་སམ་རིགས་སུ་གྱུར་པས་ན་རྒྱུད་སྡེའོ། །ཞེས་གསུངས་པ་ལྟར། ལེགས་སྦྱར་དུ་ཏནྟྲ་ཞེས་པ་རྒྱུད་ཡི་གེ་ཕྱིས་བསྣན་གྱི་ངེས་པས་ཅི་

(༧)ཏནྟ་སེམས་སམ། རྟ་ཡ་སྐྱོབས་པ་ལ་འཇུག་པའི་ཕྱིར་དེ་སྐད་ཅེས་པའི། ཡང་ན་འཇིག་རྟེན་གྱི་གྲགས་པ་ལྟར་རྒྱུད་ཅེས་བྱ་བ་རྒྱུ་ལམ་འབྲུའི་རྒྱུད་གསུམ་དུ་རྒྱུན་ཆགས་པར་བཤད་པའི་དོན་ཅན་ནོ། །རྡོ་རྗེ་ཐེག་པ་ནི། སྔགས་དང་ཕར་ཕྱིན་ཐེག་པར་འབྲས་བུ་དང་རྒྱུ་ལམ་དུ་བྱེད་པའི་ཚུལ་བསྟན་པའི་གྲུབ་དོན་མཐར་ཐུག་རེ་མཉམ་དུ་གྱུར་པ་ནི། མི་ཕྱེད་པ་དང་མི་ཤིགས་པའི་ཕྱིར་རྡོ་རྗེ་ཡིན་ལ། དེར་རྒྱུ་འབྲས་ལྷུན་གྲུབ་ཏུ་བསྐྱེད་པའི་ཚུལ་འདིས་བགྲོད་པས་ན་དེ་སྐད་ཅེས་གསུངས་སོ། །རིག་པ་འཛིན་པའི་སྡེ་སྣོད་ཅེས་པ་ནི། བདེ་བར་གཤེགས་པའི་རིགས་སྔགས་འཆང་བའི་ཕྱིར་རིག་པ་འཛིན་པ་སྟེ། དེའི་དབྱེ་བ་ནི། མོས་སྤྱོད་ཀྱི། ལས་ལ་སྦྱོར་བའི། སར་ཆུད་པའི། ལམ་ལ་སྦྱོར་བའི། ལམ་སྨིན་པའི། ཕྱག་རྒྱ་ཆེན་པོའི། བྱ་བ་མཐར་ཕྱིན་པའི་རིག་འཛིན་ཏེ་བདུན་དུ་བཤད་པ་དག་གི་ཚུལ་དང་མཐུན་པའི་གསང་སྔགས་ཀྱི་སྤྱོད་ཚུལ་ཁྱད་པར་ཅན་འདིས་རྫོགས་པར་བྱས་ནས་སངས་རྒྱས་ཉིད་སྟེར་བའི་ཕྱིར་དེ་སྐད་བྱ་སྟེ། ཇི་སྐད་དུ། རིག་འཛིན་རྣམ་ས་བདུན་གྱིས་ནི། རང་རིག་ཡེ་ཤེས་གནས་སྦྱོང་ཞིང་། གསང་སྔགས་མཐུན་པའི་ཁྱད་པར་གྱིས། མོས་པའི་བློ་དང་དོན་མཐུན་སྟོན། རྣམ་གྲོལ་ཟག་མེད་སངས་རྒྱས་ལ།

(༨)མཐར་ཕྱིན་འདི་ཡིས་ཐོབ་པར་བྱེད། ཅེས་སོ། །འབྲུའི་ཐེག་པ་ཞེས་བྱ་བ་ནི། འབྲས་བུའི་སྐུ་དང་ཡེ་ཤེས་ཀྱི་ཚུལ་འགྱུར་མེད་དོན་དམ་པའི་བདེ་བ་ཆེན་པོའི་ཡེ་ཤེས་སུ་གྲགས་པ་དེ་ཉིད་འདིར་མངོན་སུམ་ལམ་དུ་བྱས་ནས་བསྒོམ་པའི་ཕྱིར་རོ། །འདིར་རྡོ་རྗེ་ཐེག་པ་ཞེས་བྱ་བ་ཐེག་པ་ཆེན་པོ་ཉིད་ལས་རང་རྐང་ཚུགས་པར་ལེགས་སུ་མེད་སྟེ། དེ་ལ་སྤྱི་བྱེ་བྲག་ཡིན་པའི་ཕྱིར་དང་། རྒྱུ་ཡི་ཐེག་ཆེན་དང་ལམ་མྱུར་བུལ་ཙམ་ལས་འབྲས་བུ་ལ་ཁྱད་མ་ཞུགས་པའི་ཕྱིར་དང་། རྡོ་རྗེ་སྙིང་འབྲེལ་ལས། ཉན་ཐོས་རང་སངས་རྒྱས་དང་འདིར། ཐེག་པ་ཆེན་པོ་གསུམ་པ་ཡིན། སངས་རྒྱས་པ་ལ་བཞི་པ་དང་། ལྔ་པ་ཐུབ་པའི་དགོངས་པ་མེད། ཅེས་ཐེག་པ་ལ་བཞི་པ་དང་། གྲུབ་མཐའ་སྨྲ་བ་ལྔ་པ་མེད་པར་གསུངས་པའི་ཕྱིར་རོ། །སྡེ་སྣོད་ཀྱི་དབང་དུ་བྱས་ན་གསུམ་ཀའི་ཆར་གཏོགས་མེད་དེ་ལྟར་གསུམ་ཀ་དང་མཐུན་པ་ལས་ཀྱང་འདིར་ཆེས་ཟབ་ཅིང་ཁྱད་པར་དུ་མས་འཕགས་པའི་སྒོ་ནས་རིགས་འཛིན་པའི་སྡེ་སྣོད་བྱེ་བྲག་ཏུ་ཕྱེ་བ་སྟེ། སངས་རྒྱས་གསང་བས། སངས་རྒྱས་མཆོག་ནི་ཆོས་གསུངས་པ། འདུལ་བ་མདོ་སྡེ་མངོན་པ་དང་། རིག་པ་འཛིན་པ་སྡེ་བཞིར་

(༩)གནས། ཞེས་གསུངས་སོ། །གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དབང་གིས་ཀྱང་ཐེག་ཆེན་སྡེ་སྣོད་གང་བསྡུད་པ་དེར་འདུས་སོ། །གཉིས་པ་རྡོ་རྗེ་ཐེག་པ་ཉིད་ཕ་རོལ་ཕྱིན་པའི་ཐེག་པ་ལས་ཁྱད་པར་འཕགས་ཚུལ་ནི། ཚུལ་གསུམ་སྒྲོན་མ་ལས། དོན་གཅིག་ཉིད་ནའང་མ་རྨོངས་དང་། ཐབས་མང་དཀའ་བ་མེད་པའི་ཕྱིར། དབང་པོ་རྣོན་པོས་དབང་བྱས་པས། སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། ཞེས་གསུང་ལྟར་ཁྱད་པར་བཞིས་རིག་པར་བྱའོ། མདོ་སྔགས་གཉིས་ཀྱི་ཁྱད་པར་དངོས་ནི། ཐབས་དང་སྤྱོད་པ་དག་ཡོད་པ་ཡིན་གྱི་འབྲུའི་ལྟ་བ་ནི་མཚུངས་ཏེ། དབུ་མ་ལས་ལྷག་པའི་ལྟ་ཡོད་ན། ལྟ་དེ་སྤྲོས་པ་ཅན་དུ་འགྱུར། ཞེས་པས་སོ། ཡང་ན་ཐབས་ལ་མཁས་པ་རྣམ་ས་བཅུ་གཅིག་གི་སྒོ་ནས་ཁྱད་པར་འཕགས་པ་སྟེ། ཛྙཱ་ན་ཤྲཱིས། གསང་སྔགས་ཀྱི་ཐེག་པ་འདི་ཕ་རོལ་ཕྱིན་པའི་ཐེག་པ་ཆེན་པོ། དབུ་མ་ལས་ཀྱང་། ཁྱད་པར་ཅི་ཡོད་པ་བསྟན་ཏེ། དམིགས་པ་བླ་ན་མེད་པ་དམིགས་པའི་ཐབས་དང་། སྒྲུབ་པ་བླ་ན་མེད་པ་དང་། ཡེ་ཤེས་བླ་ན་མེད་པ་དང་། བརྩོན་འགྲུས་བླ་ན་མེད་པ་དང་། གདུལ་བྱ་མ་ལུས་པ་འཛིན་

(༡༠)ནུས་པ་དང་། ཉོན་མོངས་པ་བྱིན་གྱིས་རློབས་པ་དང་། བྱིན་གྱིས་རློབ་པ་མྱུར་བ་དང་། མྱུར་དུ་འབྱུང་བ་དང་། ཉོན་མོངས་པ་སྤང་བ་དང་། བསམ་པ་བླ་ན་མེད་པ་དང་། སྤྱོད་པ་བླ་ན་མེད་པའི་ཐབས་མཁས་པ་སྟེ། དེ་ལྟར་ཐབས་མཁས་པ་ཉིད་རྣམ་པ་བཅུ་གཅིག་གིས་ཁྱད་པར་དུ་འཕགས་སོ། །ཞེས་པ་ལྟར་རོ། །གཞན་ཡང་ཇི་སྐད་དུ། ཐབས་མང་བ་དང་ཐབས་ཆེ་བ། དེ་བཞིན་སླ་དང་མྱུར་བ་ཡི། སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། ཞེས་པ་དང་། སློབ་དཔོན་རོཾ་བྷི་པས་ཀྱང་། འདི་ནི་སྣོད་ཀྱི་ཁྱད་པར་དང་། སྣོད་དུ་བྱེད་པའི་ཆོས་དང་ནི། གཞུང་དང་ལམ་གྱི་ཁྱད་པར་དང་། འབྲས་བུ་དག་གི་ཁྱད་པར་གྱིས། སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། ཞེས་གསུངས། སོ་སོར་ཁྱད་པར་འབྱེད་པའི་ཚུལ་མང་དུ་འབྱུང་ངོ་། །གསུམ་པ་དབྱེ་བ་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་།།།པའི་རྒྱུད་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། བྱ་མིན་རྣལ་འབྱོར་དེ་ལྷག་ལ། སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །ཅེས་གསུངས་པ་བཞིན། རྣལ་འབྱོར་ཆེན་པོའི་རྒྱུད་དང་། གཉིས་གའི་དང་། སྤྱོད་པའི་དང་། བྱ་བའི་དང་། རྟོག་པའི་རྒྱུད་ཅེས་ལྔར་དབྱེ་བ་མཛད་ལ། སློབ་དཔོན་ཨ་ཏི་ཤས། སྔ་མ་ལྔ་ཡི་སྟེང་རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་གཉིས་བཅས།

(༡༡)བདུན་དུ་དབྱེ་བར་བཞེད་ལ། སློབ་དཔོན་བཛྲ་ས་ཎིས། ཐབས་ཀྱི་རྒྱུད་ལྔ་ལྔ་སྟེ། བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་། རྣལ་འབྱོར་གོང་ན་མེད་པའི་རྒྱུད་དོ། །ཞེས་དང་། རྒྱུད་མཁའ་འགྲོ་རྒྱ་མཚོ་ལས། བྷ་ག་རྣམས་སུ་རྒྱུད་ལྔ་རྣམས། བྱ་བ་ལ་སོགས་བླ་མེད་མཐར། ཞེས་ལྔར་དབྱེ་བའི་ཚུལ་དང་། བདེ་མཆོག་ཉུང་ངུའི་རྒྱུད་ལས། ཇི་སྲིད་མདོ་བྱ་སྤྱོད་པ་དང་། རྣལ་འབྱོར་གསང་མཐའི་དབྱེ་བ་ལས། སེམས་ཅན་མོས་པ་སྣ་ཚོགས་པ། དེ་དང་དེ་ལ་དགའ་བ་སྦྱིན། ཞེས་དང་། རྡོ་རྗེ་བདུད་རྩིའི་འགྲེལ་ལས། རྒྱུད་ཐམས་ཅད་ནི་བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། གསང་བའི་རྒྱུད་ཁ་གཅིག་གོ །ཞེས་གསུམ་དུ་དབྱེ་བ་དང་། ཨ་བྷ་ཡས། རྡོ་རྗེ་འཆང་གི་ཕྱི་ནང་རྡོ་རྗེ་བཞིན། ཞེས་སོགས་གསང་སྔགས་ཕྱི་ནང་གཉིས་ཀྱི་དབྱེ་བ་སོགས་མང་དུ་བཤད་ནའང་། གྲགས་ཆེ་བའི་དབང་དུ་བྱས་ན། རྡོ་རྗེ་ཐེག་པ་ལ་བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྟེ་བཞིར་གསུངས་པ་ལས། དང་པོ་ནི། ཨ་བྷ་ཡས། དམ་པའི་ཆོས་ཕྱིའི་བྱ་བ་སྟོན་པ་ནི་བྱ་བའི་རྒྱུད་ལ་སོགས་པའོ། དེ་ལ་བྱ་བའི་

(༡༢)རྒྱུད་ནི། དམ་ཚིག་གསུམ་གྱི་རྒྱལ་པོ་དང་། འབྱུང་པོ་འདུལ་བྱེད་ལ་སོགས་པ་སྟེ། གང་དུ་ཁྲུས་དང་སྨྲ་བཅད་ལ་སོགས་པ་རྣམས་ཀྱི་བྱ་བ་ཕྱི་རོལ་གྱི་ལུགས་ལྟར་དང་། བྲིས་སྐུ་ལ་སོགས་པ་ལྷ་རུ་དམིགས་པའོ། །ཞེས་པ་ལྟར་ཁྲུས་དང་། གོས་དུས་གསུམ་དུ་བརྗེ་བ་དང་། སྨྱུང་བར་གནས་པ་སོགས་ཕྱི་བའི་བྱ་བ་གཙོ་བོར་སྟོན་པ་ནི་བྱ་བའི་རྒྱུད་དོ། །གཉིས་པ་ནི། རབ་ཏུ་གསལ་སྒྲོན་ལས། བརྟུལ་ཞུགས་དང་། དངོས་གྲུབ་དང་། རྫུ་འཕྲུལ་གཙོ་བོར་གྱུར་པ་ལ་སོགས་སྤྱོད་པའི་རྒྱུད་དེ་ཞེས་པས། བརྟུལ་ཞུགས་ཀྱི་བྱ་བ་གཙོ་བོར་སྟོན་པའི་ཕྱིར་རོ། །ཡང་ན་ཕྱིའི་བྱ་བ་དང་། ནང་གི་ཏིང་ངེ་འཛིན་ཆ་མཉམ་དུ་སྤྱོད་པའི་རྒྱུད་དོ། ཞེས་གསུང་པ་སྟེ། དེ་ཡང་། ཨ་བྷ་ཡས། སྤྱོད་པའི་རྒྱུད་ནི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལ་སོགས་པའོ། ཞེས་པ་ལྟར་རོ། །གསུམ་པ་ནི། འཇིག་རྟེན་གསུམ་གྱི་རྟོག་པའི་འགྲེལ་པར། དེ་ལ་རྣལ་འབྱོར་ཞེས་བྱ་བ་ནི། སེམས་མཉམ་པར་བཞག་པའོ། །དེའི་མཐུས་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་དགོས་པ་སྒྲུབ་པའི་ཕྱིར་སྔགས་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་དང་། དབང་སྦྱིན་པ་ལ་སོགས་པ་སྣ་ཚོགས་སྦྲེལ་ཞིང་བསྡུས་པས་རྣལ་འབྱོར་གྱི་རྒྱུད་དོ། །ཅེས་པ་ལྟར་ནང་གི་རྣལ་འབྱོར་བསྒོམ་པ་

(༡༣)གཙོ་བོར་སྟོན་པ་རྣལ་འབྱོར་རྒྱུད་དེ། དེའང་ཨ་བྷ་ཡས། གསང་བའི་རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་སྟེ། རྣལ་འབྱོར་རྒྱུད་ནི་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའོ། །ཞེས་སོ། །བཞི་པ་ནི། གུར་ལས། ཨེ་མའོ་མཁའ་འགྲོ་མའི་རྒྱུད། རྒྱུད་རྣམས་ཀུན་ལ་དམ་པ་སྟེ། ཞེས་གསུང་པ་ལྟར། ཐབས་ཤེས་གཉིས་མེད་ཀྱི་རྣལ་འབྱོར་གྱི་ཚུལ་ཁྱད་པར་ཅན་བསྟན་པས་རྒྱུད་ཀུན་གྱི་བླ་ན་མེད་པར་འགྱུར་ཕྱིར་བླ་མེད་རྒྱུད་དེ། དེ་ཡང་། ཨ་བྷ་ཡས། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ནི་འདུས་པ་ལ་སོགས་པའོ། །ཞེས་པ་ལྟར་རོ། །དེ་ལྟར་རྣམ་པར་བཞིར་དབྱེ་བའི་རྒྱུ་མཚན་ནི། རྒོད་ལྟར་ལག་བཅངས་གཉིས་གཉིས་འཁྱུད་པ་སྟེ། འདོད་ཆགས་རིགས་བཞི་དང་ལྡན་པའི་གདུལ་བྱ་རྣམས་འདུལ་བའི་ཕྱིར་དང་། ཆགས་པ་དེ་དག་ལ་འདུ་བྱེད་པའི་རྒྱུད་སྡེ་བཞིར་གསུངས་པ་དང་། གཞན་ཡང་། མི་རིགས་བཞི་རྣམས་བཞུགས་ཕྱིར་རྒྱུད་སྡེ་བཞིར་གསུངས་པ་དང་། གདུལ་བྱའི་ཁམས་དང་དབང་པོའི་བྱེ་བྲག་གི་རྒྱུད་སྡེ་བཞིར་གསུངས་པ་དང་། སྤང་བྱ་ཉོན་མོངས་པ་ཤས་ཆེ་ཆུང་གི་སྒོ་ནས་དང་། དུས་ལ་སྦྱར་བའི་སྒོ་ནས་སོགས་མང་དུ་ཡོད་དེ། དེ་ལྟར་རྒྱུད་སྡེ་བཞི་ལ་ནང་ཕྱེས་སུ་དབྱེ་ན་

(༡༤)བྱ་བའི་རྒྱུད་ལ་དེ་བཞིན་གཤེགས་པའི་རིགས་དང་པདྨ་རྡོ་རྗེ་ནོར་བུ་རྒྱས་པ་འཇིག་རྟེན་པའི་རིགས་སྟེ། སྒོ་དྲུག་དང་། དེ་དག་རེ་རེ་ལའང་རིགས་ཀྱི་གཙོ་བོ་དང་བདག་པོ་དང་། ཡུམ་དང་གཙུག་ཏོར་ཁྲོ་བོ་ཁྲོ་མོ་ཕོ་ཉ་ཕོ་ཉ་མོ་བཀའ་ཉན་བཀའ་ཉན་མོ་སོགས་མང་དུ་དབྱེར་ཡོད་ཅིང་། ཉེ་བར་བསྡུ་ན་དེ་བཞིན་གཤེགས་པ་དང་པདྨ་དང་རྡོ་རྗེའི་རིགས་གསུམ་དུ་བསྡུའོ། །སྤྱོད་པའི་རྒྱུད་ནི། བྱ་རྒྱུད་དང་དབྱེ་བ་མཚུངས་ཤིང་འོན་རང་རིགས་ལྔར་ཕྱེས་ཀྱང་མི་འགལ་ལོ། །རྣལ་འབྱོར་གྱི་རྒྱུད་ལ། རིགས་ཀྱི་དབང་དུ་བྱས་ན་རྩ་བའི་རིགས་ལྔའི་དབྱེ་བས་རྒྱུད་ཀྱང་ལྔ་དང་ཞིབ་མོར་དབྱེ་ན་དེ་རེ་རེ་ལ་རིགས་ཆུང་ལྔ་ལྔ། དེ་རེ་རེ་ལ་སྙིང་པོ་ཕྱག་རྒྱ་གསང་སྔགས་རིགས་སྔགས་བཞི་བཞི་ཕྱེ་བས་བརྒྱར་ཡང་འགྱུར་རོ། །བསྡུ་ན། བྱང་ཆུབ་སེམས་གཙོ་བོར་སྟོན་པ་ཐབས་རྒྱུད་དང་། ཤེས་ཕྱིན་གཙོ་བོར་སྟོན་པ་ཤེས་རབ་རྒྱུད་གཉིས་སོ། །རྣལ་འབྱོར་བླ་མེད་རྒྱུད་ལ། གཙོ་བོ་བཅུ་གཉིས་སུ་འགྱུར་ཏེ། ཕ་རྒྱུད་ལ། མི་བསྐྱོད་པ། རྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་གྲུབ། དྲུག་པ་རྡོ་རྗེ་སྟེ་རིགས་དྲུག་དང་། མ་རྒྱུད་ལ་དེ་དང་མཚུངས་པར། ངེས་བརྗོད་བླ་མ་ལས། ཡང་ན་རྡོ་རྗེ་སེམས་དཔའ་སྟེ། རྣམ་སྣང་རྡོ་རྗེ་ཉི་མ་དང་། པདྨ་གར་དབང་རྒྱལ་པོ་དང་།

(༡༥)དབང་ཕྱུག་རྟ་མཆོག་ཧེ་རུ་ཀ །ཞེས་མཚན་གྱི་ཁྱད་པར་གྱི་དྲུག་དབྱེར་མེད་པའི་ཕྱིར་བསྡོམས་པས་རྒྱུད་ཀྱི་རབ་དབྱེ་བཅུ་གཉིས་སོ། དེའང་ཕྱེ་ན། ཧེ་བཛྲ་ལས། རིགས་གཅིག་ལ་ནི་དེ་བཞིན་གཤེགས་པའི་ཚོགས། རིགས་ཀྱི་ཚོགས་ལ་རིགས་ནི་རྣམ་པ་བརྒྱད། དེ་རྣམས་རིགས་ལ་འབུམ་ཕྲག་རིགས་ཅན་རྣམས། བྱེ་བའི་རིགས་ལ་གྲངས་ནི་མེད་པར་འགྱུར། དེ་ལ་གྲངས་མེད་རིགས་ལས་རིན་ཆེན་རྣམས། མཆོག་ཏུ་དགའ་བའི་རིགས་ལས་འགྱུར་བའོ། ཞེས་རིགས་མཐའ་ཡས་པར་གསུངས་ལྟར་རྒྱུད་ཀྱང་དེ་སྙེད་དུ་འགྱུར་རོ། །དེ་རྣམས་ཀྱང་བརྗོད་བྱ་ཟབ་པ་རྒྱ་ཆེ་བ་གཉིས་ཀྱི་ནང་དུ་མ་ལུས་པ་མེད་པ་ལ་སོགས་པའི་ཚུལ་མང་པོ་དང་། ལམ་བསྐྱེད་རྫོགས་གཉིས་སུ་འདུས་པ་སོགས་ཀྱི་ཐབས་ཤེས་སམ། ཕ་མའི་རྒྱུད་གཉིས་སུ་འདུས་སོ། །དེ་དག་ཀྱང་གཉིས་མདོ་རྒྱུད་ཉིད་དུ་འདུས་པ་ཏེ། དུས་འཁོར་རྩ་རྒྱུད་ལས། རྣལ་འབྱོར་ཐབས་ཀྱི་ལུས་ཀྱིས་མིན། ཤེས་རབ་གཅིག་པུས་འགྱུར་མ་ཡིན། ཐབས་དང་ཤེས་རབ་སྙོམས་འཇུག་པ། དེ་བཞིན་གཤེགས་པ་རྣལ་འབྱོར་གསུང་། ཞེས་དང་། བདེ་མཆོག་ཉུང་ངུ་ལས། ཤེས་རབ་ཐབས་ཀྱི་ཀུན་སྦྱོར་ཞིང་། སྔགས་བཟླས་བསམ་གཏན་ལ་སོགས་ལྡན། སྦྱོར་ཉིད་ཆོ་

(༡༦)གའི་ཡེ་ཤེས་ནི། རྒྱུད་ལས་གསུང་པ་མཉན་པར་གྱིས། ཞེས་སོགས་གསུང་པའི་ཕྱིར་རོ། །དབྱེ་བ་དེ་ལྟར་དང་ལྡན་པའི་རྒྱུད་སྡེ་རྣམས་ཀྱི་གཞུང་གི་ཚད་ཀྱང་། སྤྱིར་བདེ་བར་གཤེགས་པ་ཉིད་ཀྱི་སྤྱོད་ཡུལ་ལས་འདི་ཙམ་ཞིག་ཅེས་ཚད་བྱར་མི་རིགས་པ་ནའང་། རྒྱུད་སྡེ་འགའ་ཞིག་ཏུ་དགོས་པའི་དབང་གིས་ཚད་སོགས་བསྟན་པར་མཛད་པ་རྣམས་ནི་གཞན་དུ་བསྟན་པ་ལྟར་ཤེས་པར་བྱ་ཞིང་འདི་སྤྲོས་པས་ཆོག་གོ །དེ་ལྟར་གསང་སྔགས་ཀྱི་ཚུལ་ཤིན་ཏུ་རྒྱ་ཆེན་པོར་གྱུར་པ་དག་སྟོན་པ་གང་གིས་དུས་གང་གི་ཚེ་གདུལ་བྱ་གང་ལ་ཚུལ་གང་གིས་གནས་གང་དུ་བསྐོར་ཅེ་ན། སྟོན་ ་སྤྲུལ་པའི་སྐུ་ཤཱཀྱའི་དབང་པོ་འདི་ཉིད་ལ་ལར་ཁ་སྦྱོར་བདུན་ལྡན་གྱི་ལོངསསྤྱོདརྫོགས next hit་སྐུའི་ཚུལ་དང་། ལ་ལར་སྤྲུལ་སྐུའི་ཚུལ་དང་ལ་ལར་རྗེས་སུ་གནང་བ་དང་། བྱིན་གྱིས་བརླབས་པའི་ཚུལ་གྱིས་དུས་དང་རྒྱུན་མི་འཆད་པར་གདུལ་བྱར་རིག་འཛིན་དཔའ་བོ་རྣལ་འབྱོར་མའི་ཚོགས་ལ། བརྗོད་བྲལ་རང་བཞིན་སྒྲ་ཐམས་ཅད་པའི་སྒྲ་བརྙན་གི་ཚུལ་གྱིས་གནས་ཀྱི་སྣང་བ་ཐ་དད་པར་རྣམས་སུ་བསྐོར་བར་མཛད་དོ། །བྱེ་བྲག་ཏུ་བྱ་རྒྱུད་ནི། སྟོན་པ་མཆོག་གི་སྤྲུལ་སྐུའི་འོག་མིན་དུ་འཇམ་དཔལ་

(༡༧)སོགས་ལ་གཙོ་བོར་བསྟན་ཅིང་། སུམ་ཅུ་རྩ་གསུམ་དང་མི་ཡུལ་སོགས་སུའང་ཅི་རིགས་པར་གསུང་པ་ཡོད་ལ། སྤྱོད་རྒྱུད་ནི་གཙོ་བོར་འོག་མིན་ཆེན་པོ་དང་། སུམ་ཅུ་རྩ་གསུམ་སོགས་སུ་བསྟན་ཏེ་ཕལ་ཆེར་བྱ་རྒྱུད་དང་ཕྱོགས་མཚུངས་སོ། །རྣལ་འབྱོར་རྒྱུད་ནི། སྟོན་previous hit ་འོག་མིན་དུ་ལོངསསྤྱོདརྫོགས next hit་སྐུར་སངས་རྒྱས་ནས། ལོངས་སྐུ་ཆུང་ངུའམ། སྤྲུལ་སྐུའི་རྣམ་སྣང་རི་རབ་ཀྱི་རྩེ་མོར་གཤེགས་ནས། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཆེན་པོར་སྤྲུལ་བཤད་མཛད་པའི་ཚུལ་གྱིས་གཙོ་བོར་གསུངས་ཤིང་། གཞན་ནི་གཞན་འཕྲུལ་དབང་བྱེད་ཀྱི་གནས་སོགས་སུ་མ་ངེས་པར་བསྟན་ཏོ། རྣལ་འབྱོར་བླ་མེད་རྒྱུད་ནི། འོག་མིན་དང་། དགའ་ལྡན་དང་། རི་རབ་ཀྱི་རྩེ་དང་། ཨོ་རྒྱན་དང་། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་སོགས་གནས་ཀྱི་བྱེ་བྲག་ཀུན་རྫོབ་པའི་དབྱེ་བ་བསྟན་པ་དང་། རྡོ་རྗེ་བཙུན་མོའི་བྷ་ག་དང་། བདེ་བ་ཆེན་པོའི་གནས་དང་། ཆོས་ཀྱི་འབྱུང་གནས་ཐར་པ་ཆེན་པོའི་ཕོ་བྲང་སོགས། སྤྲོས་མཚན་གྱི་ཡུལ་ལས་འདས་པའི་ཆོས་ཀྱི་དབྱིངས་འགྱུར་མེད་ལྷུན་གྲུབ་དོན་དམ་གྱི་གནས་སུ་སྟོན་པ་དཔལ་འཁོར་ལོ་སྡོམ་པ་དང་། དགྱེས་པ་རྡོ་རྗེ་དུས་ཀྱི་འཁོར་ལོ་ལ་

(༡༨)སོགས་པའི་སྐུར་བཞེངས་ནས། ཡུལ་འཁོར་ཐ་མི་དད་པ་བདེ་བ་ཆེན་པོའི་རང་བཞིན་ལས། རྡོ་རྗེ་ནཱ་ད་མི་ཤིགས་སྒྲ་དབྱངས་ཀྱི་གསང་བ་ཆེན་པོ་བསམ་གྱི་མི་ཁྱབ་པའི་ཆོས་ཀྱི་འཁོར་ལོ་དུས་རྟག་ཏུ་བསྐོར་བར་མཛད་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་གསང་ཆེན་ཆོས་དེ་དག་སྡུད་པ་པོ་རྣམས་ཀྱིས་ཇི་ལྟར་བསྡུས་པའི་ཚུལ་ལ། སྤྱིར་རྒྱུད་སྡེ་མཐའ་དག་ས་བཅུའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སོགས་དང་། ཁྱད་པར་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ནི་རྣམ་འདྲེན་ཐམས་ཅད་ཀྱི་གསུང་རབས་ཀྱི་བསྡུ་བ་པོར་སྨོན་ལམ་བཏབ་པ་དེས་ན་བདེ་གཤེགས་ཐམས་ཅད་ཀྱི་རྡོ་རྗེའི་སྙན་གཅིག་ཏུ་བསྡུས་པ་གསུང་གི་མཛོད་འཛིན་ཉིད་ཡིན་ལ། ཁྱད་པར་བླ་མེད་རྒྱུད་ནས་ཀྱང་གསུངས་པའི་རྡོ་རྗེ་ཆོས་སོགས་ཀྱང་ཕྱག་ན་རྡོ་རྗེ་ཉིད་ཀྱི་མཚན་གྱི་རྣམ་གྲངས་ཡིན་པར་བཞེད་ལ། བདེ་མཆོག་རྩ་རྒྱུད་འབྲེལ་པ་ཚིག་དོན་རབ་གསལ་ལས། སྡུད་པ་པོའི་འཁོར་ལྕང་ལོ་ཅན་གྱི་བདག་པོའོ། །ཞེས་གསུངས་པ་དང་། དུས་འཁོར་རྩ་རྒྱུད་སྡུད་པ་པོ་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་ཟླ་བཟང་ཡིན་པ་སོགས་སོ། །དེས་ན་བྱ་རྒྱུད་གཙོ་བོར་སུམ་ཅུ་རྩ་གསུམ་གྱི་གནས་ཀྱི་མཐའ་རི་རབ་བྱང་ཕྱོགས་ལྕང་ལོ་ཅན་

(༡༩)ན་ཀུན་ཏུ་བཟང་པོ་དང་། རྡོ་རྗེ་ཆོས་སོགས་ཀྱི་བླ་གོས་ལྔ་བརྒྱ་བཏིང་བའི་སྟེང་དུ་ལག་ན་རྡོ་རྗེ་བཞུགས་ཏེ་བཤད་པའི་ཚུལ་གྱིས་བསྡུས་པ་དང་། སྤྱོད་རྒྱུད་ཀྱང་ལག་ན་རྡོ་རྗེ་དང་ཀུན་ཏུ་བཟང་པོས་བསྡུས་ཤིང་། རྣལ་འབྱོར་རྒྱུད་ནི་ལྕང་ལོ་ཅན་དུ་རྡོ་རྗེ་འཆང་ས་བཅུའི་དབང་ཕྱུག་གི་ཚུལ་བསྟན། ལག་ན་རྡོ་རྗེ་ཉིད་ཀྱིས་ཀུན་ཏུ་བཟང་པོ་ལ་སོགས་པ། བྱང་ཆུབ་སེམས་དཔའི་ཆེན་པོ་ཉིད་ཀྱིས་གསོལ་བ་བཏང་ངོར་བསྡུས་པ་དང་། རྣལ་འབྱོར་བླ་མེད་རྒྱུད་ནི་སྤྱིར་གོང་དུ་བསྟན་པ་བཞིན་གསང་བའི་བདག་པོ་ཉིད་ཀྱིས་བསྡུས་པ་ཡིན་ལ། ཡང་བྱེ་བྲག་སྡུད་པ་པོར་གསུངས་པའང་ཡོད་དེ། མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། བསྡུ་བ་མཛད་པ་སོགས་རྣམས་ཀྱིས། བདག་ལས་བསྒྲོད་པ་དེ་ཐོབ་བོ། །མི་མོ་ཐམས་ཅད་འདུས་རྣམས་ཀྱིས། །རྡོ་རྗེའི་གནས་རྣམས་སུ་བསྡུས་སོ། །གཅིག་གིས་གཅིག་ལ་བཞེད་པ་ནི། གསོལ་བ་འདེབས་ཤིང་གསོལ་འདེབས་མཛད། བཅོམ་ལྡན་འདས་ཀྱི་གསུངས་པ་ཡི། ཚིག་འདི་ལ་ནི་མངོན་པར་དགའ། ཞེས་མ་རྒྱུད་འགའ་ཞིག་རྡོ་རྗེ་ཕག་མོ་སོགས་རྣལ་འབྱོར་མ་རྣམས་ཀྱིས་རྡོ་རྗེའི་གནས་རྣམས་སུ་དྲི་བ་དྲི་ལེན་གྱི་བསྡུས་པར་བཤད་པ་དང་། དགྱེས་རྡོར་གྱི་རྩ་རྒྱུད་

(༢༠)བརྟག་པ་གཉིས་པ་རྡོ་རྗེ་སྙིང་པོས་བསྡུས་པ་བཤད་པ་སོགས་དང་། སྔགས་རྩ་བའི་རྒྱུད་བསྟན་པ་ལག་ན་རྡོ་རྗེས་བསྡུས་པ་ལས། ཕྱིས་བསྡུས་པ་པོ་གཞན་དག་གིས་བསྡུས་པའི་རྒྱུད་དུ་ཉེ་བར་བསྡུས་པའི་ཚུལ་ཡང་འབྱུང་སྟེ། དུས་འཁོར་རྩ་རྒྱུད་འཇམ་དཔལ་གྲགས་པས་ཉེ་བར་བསྡུས་པ་ལྟ་བུའི་ཅི་རིགས་པར་ཡོད་པའི་ཕྱིར་རོ། །གསུམ་པ་ལའང་། དེ་ལྟར་གསང་ཆེན་ཐེག་པའི་རྒྱུད་དེ་དག་འཛམ་གླིང་འདིར་ཇི་ལྟར་བསྐྱངས་པའི་ཚུལ་ལ་འཕགས་ཡུལ་དང་བསིལ་ལྡན་གྱི་ལྗོངས་ཏེ་གཉིས་སུ་བསྐྱང་ཚུལ་བཤད་པ་ལ། སྤྱིར་བཤད་པ་དང་བྱེ་བྲག་ཏུ་བསྟན་པ་གཉིས་ལས། དང་པོ་ནི། རྒྱུད་སྡེ་ཆེན་པོ་བཞི་ལས་བྱ་སྤྱོད་གཉིས་ནི། སྟོན་པ་ཉིད་ཀྱིས་འཛམ་གླིང་འདི་ཉིད་དུ་མི་ཡི་འགྲོ་བར་བསྟན་པ་དང་། གཞན་དུ་ལྷ་དང་གནོད་སྦྱིན་སོགས་ལ་བཏན་པ་དག་ལས་དུས་དེ་ཉིད་ལས་བཟུང་ཏེ་འཕགས་ཡུལ་སོགས་སུ་སྐལ་ལྡན་རྣམས་ཀྱི་གསང་ཞིང་ཉམས་སུ་ལེན་པས་སྔགས་ཀྱི་དངོས་གྲུབ་ཐོབ་པ་མང་དུ་བྱུང་ཞིང་། ལྷག་པར་ཐེག་ཆེན་དར་བ་ནས་བརྩམས་ཏེ་རྒྱས་པའོ། རྣལ་འབྱོར་དང་རྣལ་འབྱོར་བླ་མེད་རྒྱུད་གཉིས་ནི། གདུལ་བྱ་མཆོག་གི་སྐལ་པ་ཅན་ལ་ཐོད་རྒལ་དུ་སྣང་བ་ཙམ་ལ་རྒྱུན་

(༢༡)ཆགས་པར་གནས་པ་མེད་ལ། ཕྱིས་གྲུབ་ཐོབ་ཆེན་པོ་བྲམ་ཟེ་མདའ་བསྣུན་ཞབས་སོགས་ཀྱི་དུས་ནས་བཟུང་རིམ་བཞིན་རྒྱས་ཤིང་གནས་པ་ཡིན་ནོ། །བོད་དུ་ནི་བསྟན་པ་སྔ་དར་གྱི་དུས་ཐོ་རི་སྙན་ཤལ་དུས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས། དེ་ནས་ཆོས་རྒྱལ་སྲོང་བཙན་སྒོམ་པོའི་དུས་སུ་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་བསྒྱུར་ཤིང་དབང་བསྐུར་མན་ངག་ཕོག་པ་སོགས་ཀྱི་གྲུབ་པ་ཐོབ་པའང་མང་དུ་བྱུང་བ་དང་། བཙད་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སློབ་དཔོན་པདྨ་འབྱུང་གནས་སོགས་གྲུབ་པའི་སློབ་དཔོན་རྣམས་སྤྱན་དྲངས་ཏེ། སྔགས་ཀྱི་རྒྱུད་སྡེ་བཞི་དང་། ཁྱད་པར་བླ་མེད་རྒྱུད་རྣམས་བཤད་པ་དང་། དབང་བསྐུར་མན་ངག་སྦྱོན་པ་སོགས་གསང་སྔགས་ཀྱི་བསྟན་པ་ཉིན་མོ་ལྟ་བུར་མཛད་པ། གྲུབ་པ་ཐོབ་པའི་སྐྱེས་བུ་བརྒྱ་རྩ་སོགས་བྱུང་བ་གྲགས་ཏེ་གསང་སྔགས་སྔ་འགྱུར་དུ་གྲགས་པའོ། བསྟན་པ་ཕྱི་དར་གྱི་ཚེ་རྣལ་འབྱོར་རྒྱུད་དང་རྣལ་འབྱོར་བླ་མེད་རྒྱུད་རྣམས་ཀྱང་རིམ་བཞིན་ལྷ་བླ་མ་ཡེ་ཤེས་འོད་དང་ལོ་ཆེན་རིན་ཆེན་བཟང་པོ་སོགས་ལོ་ཙཱ་བ་རྣམས་ཀྱིས་རྒྱ་གར་གྱི་གྲུབ་པའི་སྐྱེས་མཆོག་རྣམས་ཀྱི་ཞབས་ལ་གཏུགས་གཞུང་འགྲེལ་མན་

(༢༢)ངག་གི་སྐོར་དང་བཅས་བསྒྱུར་ནས། ཚུལ་ལྡན་དུ་ཉམས་སུ་ལེན་པར་མཛད་ནས་དངོས་གྲུབ་ཀྱི་མཆོག་ཐོབ་པ་མང་དུ་བྱུང་བ་སོགས་རྒྱས་པར་གཞན་དུ་ཤེས་པར་བྱའོ། །གཉིས་པ་བྱེ་བྲག་ཏུ་འདིར་འཆད་པར་བྱ་བ། དཔལ་ལྡན་འཁོར་ལོ་སྡོམ་པའི་རྒྱུད་ནི། གོང་དུ་བསྟན་པ་ལྟར་གྱི་རྣལ་འབྱོར་བླ་མེད་རྒྱུད་ལ། ཕ་རྒྱུད་དང་མ་རྒྱུད་གཉིས་སུ་ཡོད་པ་ལ། ཇི་སྐད་དུ། རྡོ་རྗེ་གུར་ལས། མཁའ་འགྲོ་བདེ་དང་རྒྱ་མཚོ་བདེ་དང་ནམ་མཁའ་དང་། གསེར་གྱི་ཆར་པ་དང་ནི་དགའ་ཆེན་ཟ་ནུས་དང་། བདེ་ཆེན་སྒེག་པ་དང་ནི་གསང་བ་ཡིད་བདེ་དང་། རྒྱུད་སྡེ་ཀུན་ལ་ཕན་པའི་རྡོ་རྗེ་མཁའ་འགྲོ་དང་། སངས་རྒྱས་ཐམས་ཅད་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་དང་། གསང་བ་མཛོད་དང་རྡོ་རྗེ་བདུད་རྩི་ལས་བྱུང་བ། འཁོར་ལོ་བདེ་མཆོག་གུར་དང་ཕུན་སུམ་ཚོགས་པ་རྣམས། རྣལ་འབྱོར་མ་རྒྱུད་རྣམས་སུ་གྲགས་པ་ཡིན། ཞེས་གསུངས་པའི་མ་རྒྱུད་སྐོར་དྲུག་གི་ནང་ནས་མཐར་ཐུག་པ་དཔལ་འཁོར་ལོ་བསྡོམ་པ་རྩ་བའི་རྒྱུད་རྒྱས་པ་མངོན་བརྗོད་འབུམ་པ་ཞེས་བྱ་བ་ས་བཅུའི་དབང་ཕྱུག་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཞིག་ཡོད་པ་ལས། བདེ་མཆོག་ཉུང་ངུའི་རྒྱུད་འདི་བསྡུས་པ་ཡིན་ཏེ། སྒྲོན་མ་འབྱུང་བའི་རྒྱུད་ལས། ཚེ་ཐུང་བརྩོན་འགྲུས་

(༢༣)ཞེན་པ་དང་། སྲོག་ཆགས་གསོད་ལ་དགའ་བ་དང་། འདོད་ལ་སྤྱོད་ལ་གཡེངས་གྱུར་པ། ད་ལྟ་རྒྱུད་རྣམས་ཉུང་ངུ་གསུང་། ཞེས་པ་ལྟར། དེ་ལྟ་བུའི་སྡོམ་པའི་རྒྱུད་ལེའུ་ལྔ་བཅུ་ང་གཅིག་པ་དེ་ནི་ཐེག་པ་ཆེན་པོའི་ཆོས་རྣམས་མི་ཡུལ་དུ་ཕེབས་པའི་སྐབས་སུ་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་དག་ཀྱང་ཕེབ་པ་ཡིན་པས། དེ་དང་ལྷན་ཅིག་རྒྱུད་ཀྱི་རྒྱལ་པོ་འདི་ཡང་མི་ཡུལ་དུ་ཕེབས་པ་ཡིན་ནོ། །དེ་ལ་དཔལ་སྡོམ་པའི་རྒྱུད་ཀྱི་རྗེས་སུ་འབྲང་བའི་སྒྲུབ་ཐབས་དང་། དེའི་ཡན་ལག་གི་ཆོ་ག་ནི་རིམ་པ་ཐ་དད་ཤིན་ཏུ་མང་བའི་ཕྱིར་འདི་ཙམ་མོ་ཞེས་ཚད་བཟུང་བར་དཀའ་ལ། འོན་ཏང་དེ་དག་གི་གཙོ་བོ་ལྟ་བུ་ནི་རེ་ཤིག་ནི་གྲུབ་ཐོབ་ཆེན་པོ་ས་ར་ཧས་དཔལ་ལུ་ཧི་ས་ལ་གདམ་པ་ཡིན་མདོ་ཕྱིས་ནས་གྲུབ་ཆེན་དེ་ཉིད་རྒྱུད་འདིའི་གཙོ་བོར་གྱུར་པའི་མ་རྒྱུད་ཐམས་ཅད་ཀྱི་བསྟན་པའི་བདག་པོར་གྱུར་ཏེ། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་སྤྱན་དྲངས། ཨོ་ཊི་བི་ཤོའི་ཡུལ་དུ་རྒྱལ་པོ་བི་མ་ལ་ཙནྡྲ་འཁོར་འདས་བཏུལ་ནས་བདེ་མཆོག་གི་དབང་བསྐུར་གདམས་ངག་ཕོག་པས་ལོ་བཅུ་གཉིས་སུ་རྟོགས་པ་བསྐྱངས་ཏེ། གྲུབ་པ་ཐོབ་པ་རྒྱལ་པོ་དཱ་རི་ཀ་པ་སློབ་དཔོན་ཌེ༚་གི་པ་

(༢༤)སྨད་འཚོང་མ་པུ་ཁ་དྷ་སོགས་ཡིན་ཅིང་། གཞན་ཡང་ཡུལ་དེར་བུད་མེད་སྟོང་ཕྲག་བཅུ་གཉིས་ལ་སོགས་པ་སྐྱེ་བོའི་ཚོགས་ཐམས་ཅད་གྲོལ་ལོ་ཞེས་གྲགས་སོ། །སློབ་དཔོན་འདི་དག་གིས་མཛད་པའི་གདམས་ཡིག་སྐོར་གཙོ་གྱུར། སྔགས་ཀྱི་བསྟན་བཅོས་དང་རྡོ་རྗེའི་གླུ་སོགས་མཐའ་ཀླས་པར་ཡོད་དོ། །གྲུབ་ཆེན་དཱ་རི་ཀ་པས་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་། རྒྱུད་བསྟན་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་རྡོ་རྗེ་དྲིལ་བུ་པས་ཨོ་ཌི་བི་ཤའི་རྒྱལ་པོ་སོགས་རྫུ་འཕྲུལ་གྱིས་བཏུལ། དཔལ་མངོན་སྤྱོད་བླ་མའི་རྒྱུད་སྤྱན་དྲངས་པ་དང་། འཁོར་ལོ་སྡོམ་པའི་ཕྱི་དཀྱིལ་ལུས་དཀྱིལ་རིམ་པ་ལྔ་སོགས་མཛད་དེས་རུས་སྦལ་ཞབས་དང་། དེས་ཛ་ལེན་དྷ་རི་པ། དེས་ནག་པོ་པ་སོགས་རིམ་བཞིན་གྲུབ་པའི་གནས་སུ་བསྐོད་པ་མཛད་ཅིང་ཐམས་ཅད་ཀྱི་རྡོ་རྗེ་ཐེག་པའི་བསྟན་པ་སྤྱི་དང་། བྱེ་བྲག་བདེ་མཆོག་སྐོར་གྱི་གྲུབ་པའི་རྒྱུན་མཆོག་ཏུ་གསལ་བར་མཛད་དོ། །ཁྱད་པར་ནག་པོ་ཞབས་ཀྱི་ཡི་དམ་གྱི་ལུང་བསྟན་པ་ལྟར་ནག་པོའི་གཞུང་དྲུག་ཏུ་བརྩམས་ཏེ་སྐུ་དྲིན་མཆོག་ཏུ་ཆེའོ། །དེ་ལྟར་ལུ་དྲིལ་ནག་གསུམ་ཞེས་སློབ་དཔོན་དེ་གསུམ་ནི་ཆོས་འདིའི་སྲོལ་འབྱེད་ཉི་ཟླ་

(༢༥)ལྟར་གྲགས་པ་ཡིན་ནོ། །ཤར་ཕྱོགས་ཛ་གོའི་ཡུལ་གྱི་སློབ་དཔོན་ཆེན་པོ་ཏཻལླི་པས་ཙ།།།པ་སོགས་བཀའ་བབ་བཞིའི་བླ་མ་རྣམས་བསྟེན། སྔགས་རྒྱུད་སྤྱི་དང་ཁྱད་པར་བླ་མེད་སྐོར་ཡོད་དོ་ཅོག་གི་དབང་རྒྱུད་མན་ངག་ཐམས་ཅད་རྫོགས་ནས་བྷངྒ་ལྟར་ལོ་བཅུ་གཉིས་སུ་ཏིལ་བརྡུང་བའི་སྤྱོད་པ་སྤྱད་པས་མཆོག་གི་དངོས་གྲུབ་མངོན་དུ་མཛད། གཙོ་བོར་ལྷག་པའི་ལྷ་ཤྲཱི་ཧེ་རུ་ཀ་ཉིད་ལས་དངོས་སུ་རྡོ་རྗེ་ཐེག་པ་མཐའ་དབང་གསན་ཅིང་གཞན་ལ་སྟོན་པས་བྷངྒ་ལ་ཡི་རྒྱལ་ཁབ་ཁོ་ན་ལན་གསུམ་དུ་སྟོང་པར་གྲགས། མདོར་ན་སྙིང་པོའི་ངེས་གསང་གི་བསྟན་པ་གསལ་བར་མཛད་དོ། །བི་ཀྲ་མ་ལ་ཤྲཱི་ལའི་བྱང་སྒོ་སྲུང་བའི་པཎྜི་ཏ་ནཱ་རོཏྟ་མངས་སྟེ་མི་མཆོག་ཞེས་པའི་རིགས་སུ་འཁྲུངས་པར་ས་ཞེས་ཞབས་ཀྱི་ལེགས་སྦྱར་ཏེ་དེས་ན་མི་མཆོག་ཞབས་ཞེས་སུ་གྲགས་ལ། ཕྱི་ནང་གི་མཁས་པ་སུས་ཀྱང་རྩོད་པར་མི་ནུས་པས་རྩོད་མེད་དེ། དེས་བཀའ་ཐུབ་ཆེན་པོས་གྲུབ་ཆེན་ཏཻལླི་ས་མཉེས་པར་བགྱིས། གཞན་ཡང་དུས་འཁོར་ཞབས་སོགས་བླ་མ་མང་པོ་བསྟེན་ནས་རྒྱུད་སྡེ་རྒྱ་མཚོའི་དབང་ཕྱུག་ཏུ་གྱུར་ཏེ་གྲུབ་པ་བརྙེས། དབང་མདོར་བསྟན་དང་

(༢༦)དགྱེས་རྡོར་གྱི་འགྲེལ་པ་སོགས་སྔགས་ཀྱི་བསྟན་བཅོས་མང་དུ་བརྩམས། རྡོ་རྗེ་ཐེག་པ་ཉིན་མོ་ལྟར་གསལ་བར་མཛད་དོ། གཞན་ཡང་། ད་རི་ཀ་པ་དང་། །།།གི་ས། ཨིནྡྲ་བྷུ་ཏི་ཆུང་བ། ལྐང་རྒྱལ་བ་བཟང་པོ་དང་། མི་ཐུབ་ཟླ་བ་དང་། སྟོང་ཉིད་ཏིང་འཛིན་དང་། སྟོད་འགྲེལ་ལུགས་དང་། བྷ་བ་བྷ་དྲ་དང་། བྲམ་ཟེ་རིན་ཆེན་རྡོ་རྗེ་རྣམས་ཀྱི་རྩལ་བའི་རྒྱུད། དེ་ལ་ལུགས་སྲོལ་རྐང་ཚུག་པ་རེ་རེ་ཕྱེས་ཤིང་། བོད་ཡུལ་འདིར་ཡང་འགྱུར་བ་ཡིན་ལ། འཕགས་པའི་ཡུལ་དུ་གྲུབ་ཐོབ་གླུ་དབྱངས་མཁན་གྱི་ལུགས་དང་། ཞབས་གཡོན་བརྐྱངས་དུ་མཛད་པ་ནག་པོ་རྡོ་རྗེའི་ལུགས་དང་། གཞན་ཀ་ལ་ཧངྤ་ཀུ་མཱ་རིའི་ལུགས་དང་། ལྷ་ཚོགས་ཐམས་ཅད་སྐུ་མདོག་ནག་པོར་ཡོད་པ་དྷརྨ་པ་ཡི་ལུགས་དང་། ལྷ་ཚོགས་ཐམས་ཅད་གདོང་བརྙན་ཅན་དུ་འདོད་པ་ཀུཀྐུ་ཊི་པའི་ལུགས་དང་། ཡབ་ཡུམ་སྐུ་མདོག་མཚུངས་ཤིང་ལྷ་གཞན་ཐམས་ཅད་སྐུ་མདོག་མ་ངེས་པར་འདོད་པ་གྷུཎྜ་རི་པའི་ལུགས་དང་། གཞན་ཡང་ཙ་ཊི་དང་། ནཱ་ཊི་པ་དང་། གྷནྷ་ཏ་པ་རྣམས་ཀྱི་ལུགས་དང་། ལྷ་ཚོགས་ཐམས་ཅད་ཕྱག་གཉིས་པར་འདོད་པ་བཱི་ན་པའི་ལུགས་དང་། གཞན་ཡང་ཌནྡེ་པ་དང་། བྷ་དེ་ས་ཡི་ལུགས་དང་། ཏཱ་ཊ་ཀ་ས་དང་། ཀཾ་ཀ་ལ་སའི་

(༢༧)ལུགས་དང་། ལྷ་ཚོགས་ཐམས་ཅད་སྐུ་མདོག་སེར་པོ་འདོད་པ་ཛ་ཡ་ནནྡི་པའི་ལུགས་རྣམས་ཏེ་གྲུབ་ཐོབ་ཆེན་པོ་བཅུ་བཞི་པོས་དེའི་ལུགས་སྲོལ་རྐང་ཚུག་པ་རེ་བྱེད་པ་ཡོད་དེ། གཞན་ཡང་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ནས་ལུང་བསྟན་པའི་སློབ་དཔོན་བྱང་ཆུབ་རྡོ་རྗེའི་ལུགས་ནི། རྒྱ་གར་དུ་རིང་དུ་མ་དར་མདོ་འགྲོ་ལྡིང་ནི་ཡུལ་དུ་དར་བ་ཡོད་ལ། བོད་ཡུལ་དུ་ཡང་བསྟན་པ་ཕྱི་དར་གྱི་ཐོག་མར་ཇོ་བོ་རྗེ་ལོ་ཆེན་རིན་བཟང་དང་། རོང་ས་འགར་དགེ་སོགས་ལ་གནང་ཞིང་པཎྜི་ཏ་མང་པོ་ལ་བསྟེན་ནས་ལོ་ཆེན་དང་། འགོས་སོགས་ཀྱི་རྒྱུད་དང་སྒྲུབ་ཐབས། འགྲེལ་པ་སོགས་བདེ་མཆོག་སྐོར་གྱི་གཞུངས་མང་དུ་བསྒྱུར། ཕྱིས་ཇོ་བོས་ནགས་ཚེ་ལོ་ཙ་སོགས་ལའང་གནང་བ་ནས་དར་བ་དང་། གློག་སྐྱ་ཤེས་རབ་བརྩེགས་ཀྱིས་བལ་པོ་ཕམ་ཐིང་ས་སྐུ་མཆེད་ལ་བདེ་མཆོག་གི་སྐོར་རྣམས་གསན་ནས། མལ་ལོ་སོགས་ལ་གནང་བ་དང་། མལ་ལོ་ཉིད་ཀྱིས་ཕམ་ཐིང་པ་སྐུ་མཆེད་སོགས་མང་པོར་བསྟེན་ནས་ཞུས་པས། བདེ་མཆོག་སྐོར་ལ་མཁས་པར་གྱུར་པ་དེ་ལ་ས་ཆེན་གྱིས་གསན་པ་སོགས་ནས། ས་སྐྱ་པ་ཡབ་སྲས་བརྒུད་པ་དང་བཅས་པ་རྣམས་

(༢༨)ལ་ཆེར་དར་བ་ཡིན་ལ། མར་པ་དོ་པས། ནཱ་རོ་པའི་སློབ་མ་མན་ཀ་ཤྲཱི་སོགས་བླ་མ་མང་པོ་བསྟན་ནས། ནཱ་རོའི་ལུགས་ཀྱི་བདེ་མཆོག་གི་དབང་། རྒྱུད་བཤད་པ་མན་ངག་དང་བཅས་པ་གསན་ཏེ། བདེ་མཆོག་གི་ཆོས་སྐོར་ལས་འགྱུར་ཡང་མང་པོ་མཛད། བོད་དུ་སློབ་མའང་མང་དུ་ཚར་ཞིང་། ཁྱད་པར་གཙང་གི་མཁས་པ་གྱ་ནི་དེའི་གཟེ་པ་བློ་ལྡན་སོགས་ཀྱི་ཆོས་བརྒྱུད་ལེགས་པར་བཟུང་སྟེ། འདི་ལས་གྱེས་པའི་བཤད་སྲོལ་དང་། སྒྲུབ་རྒྱུན་ཤིན་ཏུ་འཕེལ་བ་ཡིན། ཡང་ཕམ་ཐིང་པ་སྐུ་མཆེད་གསུམ་སོགས་ལས་སུ་རང་ལོ་ཆུང་དང་། གཉེས་ལོ་སོགས་ཀྱིས་གསན་ནས། རྒྱུན་བྱུང་བ་ཡང་ཅི་རིགས་པ་ཡོད་ཅིང་། དེ་ལས་ཁྱད་པར་སུ་རང་ལོ་ཆུང་ནས་བརྒྱུད་པ་རྣམས་ཀྱི་བཤད་སྲོལ་བཟང་ལ་ཡུན་རིང་བར་བྱུང་བ་ཡིན་ནོ། །དེ་མ་ཟད་སུམྦྷ་ལོ་ཙཱ་དྷརྨཱ་ཡོན་ཏན་གྱིས་པཎྜི་ཏ་ཛ་ཡེ་སེ་ན་བསྟེན་ཏེ། བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་རྒྱུད་འགྲེལ་ཡན་ལག་དང་བཅས་པ་གསན་ནས་འགྱུར་ཡང་མཛད་དེ། བོད་ཡུལ་དུ་དེ་དག་གི་དབང་བཀའ་དང་བཤད་བཀའ་སོགས་ཆེས་དར་བར་གྱུར་པ་ཡིན་ནོ། །དེའི་ཡུམ་བཀའ་རྡོ་རྗེ་ཕག་མོའི་སྐོར་ཡང་ལྷ་པོ་བདུན་

(༢༩)མར་གྲགས་པའི་དབང་བསྐུར་དང་། བསྙེན་བསྒྲུབ་ཀྱི་རྒྱུན་ཙམ་ཞིག་དར་བར་སྣང་ཞིང་། ཁྱད་པར་ཕན་མོ་གཞུང་དྲུག་ཏུ་གྲགས་པ་ནི་བལ་པོ་ན་ཏེནྡྲ་རུ་ཙི་ལ་གཞུང་དྲུག་བྱིན་རླབས་དང་བཅས་པ་ཞུས། དེ་བཞིན་དུ་རྔོག་ལོ་ཆེན་པོ་དང་། སྣུབས་སྟོན་དང་། ཁུ་ནི་ཚེ་སོགས་ཀྱིས་ཀྱང་གསན་ནས། དེ་དག་སོ་སོ་ལས་བརྒྱུད་དེ་ཆེར་དར་ཞིང་། ར་ལོས་པཎྜི་ཏ་ཨ་བྷི་ཡུཀྟ་ལ་གསན་ནས་ཀྱང་འཆད་པ་ཡིན་ནོ། །ཁྱད་པར་ལྷོ་བྲག་མར་པ་ལོ་ཙཱ་དེ་ཉིད་ཀྱི་འཕགས་པའི་ཡུལ་དུ་ལན་བཞིར་བྱོན་པའི་རྗེ་མའི་དུས་དཔལ་ནཱ་རོ་པ་ཆེན་པོ་སྤྱོད་པ་ལ་གཤེགས་ཟིན་པ་ཡིན་ནའང་། སྔར་བླ་མ་རྣམས་ཀྱི་བཀའ་གནང་བ་ཡོད་པ་དང་། ལམ་བར་དུ་ཇོ་བོ་རྗེ་དང་མཇལ་བས་ཁྱོད་དད་པ་ཆེན་པོ་འདུག་པས་ནཱ་རོ་པ་དང་མཇལ་ཞིང་རྗེས་སུ་འཛིན་པར་འགྱུར་རོ་ཞེས་ལུང་བསྟན་པ་ལྟར་རྗེ་ནཱ་རོ་པ་དང་མཇལ་ནས། དཔལ་འཁོར་ལོ་སྡོམ་པའི་དབང་བཤད་མན་ངག་དང་བཅས་པ་ཞིབ་རྒྱས་སུ་བརྩལ་བ་ཡིན་ཅིང་། དེ་ནས་རིམ་བཞིན་སྲས་ཀྱི་ཐུ་བོ་མི་ལ་མཐུ་ཆེན་ལ་སྙན་བརྒྱུད་དུ་གནང་། དེས་རྒྱལ་བས་ལུང་བསྟན་ཆོས་རྒྱལ་ཟླ་འོད་གཞོན་ནུ་གནང་

(༣༠)དེས་ཀརྨ་པ་དུས་གསུམ་མཁྱེན་པ་ལ་ཡི་གེ་མེད་པའི་སྙན་བརྒྱུད་དུ་གནང་བ་ཡིན་ནོ། །བླ་མ་རྡོ་རྗེ་གདན་པའི་མན་ངག་ཙཱ་མི་ལོ་ཙཱ་བ་སངས་རྒྱས་གྲགས་ཀྱིས། དཔལ་དགའ་ལོ་ལ་གནང་བའི་རྒ་ལོ་ལྷ་ལྔར་གྲགས་པ་རྒྱ་གཞུང་དང་ཡིག་རྙིང་ཀྱང་མང་དུ་བཞུགས་པ་འདི་རྒ་ལོ་ཉིད་ལ། དུས་གསུམ་མཁྱེན་པས་གསན་པ་ཡིན། དེར་མ་ཟད་རྗེ་དུས་གསུམ་མཁྱེན་པས་རྒྱལ་པོ་ཨིནྡྲ་བྷུ་ཏི་བར་སར་གྲགས་པ་ལ་ཡང་། འཁོར་ལོ་སྡོམ་པ་ལྷ་ལྔའི་དབང་བསྐུར་བ་དངོས་སུ་གསན་པ་ཡང་ངང་ཡིན་ཞིང་། རྗེ་དེ་ཉིད་ཀྱི་སྙན་བརྒྱུད་ཡི་གེར་འགོད་པར་མཛད་ཅིང་རྒྱུ་མཚན་དེས་དེ་ནས་བཟུང་རྗེ་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔའི་ནང་ནས། སྡུག་བསྔལ་འཁོར་ལོ་བདེ་མཆོག་ལྷ་ལྔར་གྲགས་ཤིང་། དེ་ལ་འགྲོ་མགོན་རས་ས་ཆེན་པོས་གསན། དེ་ནས་རྒྱལ་སྲས་སྤམ་བྲག་པ་དང་། གྲུབ་ཐོབ་ཀརྨ་པ་ཆེན་པོ། མཁས་གྲུབ་ཨོ་རྒྱན་པ། སེམས་དཔའ་རང་བྱུང་རྡོ་རྗེ། རྒྱལ་བ་གཡུང་སྟོན་པ། འཛམ་གླིང་ཆོས་ཀྱི་གྲགས་པ། རྟོགས་ལྡན་མཁའ་སྤྱོད་དབང་པོ། ཆོས་རྗེ་དེ་བཞིན་གཤེགས་པ། རྗེ་བཙུན་རརྣ་བྷ་དྲ། ཀུན་མཁྱེན་མཐོང་བ་དོན་ལྡན། གོ་ཤྲཱི་དཔལ་འབྱོར་དོན་འགྲུབ། རྒྱལ་

(༣༡)དབང་ཆོས་གྲགས་རྒྱ་མཚོ། སངས་རྒྱས་གཉན་པ་གྲུབ་ཐོབ། རྗེ་བཙུན་མི་བསྐྱོད་རྡོ་རྗེ། རྒྱལ་དབང་དཀོན་མཆོག་ཡན་ལག །རྗེ་བཙུན་དབང་ཕྱུག་རྡོ་རྗེ། གར་དབང་ཆོས་ཀྱི་དབང་ཕྱུག །རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ། དཔལ་ལྡན་ཡེ་ཤེས་སྙིང་པོ། མཚུངས་མེད་ཡེ་ཤེས་རྡོ་རྗེ། དཔལ་ཆེན་ཆོས་ཀྱི་དོན་འགྲུབ། རྒྱལ་དབང་བྱང་ཆུབ་རྡོ་རྗེ། འཇམ་མགོན་ཆོས་ཀྱི་འབྱུང་གནས། དེས་རྣམ་འདྲེན་དོན་གྱི་སླད་དུ་མཚན་ནས་སྨོས་ན་ཧེ་རུ་ཀ་དངོས་ཁྱབ་བདག་རྒྱལ་དབང་ཀརྨ་པ་ཆེན་པོ་མ་ར་དཱ་མ་ཀ་བཛྲ་གྱི་བར་དུ་རིམ་བཞིན་གདམས་པ་སྟེ། དེ་དག་ཀྱང་སྤྱིར་རྡོ་རྗེ་ཐེག་པའི་ཆོས་ཚུལ་ཀུན་དང་བྱེ་བྲག་སྡོམ་པའི་རྒྱུད་གཞུང་མན་ངག་ཀུན་ལ་མངའ་བརྙེས་ཤིང་དེའི་སྒོ་ནས་གྲུབ་པའི་མཚན་མ་མངོན་དུ་གྱུར་པ་ཁོ་ནའོ། དེས་ན་སྐབས་འདིར་འཆད་པར་བྱ་བ་ནཱ་རོ་ལུགས་ཀྱི་སྡོམ་པ་ལྷ་ལྔའི་སྒྲུབ་ཐབས་ཀྱི་བཀའ་སྲོལ་འདི་ནི། རྩ་བའི་རྒྱུད་ལས་འཁོར་ལོ་གསུམ་གྱི་ལྷ་ཚོགས་ཐམས་ཅད་བསྟན་ཟིན་པའི་རྗེས་སུ་སླར་ཡང་རྣལ་འབྱོར་མ་བཞི་པོ་བསྐྱར་སྟེ་བསྟན་པས་ལྷ་ལྔ་པ་འདི་རྒྱུད་ལས་དངོས་སུ་བསྟན་པ་ཡིན་ཅིང་། ནི་གུ་ལྷ་ལྔའི་བརྒྱུད་འཛིན་གྱིས་མཁས་

(༣༢)གྲུབ་རྣམས་ཀྱིས་ཀྱང་དེ་ལྟར་བསྟན་པར་བཞེད་དེ། དེས་ན་མཁས་པ་ཆེན་པོ་ནཱ་རོ་པཎྜི་ཏས་རང་རྐང་ཚུག་པའི་སྒྲུབ་ཐབས་སུ་མཛད་པ་ཡིན་ནོ། །གཉིས་པ་བྱེ་བྲག་གཞུང་དངོས་འཆད་པར་བྱ་བ་ལའང་། སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། དེ་ལ་ཡང་། སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ལམ་གྲོལ་བ་འབྲས་བུས། ཀུན་ཁྱབ་ཆོས་ཉིད་ཀྱི་སྙིང་པོ་སྟེ། བཞི་ལས། དང་པོ་དཀྱིལ་ཆོག་ཏུ་ཤེས་པར་བྱ། སྐབས་འདིར་གཉིས་པ་གྲོལ་བྱེད་ལམ་གྱི་རིམ་པའི་དབང་དུ་བྱས་ན་གྲོལ་བྱེད་ཀྱི་ལམ་སྤྱི་ལྡོག་ནས་གཏན་ལ་དབབ་པ་དང་བྱེ་བྲག་སྒྲུབ་ཐབས་ཀྱི་རྣམ་བཞག་འཆད་པའོ། །དང་པོ་ལ་གྲོལ་བྱེད་ལམ་གྱི་ངོ་བོ། ནང་གསེས་གཉིས་སུ་དབྱེ་བ། དབྱེ་བ་སོ་སོའི་རང་བཞིན། རང་གཞན་དོན་ལྡན་གྱི་མཚན་ཉིད་ཉམས་ལེན་སྒྲུབ་པའི་དགོས་པ། གྲངས་དང་གོ་རིམ་ངེས་པ། དབང་ལམ་འབྲས་བུའི་སྦྱོར་ཚུལ་ཏེ་བདུན་ནོ། །དང་པོ་ལམ་གྱི་ངོ་བོ་ནི། སྤྱིར་ཐེག་གསུམ་གྱི་ལམ་ཐམས་ཅད་གྲོལ་བྱེད་ཀྱི་ལམ་ཡིན་ཀྱང་། གསང་སྔགས་བླ་མེད་ཀྱི་ཕྱོགས་འདིར་སྨིན་གྲོལ་གཉིས་ཀྱི་བཟླས་དབྱེ་བའི་ལམ་གྱི་ངོ་བོ་ནི། གཞི་སྒྱུར་བའི་ལམ་ཁྱད་པར་ཅན་ཏེ། བདེ་སྟོང་གི་

(༣༣)ཡེ་ཤེས་ལྷ་སྐུའི་རྣམ་པ་དང་འབྲེལ་པའོ། གཞི་ཞེས་བྱ་བ་ནི། འཁོར་བ་སྣོད་བཅུད་ཀྱི་འཇིག་རྟེན་ཕུང་ཁམས་སྐྱེ་མཆེད་ལུས་ངག་སེམས་དང་ཆགས་པའི་ཐིག་ལེ་ལས་ཉོན་སྡུག་བསྔལ་གསུམ་གྱི་བསྡུས་པ་བཅས་འདི་དག་ཡིན་ལ། དེ་ཡང་ལྷ་སྐུ་དང་བདེ་བ་ཆེན་པོ་སོགས་གཞིའི་ཆོས་ཉིད་དང་རྣམ་ས་ཕྱེད་འདྲ་བ་ཙམ་དུ་བསྒྱུར་ནས། སྣང་བཅས་ཀྱི་ཡེ་ཤེས་དེ་ཉིད་བསྒོམ་པས། གཞི་ཡི་གནས་ཚུལ་རྟོགས་པར་བྱེད་པ་སྟེ། དཔེར་ན་སྔགས་སྨན་སོགས་ཀྱི་དུག་གི་སྡོང་པོ་ཞིག་ཉེས་བྲལ་ཡོན་ཏན་ལྡན་པའི་སྨན་མཆོག་ཏུ་བསྒྱུར་བ་ལྟ་བུའོ། སྤྱིར་ཐེག་གསུམ་གྱི་ལམ་ཀུན་ལ། གཞི་སྤང་བ་སྟེ། གཞི་དེར་དམིགས་པའི་འགལ་བའི་གཉེན་པོས་རེ་རེ་བཞིན་མཐར་དེ་དང་དེའི་སྣང་བར་སྦྱར་བ་དཔེར་ན་དུག་གི་སྡོང་པོ་ཞིག །ལོ་འདབས་གཅོད་པ་དང་། མེར་བསྲེགས། ཆུས་བཀྲུས། རྩ་བ་འབྱིན་པ་སོགས་ཀྱི་དུག་མེད་དུ་བྱེད་པ་བཞིན་དང་། གོང་བཤད་གཞི་སྒྱུར་གཉིས་སུ་ཡོད་དེ་སྐྱོན་སྤང་ཚུལ་ལ་ནི་གཞི་སྤང་བའི་ལམ་ལས་སྒྱུར་བ་ཉིད་སྟོབས་ཆེའོ། །དེས་ན་ལུས་ཀྱི་ཆོས་ཉིད་ཡེ་ཤེས་ཀྱི་སྐུར་གདོད་ནས་གྲུབ་ཅིང་དེར་བསྟན་མེ་ལོང་གི་གཡའ་མེ་ལོང་

(༣༤)གི་གཟུགས་དང་ཕྱོགས་འདྲ་འཆར་ལྟར། རྡོ་རྗེའི་སྐུ་དང་རྣམ་པ་འདྲ་རུང་གི་བཞིན་ལག་དབང་པོ་བཅས་པའི་ལུས་སུ་ཤར་ཞིང་། དེ་ཚེ་རྣལ་འབྱོར་པས་ལུས་དང་ལུས་ཀྱི་ཆོས་ཉིད་གཉིས་འདྲ་ཆོས་ལྷ་ཡི་རྣལ་འབྱོར་བསྒོམ་པས་གོང་བཤད་དུག་དང་སྔགས་ཀྱི་དཔེ་ལྟར་ཐ་མལ་གྱི་ལུས་དེ་གནས་འགྱུར་ནས་ལམ་གྱི་བསྡུས་པས་ཡེ་ཤེས་ལྷ་ཡི་སྐུ་ཅན་དུ་གྱུར་ཅིང་། ལམ་དུས་ཀྱི་སྐུ་དེར་གོམས་པས་ལུས་སྣང་གི་དྲི་མ་ཐམས་ཅད་བྲལ་བའི་ལམ་དབྱིངས་སུ་ཐིམ་པས། ཆོས་ཉིད་རྡོ་རྗེའི་སྐུ་མངོན་གྱུར་དུ་ངེས་པ་སྟེ་ཚུལ་འདི་ནི་ཐམས་ཅད་ལ་ཤེས་པ་གལ་ཆེ་བའི་གནད་དོ། །གཞི་སྒྱུར་བའི་ལམ་ཞེས་པའི་དོན་ནི་དེ་ལྟར་ཡིན་ལ། ཁྱད་པར་ཅན་ཞེས་བྱ་བ་ནི། འདོད་ཆགས་ཆེན་པོའི་ལམ་ཡིན་ཏེ། སྟོང་ཉིད་སྙིང་རྗེ་དབྱེར་མེད་དམ། བདེ་སྟོང་དབྱེར་མེད་ཉིད་དོ། གཉིས་པ་ནང་གསེས་གཉིས་སུ་དབྱེ་བ་ནི། དེ་ལྟའི་ལམ་དེ་ལ་རང་འབྲས་དངོས་གྲུབ་སྒྲུབ་ཚུལ་ནི་བསྐྱེད་པ་དང་། རྫོགས་པའི་རིམ་པ་གཉིས་སུ་རྟོག་པ་སྟེ། སྒྲ་དོན་ཡང་བསྐྱེད་རིམ་གྱི་སྒྲ་དོན་ཨུཏྤཏྟ་ཀྲ་མ་ཞེས། ཨུཏྤཏྟི་ཞེས་བསྐྱེད་པ་སྟེ་བཅོས་པའི་བརྟགས་པ་སོགས་ལ་འཇུག་པས་རྣམ་པར་རྟོག་པས་གསར་དུ་བཅོས་པའི་དོན་ཡིན་ལ་

(༣༥)རྫོགས་རིམ་གྱི་སྐད་དོད་ནིཥྤནྣ་ཀྲ་མ་ཅེས་པ། ནིཥྤན་ནི་རྫོགས་པ་སྟེ་མ་བཅོས་པ། གྲུབ་པ་སོགས་ལ་འཇུག་པས་བཅོས་མེད། རྩོལ་མེད་ཤུགས་བྱུང་དུ་འབྱུང་བའི་དོན་ནོ། །ཀྲ་མ་ནི་ལམ་གྱི་གོ་རིམ་མམ་ཐབས་སོ། །ཡང་བསྐྱེད་རིམ་གྱི་སྒྲ་དོན་ལ་གྲུབ་བརྙེས་བི་རུ་པ་རྗེས་འབྲང་དང་བཅས་པའི་བཞེད་པར། བསྐྱེད་པའི་དོན་རྣམ་རྟོག་གི་རྩོལ་བས་ལྷ་སྐུ་དང་། རྫོགས་པ་ནི་ལུས་ངག་ཡིད་གསུམ་རྫོགས་པ་སྟེ། དེའི་དོན་ཡང་ལུས་རྩ། ངག་རླུང་དང་ཡི་གེ། སེམས་ཐིག་ལེ་རྣམས་ལུས་ལ་ཇི་ལྟར་གནས་པ་བཞིན་བསྒོམ་པ་ཡིན་པས། གཞན་དུ་ཡོངས་སུ་གྲུབ་པ་ཞེས་བྱ་བ་དང་མཐུན་པ་ཡིན་ནོ། །ཞེས་གསུངས་པ་དེ་ལྟར་ན། ཐམས་ཅད་རྫོགས་པས་རྫོགས་པ་ཆེ། ཞེས་ཟེར་བ་དང་འདྲ་ལུག་གོ །གསུམ་པ་དབྱེ་བ་སོ་སོའི་རང་བཞིན་ནི། བསྐྱེད་རིམ་གྱི་ངོ་བོ་ནི་བཅོས་ཤིང་བརྟག་པ་རྗེས་སུ་དཔག་པའི་ལྷ་ཡི་རྣལ་འབྱོར་ཡིན་ལ། རྫོགས་རིམ་གྱི་ངོ་བོ་ནི་བཅོས་མ་དང་བྲལ་བ་མངོན་སུམ་གྱི་ལྷ་ཡི་རྣལ་འབྱོར་རོ། །རྗེས་དཔག་གི་དོན་ཡང་གཞན་ལས་རྒྱུ་མཚན་འདྲ་བའི་ཕྱིར་ཁྱད་པར་ཏེ། བྲིས་སྐུ་མཐོང་བ་དང་། ཚིག་ཏུ་བརྗོད་པ་ལས་དངོས་སུ་ཐོས་པའི་དོན་བསམ་སྟེ། རྣམ་

(༣༦)པ་ལས་རྗེས་སུ་དཔག་པའི་ལྷ་ཡི་སྐུ་ནི་འདི་འདྲའོ་ཞེས་ཡིད་ངོར་གསར་དུ་བཅོས་པ་ཉིད་ལས། གནས་ལུགས་ཀྱི་དེ་ཁོ་ན་ཉིད་མ་ཡིན་ནོ། །རྫོགས་པའི་རིམ་པ་ནི། ནམ་མཁར་ཟླ་གཟུགས་ཤར་བ་བཞིན་སྟོང་པ་ཉིད་ལས་མ་གཡོས་པར་ཤར་བའི་དོན་དང་། ཟླ་གཟུགས་མཐོང་བས་བསྒོམ་མི་དགོས་པར་མིག་གི་མངོན་སུམ་མཐོང་ལྟར་རྫོགས་རིམ་གྱི་ལྷ་ཉིད་བློས་གསར་བསྒོམ་བྱེད་པ་མ་ཡིན་པར་སྟོང་པའི་ངང་ལས་ཤར་ཞིང་ཤར་ནས་ཀྱང་སྟོང་པའི་རང་བཞིན་ལས་མ་འདས་པར་གནས་པ་དང་། སྟོང་པ་དང་ལྷ་སྐུ་གཉིས་ཀ་རྣམ་རྟོག་གི་བརྟག་པ་མ་ཡིན་པར་དངོས་སུ་མྱོང་བའི་ཡུལ་དུ་བྱུང་བས། མོས་པ་ཡིད་བྱེད་ཀྱི་རྣལ་འབྱོར་ཙམ་ལ་མ་ལྟོས་པའི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་རོ། །འགའ་ཞིག་དེ་ཁོ་ན་ཉིད་འདི་དོན་དམ་པ་ཡིན་པས་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་དེ་ཡང་མངོན་སུམ་རྟོགས་པ་ལ་བྱེད་ན་སོ་སྐྱེའི་རྫོགས་རིམ་མེད་པར་འགྱུར་སྙམས་ན་མ་ཡིན་ཏེ། འདིར་རེ་ཞིག་དེ་ཁོ་ན་ཉིད་ཅེས། དོན་དམ་བདེན་པ་གཅིག་པུར་བསམ་མི་དགོས་ཏེ། ཀུན་རྫོབ་འཁོར་བའི་རང་བཞིན་གནས་ལུགས་ནི་སྣང་བཅས་ཀྱི་ཡེ་ཤེས་ཡིན་ལ། དེ་དང་མཐུན་པའི་གསལ་སྣང་ཤར་བས་གནས་ཚུལ་དང་མཐུན་པའི་དེ་

(༣༧)ཁོ་ན་ཉིད་ཀྱི་རྣལ་འབྱོར་ཡིན་ལ། སྣང་ཆ་དེ་ལ་བརྟགས་པས་དངོས་སུ་སྣང་ཕྱིར་རྫོགས་པའི་རིམ་པ་མངོན་སུམ་ཞེས་བྱའོ། །བཞི་པ་རང་བཞིན་དོན་ལྡན་གྱི་མཚན་ཉིད་ནི། མངོན་སུམ་རྗེས་དཔག་ཁྱད་ཆོས་ཀྱི་མཚན་ཉིད་ནི། བསྐྱེད་རིམ་ལ་ཁྱད་གཞི་རྣམ་རྟོག་གིས་བརྟག་པའི་ལྷ་སྐུ་ལ་ཁྱད་ཆོས་ཆོ་གའི་ཁྱད་པར་རྒྱལ་བས་སྔགས་རྒྱུད་ལས་གསུངས་པའི་བསྐྱེད་ཆོག་གི་རིམ་པར་ཚངས་བ། ངོ་བོའི་ཁྱད་པར་ཐུན་མོང་མ་ཡིན་པའི་ཞུ་བདེའི་ཆ་ཤས་དང་སྟོང་ཉིད་ཀྱི་རྒྱས་བཏབ་པ་དང་། བྱེད་ལས་ཀྱི་ཁྱད་པར་དག་རྫོགས་སྨིན་གསུམ་ཚངས་བར། རང་འབྲས་ཀྱི་ཁྱད་པར་སྔགས་ཀྱི་མཐུ་བསྐྱེད་པར་བྱེད་པ་ཏེ། ཁྱད་པར་བཞི་ལྡན་ནམ། འཇུག་པའི་ཁྱད་པར་སློབ་དཔོན་གྱི་བྱིན་གྱིས་བརླབས་པ་སྟེ། ཁྱད་པར་ལྔ་ལྡན་ནོ། །ཁྱད་པར་གཉིས་པ་དང་གསུམ་པ་ལ་ནི། བསྐྱེད་རིམ་གྱི་ཐུན་མོང་མིན་པའི་ཁྱད་ཆོས་དང་། གཞན་རྣམས་ནི་རྒྱུད་སྡེ་བཞི་ཡི་ལྷ་ཡི་རྣལ་འབྱོར་ཐམས་ཅད་ལ་དགོས་སོ། །རྫོགས་རིམ་ལ་ནི། ངོ་བོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ཁྱད་ཆོས། རྒྱུའི་ཁྱད་པར། བྱེད་ལས་ཀྱི་ཁྱད་པར། རྣམ་པའི་ཁྱད་པར་སྟེ་ཁྱད་པར་རྣམ་པ་གསུམ་དང་ལྡན་པའོ། ལྔ་པ་ཉམས་ལེན་

(༣༨)དེ་ལྟར་སྒྲུབ་པའི་དགོས་པ་ནི། ལས་ཆེན་བརྒྱད་དང་བཅུ་གཉིས་སོགས་ལས་ཚོགས་མཐའ་ཡས་པ་རྣམས་དང་། ཐུན་མོང་གི་དངོས་གྲུབ་གསུམ་ལས། དངོས་གྲུབ་ཆུང་ངུ་གྲུབ་པ་བརྒྱད་སོགས་དང་། འབྲིང་ལྷ་མིན་ནི་ཀླུ་སོགས་དང་སྐལ་པ་མཉམ་པས་ས་འོག་གི་རིག་འཛིན་དང་། གནོད་སྦྱིན་སྲིན་པོ་དྲི་ཟ་མིའི་ཅི་སོགས་དང་སྐལ་པ་མཉམ་པའི་ས་སྟེང་གི་རིག་འཛིན་དང་། འདོད་ལྷ་རིགས་དྲུག་སོ་སོ་དང་སྐལ་པ་མཉམ་པ་ས་བླའི། མཁའ་སྤྱོད་ཀྱི་རིག་འཛིན་ཏེ་གསུམ། དངོས་གྲུབ་ཆེན་པོ་འོག་མིན་གྱི་མཐར་ཐུག་པ་གཟུགས་ཁམས་གནས་རིགས་བཅུ་དྲུག་ལྷ་སོ་སོ་དང་སྐལ་པ་མཉམ་པའི་རིག་འཛིན་ཏེ། དེ་དག་སྒྲུབ་པ་གཙོ་བོར་བྱས་པས་རང་གཞན་བསོད་ནམས་རྒྱ་ཆེན་གསོག་པ་དང་། གང་ཟག་དབང་པོའི་ཁྱད་པར་ལས། ལ་ལ་བསྐྱེད་རིམ་མེད་པར་རྫོགས་རིམ་གྱི་རྟོགས་པ་བསྐྱེད་མི་ནུས་པའི་རིགས་ལ་རྫོགས་རིམ་གྱི་རྟོགས་པའི་རྒྱུད་སྦྱངས་ཀྱི་དོན་དང་། འགའ་ཞིག་རྫོགས་རིམ་ཁོ་ན་བསྒོམ་པས་ཡེ་ཤེས་སྐྱེ་རུང་ཙམ་ཡིན་ཀྱང་བསྐྱེད་རིམ་སྔོན་དུ་སོང་བའམ། སྦགས་ཏེ་བསྒོམ་ན་རྫོགས་རིམ་གྱི་ཡེ་ཤེས་མྱུར་དུ་སྐྱེ་བ་དང་བོག་ཆེ་བའི་རིགས་ཅན་ལ་རྫོགས་རིམ་མྱུར་བ་དང་ལྷག་པར་བསྐྱེད་པ་དང་། རྫོགས་རིམ་གྱི་

(༣༩)རྣལ་འབྱོར་པ་ལའང་བསྐྱེད་རིམ་གྱི་བགོས་འབྱིན་པའི་གནས་སྐབས་ཡོད་པས་བསྐྱེད་རིམ་བསྒོམ་པའི་དགོས་པའོ། རྫོགས་རིམ་བསྒོམ་པའི་དགོས་པ་ནི། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་གོ་འཕང་མངོན་དུ་བསྒྲུབ་པའི་ཕྱིར་རོ། །དྲུག་པ་གྲངས་དང་གོ་རིམ་ངེས་པ་ནི། རྣམ་རྟོག་བག་ཆགས་གིས་བཅིངས་ལ། ཐོག་མར་བརྟག་པའི་ཆོ་ག་བསྟན། རྣམ་རྟོག་རང་བཞིན་ཤེས་པ་ན། མི་རྟོག་པ་ལ་འཇུག་པར་བྱ། ཞེས་པ་ལྟར་གནས་ལུགས་ཀྱི་ལམ་ལ་འཇུག་པའི་སྔོན་དུ་བསྐྱེད་རིམ་གྱི་རྒྱུད་སྦྱང་བ་དང་། རྫོགས་རིམ་ཉིད་དངོས་གཞི་གནས་ལུགས་དངོས་བསྒོམ་པ་ལ་ལྟོས་ནས་བསྐྱེད་རྫོགས་གཉིས་སུ་བསྟན་པ་དང་། ཡང་། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། བདེན་པ་གཉིས་ལ་ཡང་དག་གནས། འཇིག་རྟེན་ཀུན་རྫོབ་བདེན་པ་དང་། དམ་པའི་དོན་གྱི་བདེན་པའོ། ཅེས་གསུངས་ལྟར། སྐྱེ་བ་ཀུན་རྫོབ་དང་འཆི་བ་དོན་དམ་བདེན་པ་ལམ་དུ་བྱས་ནས་དེ་དང་དེར་རྫོགས་པར་སྦྱངས་ཕྱིར་བསྐྱེད་རྫོགས་གཉིས་བསྟན་པ་དང་། ཐ་མལ་གྱི་རྣམ་རྟོག་གཞོམ་པའི་ཕྱིར་བསྐྱེད་པའི་རིམ་པ་དང་། གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་གཞོམ་པའི་ཕྱིར་རྫོགས་པའི་

(༤༠)རིམ་པ་བསྒོམས་པ་སྟེ་སྤང་བྱ་གཉིས་སུ་ངེས་པའི་ཕྱིར་དང་། གཞན་ཡང་། རྟེན་བརྟེན་པའི་སྒོ་ནས་གྲངས་གཉིས་སུ་ངེས་པ་དང་། ཚོགས་གཉིས་རྒྱུ་འབྲས་ཀྱི་སྒོ་ནས་གྲངས་གཉིས་སུ་ངེས་པ་སོགས་དགོས་པའི་དབང་དུ་གྱུར་པ་དག་གི་ངེས་པའོ། དེ་ལྟའི་རིམ་པ་གཉིས་ཀྱི་གོ་རིམ་གྱི་ངེས་པ་ནི། དབང་བཏུལ་ལས་དང་པོ་ས་འགའ་ཞིག་ཚེ་འདིར་རྫོགས་རིམ་གྱི་ཡེ་ཤེས་སྐྱེ་བའི་སྐལ་པ་དམན་པ་དང་། ཡོད་དུ་གྱུར་ཀྱང་བསྐྱེད་རིམ་སྔོན་སོང་མེད་པར་རྫོགས་རིམ་གྱི་རྟོགས་པ་མི་སྐྱེ་བའི་དབང་དུ་མཛད་ནས། དང་པོ་བསྐྱེད་རིམ་བརྟན་པ་མ་ཐོབ་བར་དུ་བསྒོམ། དེ་ནས་རྫོགས་རིམ་བསྒོམ་པ་སྟེ། རྟེན་བརྟེན་པའི་ཚུལ་གྱི་ཉམས་ལེན་དུ་གྲགས་ལ། དང་པོ་བསྐྱེད་རིམ་ཅུང་ཟད་བསྒོམ་ནས། ཕྱིས་བསྐྱེད་རྫོགས་སྦགས་ཏེ་བསྒོམ་པ་སྔོན་འགྲོ་དངོས་གཞིའི་ཚུལ་ཅན་དང་། དང་པོ་ཉིད་ནས་མཐུན་སྟོད་བསྐྱེད་རིམ་དང་། མཐུན་སྨད་རྫོགས་རིམ་བསྒོམ་པ་ལྟ་བུ་གཅིག་གྲོགས་གཅིག་ཏུ་གྱུར་པ་གྲོགས་དང་གྲོགས་ཅན་གྱི་ཚུལ་གྱིས་བསྒྲུབ་པ་རྣམས་ཏེ། དེ་རྣམས་ཀྱང་དང་པོར་བསྐྱེད་རིམ་དང་། རྗེས་རྫོགས་རིམ་བསྒོམ་པ་ཉིད་ཀྱི་ཚུལ་ལས་དབྱེ་བའོ། ཡང་ཤིཀ་རྱ་དམན་

(༤༡)པ་ཚེ་འདིར་རྫོགས་རིམ་གཏན་ནས་བསྒོམ་མི་ནུས་པ་དང་། ཚེ་འདིར་བསྐྱེད་རིམ་བསྒོམ་ཤིང་ཕྱི་མར་རྫོགས་རིམ་བསྒོམ་པ་སོགས་ཀྱང་ཡོད་ལ། སྤྱིར་གཏང་དུ་དཔེར་ན་ཞིང་པ་རྒོད་པོ་བཏུལ་ནས་དུལ་བར་བྱས་པའི་རྗེས་སུ་འབྲུ་བཟང་པོ་འདེབས་པར་བྱེད་པ་བཞིན་དུ། རྫོགས་རིམ་གྱི་སྔོན་དུ་བསྐྱེད་རིམ་མཐར་ ཕྱིན་པར་བྱེད་པའི། བསྐྱེད་རིམ་ཅི་རིགས་སྔོན་དུ་བསྒོམ་པ་ཡིན་ལ། འདིར་དཔལ་ནཱ་རོ་སའི་རྗེས་འབྲང་རང་ལུགས་བརྒྱུད་པའི་ཕྱག་སྲོལ་ནི། ཐུན་སྟོད་སྨད་དམ། བསྐྱེད་རིམ་རྫོགས་འབྲེལ་ཆགས་པུ་བསྒོམ་པ་ཉིད་གཙོ་བོར་མཛད་དོ། ནམ་ཞིག་བསྐྱེད་རིམ་ལ་དབང་འབྱོར་བའི་བརྟན་པ་ཐོབ་པ་དང་ལྷན་ཅིག་རྫོགས་རིམ་གྱི་ཡེ་ཤེས་སྐྱེ་བ་དུས་མཉམ་དུ་འབྱུང་ངོ་། །འདི་ནི་རྫོགས་རིམ་ས་བོན་ལྟ་བུ་དང་། བསྐྱེད་རིམ་བསྒོམ་པ་ཆུ་ལུད་ལྟ་བུའི་དཔེར་ཡང་སྦྱར་རོ། །དེ་ཡང་རིམ་གཉིས་མཉམ་དུ་བསྒོམ་མི་བསྐྱེད་རིམ་ཤས་ཆེ་ཙམ་བསྒོམ་ཀྱང་། རྫོགས་རིམ་ཉིད་གཙོ་བོར་བསྒོམ་པར་འགྲོ་སྟེ། རྒྱལ་རིགས་གཅིག་སྐྱེ་བོ་མང་པོ་དང་ལྷན་དུ་འཛོམས་ཡང་། རྒྱལ་རིགས་ཉིད་གཙོ་བོར་འགྱུར་བར་བཞིན་ནོ། །བདུན་པ་དབང་ལམ་འབྲུའི་རྣམ་བཞག་ནི།

(༤༢)དབང་གི་ཇི་ལྟར་སྨིན་པ་ལྟར་དེ་དང་རྗེས་སུ་མཐུན་པའི་ལམ་བསྒོམ་པས་འབྲས་བུ་ཡང་དེ་དང་མཐུན་པར་འགྲུབ་ལ། ལམ་ཉིད་ལ་བསྐྱེད་རིམ་གྱི་ཡན་ལག་ཇི་ལྟར་བསྒོམ་པས་དེ་ཐམས་ཅད་རྫོགས་རིམ་གྱི་ཡེ་ཤེས་སྐྱེ་འགྱུར་གྱི་རྒྱུད་སྦྱངས་ཐབས་སུ་འགྲོ་བར་ཤེས་དགོས་ཏེ། དེ་དག་ཏུ་རིམ་པ་བཞིན་རྒྱས་པར་འཆད་འགྱུར་གྱི་ཤེས་པས་འདིར་རྒྱས་པར་མི་སྤྲོའོ། །ཟབ་དང་རྒྱ་ཆེའི་གསང་ཆེན་རྡོ་རྗེའི་ཚིག །མ་ནོར་གསལ་བར་ཇི་བཞིན་སྨྲ་བ་ལ། གཞན་དང་གཞན་གྱི་འགྲན་ཟླས་དབེན་འདི་ཡིས། བསམ་གྱིས་སྒྲུབ་རྒྱུད་མཆོག་འདིར་སྙིང་ནས་དད། ༈ གཉིས་པ་བྱེ་བྲག་སྒྲུབ་ཐབས་ཀྱི་རྣམ་བཞག་རྒྱས་པར་འཆད་པ་ལ། གང་གི་སྒྲུབ་པའི་གང་ཟག་དང་། གང་དུ་སྒྲུབ་པའི་གནས་དང་ཇི་ཙམ་བར་དུ་སྒྲུབ་པའི་དུས་དང་། ཇི་ལྟར་སྒྲུབ་པའི་ཐབས། དེ་ལྟར་བསྒྲུབ་པའི་འབྲས་བུ་སྟེ་ལྔ་ལས། དང་པོ་གང་ཟག་ནི། རྒྱུད་སྡེ་དབྱིས་ནས་གསུངས་པའི་སློབ་མའི་མཚན་ཉིད་ཀུན་ཚངས་བར་དང་། ཁྱད་པར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཞིང་། འཁོར་བའི་རྒྱ་མཚོ་མཐའ་མེད་པར་བྱིངས་བའི་འགྲོ་རྣམས་བྱང་ཆུབ་མཆོག་ལ་འགོད་པར་སྤྲོ་བའི་ཁུར་ཅན། རྡོ་རྗེ་ཐེག་པའི་ཚུལ་ལ་

(༤༣)ལྷག་པར་མོས་པ། དཔལ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་ཏེ་དབང་བསྐུར་བ་ཚུལ་ལྡན་དུ་ཐོབ་ཅིང་། རྩ་བའི་ལྟུང་བ་ཕྱོགས་མཐུན་དང་བཅས་པས་མ་གོས་པ། ཉི་ཤུ་ཉེར་ལྔ་སོགས་ཀྱི་དམ་ཚིག་དང་སྡོམ་པ་ལ་ལེགས་པར་གནས་པ་སྟེ་ཡན་ལག་བཞི་ཚངས་བའི་བསྐྱེད་བསྒོམ་རུང་ཙམ་ལ་རིག་དབང་ལྔ་ཐོབ་པ་ཙམ་གྱིས་ཆོག་ལ། དག་བྱ་དག་བྱེད་ཁྱད་པར་ཅན་སྦྱར་ཏེ་བསྒོམ་ན་བསྐྱེད་རིམ་འབའ་ཞིག་བསྒོམ་རུང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དག་ཐོབ་ཅིང་གོ་བ་ཞིག་དགོས་སོ། །གཉིས་པ་གནས་ནི། སྤྱི་ཡི་དབང་དུ་བྱས་ལ། གང་ན་ས་སྐྱོང་ཆོས་ལྡན་ཞིང་། གང་ཞིག་ཁོ་ན་སྐྱེ་དགུ་རྣམས། བདེར་གནས་པ་འཛིན་རྩོད་པ་མེད། དེར་ནི་རྣལ་འབྱོར་ཡང་དག་བརྩམ། ཅེས་པ་ལྟར་དང་། རྩ་རྒྱུད་ལས། རི་བོ་ཚང་ཚིང་སྨན་ལྗོངས་དང་། ཆུ་བོ་ཆེན་པོའི་ངོགས་དག་གི། གདོད་ནས་གྲུབ་པའི་དུར་ཁྲོད་དེ། དེར་ནི་དཀྱིལ་འཁོར་བྲི་བར་བྱ། ཞེས་དཀྱིལ་འཁོར་བྲི་བའི་གནས་དེ་ཉིད་དང་པོར་བསྒོམ་པ་དང་། བསྙེན་པ་སོགས་སུའི་གནས་སུ་ཡང་དགོངས་སོ། །དེ་ཡང་གཙོ་བོར་སྒྲུབ་པའི་གནས་སུ་གསུངས་པ་སྟེ།

(༤༤)མངོན་བརྗོད་བ་མ་ལས། རི་སུལ་དང་ནི་རི་རྩེ་དང་། ཆུ་བོའི་ངོར་དང་འདུས་པ་དང་། རྒྱ་མཚོ་ཆེན་པོའི་འགྲམ་དག་ཏུ། ཤིང་གཅིག་དང་ནི་ཞི་བའི་གནས། མ་མོའི་ཁྱིམ་མི་དུར་ཁྲོད་དམ། སྣ་ཚོགས་སྐྱེད་མོའི་ཚལ་མཆོག་གི །ལྷ་ཁང་དང་ནི་མཆོད་རྟེན་ནམ། ཁྱིམ་མི་གཞི་མེད་དག་ཏུ་ནི། སྒྲུབ་པ་པོ་ཡིས་སྦྱོར་བསྒྲུབ་ན། འདོད་པ་ཀུན་གྱིས་འབྲས་བུ་གསོལ། གནས་ནི་བརྟག་པར་བྱས་པའི། ཡིད་ནི་གང་དུ་དགའ་བ་དེར། སྣ་ཚོགས་བདེ་མཆོག་དམ་པ་དེ། དེ་རུ་བསྒྲུབ་ན་དངོས་གྲུབ་འབྱུང་། དབྱེ་བ་དུ་མས་བསྒོམ་པ་ནི། གདུལ་བྱའི་བསམ་པ་དབང་གིས་སོ། །ཞེས་གསུངས་སོ། །རྒྱུན་གྱི་ཉམས་ལེན་དང་བསྙེན་པའི་སྐབས་སུ། གནས་ངེས་པར་མི་དགོས་ཏེ་ཡིད་དགའ་ཞིང་ཉེར་འཚེ་མེད་པར་དེར་བསྒོམ་མོ། གསུམ་པ་དུས་ནི་མཐའ་གཅིག་ཏུ་མ་ངེས་ཀྱང་། ཐུན་མོང་གི་དངོས་གྲུབ་དང་། ལས་ཕྲ་མོ་ཙམ་ལ་ནི་ལྷ་ཡི་གསལ་སྣང་ལ་བརྟན་པ་མ་ཐོབ་བར་དུ། ལས་ཕལ་པ་ཙམ་སྒྲུབ་པ་ལ་ནི། དམ་ཚིག་གི་ལྡན་ཞིང་དམིགས་པ་ལ་ཡིད་ཤུག་དྲག་པོ་ཡོད་ན་གསལ་སྣང་ལ་བརྟན་པ་མ་ཐོབ་

(༤༥)ཀྱང་སྔགས་བྱེ་བ་སོགས་ཀྱིས་འགྲུབ་པས་དེ་སྲིད་དུ་བསྒོམ་པར་བྱའོ། བཞི་པ་ཇི་ལྟར་སྒྲུབ་པའི་ཐབས་ལ་གང་གི་སྒྲུབ་པའི་ཐབས་ཆོ་གའི་རིམ་པ་དང་གང་བསྒྲུབ་པར་བྱ་བའི་ཡུལ་དཀྱིལ་འཁོར་གྱི་རབ་ཏུ་དབྱེ་བའོ། དང་པོ་ལ་ཡང་སྒྲུབ་ཐབས་ཀྱི་འཆིངས་ཟུར་ཙམ་ཡང་སྨོས་པ་དང་། སྒྲུབ་ཐབས་དངོས་སྨོས་པའོ། དང་པོ་ལ་ཡང་། རྒྱུད་འདི་སྐོར་དུ་གསུངས་པའི་ཐུན་མོང་མ་ཡིན་པའི་ཆིངས་པ་ལ། རྣལ་འབྱོར་དགུ་ཡི་འཆིངས་ནི། ཀུན་སྤྱོད་ལས། གནས་དང་ལྡང་བ་ཉིད་དང་ནི། འཇུག་དང་རྫོགས་པར་བྱ་བ་དང་། བྱིན་གྱིས་རླབས་དང་དབང་བསྐུར་དང་། ཏིང་འཛིན་མཆོད་པ་ཉེར་བར་བསྡུ། ཞེས་གསུངས་ཤིང་། མངོན་བརྗོད་བླ་མ་ལས་ཀྱང་དེ་དང་འདྲ་བར་བསྟན་ཏེ། དེ་ལ་གནས་པའི་རྣལ་འབྱོར་ནི། ཚོགས་བསོགས་བསྲུང་འཁོར་གཞལ་ཡས་ཁང་། གདན་དང་བཅས་པ་ཡན་ཆད་བསྐྱེད་པའོ། ལྡང་བའི་རྣལ་འབྱོར་ནི། དཀྱིལ་འཁོར་གྱི་ལྷ་དམ་ཚིག་པ་བསྐྱེད་པའི་སྐོར་རྣམས་སོ། །འཇུག་པ་ནི། ཕོ་ཉ་གསུམ་བསྲེ་བ་དང་། ཡེ་ཤེས་པ་བཞུགས་པའི་སྐོར་རོ། །རྫོགས་པའི་རྣལ་འབྱོར་ནི། ལུས་དཀྱིལ་དང་། བྱིན་གྱིས་རློབས་པའི་རྣལ་འབྱོར་ནི་གོ་ཆ་

(༤༦)གཉིས་དང་། སྐུ་གསུང་ཐུགས་སོགས་བྱིན་གྱིས་རློབ་པའོ། དབང་བསྐུར་རྣལ་འབྱོར་ནི། ལྷ་ལ་དབང་བསྐུར་བའོ། །ཏིང་ངེ་འཛིན་གྱི་རྣལ་འབྱོར་ནི། དག་དྲན་དང་ལྷ་སྐུ་དང་ང་རྒྱལ་ལ་མཉམ་པར་འཇོག་པ་དང་། ཕྲ་ཐིག་གི་རྣལ་འབྱོར་རོ། །མཆོད་པ་ནི། སྔགས་མཆོད་དང་ཕྱི་ནང་གསང་བ་དང་བསྟོད་པའི་མཆོད་པ་སོགས་སོ། ཉེ་བསྡུ་ནི། ཉེར་བསྡུ་ཐུན་མཚམས་ལ་འཇུག་པའོ། །དེ་ལྟར་ན་གནས་པའི་རྣལ་འབྱོར་དང་། ལྡང་བའི་རྣལ་འབྱོར་དང་། འཇུག་པའི་རྣལ་འབྱོར་དང་། རྫོགས་པའི་རྣལ་འབྱོར་དང་། བྱིན་གྱིས་རློབ་པའི་རྣལ་འབྱོར་དང་། དབང་བསྐུར་བའི་རྣལ་འབྱོར་དང་། ཏིང་ངེ་འཛིན་གྱི་རྣལ་འབྱོར་དང་། མཆོད་པའི་རྣལ་འབྱོར་དང་། ཉེ་བར་བསྡུ་བའི་རྣལ་འབྱོར་ཏེ། རྣལ་འབྱོར་དགུའོ། སྐུ་གསུམ་ལམ་བྱེད་ཀྱི་རིམ་པ་ནི། ཕྱི་དཀྱིལ་འཁོར་བསྒོམ་པས་རག་པའི་ལུས་རྣམ་པར་དག་པར་བྱེད་པ་སྤྲུལ་སྐུ་ལམ་བྱེད། ལུས་དཀྱིལ་བསྒོམ་པ་ཕྲ་བའི་ལྷ་སྐུའི་ངོ་བོ་ངག་རླུང་དག་བྱེད་དང་། བདེ་བའི་རྒྱུ་ཡིན་པས་ལོངས་སྐུ་ལམ་དུ་བྱེད། བྱང་ཕྱོགས་ཀྱི་དག་པ་དྲན་པ་ཆོས་ཉིད་ཀྱི་དོན་བསམ་པ་ཡིན་པའི་ཕྱིར་ཆོས་སྐུ་ལམ་བྱེད་དེ། དེ་ཡང་། རྣལ་འབྱོར་མ་ཀུན་སྤྱོད་ལས། ཕྱི་དཀྱིལ་ཆོ་ག་ཡེ་ཤེས་སྤྱན་འདྲེན་རྗེས་ཆགས་སུ་རྣམས་གསུངས་པའི་རྗེས་སུ་དེ་ནི་སྤྲུལ་

(༤༧)པར་ཤེས་བྱ་སྟེ། previous hit ལོངསསྤྱོདརྫོགས་པར་འདོད་ next hit་ཉོན། ཞེས་གསུངས། ཡང་། སུ་ལ་སོགས་པ་ཡང་དག་སྦྱར། ཡུལ་དང་ཡུལ་དུ་རྣམ་པར་གནས། ཧེ་རུ་ཀ་དཔལ་བདག་ཉིད་འགོད། ཡི་གེ་ཉི་ཤུ་རྩ་བཞི་ནི། previous hit ལོངསསྤྱོདརྫོགས next hit་ཤེས་བྱ་སྟེ། ཅེས་དང་། ཆོས་དང་ལོངས་སྤྱོད་སྤྲུལ་པ་ཡི། སྐུ་གསུམ་དག་ནི་རྣམ་བསྒོམ་པ། བྱང་ཆུབ་ཕྱོགས་ཆོས་སུམ་བཅུ་བདུན། དེ་ནི་ངེས་པར་འབྱུང་བར་འགྱུར། ཞེས་གསུངས་པ་རྣམས་ཡིན་ནོ། །ཡང་མཁྱེན་པ་གསུམ་ལམ་དུ་བྱེད་པ་ནི། མངོན་བརྗོད་ལས། བསྐྱེད་པའི་རིམ་པའི་སྦྱོར་བ་ཡི། སྒོམ་པ་ཡིས་ནི་བསྒོམ་པར་བྱ། ཐམས་ཅད་ཤེས་པ་ཉིད་དང་ནི། དེ་བཞིན་ལམ་ཀུན་ཤེས་པ་སྟེ། ཨཱ་ལི་ཀཱ་ལི་རབ་སྦྱོར་བས། བདག་ཉིད་ཧེ་རུ་ཀར་བསྒོམ་བྱ། ཅེས་གསུངས་ཏེ། ཅེས་གསུངས་ཏེ། གཙོ་བོ་འཁོར་འདས་པའི་ཕྱི་དཀྱིལ་དམ་ཚིག་པ་བསྐྱེད་པ་དང་། གོ་ཆ་དང་དབང་བསྐུར་རྒྱས་བཏབ་དང་། ཡེ་ཤེས་སྤྱན་འདྲེན་དང་། མཆོད་བསྟོད་རྣམས་ནི་རྣམ་མཁྱེན་ལམ་བྱེད་དེ། ཡེ་ཤེས་ལྔའི་རང་བཞིན་མངོན་བྱང་ལྔ་དང་། འཆི་བར་སྐྱེ་གསུམ་དག་པའི་སྐུ་གསུམ་ལམ་དུ་བྱེད་ཅིང་། ཕྲིན་ལས་

(༤༨)མཛད་པ་དང་བཅས་པ་ལམ་དུ་བྱེད་པའི་ཕྱིར་རོ། །ལུས་དཀྱིལ་གཙོ་བོར་གྱུར་པ་དང་། ཕྱི་དཀྱིལ་ལ་ཡང་སྟེ་རྩ་ཁམས་ཡུལ་ཉེར་བཞི་དང་བཅས་པའི་དག་པར་བསྒོམ་པ་ནི་ལམ་ཤེས་པ་ཉིད་ལམ་བྱེད་དེ། ལམ་དང་འབྲས་བུའི་ས་བཅུའི་རྣམ་པ་ལམ་བྱེད་ཉིད་ཀྱིས་སོ། །བྱང་ཕྱོགས་ཀྱི་དག་པ་དྲན་པ་ནི། གཞི་ཤེས་པ་ཉིད་ལམ་བྱེད་དེ། གཞི་ཤེས་ཀྱི་ངོ་བོ་ཉིད་ཀྱང་བྱང་ཕྱོགས་ཁོ་ན་ཉིད་ཡིན་པས་སོ། །ཡང་དེ་ཁོ་ན་ཉིད་བཅུ་བཞིར་བསྡུས་པ་ཡང་ཡིན་ཏེ། དེ་ལྟར་ཡང་། རྩ་བའི་རྒྱུད་ལས། གོས་དང་ཕྱག་རྒྱ་ལྔ་ལ་སོགས། ཤེས་རབ་ཡན་ལག་ཕུར་བུ་དྲྭ། ཨཱ་ལི་ཀཱ་ལི་ཞེས་བརྗོད་པས། རྒྱུ་སོགས་སྟོང་པ་སྔོན་འགྲོ་བ། འཇུག་པ་སྒྲ་ལ་སོགས་པ་ནས། ཇི་སྲིད་བསྡུས་པའི་སྦྱོར་ལྡན་པ། བདུད་རྩི་ཚིམ་བྱེད་མྱ་ངན་འདས། ལག་པའི་མཆོད་པ་དབང་བསྐུར་བ། གོ་ཆ་ཆེན་པོའི་ཡང་དག་བསྲུང་། སྔགས་ཀུན་གྱི་ནི་མཆོད་པ་ཡིན། དེ་ལྟར་དེ་ཉིད་བཅུ་བཞི་ནི། མདོར་བསྡུས་ནས་ནི་བཤད་པ་ཡིན། དེ་ཡང་བསྐྱེད་རིམ་ཁོ་ན་ལ། བལྟོས་པའི་དེ་ཉིད་བཅུ་བཞི། རྫོགས་རིམ་ཁོ་ན་ལ། བལྟོས་པའི་དེ་ཉིད་བཅུ་བཞི། རྒྱུད་དོན་ཡོངས་རྫོགས་

(༤༩)བསྡུས་པའི་དེ་ཉིད་བཅུ་བཞི་སྟེ་གསུམ་ཡིན་ནོ། །དང་པོ་ལ། གོས་ཀྱི་དེ་ཉིད་སྟག་ལྤགས་སོགས་གོས་དང་། རྟེན་དཀྱིལ་འཁོར་བསྒོམ་པ་སྟེ། གོས་ཀྱི་སྐད་དོད་བཱ་ས་ན་གནས་ལ་ཡང་འཇུག་པས་སོ། །ཕྱག་རྒྱ་ལྔའི་དེ་ཉིད་ནི་དེའི་དག་པ་དྲན་པའོ། །ཤེས་རབ་ཡན་ལག་གི་དེ་ཉིད་ནི། སྒྲུབ་གྲོགས་ཤེས་རབ་མ་དང་། སྔོན་འགྲོ་སྟོང་ཉིད་བསྒོམ་པའོ། ཕུར་བུའི་དྲྭ་བ་ནི། སྲུང་འཁོར་གྱི་དེ་ཉིད་དོ། ཨཱ་ལི་ཀཱ་ལིའི་དེ་ཉིད་ནི། ལཱུ་ཡི་པ་ལྟ་བུ་མངོན་བྱང་ལྔ་བསྐྱེད་ལྟར་ན། མངོན་བྱང་གཉིས་དང་པོ་ཡིན་ལ། རྒྱུ་སོགས་སྟོང་པ་སྔོན་དུ་འགྲོ་བ་ནི། ཡེ་ཤེས་ཚོགས་གསོག་དང་དག་པ་གསུམ་བསྒོམ་པ་རྣམས་སོ། །འཇུག་པ་སྒྲ་སྟེ་ནཱ་ད་འཇུག་པའི་དེ་ཉིད་ནི་བར་དོ་སྦྱོངས་བྱེད་ན་དའི་ཧཱུྃ་བསྐྱེད་པ་དང་། རྒྱུ་རྡོ་རྗེ་འཛིན་པ་ཞུ་བའི་སྐབས་དང་། དཀྱིལ་འཁོར་རྒྱལ་ཆོག་གི་སངས་རྒྱས་རྣམས་སྐུ་ལ་བཅུག་ཅིང་ཞུ་བའི་སྐབས་སྟེ་གསུམ་མོ། །འབྲུ་རྡོ་རྗེ་འཛིན་པ་བསྐྱེད་ཅིང་བྱིན་རླབས་ཀྱི་རྣལ་འབྱོར་བྱེད་པ་དང་། འཁོར་གྱི་ལྷ་ཚོགས་བསྐྱེད་པ་དང་། ཡེ་ཤེས་པ་བསྟིམ་པ་ནི་བསྡུས་པའི་དེ་ཉིད་དོ། བདུད་རྩི་ཚིམ་བྱེད་ཀྱི། དེ་ཉིད་ནི་མཆོད་པ་དང་བསྟོད་པའོ། བྱང་ཕྱོགས་ཀྱི་

(༥༠)དག་དྲན་དང་ཉེར་བསྡུ་ནི་མྱ་ངན་ལས་འདས་པའི་དེ་ཉིད་དོ། །དབང་གི་དེ་ཉིད་ནི་ལྷ་ལ་དབང་བསྐུར་བའོ། གོ་ཆ་ཆེན་པོའི་དེ་ཉིད་ནི་ལུས་དཀྱིལ་ལོ། །སྔགས་མཆོད་ཀྱི་དེ་ཉིད་ནི་བཟླས་པའོ། ལག་མཆོད་ཀྱི་དེ་ཉིད་ནི་ཐུན་མཚམས་ཀྱི་བྱ་བའོ། གཉིས་པ་ལ། གནས་ཀྱི་དེ་ཉིད་ནི། རྩ་འཁོར་ལ་སོགས་པ་ལུས་ཀྱི་གནས་སོ། །ཕྱག་རྒྱ་ལྔའི་དེ་ཉིད་ནི་རིག་པའི་བཏུལ་ཞུགས་ཀྱི་སྤྱོད་པའོ། ཤེས་རབ་ཡན་ལག་གི་དེ་ཉིད་ནི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རྣལ་འབྱོར་རོ། །བསྲུང་འཁོར་གྱི་དེ་ཉིད་ནི། དབབ་བཟློག་གི་སྒོ་ནས་བྱང་ཆུབ་ཀྱི་སེམས་འཆིང་བའོ། ཨཱ་ལི་ཀ་ལིའི་དེ་ཉིད་ནི་རོ་རྐྱང་གི་རླུང་དང་སྲོག་ཐུར་དབུ་མའི་ཐིག་ལེར་འཆིང་བའོ། སྟོང་པ་སྔོན་འགྲོ་བའི་དེ་ཉིད་ནི་རྣལ་འབྱོར་མི་རྟོག་པ་ལས་སྟོང་པའི་གསལ་སྣང་ཤར་བའོ། ནཱ་ད་འཇུག་པའི་དེ་ཉིད་ནི་ཡེ་ཤེས་ཀྱི་གཏུམ་མོ་འབར་བའོ། བསྡུས་པའི་དེ་ཉིད་ནི་འབྱུང་བ་རྣམས་འོད་གསལ་དུ་ཐིམ་པའོ། བདུད་རྩི་ཚིམ་བྱེད་ནི་རྣམ་མེད་ཕྱག་ཆེན་གྱི་བདེ་བ་འཕེལ་བའོ། མྱ་ངན་ལས་འདས་པའི་དེ་ཉིད་ནི་གསང་རིམ་གྱི་ས་བཅུ་གཉིས་ལ་ཟུང་འཇུག་གི་སྐུ་ཡི་ཆ་ཤས་རྣམས་གྲུབ་པའོ། ལག་མཆོད་ཀྱི་དེ་ཉིད་

(༥༡)ནི་ཕྱག་རྒྱ་ཆེན་མོ་རྣམ་བཅས་ལ། བརྟེན་ནས་ལས་ཀྱི་ཕྱག་རྒྱ་བསྒྲུབ་པས། ཕུང་ཁམས་སྐྱེ་མཆེད་རྣམས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་བདེ་བ་སྒྲུབ་པའོ། །དབང་བསྐུར་བའི་དེ་ཉིད་ནི་ཡས་བབས་ཀྱི་ས་གཞི་ལ་སོགས་པ་རྫོགས་རིམ་གྱི་དགའ་བ་བཞི་ཐམས་ཅད་དང་། གོ་ཆ་ཆེན་པོའི་དེ་ཉིད་ནི་ཡུལ་ཉེར་བཞིའི་རླུང་དབུ་མར་ཐིམ་པའི་ཡེ་ཤེས་དང་སྔགས་ཀྱི་དེ་ཉིད་ནི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། དེ་ཉིད་ལེགས་པར་མཚོན་ནུས་པའི་ཞུ་བདེ་འཇག་མེད་རྣམས་སོ། །གསུམ་པ་ནི། བསྙེན་པའི་གནས་དང་། སྒྲུབ་པའི་གནས་དང་། ལས་སྦྱོར་གྱི་གནས་སོ་སོར་བ་ཐམས་ཅད་དང་། བསྒོམ་པའི་གཞལ་མེད་ཁང་པ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སོགས་པ་དབྱིབས་སུ་བཀོད་པའི་དཀྱིལ་འཁོར་རྣམས་ཀྱང་དམིགས་པའི་རྟེན་ཡིན་པའི་ཕྱིར་གནས་ཀྱི་དེ་ཉིད་ཅེས་བྱའོ། །ཕྱག་རྒྱ་ལྔ་ལ་སོགས་པ་མི་འབྲལ་བའི་དམ་ཚིག་དང་། སྲུང་བའི་དམ་ཚིག་དང་། མཉམ་རྗེས་ཀྱི་དམ་ཚིག་ལ་སོགས་པ་དང་། རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་རྣམས་ནི་འདའ་བར་མི་བསྐྱོད་པའི་ཕྱིར་ཕྱག་རྒྱ་ལྔའི་དེ་ཉིད་དོ། །ཐུན་མོང་དང་ཐུན་མོང་མ་ཡིན་པ་སྟོང་པ་ཉིད་ཀྱི་སྒོམ་པའི་ཁྱད་པར་དང་། ལས་ཀྱི་ཕྱག་རྒྱ་དང་། ཕོ་

(༥༢)ཉ་མོ་རྣམས་ཀྱི་མཚན་ཉིད་དང་བརྡའ་དང་བརྟེན་ཚུལ་ལ་སོགས་པ་ནི་ཤེས་རབ་ཡན་ལག་དེ་ཉིད་དོ། །སྲུང་བ་དང་། བཟློག་པ་དང་། དྲག་པོའི་ལས་ཀྱི་སྦྱོར་བ་ཇི་སྙེད་པ་རྣམས་དང་། ཕྱུག་སྒྲུབ་པ་དང་། རོ་ལངས་སྒྲུབ་པ་དང་། སྐྱེ་བ་བདུན་པ་ལ་སོགས་པ་དཔའ་བོའི་རིམ་པའི་ལས་ཐམས་ཅད་ནི་སྲུང་འཁོར་གྱི་དེ་ཉིད་དོ། །ཨཱ་ལི་ཀཱ་ལིས་མཚན་པ་རིན་ཆེན་བཞི་ལ་སོགས་པའི་སྔགས་རྣམས་དང་། སྔགས་དེའི་ཆོ་གས་བསྐྱེད་པའི་ཚུལ་སྐད་ཅིག་ལས་བསྐྱེད་པ་དང་། མངོན་བྱང་ལྔ་ལས་བསྐྱེད་པ་དང་། གླུས་བསྐུལ་བ་ལ་སོགས་པ་སྐྱེ་བ་སྤྲུལ་སྐུ་ལམ་བྱེད་ཀྱི་ལྷའི་བསྐྱེད་ཆོག་དང་། རླུང་དབུ་མར་འཇུག་བྱེད་ཀྱི་རྫོགས་རིམ་ཐམས་ཅད་ཨཱ་ལི་ཀཱ་ལིའི་དེ་ཉིད་དོ། བསྐྱེད་རིམ་གྱི་འཆི་བ་ཆོས་སྐུ་ལམ་ཁྱེར་ཐམས་ཅད་དང་རྫོགས་རིམ་གྱི་ཕུང་ཁམས་འོད་གསལ་དུ་བསྡུ་བའི་ཚུལ་ཐམས་ཅད་ནི་སྟོང་པའི་དེ་ཉིད་དོ། བསྐྱེད་རིམ་གྱི་བར་དོ་ཐམས་ཅད་དང་རྫོགས་རིམ་གྱི་གཏུམ་མོ་འབར་བ་ཐམས་ཅད་ནི་སྒྲའི་དེ་ཉིད་དོ། མཆོད་པ་དང་། སྦྱིན་སྲེག་དང་། གཏོར་མ་དང་། ཚོགས་ཀྱི་འཁོར་ལོ་དང་། རྫོགས་རིམ་གྱི་དགའ་བཞིའི་ཡེ་ཤེས་དང་། དངོས་གྲུབ་བཅུད་ལེན་གྱི་སྦྱོར་བ་ཐམས་ཅད་ནི་བདུད་རྩི་ཚིམ་

(༥༣)བྱེད་དེ་ཉིད་དོ། །བསྐྱེད་རིམ་གྱི་དག་པ་དྲན་པ་དང་། རྫོགས་པའི་རིམ་པ་ལ་རྗེས་ཐོབ་ཀྱི་ཡེ་ཤེས་ཕྱོགས་མཐུན་དང་བཅས་པ་གང་ཡིན་པ་དེ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་དེ་ཉིད་དོ། །གཡོན་པའི་ཀུན་སྤྱོད་ལ་སོགས་པའི་ཐུན་མོང་མ་ཡིན་པའི་དམ་ཚིག་བརྒྱད་དང་། རྫོགས་རིམ་ལ་ཕྱག་རྒྱ་བསྟེན་པ་ནི་ལག་མཆོད་ཀྱི་དེ་ཉིད་དོ། །སློབ་མ་ལ་དབང་བསྐུར་བ་དང་། ལྷ་ལ་རབ་ཏུ་གནས་པ་དང་། བདག་ཉིད་དབང་བླང་བ་དང་། ཉེ་རྒྱུའི་དབང་བསྐུར་རྣམས་ནི་དབང་གི་དེ་ཉིད་དོ། །ལུས་ཀྱི་དཀྱིལ་འཁོར་དང་རྫས་སྔགས་ཕྱག་རྒྱའི་གོ་ཆ་ཐམས་ཅད་དང་། ཁྲོ་བོ་ཆེན་པོའི་རྣལ་འབྱོར་རྣམས་དང་། བྱམས་པ་དང་། བཟོད་པ་དང་། སྟོང་ཉིད་བསྒོམ་པ་ལ་སོགས་པས་མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པ་དང་ལམ་གྱི་གེགས་སེལ་བ་དང་། བོག་དབྱུང་བ་ཐམས་ཅད་ནི་གོ་ཆ་ཆེན་པོའི་དེ་ཉིད་དོ། དེ་དག་ཏུ་མ་གཏོགས་པའི་ལས་ཆེན་བཅུ་གཉིས་སོགས་ལས་ཚོགས་དང་། ཐུན་མོང་གི་དངོས་གྲུབ་མཐའ་ཡས་རྒྱུན་གྱི་སྦྱོར་བ་གང་ཡིན་པ་དེ་ནི་སྔགས་ཀྱི་མཆོད་པའི་དེ་ཉིད་ཅེས་བྱའོ། །དེ་ལྟར་ན་དེ་ཉིད་བཅུ་བཞིའི་འཇོག་ཚུལ་སྡེ་ཚན་གསུམ་ལས། བསྐྱེད་རིམ་གྱི་ཆིངས་ཀྱི་

(༥༤)སྐབས་འདིར་དང་པོ་ཉིད་ངོས་བཟུང་བར་བྱའོ། །གཞན་ཡང་སྐུ་གསུམ་ལམ་བྱེད་དང་། རྣལ་འབྱོར་བཞི་དང་། རིགས་པ་རྣམ་བཞི་ལམ་དུ་བྱེད་པའི་ཆིངས་སོགས་རྒྱུད་གཞན་དང་ཐུན་མོང་གི་ཆིངས་རྣམས་ནི་གཞན་དུ་ཤེས་པར་བྱ་བ་ལས་མ་སྤྲོས་སོ། ༈ གཉིས་པ་ལ་སྒྲུབ་ཐབས་དངོས་རྒྱས་པར་སྨོས་པ་ནི། མཉམ་བཞག་གི་རྣལ་འབྱོར་དང་། མཉམ་ལངས་ཀྱི་རྣལ་འབྱོར་གཉིས། དང་པོ་སྔོན་འགྲོ་དང་དངོས་གཞི་གཉིས། དང་པོ་སྔོན་འགྲོ་འགལ་རྐྱེན་སྤང་བ་དང་། མཐུན་རྐྱེན་སྒྲུབ་པ་གཉིས། དང་པོ་ལ་རྐྱེན་བསོད་ནམས་ཚོགས་བསོགས་དང་། རྒྱུ་ལམ་ཁྱེར་གཉིས་སོ། །དང་པོ་ནི། སྒྲུབ་པོར་གནས་པའི་ས་དེར་ནུབ་མོ་ཉལ་བའི་རྣལ་འབྱོར་གྱིས་གཉིད་ལོག་པའི་ངང་ནས་ནམ་མཁར་གནས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་སྔགས་དང་ཌཱ་མ་རུའི་སྒྲས་འོད་གསལ་ལས་རྐྱེན་བསླང་བར་བསམ་ཏེ་གཉིད་ལས་ལངས་ནས། ཨོཾ་སརྦ་བཱི་ར་ཡོ་གི་ནི་ནཻ་ཀ་ཡ་ཝཱཀ་ཙིཏྟཾ་པྲ་ཎ་མེ་ཎ་བཛྲ་བྷནྷ་ནཻ་ཀ་རོ་མི། ཞེས་དཔལ་ཧེ་རུ་ཀ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱས་ལ། ཁྲུས་ཀྱི་རྣལ་འབྱོར་དབང་བསྐུར་བའི་དམིགས་པ་ལྟར། བུམ་ཆུས་ཁྲུས་བྱ་བ་ཕྱིའི་ཁྲུས་དང་། རྡོ་རྗེའི་ཆུའམ་ཡི་གེ་བརྒྱ་བའི་

(༥༥)བསྒོམ་བཟླས་ཀྱི་ནང་གི་ཁྲུས་ཀྱང་བྱ་སྟེ། མངོན་སྤྱོད་ཉེར་དྲུག་པ་ལས། རྣལ་འབྱོར་མ་ཡི་དབང་ཡང་བསྐུར། དུས་བཞི་དག་གི་རིམ་པ་ཡིས། ཕྱི་དང་ནང་གི་ཆུ་ཁྲུས་བྱ། སླར་ཡང་བླ་མར་གསོལ་གདབ་པས། དམ་ཚིག་བསྡོམ་པ་བླང་བར་བྱ། ཞེས་གསུངས་སོ། །གཉིས་པ་ནི། དེ་ནས་ཤེས་རབ་ཡན་ལག་གི་དེ་ཁོ་ན་ཉིད་ཀྱི་ཆ་ཤས་སུ་གཏོགས་པའི་དམིགས་པ་ནི། དུར་ཁྲོད་ཆེན་པོས་བསྐོར་བ་བསྒོམ་ལ། དེ་ཉིད་གང་ཟག་དང་ཆོས་ཀྱི་བདག་མེད་པའི་ངོ་བོར་མོས། རྡོ་རྗེ་མཁའ་འགྲོ་ལས། དང་པོ་རོ་ནི་བསྒོམ་བྱ་བ། ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་མཁས། དེ་སྟེང་གནས་པའི་རྣལ་འབྱོར་པས། མཆོག་གི་གནས་ནི་བསྒོམ་པར་བྱ། ཅེས་གསུངས་པ་ལྟར་ཤ་ཉམས་ཆེ་ཞིང་མདངས་རྒྱས་པའི་མི་རོ་སེར་པོ་གན་རྐྱལ་དུ་གནས་པ་གདན་གྱི་ཚུལ་དུ་བསྒོམ་ལ། འདི་ནི་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་རྣལ་འབྱོར་མི་རྟོག པ་རང་གིས་རིག་པའོ། དེའི་བདག་ཉིད་གནས་པར་མོས་ཏེ་རྟེན་ཆོས་ཀྱི་དབྱིངས་དེ་ལ་བརྟེན་པ་ཡེ་ཤེས་དཀྱིལ་འཁོར་གྱི་འཁོར་ལོ་གནས་པའོ་སྙམ་དུ་མོས། དེ་ལ་དུར་ཁྲོད་ནི་དམིགས་བཅས་ཀྱི་ཤེས་རབ་སྒྱུ་མ་ལྟ་བུའི་

(༥༦)དཔེ་བརྒྱད་ཀྱིས་མཚོན་པ་དང་། གདན་མི་རོ་ནི་དམིགས་མེད་ཀྱི་ཤེས་རབ་དོན་དམ་འོད་གསལ་ལོ། །རང་གི་གཡོན་དུ་རིག་མ་མཚན་ཉིད་དང་ལྡན་པ་དངོས་སམ་ཡིད་ཀྱིས་དམིགས་པ་བྱ་སྟེ། དེ་ནི་ཀུན་རྫོབ་བདག་མེད་དང་དོན་དམ་དབྱིངས་རིག་པ་དེ་ཉིད་རྣམ་པ་ཐམས་ཅད་པའི་གཟུགས་ཅན་གྱི་བདེ་བར་ཤར་བ་མཚོན་ནོ། །དེ་ལྟར་ན་སྐབས་འདིར་དུར་ཁྲོད་རོ་གདན་རིག་མ་སྟེ་ཤེས་རབ་ཡན་ལག་གི་དམིགས་པ་གསུམ་མོ། །སྤྱིར་ཤེས་རབ་ཡན་ལག་གི་དེ་ཉིད་ནི་ཀུན་རྫོབ་རྒྱུ་མ་ལྟ་བུ་དང་། དོན་དམ་སྤྲོས་བྲལ་ནམ་མཁའ་ལྟ་བུ་བདེ་ཆེན་དུ་གནས་པ་དེ་ཉིད་རྣམ་པ་ཐམས་ཅད་པར་རྣལ་འབྱོར་པས་རིག་པ་སྟེ། དེ་ནི་རྣལ་འབྱོར་པས་འདི་དང་གཞན་དུ་ཡང་བསྒོམ་པར་བྱེད་པར་ཡིན་མོད་ཀྱི། སྐབས་འདིར་འོག་ནས་བྱུང་བའི་འཁོར་ལོ་བསྒོམ་པ་ཐམས་ཅད་རྣལ་འབྱོར་པ་རབ་ཀྱིས་དེ་ལྟ་བུ་རང་བཞིན་དུ་འཆར་བའི་ཕྱིར་དང་། ཐ་ན་ཡང་དེ་ལྟ་བུ་མོས་པ་ལམ་བྱེད་དགོས་སོ་ཞེས་གོ་བའི་ཕྱིར་ཐོག་མ་འདི་བསྒོམ་པ་ཡིན་ནོ། །དེ་ཡང་། དཔལ་རྡོ་རྗེ་མཁའ་འགྲོ་ལས་ཐབས་བཅས་ལས་རྣམས་ཐམས་ཅད་ནི། གང་ཚེ་དགོས་པ་མེད་སྤྱོད་པ། རྣམ་པར་མི་རྟོག་རང་བཞིན་གྱིས། བརྟུལ་ཞུགས་རྣམས་ཀྱི་མཆོག་གི་མཆོག །མི་རྟོག་པ་ཡི་དངོས་

(༥༧)པོ་ཡིས། ལས་རྣམས་ཐམས་ཅད་ཐམས་ཅད་དུ། དོགས་པ་མེད་པ་ཀུན་ཏུ་སྤྱད། དེ་ནི་དེ་ཡི་བཀའ་ཐུབ་མཆོག །ཡུལ་རྣམས་བསྟེན་པར་བྱེད་པ་ན། དོགས་པ་མེད་པའི་སེམས་ཀྱིས་བྱ། སྐྲ་ཤད་འཛིངས་པ་རྗེས་མྱོང་བས། དེ་ཡི་བཀའ་ཐུབ་རིང་དུ་གནོན། གང་ཞིག་ལས་རྣམས་ཐམས་ཅད་ནི། ཤེས་རབ་ཀྱིས་ནི་རྣམ་པར་སྦྱར། དེ་ཡི་སྟོང་པའི་གནས་སུ་སྦྱར། བདག་ཆེན་དེ་ཡི་བཀའ་ཐུབ་སྟེ། རྣམ་པར་མི་རྟོག་སེམས་ཀྱིས་ནི། ཤེས་རབ་གསལ་བའི་གཟུགས་ཅན་ནི། དགོས་མེད་སྤྱོད་པ་ཀུན་ཏུ་སྤྱོད། ཤེས་རབ་ཐབས་མེད་གཞན་དག་ཏུ། གལ་ཏེ་སེམས་ནི་མི་འཕོ་ན། བྱང་ཆུབ་ཆེན་པོར་རབ་སྟེར་བྱེད། ངེས་པར་དེ་ནི་ཡང་དག་བརྗོད། རྣལ་འབྱོར་པ་རྣམས་མངོན་བརྗོད་པ། རྣལ་འབྱོར་མི་རྟོག་རྗེས་འགྲོ་བ། དེ་རྣམས་ཀྱི་ནི་འབྱུང་བ་ཀུན། ཤེས་རབ་ཕ་རོལ་ཕྱིན་པར་མཚུངས། ཤེས་རབ་མེ་ལོང་ལྟ་བུ་སྟེ། དེ་ཡི་རྣམ་པ་འདུས་བྱས་ཉིད། མི་རྟོག་བདག་ཉིད་སེམས་ཀྱིས་ནི། དེ་ཡི་དོན་ནི་ཤེས་རབ་བརྗོད། མེ་ལོང་ནང་གི་གཟུགས་བརྙན་དང་། རྨི་ལམ་སྒྱུ་མ་ཆུ་བུར་དང་། མིག་འཕྲུལ་དག་དང་མཚུངས་པར་ནི། གང་གིས་མཐོང་དེ་གཙོ་བོར་བརྗོད། གློག་དང་དྲི་ཟའི་གྲོང་

(༥༨)ཁྱེར་དག །འདུས་བྱས་ཀྱིས་ནི་རྣམ་སྨིན་ཉིད། ཇི་ལྟར་རྣམ་པར་རབ་མཐོང་བ། དེ་ལྟར་བུ་ནི་ཤེས་རབ་བརྗོད། ཅེས་གསུངས་ཏེ། འདི་ལ་མེ་ལོང་གི་ནི་གཟུགས་བརྙན་དང་། ཞེས་སོགས་ཀུན་རྫོབ་སྒྱུ་མ་ལྟ་བུ་ཤེས་པའི་ཤེས་རབ་དང་། རྣལ་འབྱོར་པ་རྣམས་མངོན་བརྗོད་པ། སོགས་དོན་དམ་རྣམ་པར་མི་རྟོག་པའི། ཤེས་རབ་ནམ་མཁའ་ལྟ་བུ་དང་། གང་གི་སེམས་ནི་མི་འཕོ་ན། ཞེས་པ་རང་བཞིན་བདེ་བ་ཆེན་པོའི་ཤེས་རབ་དངོས། གང་ཚེ་དགོས་པ་མེད་སྤྱོད་པ། ཅེས་པ་ལ་སོགས་པ་དེའི་རྒྱུ་སྤྱི་དང་ཁྱད་པར་གྱི་འདོད་ཡོན་སྒྲུབ་པ་ཡིན་ཞིང་། ཤེས་རབ་གསལ་བའི་གཟུགས་ཅེས་པ་ནི། ལྷ་མོའི་གཟུགས་ཀྱི་རྣམ་པར་སྣང་བའོ། མཁས་པ་འགའ་ཞིག་བར་འདི་ལྟ་བུ་ཡི་པ་ལྟར་ཕུང་ཁམས་སྐྱེ་མཆེད་ལྷར་བསྒོམ་པར་བཞེད་དོ། རྩ་རྒྱུད་ལེའུ་ཉེར་བདུན་པ་ལས། ནང་པར་སྔ་ལངས་སེམས་དག་ཉིད། ལུས་ལ་ཐམས་ཅད་བྱས་ནས་ནི། ཡན་ལག་ལས་འདས་མཚོན་ཆ་རྣམས། ལུས་ལ་གནས་པར་ཀུན་ཏུ་སྤྱད། ཅེས་གསུངས་ཤིང་། དེ་ཉིད་ཕུང་ཁམས་བྱིན་རླབས་ཀྱི་ལྷ་བཅུ་བདུན་བསྒོམ་པ་ཡིན་པར་ལྭ་བ་པས་བཤད་པའི་ཕྱིར་དང་། སྲུང་བའི་དེ་ཉིད་ཀྱི་ནང་དུ་ཡང་རྟོག་

(༥༩)པའི་ཕྱིར་རོ། །ཅེས་གསུངས་ན། རྒྱུད་ཀྱི་རྡོ་རྗེའི་ཚིག་གཅིག་ལ་དོན་འཆད་ཚུལ་མང་པོ་མི་འགལ་བར་འབྱུང་བའི་ཕྱིར། ལྭ་བའི་ཞབས་ཀྱི་བཞེད་པ་དེ་ཡང་ལུགས་རྣམ་དག་གཅིག་ཡིན་མོད་ཀྱི་རྒྱུད་ཚིག་དེའི་དོན་ལ་དེ་ཁོ་ན་མ་ངེས་ལ། སློབ་དཔོན་འདི་ཉིད་དང་སྤྱོད་པ་སོགས་ཀྱང་། སྤྱིར་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་ལ་ཕུང་ཁམས་སྐྱེ་མཆེད་བྱིན་རླབས་དེ་འདྲ་མི་བཞེད་པ་མ་ཡིན་ཏེ། ཀུན་སྤྱོད་དང་མངོན་བརྗོད་ལས་གསལ་བར་གསུངས་པའི་ཕྱིར་རོ། །ཡང་སྡོམ་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཡིན་ཕྱིན་ཆད་དེ་དགོས་པར་ནི་སློབ་དཔོན་གཞན་རྣམས་ཀྱང་མི་བཞེད་ལ། རྒྱུད་ཚིག་དེའི་དོན་ཡང་བསྐྱེད་རིམ་པ་སྤྲོས་བཅས་ཀྱི་སྤྱོད་པ་ལ་གནས་པ་རྣམས་ཀྱི་སྤྱོད་ལམ་སྟོན་བྱེད་དུ་འཆད་ཅིང་། ཡན་ལག་ལས་འདས་མཚོན་ཆ་ཞེས་པ་ཡང་ལུས་དཀྱིལ་ཡིན་པར་འདོད་པའང་ཡོད་པས་མཐའ་གཅིག་ཏུ་མ་ངེས་སོ། །དེ་ནས་བདག་ཉིད་དཔལ་ཧེ་རུ་ཀ་ཕྱག་གཉིས་པར་བསྒོམ་སྟེ། ཐུན་མཚམས་ཀྱི་ལྷར་གཏོག་པའི་དབང་དུ་བྱས་པ་ཡིན་ལ། ལུས་ལ་ཕྱག་རྒྱ་ལྔས་ཡོངས་སུ་བརྒྱན་པར་བསམ་མོ། །ད་ལྟར་བསྒོམ་

(༦༠)པའི་ལུགས་ལ་བསྡུ་ན་དེ་ཙམ་གྱི་ཆོག་ལ་རྒྱས་པར་ན་ཕྱག་རྒྱ་ལྔ་དང་། ཉེ་བའི་ཕྱག་རྒྱ་ལྔ་དང་གླང་ལྤགས་དང་སྟག་ལྤགས་དང་། དོ་ཤལ་ལ་སོགས་པས་ཀྱང་བརྒྱན་པའོ། །དེ་ཡང་དཔའ་བོའི་རྩ་བའི་སྔགས་སོགས་གང་། ཚངས་པའི་སྐུད་པ་ལ་སོགས་བརྟག །ཅེས་པ་ལ་སོགས་པ་ལྟར་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། དངོས་སུ་བགོ་བའམ་ཡིད་ཀྱིས་བགོ་བར་བྱ་བ་སྟེ། དེའི་འོག་ཏུ་ཕྱག་རྒྱ་རྣམས་ཀྱི་དག་པ་ཡིད་ལ་དྲན་པར་བྱས་ནས། མོས་པའི་ཚུལ་བསྒོམ་པ་ནི་སྐབས་འདིར་དཀྱུས་སུ་འཇུག་པའི་ཕྱག་རྒྱ་ལྔའི་དེ་ཉིད་དེ་མི་འབྲལ་བའི་དམ་ཚིག་གི་ཆ་ཤས་ཡིན་ནོ། །སྤྱིར་ཕྱག་རྒྱ་ལྔའི་དེ་ཉིད་ནི། དགྱེས་རྡོར་ལས། བླ་མ་སློབ་དཔོན་འདོད་ལྷ་ལ། ཕྱག་འཚལ་དོན་དུ་འཁོར་ལོ་འཛིན། བླ་མ་རྡོ་རྗེ་འཛིན་པ་ལ། སྨོད་ཚིག་མི་ཉན་པ་ཡི་ཕྱིར། རྣ་བ་དག་དུ་རྣ་ཆ་བཟང་། སྔགས་ཀྱི་བཟླས་པའང་མགུལ་རྒྱན་ཉིད། གདུབ་བུ་སྲོག་ཆགས་གསོད་པ་སྤངས། ཕྱག་རྒྱ་བསྟེན་པ་སྐེད་རག་ཉིད། ཅེས་པ་དངོས་བསྟན་ལྟར་ན་བླ་མ་དང་ནི་ཡི་དམ་ལ་རྟག་ཏུ་གུས་པས་འདུད་པ་སྟེ་མོས་གུས་དང་མ་བྲལ་བ་དང་། སློབ་དཔོན་ལ་སྨོད་པ་སོགས་མི་མཐུན་པ་རྣམས་དང་

(༦༡)པོར་མི་ཉན་པ་དང་། བར་དུ་བཟློག་པ་དང་། མཐར་ཚར་གཅོད་པའི་བར་དུ་མི་མཐུན་པ་རྣམས་སེལ་བ་རྣ་ཆ་དང་། བཟླས་པ་མི་སྤོང་ཞིང་ངག་སྔགས་སུ་ཤེས་པ་མགུལ་རྒྱན་དང་། སྙིང་རྗེ་མཁའ་ལྟར་ཁྱབ་པའི་སྒོ་ནས་སེམས་ཅན་གྱི་ལུས་ངག་ཡིད་གསུམ་ལ་འཚོ་བ་སྤོང་བ་ནི་ལག་གདུབ་དང་། ལུས་ལྷར་མཉམ་པ། ངག་སྔགས་སུ་མཉམ་པ་སེམས་སྟོང་པར་མཉམ་པ། ཐབས་མཁས་སུ་བྱིན་རླབས་མཉམ་པ་སྟེ་བཞིའི་སྒོ་ནས། དངོས་དང་ཡེ་ཤེས་ཕྱག་རྒྱ་བསྟེན་པ་ནི་སྐེ་རག་ཀྱི་དེ་ཉིད་དོ། །འདི་དག་གི་སློབ་དཔོན་ལ་གུས་པ་དང་། གདུག་པ་ཅན་ལ་འདྲིས་བཤེས་སུ་མི་བྱེད་པ་དང་། སེམས་ཅན་ལ་བྱམས་པ་མི་སྤང་བ་རྣམས་བསྟེན་པས། བསྲུང་བའི་དམ་ཚིག་དང་། སྔགས་བཟླས་དང་ཕྱག་རྒྱ་བསྟེན་པ་ནི། སྒྲུབ་པའི་དམ་ཚིག་ཀྱང་ཡིན་ལ། རྗེས་སྤྱོད་དང་མི་འབྲལ་བའི་དམ་ཚིག་བསྟེན་པར་བྱས་ཀྱང་རུང་སྟེ། བྱ་བྱེད་ཀྱི་དམ་ཚིག་ཐམས་ཅད་ཀྱང་ཞོར་ལ་འཕངས་སོ། ཡང་སྒྲ་ཇི་བཞིན་པ་མ་ཡིན་པ་ནི། བླ་མ་སྤྱི་བོའི་ཧཾ་ཡིག་ལ་གཏུམ་མོའི་མེ་འབར་བས་རེག་ཅིང་ཕྱག་བཙལ་བ་དང་། བདུད་རྩིའི་ཆུ་རྒྱུན་འབབ་པ་ནི། སྤྱི་བོའི་འཁོར་ལོ་དང་། བླ་མ་རང་གི་རིག་པའི་ཡེ་ཤེས་ལ་སྨོད་

(༦༢)པ་སྟེ། སྒྲ་དང་རྗེས་སུ་འབྲེལ་བའི་རྣམ་རྟོག་ཐམས་ཅད་དབྱིངས་སུ་བཅད་པའི་སྒོ་ནས་མི་ཉན་པ་ནི་རྣ་རྒྱན་དང་། ངག་གི་རང་བཞིན་ཨ་ཝ་དྷཱུ་ཏིའི་སྒྲ་འམ། དོན་དམ་པའི་ཡི་གེ་གསུམ་དུ་ཤེས་པ་ནི་མགུལ་རྒྱན་དང་། བདག་གཞན་འགྲོ་བ་ཐམས་ཅད་ལྷའི་འཁོར་ལོར་རོ་མཉམ་དུ་རྟོག་པས། གསོད་གཅོད་གཞན་ལ་འཚེ་བའི་སེམས་ཅན་རྩ་བ་ནས་སྟོང་པ་ནི་ལག་གདུབ་དང་། ཕྱག་རྒྱ་གསུམ་ལས་བྱང་ཆུབ་སེམས་འཕོ་མེད་དུ་བཅིངས་པ་ནི་སྐེ་རགས་སྟེ་འདི་རྣམས་ཀྱི་མཉམ་བཞག་གི་དམ་ཚིག་བསྟན་པ་ཡིན་ནོ། །ལྷའི་འཁོར་ལོ་མཉམ་པ་ལ་བསྐྱེད་རིམ་གྱི་ལྷ་དང་། རྫོགས་རིམ་གྱི་ལྷ་གཉིས་ཀར་ཡོད་ལ། དེས་ན་ཕྱག་རྒྱ་ནི་འདའ་བར་མི་བྱ་བའི་དོན་ཏེ་དམ་ཚིག་གོ །འདིར་ཕྱག་རྒྱ་ལྔ་ལ་སྐེ་རགས་ཀྱི་དོད་དུ་ཐལ་ཆེན་གྱི་བྱུག་པ་བགྲང་བར་བྱེད་ན། ཐལ་བ་ཡང་ཐིག་ལེ་འཛག་མེད་ཀྱི་བདེ་བ་མཚོན་པའི་ཕྱིར་གོང་དུ་བཤད་པའི་སྐེ་རགས་དང་མཚོན་དོན་གཅིག་པར་བྱའོ། འདིར་ཕྱག་རྒྱ་ལྔའི་དེ་ཉིད་ཅེས་པ་མཚོན་པ་སྟེ་ཕྱག་རྒྱ་དྲུག་ཕར་ཕྱིན་དྲུག་དང་སྦྱོར་བས་ཕྱིན་དྲུག་ཕྱག་དྲུག་གི་དེ་ཉིད་དུ་ཡང་འགྱུར་ལ། ཡང་ནོར་བུ་རྣ་ཆ་མགུལ་ཆུ་གདུབ་

(༦༣)འཁོར་ལོ་རྣམས་ནི་ཕྱག་རྒྱ་ལྔ། ཅེས་གྲགས་པ་གོ་སླ་ལ། འཁོར་ལོ་སྐེ་རག་རྐང་གདུབ་དང་། སེ་རལ་ཁ་དང་གདུབ་ཕྲན་རྣམས། ཉེ་བའི་ཕྱག་རྒྱ་ལྔ་ཡིན་ནོ། །ཅེས་བྱ་བ་ལ། སྤྱི་བོའི་ནོར་བུ་དང་ཉེ་བའི་སྤྱི་བོའི་འཁོར་ལོ། རྣ་ཆ་དང་ཉེ་བའི་སོར་གདུབ། མགུལ་རྒྱན་དང་ཉེ་བའི་སེ་རལ་ཁ། ལག་གདུབ་དང་ཉེ་བའི་རྐང་གདུབ་ཐལ་བ་དང་ཉེ་བའི་སྐ་རགས་སྟེ་ལྔ་ཡིན་ལ། དཔུང་རྒྱན་ནི་ལག་གདུབ་དང་ཉེ་བའམ། མགུལ་རྒྱན་དང་ཉེ་བར་བསྡུས་པའང་ཡོད། གདུ་བུ་ཕྲ་མོའི་ནང་དུ་བསྡུས་པའང་ཡོད་དེ། འདི་དག་རྩ་བའི་རྒྱུད་ལས། མགུལ་རྒྱན་གདུ་བུ་དཔུང་རྒྱན་དང་། རྣ་ཆ་ཚངས་པའི་སྐུད་པ་དང་། དོ་ཤལ་མགོ་བོའི་ཕྲེང་བ་དང་། སྐ་རགས་སིལ་སིལ་སྒྲ་སྒྲོགས་པ། ཅེས་གསུངས་པས་བསྟན་ཏེ། འདིའི་དབང་ལྟར་བྱས་ན། དཔུང་རྒྱན་གདུབ་བུ་ཕྲ་མོའི་དོན་དུ་སྨོས་པ་དང་། སྤྱི་བོའི་འཁོར་ལོ་དང་། ནོར་བུ་དང་། རྐང་གདུབ་དང་། ཐལ་ཆེན་བཞི་སྐབས་གཞན་དུ་གསུངས་པ་འདིར་བསྣན་པར་དགོངས་ཤིང་། དོ་ཤལ་མགོ་བོའི་ཕྲེང་བར་ཅེས་པ། ཐོད་སྐམ་གྱི་དབུ་རྒྱན་དང་། ཐོད་རློན་གྱི་དེ་ཤལ་གཉིས་ཀ་བསྟན་

(༦༤)པས། ཕྱག་རྒྱ་ལྔ་ལས་འཕྲོས་པ་བཅུ་གཉིས་ཡིན་པ་རྟེན་འབྲེལ་བཅུ་གཉིས་དང་འཕོ་བ་བཅུ་གཉིས་རྣམ་པར་དག་པའོ། དེའི་སྟེང་དུ་གླང་ལྤགས། སྟག་ལྤགས་གཉིས་སམ། མི་ལྤགས་ཀྱང་བསྣན་པའི་གསུམ་ནི་པགས་པའི་གོས་ཞེས་གཅིག་ཏུ་བསྡོམས་ཤིང་། ཐོད་པ་ཅང་ཏེའུ། ཁ་ཊྃྭ་ག་རྣམས་བསྣན་པས་དགའ་བ་བཅུ་དྲུག་རྣམ་པར་དག་པའི་ཕྱག་རྒྱ་བཅུ་དྲུག་གོ །དེ་ཐམས་ཅད་ཀྱང་ཕྱག་རྒྱ་ལྔའི་རྗེས་འབྲང་ཡིན་པས། ཕྱག་རྒྱ་ལྔའི་དེ་ཉིད་དུ་མ་ལུས་པ་མ་ཡིན་ཏེ། དེ་དག་གི་དབང་དུ་བྱས་ནས་ཅུང་ཟད་བརྗོད་ན། དེ་ཡང་། དཔའ་བོའི་རྩ་བའི་སྔགས་སོགས་གང་། ཚངས་པའི་སྐུད་པ་ལ་སོགས་བརྟག །ཅེས་རྩ་སྔགས་ཡོངས་རྫོགས་སམ། རྐང་པ་བརྒྱད་ལས་བྱུང་བའི་ཚངས་པའི་སྐུད་པ་སྔགས་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་དམ། ལུགས་འབྱུང་ལུགས་བཟློག་གམ་དགའ་བ་བརྒྱད་རྣམ་པར་དག་པའོ། ཡང་ན། ས་དང་ཆུ་དང་མེ་དང་རླུང་དང་ཟླ་བ་དང་ཉི་མ་དང་ནམ་མཁའ་དང་རྣམ་པར་ཤེས་བརྒྱད་དག་པའི་བདག་ཉིད་དོ། །ཅེས་ཀྱང་བྱའོ། ལྷའི་སྙིང་པོའི་སྔགས་ཀྱི་ནི། ཕྲེང་བ་བརྒྱ་ཡིས་ཕྱེད་ཀྱིས་མཛེས། ཡབ་ཀྱི་སྙིང་པོའི་ཡི་གེ་ཉེར་གཉིས་པ་ལས་

(༦༥)བྱུང་བའི་མགོ་རློན་ལྔ་བཅུའི་དོ་ཤལ་སྔགས་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པ། དེ་ཡང་ཡི་གེ་ཉི་ཤུ་རྩ་གཉིས་ལ་ཐབས་དང་ཤེས་རབ་ཀྱི་དབྱེ་བས་བཞི་བཅུ་ཞེ་བཞིར་འགྱུར་ཏེ། ཨྃ་དང་ཨོ་ལ་ཀླད་ཀོར་གཉིས། ལྷག་མ་རྣམས་ལ་དབྱངས་དང་གསལ་བྱེད་ཀྱིས་ཕྱེ་བ་ཡིན་ཅིང་། རོ་ལྷག་མ་བཞི་སྣོན་པའི་ར་གཉིས་ཊ་གཉིས་ཏེ། བཞི་བསྣོན་པའང་ཡོད། བ་བཏགས་པ་དང་བམ་གྱི་མ་ཡིག་གཉིས་བསྣན་པས་ལྔ་བཅུ་སྟེ། ཐོད་རློན་ལྔ་བཅུའི་ས་བོན་དུ་འགྱུར་ལ། དེ་ཡང་རོ་རྐྱང་གི་རླུང་ཨཱ་ལི་ཀཱ་ལིའི་གདངས་ཅན་ལྔ་བཅུ་རྣམ་པར་དག་པའི་ཡེ་ཤེས་སོ། །ཡི་གེ་བདུན་པའི་གསང་སྔགས་ཀྱི། གདུབ་སྐོར་གྱིས་ནི་རྣ་བ་མཛེས། གཙོ་བོའི་ཉེ་སྙིང་ལས་བྱུང་བའི་རྣ་ཆ་སྔགས་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པ་སྟེ། དབང་ཤེས་ནི་ལྔ་ཡིན་ལ་ཉོན་ཡིད་དང་ཡིད་ཤེས་ཏེ་ཡིད་གཉིས་གཅིག་ཏུ་བསྡོམས། དེ་ལ་ཀུན་གཞི་རྣམ་ཤེས་བསྣན་པས། རྣམ་ཤེས་བདུན་རྣམ་པར་དག་པ་ཆོས་ཉིད་ཀྱི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་མཁྱེན་པ་དང་། མཚན་མ་མེད་པའི་རིག་པ་དང་། དག་པའི་གཞལ་མེད་ཁང་སོགས་ཞིང་ཁམས་

(༦༦)སྣང་བའི་ཡེ་ཤེས་རྣམས་ཏེ་ཡེ་ཤེས་བདུན་གྱི་ངོ་བོའོ། །རྡོ་རྗེ་ཕག་མོའི་སྔགས་གང་ཡིན། མགྲིན་པ་མགུར་ཆུའི་མཛེས་པ་ཉིད། རྡོ་རྗེ་ཕག་མོའི་རྩ་བའི་སྔགས་ཞེས་བྱ་བ་ཕྲེང་བའི་སྔགས་རྐང་པ་བརྒྱད་པ་དང་བཅས་པ་ཡོངས་སུ་གྱུར་པ་ལས་མགུལ་རྒྱན་དུ་གྱུར་པ་སྔགས་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པ་སྟེ། རྣམ་པར་ཐར་པ་བརྒྱད་དམ། སྒྱུ་མ་ལྟ་བུའི་དཔེ་བརྒྱད་ཀྱིས་མཚོན་པའི་ཡེ་ཤེས་རྣམ་པ་ཐམས་ཅད་པར་འཆར་བའི་རང་བཞིན་ནོ། །དཔའ་བོའི་གོ་ཆ་དྲུག་པོ་ཡིས། ཕྱག་རྒྱ་ཡིས་ནི་ལུས་མཛེས་པའོ། འདིར་ལག་གདུབ་གཉིས་དང་། དཔུང་གདུབ་གཉིས་དང་། རྐང་གདུབ་གཉིས་ཏེ་དྲུག་གོ་ཆ་དྲུག་དང་། སོར་གདུབ་ལ་ཡང་གོ་ཆ་དྲུག་སྟེ། ལག་པོར་གཉིས་ཚན་པ་ལྔ་དང་། རྐང་པོར་གཅིག་ཏུ་བསྡོམས་པ་སྟེ་དྲུག་གོ །དེ་ཡང་གོ་ཆ་དྲུག་གི་སྔགས་ལས་བྱུང་བའི་གདུ་བུའི་ཚོགས་རྣམས་སྔགས་དེ་ཉིད་ཀྱི་བྱིན་གྱིས་བརླབས་པ་སྟེ། ས་ཆུ་མེ་རླུང་ནམ་མཁའ་རྣམ་ཤེས་ཏེ་ཁམས་དྲུག་གིས་བསྡུས་པའི་རླུང་དབུ་མར་འགག་པའོ། །རྣལ་འབྱོར་མ་དྲུག་གསང་སྔགས་ཀྱི། སྐེ་རགས་བྱས་པས་རྒྱན་པའོ། གོ་ཆ་དཔའ་མོ་དྲུག་གི་སྔགས་ལས་བྱུང་བའི་སྐ་རགས་དེ་ཉིད་ཀྱིས་བྱིན་

(༦༧)གྱིས་བརླབས་པ་སྟེ། རིག་མ་དང་མཉམ་པར་སྦྱར་བ་ལས་ཁམས་དྲུག་གི་དངས་མའི་ཐིག་ལེ་ཞུ་བ་རྣམས་རྩ་འཁོར་ལོ་རྣམས་སུ་བསྡོམས་ཤིང་བཅིང་པའི་ཡེ་ཤེས་སོ། །དཔའ་བོ་ཉི་ཤུ་རྩ་བཞི་ཡི། ལུས་ཀྱི་ཁམས་ནི་བརྟག་པའོ། །ཅེས་པ་པོ་དང་སེན་མོ་ལ་ནི། ཨོཾ་ཀ་ར་ཀ་ར་ཧཱུྃ་ཧཱུྃ་ཕཊ། ཅེས་པ་ནས། སྣབས་ལ་ནི། ཨོཾ་དྷི་ལི་དྷི་ལི་ཧཱུྃ་ཧཱུྃ་ཕཊ། ཀྱི་བར། སྔགས་ཀྱིས་བྱིན་གྱིས་རློབས་པར་བྱེད་པའང་ཡིད་མོད་ཀྱི། འདི་ཁམས་སུམ་བཅུ་རྩ་གཉིས་པོ་ཐམས་ཅད་གང་ལས་འབྱུང་བ་སྤྱི་བོ་ཉིད་དེ། དེའི་ཕྱིར་ཐོད་པའི་དུམ་བུ་ལ་སོགས་པ་དཔའ་བོ་ཉི་ཤུ་རྩ་བཞིའི་སྔགས་ལས་སྐྱེས་པའི་སྤྱི་བོའི་འཁོར་ལོ་དང་ནོར་བུའི་སྔགས་དེས་བྱིན་གྱིས་བརླབས་པ་མགོ་ལ་བཀོད་པ་ནང་དུ་སྤྱི་བོའི་འཁོར་ལོ་སྔགས་ཀྱི་རང་བཞིན་དུ་གྱུར་ནས་དེས་ཁམས་རྣམས་བྱིན་གྱིས་རློབ་པ་སྟེ། ཁམས་ཉེར་བཞི་དབུ་མར་ཐིམ་པའི་ཡེ་ཤེས་མཚོན་ནོ། །སངས་རྒྱས་ཀུན་གྱི་མཁའ་འགྲོ་མས། པགས་པའི་གོས་མཆོག་འཛིན་པའོ། ཡུམ་གྱི་སྙིང་པོ་སརྦ་བྷུདྡྷའི་སྔགས་ལས་བྱུང་བའི་སྟག་ལྤགས་གླང་ལྤགས་ལ་སོགས་པའི་གོ་སྔགས་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པ་སྟེ། རང་བཞིན་དུ་གནས་པའི་

(༦༨)རིགས་བདེ་བ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་པ་མཚན་དཔེ་ཐམས་ཅད་ཀྱི་རྣམ་པར་སྣང་བའི་རང་བཞིན་ནོ། །རྣམ་སྣང་མཛད་ཅེས་སྔགས་གང་ཡིན། ཐོད་པས་དབུ་ལ་བརྒྱན་པའོ། བཻ་རོ་ཙ་ནའི་སྔགས་ལས་བྱུང་བའི་ཐོད་སྐམ་གྱི་དབུ་རྒྱན་འདོགས་དང་བཅས་པ་སྔགས་དེ་ཉིད་ཀྱིས་བྱིན་གྱིས་བརླབ་པ་ནི། ཡེ་ཤེས་ལྔ་རྣམ་པར་དག་པའི་ངོ་བོའོ། འཁོར་ལོ་ཀུན་གྱི་རྣལ་འབྱོར་མའི་སྔགས་ནི་བཏུང་བའི་ཐོད་པ་ཡིན། སྐུ་གསུང་ཐུགས་ཀྱི་དཔའ་མོ་ཉེར་བཞི་དང་མ་མོ་བཅུ་གཉིས་ཏེ། རྣལ་འབྱོར་མ་སོ་དྲུག་གི་སྔགས་ལས་བྱུང་བའི་ཐོད་པ་བཅུ་དང་བཅས་པ། སྔགས་དེས་བྱིན་གྱིས་བརླབས་པ་ནི། རླུང་འཕོ་བ་ཉེར་བཞི་དང་བཅུ་གཉིས་དབུ་མར་ཐིམ་པའི་ཡེ་ཤེས་སོ། ཁ་ཊྃྭ་ག་ནི་ལྷ་ཡི་སྐུ། ཤེས་རབ་ཌཱ་མ་རུ་ཡི་སྒྲ། ཞལ་བཞི་པའི་སྔགས་ལས་བྱུང་བའི་ཁ་ཊྃྭ་ག་དེ་ཉིད་ཀྱི་བྱིན་གྱིས་བརླབས་པ་དང་། ཙཻ་རིའི་སྔགས་ལས་བྱུང་བའི་ཅང་ཏེའུ་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པ་དཔལ་ཧེ་རུ་ཀའི་སྐུ་དང་། སྟོང་པ་ཉིད་ཀྱི་སྒྲ་སྒྲོགས་པའི་ཐུགས་གསུང་གཅིག་ཏུ་འདྲེས་པའི་ངོ་བོ། དེ་ལ་གོས་ཀྱི་དག་པས་ནི་གཞིའི་གསང་བ་དང་། དབུ་རྒྱན་ཁ་ཊཾྭ་ཅང་ཏེ་རྣམས་འབྲས་བུའི་གསང་བ་དང་

(༦༩)གཞན་རྣམས་ལམ་གྱི་གསང་བ་ཡིན་ཏེ། དག་པ་དེ་ལྟར་ཤེས་དགོས་པ་ཡིན་ལ། ལྷའི་རྣམ་པར་བསྐྱེད་པར་འདོད་ན་ནི། འདི་ཉིད་ཀྱི་ལུགས་ལ་གདུ་བུའི་ཚོགས་རྣམས་གོ་ཆའི་དཔའ་བོ་དྲུག་ཏུ་བསྐྱེད་པ་སོགས་དམིགས་བསལ་སོ་སོ་བ་རྣམས་དེ་དང་དེར་བསྒོམ་ལ། རྩ་སྔགས་སྐུ། སྙིང་པོ་གསུང་། ཉེ་སྙིང་ཐུགས་དང་སྦྱར་བ་ཡིན་པས། ཚངས་སྐུད་སྐུའི་ཧེ་རུ་ཀ །དོ་ཤལ་གསུང་གི་ཧེ་རུ་ཀ །རྣ་རྒྱན་ཐུགས་ཀྱི་ཧེ་རུ་ཀ །མགུལ་རྒྱན་སྐུའི་རྡོ་རྗེ་ཕག་མོ། ལྤགས་གོས་གསུང་གི་ཕག་མོ། དབུ་རྒྱན་ཐུགས་ཀྱི་ཕག་མོ། ཁ་ཊྭཾ་ག་དང་ཌཱ་མ་རུ་ནི་ཡེ་ཤེས་རྡོ་རྗེའི་ཐོབ་སྐལ་ཡིན་པས། དྷུ་རྡོ་རྗེ་འཆང་ཡབ་ཡུམ་དུ་སྒོམ་པར་བཞེད་དོ། །ཡང་ན་ནི་རྒྱུད་གཞན་གྱིས་ཤེས་པར་བྱ་བའི་རིམ་པས། སྤྱི་བོའི་འཁོར་ལོའི་མི་སྐྱེད་པ། ཅེས་སོགས་དང་སྦྱོར་ཏེ་དེའི་ཚེ་དབུ་རྒྱན་འཁོར་ལོའི་ནང་དུ་བསྡུ་ཞིང་། གཞན་ཉེ་བའི་ཕྱག་རྒྱ་ལྔ་པོ་ཕྱག་རྒྱ་ལྔའི་ནང་དུ་བསྡུ་ལ། དོ་ཤལ་ཐལ་བ་ན་བཟའ་གསུམ་རྡོ་རྗེ་འཆང་དུ་བསྐྱེད་དགོས་ཤིང་། ཁ་ཊཱྭཾ་ག་ཧེ་རུ་ཀ །ཐོད་པ་རྡོ་རྗེ་ཕག་མོ། ཅང་ཏེའུ་སྔགས་ཀྱི་སྒྲ་གྲགས་སྟོང་ཙམ་དུ་ཤེས་པར་བྱེད་དགོས་པ་ཡིན་ནོ། །དག་པ་རྣམས་ཀྱི་རང་ངོས་ནས་དམ་ཚིག་

(༧༠)ཐ་སྙད་འཇུག་པའི་ངེས་པ་མེད་ཀྱང་། དེ་ཉིད་ཉིན་རེ་བཞིན་དྲན་པར་བྱེད་པ་དམ་ཚིག་ཡིན་ཞིང་། དེ་བཞིན་དུ་ལམ་རིམ་པ་གཉིས་དངོས་ལ་དམ་ཚིག་གི་ཐ་སྙད་གཙོ་བོར་མི་འཇུག་ཀྱང་། དེ་དག་ཐུན་བཞིར་བསྒོམ་པ་ལྟ་བུའི་ངེས་པ་ལ་མཉམ་བཞག་དང་རྗེས་སྤྱོད་ཀྱི་དམ་ཚིག་ཅེས་གྲགས་པ། འདི་དག་དམ་ཚིག་དང་འབྲེལ་བ་འཇོག་ཚུལ་དེ་བཞིན་ཡིན་ནོ། །སྤྱིར་འཁོར་ལོ་རྒྱས་པ་ཐུན་བཞི་སོགས་སུ་བསྒོམ་པ་ནི་སྒྲུབ་པའི་གནས་སྐབས་ཀྱི་དབང་དུ་བྱས་ནས་གསུངས་པ་ཡིན་པས། དེ་ལ་ནི་གནས་དང་ཕྱག་རྒྱ་ལྔ་དང་། ཤེས་རབ་ཡན་ལག་གི་དེ་ཉིད་རྣམས་ངེས་པར་ཚངས་བ་ལ་གལ་ཆེ་ལ། ལས་དང་པོ་པས་སྒོམ་པ་ནི་དམིགས་པ་ཙམ་གྱིས་ཆོག་གོ །དེ་དག་ནི་འདིར་མ་ཟད་སྔགས་བླ་མེད་སྤྱིར་ཡང་གོ་དོན་དགོས་གལ་ཆེ་སྨོས་སོ། ༈ གཉིས་པ་མཐུན་རྐྱེན་སྒྲུབ་པ་ནི། དེ་ནས་བགེགས་བསལ་བ་དང་དམ་ཚིག་གི་གཙང་སྦྲ་ལ་གནས་པའི་ཕྱིར་བདུད་རྩི་རིལ་བུ་བཟའ་བའམ། མེད་ན་བྱིན་གྱིས་བརླབས་པའི་ནང་མཆོད་མྱང་བ་སྟེ། དེ་ལ་དམ་ཚིག་གི་རིལ་བུ་ནི་སྔར་བྱིན་གྱིས་རླབས་ཟིན་ཡིན་ཡང་སྒྲུབ་པོའི་བློ་ངོར་སྦྱངས་རྟོག་སྦར་གསུམ་གྱི་

(༧༡)དམིགས་པ་ཚང་བར་དགོས་པའི་ཕྱིར་བདུད་རྩི་བྱིན་རླབས་ཀྱི་དམིགས་པ་གསལ་བཏབས་ནས། བདུད་རྩི་མྱོང་བའི་ཚེ་རིལ་བུ་བཟའ་བར་ཡིན་ལ། ནང་མཆོད་ནི་ཀཱ་པ་ལ་ཡི་ནང་དུ་འབྲུ་བཅུད་བླུག་པ་ཉིད་དོ། ཁཎྜ་རོ་སོགས་དུམ་སྐྱེས་མའི་སྔགས་ཀྱི་བགེགས་བསལ། སྭ་བྷ་ཝས་སྟོང་པར་སྦྱངས་ནས་བྱིན་གྱིས་རློབ་པར་བྱ་ཏེ་བྱིན་གྱིས་རློབ་ཀྱིས་རྫས་བཅུ་ནི། ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས། རིན་ཆེན་དབང་པོ་ཁྲག་ཅེས་བཤད། སྣང་བ་མཐའ་ཡས་ཁུ་བར་བརྗོད། དོན་ཡོད་གྲུབ་པ་ཤ་ཆེན་ཏེ། མི་བསྐྱེད་པ་ནི་རྡོ་རྗེའི་ཆུ། རྣམ་པར་སྣང་མཛད་བཤད་བར་བཤད། འདི་རྣམས་བདུད་རྩི་ལྔ་མཆོག་གོ །ཞེས་འབྱུང་ལ་བདུད་རྩི་ལྔ་ཁོ་ན་བསྐྱེད་ཀྱི་ཤ་ལྔ་མི་བསྐྱེད་པ་ལྟར་ན། ཤ་ཆེན་ཞེས་པ། ཤ་དངོས་ཡིན་ལ། ཤ་ལྔ་ལོག་དུ་བྱེད་པ་ལྟར་ན། ཤ་ཆེན་གྱི་དངས་མ་སྟེ། ཀླད་པ་དང་རྐང་དང་ཚིལ་གསུམ་ལ་བཤད་དོ། ཤ་ལྔ་ནི། གདན་བཞི་ལས། ལྕགས་ཀྱུ་ལ་སོགས་རྣམ་པ་ལྔ། དེ་ཉིད་ལྔ་རུ་བྱ་བ་སྟེ། ཀླད་པ་དང་རྐང་དང་ཚིལ་གསུམ་བཤད་དོ། ཤ་ལྔ་ནི། གདན་བཞི་ལྕགས་ཀྱུ་ཆེ་ལ་དགོད་པ་ནི།

(༧༢)ཡེ་ཤེས་ལྷ་རུ་འདོད་པ་སྟེ། རྡོ་རྗེ་ལྕགས་ཀྱུ་མི་བསྐྱོད་པ། གནས་ཀྱི་ལྕགས་ཀྱུ་རིན་ཆེན་དབང་། རྒྱལ་པོའི་ལྕགས་ཀྱུ་དོན་ཡོད་གྲུབ། གཡོ་བའི་ལྕགས་ཀྱུ་འོད་དཔག་མེད། ལྕགས་ཀྱུ་ལྔ་ལ་སོགས་པ་ལ། དེ་ཉིད་ཐམས་ཅད་སྦྱར་བར་བྱ། ཅེས་གསུངས་ཏེ། ལྕགས་ཀྱུ་ཆེན་པོ་མི་ཤ །རྡོ་རྗེ་ནི་བ་ལང་གནས་ནི་ཁྱི། རྒྱལ་པོ་ནི་གླང་པོ་ཆེ། གཡོ་བའི་ལྕགས་ཀྱུ་ནི་རྟ་ཤའོ། དངོས་གྲུབ་འགུགས་པའི་ཕྱིར་ལྕགས་ཀྱུ་ཞེས་བྱ་བ་ལ། འདིར་ཡེ་ཤེས་ལྷ་ནི་རྣམ་སྣང་ཡིན་ཏེ། རྒྱུད་དེའི་ལུགས་ཀྱི་དཀྱིལ་འཁོར་གྱི་གཙོ་མོ་ཡེ་ཤེས་དབང་ཕྱུག་མ་རྣམ་སྣང་གི་རིགས་ཡིན་ལ། ཡབ་རྣལ་འབྱོར་ནམ་མཁའ་རྣམ་སྣང་གི་ངོ་བོ་ཡིན་པས། ཤ་ཆེན་དང་རྣམ་སྣང་སྦྱར་བ་ཡིན་ཡང་། འདི་དག་དུ་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་རིགས་ཡིན་པས། དེ་ཉིད་གོ་བཟློག་སྟེ་ཤ་ཆེན་དང་མི་བསྐྱོད་པ། བ་ལང་ཤ་དང་། རྣམ་སྣང་སྦྱོར་དགོས་སོ། །དེ་ལ་སྡོམ་འབྱུང་གི་དགོངས་པས་བདུད་རྩི་ལྔ་ཡབ་ལྔ་དང་། ཤ་ལྔ་ཡུམ་ལྔ་དང་སྦྱོར་ཞིང་། འགོད་ཚུལ་ཡང་དབུས་ཀྱི་གཉིས་པོ་བརྩེགས་ཤིང་། གཞན་རྣམས་ཕྱོགས་མཚམས་བརྒྱད་ལ་འགོད་དོ། །ལཱུ་ཧི་ས་ཡི་འགྲེལ་པ་ལྭ་བ་པས་མཛད་པ་རྗེས་འབྲང་དང་བཅས་པ་ཐམས་ཅད་དང་འཇིགས་མེད་འབྱུང་

(༧༣)གནས་རྗེས་འབྲང་དང་བཅས་ཐམས་ཅད་ཀྱང་། སྡོམ་འབྱུང་གི་རྗེས་སུ་འབྲང་བ་ཤ་སྟག་ཏེ། རང་ལུགས་ཀྱི་རྡོ་རྗེ་རྣལ་འབྱོར་མ་དང་རྒྱལ་བ་རྒྱ་མཚོ་གཉིས་ཀྱི་འདི་ཡང་འདི་ཡི་ལུགས་ཡིན་ལ། དེ་བས་ན་རྗེ་དཔའ་བོས་ཕག་མོའི་རྣམ་བཤད་ཆེན་པོར་རཀྟ་དང་འོད་དཔག་མེད་སྦྱར་བ་བྲིས་མཁན་གྱི་ཡིག་ནོར་སོང་བ་ཡིན་ནམ་སྙམ་མོ། །འདི་ནི་ཀུན་སྤྱོད་མངོན་སྤྱོད་རྡོ་རྗེ་མཁའ་འགྲོ་གསུམ་གྱི་རྗེས་སུ་འབྲངས་ཏེ། ཤ་ལྔ་བདུད་རྩི་ལྔ་བརྩེགས་ནས་འགོད་ཅིང་། ཡབ་ལྔ་ཡུམ་ལྔའི་དབྱེ་བར་སོ་སོར་མི་མཛད་པ་ཐུན་མོངས་དུ་ཡེ་ཤེས་ལྔའི་དག་པ་སྦྱོར་བ་སྟེ། དེ་ཡང་སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་དབྱིབས་བ་དན་ཅན་དང་། དེའི་སྟེང་དུ་རཾ་ལས་སམ་མེ་ཡི་དཀྱིལ་འཁོར་གྲུ་གསུམ་མཐུར་བསྟན་གྱི་དབྱིབས་ཅན། དེ་སྟེང་ཨོཾ་ཨཱཧཱུྃ་ལས་བྱུང་བའི་སྐུ་གསུམ་མཚོན་པའི་ཐོད་པའི་སྒྱེད་པུ་གསུམ་ལ་གནས་པའི་ཆོས་སྐུ་སྐྱེ་བ་མེད་པ་མཚོན་པའི་ཨ་ཡིག་ལས་སྐྱེས་པའི་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གོང་བཤད་ལྟར་ཤ་ལྔ་བདུད་རྩི་ལྔ་སྟེ་རྫས་བཅུ་རྣམས་རང་གི་ས་བོན་གྱི་བསྐྱེད་པར་བྱ་སྟེ། དབུས་སུ་ཧཱུྃ་ལས་ལྕགས་ཀྱུ་ཆེན་པོ་མི་ཡི་ཤ །ཤར་དུ་

(༧༤)ཨྃ་ལས་རྡོ་རྗེའི་ལྕགས་ཀྱུ་བ་ལང་གི་ཤ །བྱང་དུ་ཁཾ་ལས་རྒྱལ་པོའི་ལྕགས་ཀྱུ་གླང་པོ་ཆེའི་ཤ །ནུབ་ཏུ་ཨཾ་ལས་གཡོ་བའི་ལྕགས་ཀྱུ་དྷ་ཡི་ཤ །ལྷོར་ཏྲཾ་ལས་གནས་ཀྱི་ལྕགས་ཀྱུ་ཁྱི་ཡི་ཤ་དེ་དག་གི་སྟེང་དུ་དངོས་གྲུབ་གསལ་བར་བྱེད་པའི་སྒྲོན་མེ་ལྔ་སྟེ། དབུས་སུ་བཾ་ལས་རྡོ་རྗེའི་དྲི་ཆུ། ཤར་དུ་ལཾ་ལས་རྡོ་རྗེ་དྲི་ཆེན། ལྷོར་མཾ་ལས་རྡོ་རྗེའི་རཀྟ། ནུབ་ཏུ་བཾ་ལས་རྡོ་རྗེའི་བྱང་སེམས་དཀར་པོ། བྱང་དུ་ཏཱཾ་ལས་རྡོ་རྗེའི་ཀླད་པ་རྣམས་རང་ངང་གི་ས་བོན་གྱི་མཚན་པ་གོང་བཤད་ཧཱུྃ་ཨོཾ་སོགས་ཡིན་ཅིང་དེ་ནི་རྫས་བསྐྱེད་པ་སྟེ་དྷུ་རྡོ་རྗེ་འཛིན་པ་དམ་ཚིག་གི་བདུད་རྩིའོ། །དེ་ནས་རླུང་གཡོས་ཏེ་མེ་འབར་བས་ཐོད་པ་དྲོས། ས་བོན་དང་བཅས་པའི་རྫས་བཅུ་པོ་རྣམས་འོད་དུ་ཞུ་ཞིང་ཁོལ་བས། མི་གཙང་པའི་དངོས་པོ་ངན་པ་རྣམས་ལྦུ་བའི་ཚུལ་གྱིས་ཕྱིར་ལུད་པས། ཉི་མ་དང་ཟླ་བ་འཆར་ཀའི་སྐྱ་རེངས་ཀྱི་ཁ་དོག་ལྟ་བུ་ངང་འུ་རེ་འོད་དུ་འབར་བར་གྱུར་པར་བསམ་པ་ནི་བདུད་རྩི་སྦྱངས་བའོ། །དེ་ནས་བྱིན་གྱིས་རློབས་ཀྱི་ཡི་གེ་ནི་བདུད་རྩི་དེའི་རླང་པ་ལས་གྲུབ་པའི་སྟེང་གི་ནམ་མཁར་དངུལ་ཆུའི་མདོག་དང་མཚུངས་པའི་ཁ་ཊཱྃྭ་ག་མགོ་བོ་ཐུར་དུ་བསྟན་པ་དེ་ཡང་བདུད་རྩིའི་བཅུད་ཀྱི་

(༧༥)ཆེས་ལྗི་བས་ལྷུང་བའི་རྣམ་པས་བདུད་རྩི་དང་ལྷན་ཅིག་འདྲེས་པར་བསམ་པ་ནི་བདུད་རྩིར་རྟོགས་པའོ། །བདུད་རྩི་དེའི་སྟེང་གི་ཁར་ཨ་ཨཱ་ཨི་ཨཱི་སོགས་ཨ་ལིའི་ཕྲེང་བ་ཚར་གཅིག་ཀ་ཁ་ག་གྷ་ང་སོགས་ཀ་ལིའི་ཕྲེང་བ་ཚར་གཅིག་འཕྲོས་པས། དེ་འོད་དུ་ཞུ་བ་ལས་བྱུང་བའི་འོག་ཏུ་ཨོཾ་དཀར་པོ། དེའི་སྟེང་དུ་ཨཱདམར་པོ། དེའི་སྟེང་དུ་ཧཱུྃ་མཐིང་ག་གསུམ་ཀ་བརྩེགས་པའི་དེ་ལས་རིམ་བཞིན་ཨོཾ་ལས་ས་འོག་སྐུའི་འཁོར་ལོའི་ལྷ་བརྒྱད། ཨཱལས་ས་སྟེང་གསུང་གི་འཁོར་ལོའི་ལྷ་བརྒྱད། ཧཱུྃ་ལས་མཁའ་སྤྱོད་ཐུགས་ཀྱི་འཁོར་ལོའི་ལྷ་བརྒྱད་ཏེ། དཔའ་བོ་མཁའ་འགྲོ་མའི་ལྷ་ཚོགས་ཉེར་བཞི་པོ་རྣམས་སྤྲོས་པ་བླངས་སྟེང་ས་འོག་ན་ཡོད་པའི་སེམས་ཅན་གྱི་དོན་བྱས། སེམས་ཅན་ཐམས་ཅད་ཀྱང་འཁོར་ལོ་གསུམ་གྱི་ལྷ་ཚོགས་ཀྱི་རྣམ་པར་གྱུར་ལྷ་ཚོགས་དེ་ཐམས་ཅད་ཀྱང་སྙོམས་པར་ཞུགས་ནས་ཡི་གེ་གསུམ་པོ་ལ་ཐིམ་ཞིང་འབྲུ་གསུམ་ཀྱང་རིམ་པས་བདུད་རྩི་ལྕིད་ཀྱི་ཀླད་ཀོར་ཞབས་སུ་མགོ་འཇུག་ལྡོག་ཏེ། ཨོཾ་ཡིག་བདུད་རྩིར་ཐིམ། དེ་བཞིན་ཨཱཧཱུྃ་གཉིས་ཀྱང་རིམ་བཞིན་ཐིམ་པར་བསམ་པས། ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་འཕེལ་ཞིང་རྒྱས་པར་བསམ་

(༧༦)པ་ནི་བདུད་རྩི་སྤར་བའོ། དེ་ལྟར་སྦྱངས་རྟོགས་སྤར་གསུམ་བྱས་པ་ནི་འབྲས་བུ་རྡོ་རྗེ་འཛིན་པ་ཡེ་ཤེས་ཀྱི་བདུད་རྩི་ཉིད་དུ་ཤེས་པར་བྱའོ། དེ་ལྟ་བུ་བྱས་པའི་ཕན་ཡོན་ནི། སྦྱངས་རྟོགས་སྤར་གསུམ་མམ། སྦྱངས་སྤར་རྟོགས་སྤེལ་བཞིའི་ནུས་པ་ཐོབ་པས། དེ་ལྟར་བསྒོམ་པར་གྱུར་ན། བདུད་རྩི་དང་། གཟའ་བ་དང་། བཏུང་བ། གཏོར་མ། ཙ་རུ། སྦྱིན་སྲེག་རིལ་བུ་ལ་སོགས་པའི་རྫས་ཀྱི་དངོས་གྲུབ་བཟང་པོ་ཐམས་ཅད་བྱེད་པར་འགྱུར་རོ། །མིང་དོན་ཡང་ཨ་མྲྀ་ཏ་ཏེ། འཆི་མེད་དམ། གུད་མེད་དམ། བདུད་རྩི་ཞེས་པར་བསྒྱུར་ཞིང་བརྟེན་པས་ནད་གདོན་བསྲུང་ཞིང་། འཆི་མེད་གྲུབ་པ་སོགས་ཀྱི་ཕན་ཡོན་ལས་སོ། །དེ་ནས་གཡོན་པའི་མཐེབ་སྲིན་གྱི་བདུད་རྩི་མྱང་བས་ཁ་དག་པར་བྱས་ནས། སྔོན་འགྲོའི་གཏོར་མ་གཡོན་པའི་ཐེབ་སྲིན་གྱི་བདུད་རྩི་འཐོར་ཞིང་ནང་མཆོད་ལྟར་བྱིན་གྱིས་རླབས་ལ། རང་གི་སྙིང་གའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཡིས་ས་གསུམ་ན་གནས་པའི་འབྱུང་པོའི་རིགས་ཆེ་ཕྲ་མ་ལུས་པ་ཐམས་ཅད་སྤྱན་དྲངས་ནས། གདོད་ནས་དག་པ་ཆེན་པོའི་རང་བཞིན་གྱི་ལྷར་ཤེས་པ་སྐད་ཅིག་འོད་གསལ་དུ་ཞུགས་པས་སོ་སོར་འཁོར་ལོ་གསུམ་གྱི་ལྷ་ཚོགས་

(༧༧)སུ་གྱུར་ནས། ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མ་དྲངས་ཏེ་གསོལ་བ་བསམ་ལ། པད་སྐོར་སྔོན་དུ་འགྲོ་བའི་རྡོ་རྗེ་ཐལ་མོ་ཁ་ཕྱེ་བས་མཁའ་འགྲོ་སྤྱི་གཏོར་གྱི་སྔགས་ལན་གསུམ་གྱི་ཕུལ་ནས་ཕྲིན་ལས་བཅོལ་བས་དེ་བཞིན་དུ་ཕྲིན་ལས་སྒྲུབ་པར་ཞལ་གྱི་བཞེས་པར་བསམ་སྟེ་རང་གནས་སུ་གཤེགས་སོ། །དེ་ནས་མཆོད་པ་བྱིན་གྱིས་བརླབས་པ་ནི། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཡིག་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། གསང་གཏོར། ཞབས་བསིལ་ལ་སོགས་པ་མཆོད་པའི་ཚོགས་བསམ་གྱིས་མི་ཁྱབ་པར་བསམ་ལ། ཨོཾ་བཛྲ་ཨརྒྷཾ་ཨཱཧཱུྃ་སྭཱ་ཧཱ། སོགས་ཏེ། ཨོཾ་ཨཱཧཱུྃ་སྭཱ་ཧཱ། ཞེས་པས་ཡེ་ཤེས་ལྔ་དང་སྤེལ་བའི་སོ་སོའི་སྔགས་ཀྱི་བྱིན་གྱིས་བརླབས། རྡོ་རྗེ་ནི་དེ་ཁོ་ན་ཉིད་ཀྱི་དོན་ཤེས་པས་གནད་དམ་པའོ། རྒྱས་པ་ནི་དཀྱིལ་ཆོག་ཏུ་སྤྲོས་པ་ལས་ཤེས་པར་བྱའོ། དེ་ནས་སྐྱབས་སུ་འགྲོ་བ་ནི། དེ་ཡང་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ཡང་སྤང་བླང་གི་གནད་གཉིས་ཏེ། དེ་ཡང་ཚངས་པ་དང་། ཁྱབ་འཇུག་དང་། དྲག་པོ། སེར་སྐྱ། ལྷ་རྒྱལ་བ་དམ་པ་སོགས་ཕྱི་རོལ་གྱི་

(༧༨)སྟོན་པ་དང་། དེས་བསྟན་རྟག་ཆད་ཀྱི་ཆོས་རྗེས་མཐུན་བཅས་པ་དང་། དེ་འཛིན་གྱི་གང་ཟག་རྣམས་ལ་ཚེ་འདི་ཕྱིས་རེ་ལྟོས་འཆའ་བ་ནི་སངས་རྒྱས་ཀྱི་བསྟན་པ་ལས་གཞན་དུ་ཕྱོགས་པའི་མུ་སྟེགས་བྱེད་པ་ཉིད་ཡིན་ལ། གཞན་ཡང་རི་ལྗོངས། ལྷ་རྟེན། འབྱུང་པོ་ཕྲན་བུ་ཡུལ་ལྷ་གཞི་བདག་སོགས་དང་། རྒྱལ་པོ་མི་ཡི་འགྲོ་བ་ཁ་དྲག་དབང་བཙན་པ་རྣམས་ལ་བློ་གཏོད་ཀྱི་སྐྱབས་ཞུ་བ་ཡང་སྐྱབས་ཆུང་ངུའི་གནས་ཏེ། དེ་དག་ལ་ནི་འཇིག་རྟེན་གྱི་སྐྱབས་འགྲོར་གྲགས། འཇིག་རྟེན་འདས་པ་ལ་ཡང་བསམ་སྦྱོར་རྒྱ་ཆེ་ཆུང་གི་དབང་ལས་ཐེག་པ་ཆེ་ཆུང་གཉིས་ཏེ། ཐེག་ཆེན་པའི་ལུགས་ལ་ཡང་ཐུན་མོང་བ་མདོ་ལུགས་དང་། ཐུན་མོང་མ་ཡིན་པ་སྔགས་ཀྱི་ལུགས་གཉིས་ལས་འདིར་ཕྱི་མ་ཡིན་ལ་འཇིགས་རུང་འཁོར་བའི་སྡུག་བསྔལ་མེའི་འོབ་ལྟ་བུ་ལས་མཁའ་ཁྱབ་སེམས་ཅན་ཐམས་ཅད་བསྒྲལ་འདོད་ཀྱི་བློ་ནི་སྐྱབས་འགྲོའི་རྒྱུའོ། །སྐྱབས་སུ་འགྲོ་བའི་ཡུལ་ནི། ཐེག་པ་ཆེ་ཆུང་གི་གྲུབ་མཐའ་སོ་སོའི་འདོད་ཚུལ་མི་འདྲ་བ་མང་དུ་ཡོད་ཀྱང་། དེ་ཐམས་ཅད་རིག་པས་དཔྱད་ན་སོང་ཚོད་འདི་ལྟ་བུ་ཞིག་ལས་མི་མདའོ་ཞེས་སོ་སོའི་འདོད་པ་སྨྲ་བ་ཡིན་གྱི། དམིགས་

(༧༩)བསྒོམ་ལག་ལེན་འདེབས་པའི་སྐབས་འདིར་མི་འདྲ་བའི་འགལ་བ་ཆེར་མེད་ལ། འོན་ཏང་ཐེག་པ་ཆེ་ཆུང་གི་དབང་གི་རྒྱ་ཆེ་ཆུང་གི་འདོར་ལེན་ཅུང་ཟད་ཙམ་ནི་ཡོད་དོ། རེ་ཞིག་མདོ་སྔགས་ཐུན་མོང་བ་ལྟར་ན། སངས་རྒྱས་དཀོན་མཆོག་ནི་སྐུ་བཞིའི་བསྡུས་ཏེ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་མཐར་ཐུག་པ་མངོན་སུམ་དུ་རྟོགས་པའི་མཁྱེན་པ་སྟེ་འགྲོ་བ་རྣམས་ལ་བདེ་བར་གཤེགས་པ་དག་གིས་ཕན་པ་བླ་ན་མེད་པ་སྒྲུབ་པའི་བདག་རྐྱེན་དུ་གྱུར་པ་ནི་ཆོས་ཀྱི་སྐུ་དང་། བདེ་བར་གཤེགས་པ་རྣམས་ཀྱི་སྐུའི་སྦྱོར་བ་མ་ཚངས་བ་མེད་པའི་སྐུར་སྣང་ཡང་རང་བཞིན་དང་བྲལ་བས་ཕྱོགས་སུ་མ་ཆད་པའི་ཕྱིར། རྡོ་རྗེ་ཐེག་པ་རྣམ་པ་ཐམས་ཅད་པའི་སྐུ་དང་ཞལ་ཕྱག་དུ་གསུང་previous hit ་དེ་ནི་ལོངསསྤྱོདརྫོགས next hit་པའི་སྐུ་དང་། བདེ་བར་གཤེགས་previous hit ལོངསསྤྱོདརྫོགས next hit་པའི་སྐུར་མངོན་སངས་རྒྱས་པའི་དེ་མ་ཐག་ཏུ་ཉི་མ་དང་འོད་བཞིན་ཕྲིན་ལས་ལྷུན་གྱིས་གྲུབ་པའི་རང་གཟུགས་ཞིང་དག་པ་དང་མ་དག་པ་ཅི་རིགས་སུ་སྣང་བ་སྟེ། དེ་ཡང་འཛམ་གླིང་དུ་མཛད་པ་བཅུ་གཉིས་སོགས་སྟོན་པ། རྒྱལ་རིགས་སོགས་སུ་སྐྱེ་བ་བཞེས་པའི་ཚུལ་དེ་སྐྱེ་བ་སྤྲུལ་སྐུ། བཟོ་གནས་ལ་མཁས་པར་སྟོན་པའི་ཚེ་བཟོ་སྤྲུལ་སྐུ། བྱང་ཆུབ་བརྙེས་པར་

(༨༠)སྟོན་པ་ནས་མཆོག་གི་སྤྲུལ་སྐུའོ། །རྟོགས་པ་ཆོས་ཀྱི་སྐུ་ཡིས་སྟོབས་ཀྱིས་ཐོབ་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ཞི་བ་ཆེན་པོ་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ། རྡོ་རྗེ་ཐེག་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོས་ཁྱད་པར་དུ་བྱས་པའི་ཕྱིར་བདེ་བ་ཆེན་པོའི་སྐུ་གསུངས་སོ། །ཆོས་དཀོན་མཆོག་ནི་ལུང་རྟོགས་གཉིས་ལས། སྔ་མ་ནི་གསུང་རབ་མིང་ཚིག་ཡི་གེར་སྣང་བ་དང་སྒྲར་གྲགས་པ་རྣམས་སོ། ཕྱི་མ་ནི་ཞི་བ་མྱ་ངན་ལས་འདས་པ་སྟེ། ཆོས་དབྱིངས་དེ་བཞིན་ཉིད་རང་བཞིན་གྱི་རྣམ་པར་དག་པ་དང་། དེ་གློ་བུར་སྒྲིབ་བྲལ་དག་པའི་ཆ་ནས་འགོག་ལྡན་འབྲས་བུའི་ཆོས་དང་། ལམ་གྱི་ཡེ་ཤེས་ནི་གཞི་དེ་ཉིད་རྟོགས་པའང་ཡིན་ལ། འབྲས་བུ་དེ་མངོན་དུ་བྱེད་པའི་སྐབས་ཀྱང་ཡིན་པས་ལམ་བདེན་གྱི་ཆོས་སྟེ། ངོ་བོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སོ། །དགེ་འདུན་དཀོན་མཆོག་ནི་དངོས་པ་ཆེན་པོ་ན་བཞུགས་པའི་བྱང་སེམས་འཕགས་པ་དང་། རྗེས་མཐུན་ཐེག་ཆེན་ཚོགས་སྦྱོར་གྱི་ཕྱིར་མི་ལྡོག་ཐོབ་པ་རྣམས་དང་ཉན་རང་འཕགས་པ་རྣམས་སོ། །ཡང་མདུན་དུ་བཞུགས་པའི་སངས་རྒྱས་ཅེས་སངས་རྒྱས་ཀྱི་སྐུ་གཟུགས་དང་མཆོད་རྟེན་ལྟ་བུ་

(༨༡)ཆོས་ནི་གླེགས་བམ། དགེ་འདུན་ནི་སོ་སོ་སྐྱེ་བོའི་དགེ་འདུན་ཚུལ་ཁྲིམས་དང་ལྡན་པ་རྣམས་ཞེས་བཤད་དོ། །གསང་སྔགས་ཁྱད་པར་བའི་སྐྱབས་ཡུལ་གྱི་སྐབས་འདིར་ནི་གོང་བཤད་དཀོན་མཆོག་གསུམ་དང་། ཁྱད་པར་གྱི་ཡུལ་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་རྩལ་འདོན་གྱི་སྐྱབས་སུ་འགྲོ་དགོས་པས། སྐྱབས་འགྲོ་དྲུག་སྐོར་ཞེས་ཐ་སྙད་འདོགས་ལ། དེ་ཡང་། བླ་མ་ནི་དཀོན་མཆོག་ཀུན་འདུས། ཡི་དམ་སངས་རྒྱས་དཀོན་མཆོག །མཁའ་འགྲོ་ཆོས་སྐྱོང་ནི་དགེ་འདུན་དཀོན་མཆོག་དུ་ཡང་འདུས་མདོ། དགོས་པར་ཁྱད་པར་གྱི་ཕྱིར་དམིགས་སུ་ཕྱེས་པ་ཡིན་ལ། གསང་སྔགས་ཀྱི་ལམ་འདིར་དངོས་སུ་བཀའ་དྲིན་ཐོབ་པའི་ཡུལ་དེའི་བྱིན་རླབས་འཇུག་དགོས་པ་དང་། བཀའ་དྲིན་དྲན་དགོས་པའི་ཕྱིར་བླ་མ་ལ་སྐྱབས་སུ་འགྲོ་བ་དང་། མཆོག་ཐུན་མོང་དངོས་གྲུབ་རྣམས་ཞུ་བའི་ཡུལ་ཐུན་མོངས་མིན་པ་ཉིད་སྤྱིར་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་། བར་ཆད་སེལ་བ་དང་གནས་སྐབས་ཀྱི་འདོད་དོན་རྣམས་འགྲུབ་པའི་ཕྲིན་ལས་ཞུ་ཕྱིར་མཁའ་འགྲོ་ཆོས་སྐྱོང་སྟེ། གལ་ཆེན་ནན་ཆགས་ཀྱི་དགོས་སུ་བྱས་པའོ། དེས་ན་གསང་སྔགས་སུ་དཀྱིལ་འཁོར་གྱི་གཙོ་བོ་སངས་རྒྱས། བརྗོད་བྱ་རྗོད་

(༨༢)བྱེད་ཀྱི་ཆོས་སྔགས་རྣམས་ཆོས། རིགས་བཞིའི་མཁའ་འགྲོ་སོགས་དགེ་འདུན་དུ་བྱས་པ་སྟེ་དཀོན་མཆོག་གསུམ་དཀྱིལ་འཁོར་གཅིག་ཏུ་བསྡུས་ནས་གསུངས་པ་ལྟ་བུ་དང་། ཡང་རྩ་བའི་བླ་མ་གཅིག་པུས་བསྡུས་པའང་འབྱུང་སྟེ། དེའི་སྐུ་གང་འདུལ་སྣང་བར་བརྟེན་ནས་ལམ་སྣ་མཛད་པ་དགེ་འདུན། གསུང་བླང་དོར་གྱི་གནས་ཀུན་སྟོན་པ་ཆོས། ཐུགས་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་སངས་རྒྱས་དཀོན་མཆོག་གམ། ཆོས་ཀྱི་སྐུ་སྟེ་མཐར་ཐུག་གི་སྐུ་གསུམ་མམ། སྐྱབས་གསུམ་ངོ་བོ་གཅིག་པའི་གནས་ཀྱིས་སོ། །ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་ནི། རྒྱས་པ་ན་གང་ལ་བརྟེན་ནས་དགོས་འདོད་འབྱུང་བ་མཚོན་བྱེད་དཔག་བསམ་གྱི་ལྗོན་ཤིང་ཡལ་ག་དབུས་དང་ཕྱོགས་བཞིར་གྱེས་པའི་དབུས་མར་རྩ་བའི་བླ་མར་རྡོ་རྗེ་འཆང་གི་མཚན་རྫོགས་ཅན་ལ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱིས་ཁྲོམ་ཚོགས་སུ་བསྐོར་བ། མདུན་གྱི་ཡལ་གའི་སྟེང་དུ་དཔལ་འཁོར་ལོ་སྡོམ་པར་རྒྱུད་སྡེ་བཞིའི་ལྷ་ཚོགས་ཀྱིས་བསྐོར་བ། གཡས་ཀྱི་ཡལ་ག་ལ་སེང་ཁྲི་པད་ཉི་ཟླ་གདན་ལ་སྟོན་པ་ཤཱཀྱ་ཐུབ་པར་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ། རྒྱབ་ཀྱི་ཡལ་གའི་སྟེང་དུ་ཆོས་དཀོན་མཆོག་པུ་ཏི་བརྩེགས་པའི་རྣམ་པ་གསེར་གདོང་རང་ལ་བསྟན་

(༨༣)པ། གཡོན་པའི་ཡལ་གའི་སྟེང་དུ་ཉེ་བའི་སྲས་བརྒྱད་སོགས་དང་རབ་འབྱོར་ཀུན་དགའ་བོ་སོགས་ཉན་ཐོས་ཀྱི་དགེ་འདུན་རྣམས། གཙོ་བོའི་གདན་མཚམས་སམ་མཐའ་བསྐོར་དུ་ཆོས་སྐྱོང་སྲུང་མ་དཔའ་བོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པ་སྤྲིན་ཕུང་བཞིན་བཞུགས་པ་བསྒོམ་པའམ། ཡང་ན་བསྡུས་པར། མདུན་གྱི་ནམ་མཁར་བླ་མ་མི་བསྐྱོད་པའི་རྣམ་པས་དབུ་རྒྱན་པའི་དཔལ་འཁོར་ལོ་སྡོམ་པ་ལྔ་ཚན། གཙོ་བོའི་ཐུགས་ཀར་ཉི་མ་ལ་ཧཱུྃ་གི་མཐར་སྙིང་པོ་དང་། ཉེ་སྙིང་གིས་བསྐོར་བར་བསྒོམ་པ་ཉིད་ཡིན་ལ། དེ་ཉིད་ལེགས་པའང་ཡིན་ཏེ། གོང་དུ་བཤད་བཞིན་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་སངས་རྒྱས་དཀོན་མཆོག་དང་། ཐུགས་ཀའི་ས་བོན་དང་སྙིང་པོ་ཉེ་སྙིང་ཆོས་དཀོན་མཆོག །འཁོར་གྱི་མཁའ་འགྲོ་མ་བཞི་དང་འཁོར་ལོ་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་ཐམས་ཅད་དགེ་འདུན་དཀོན་མཆོག་སྟེ། སྔར་ཚུལ་གྱི་ཐུན་མོང་མིན་པ་ཉིད་དོ། །ཡུལ་དེ་ལ་གང་གིས་སྐྱབས་སུ་འགྲོ་ན། བདག་སོགས་མཁའ་མཉམ་སེམས་ཅན་འདི་ཀུན་ཚེ་གཅིག་ཉིད་དུ་ལྷན་སྐྱེས་ཡེ་ཤེས་ཀྱི་གོ་འཕང་མ་འགོད་པའི་འདྲེན་དཔོན་དུ་དང་པོ་ཁོ་ནར་རང་ཉིད་འཁོར་ལོ་སྡོམ་པའི་གོ་འཕང་སྒྲུབ་འདོད་ཀྱི་

(༨༤)ལྷག་བསམ་དང་ལྡན་པས་དགྲ་གཉེན་ཕྱོགས་རིས་མེད་པའི་སེམས་ཅན་ཐམས་ཅད་གཅིག་ཏུ་འདུས་པའི་བྱང་རང་གིས་དྲངས་ནས་སོ། །དུས་ཇི་ཙམ་བར་སྐྱབས་སུ་འགྲོ་ན། དུས་འདི་ནས་བཟུང་བྱང་ཆུབ་བར། ཅེས་འབྱུང་བར་ལྟར་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་བར་བཤད་པ་ནི་སྐྱབས་གནས་མཆོག་གསུམ་ཐུན་མོང་གི་དབང་དུ་བྱས་པ་སྟེ་སངས་རྒྱས་མ་གཏོགས་པའི་གཞན་གཉིས་གཏན་གྱི་སྐྱབས་གནས་མ་ཡིན་པའི་ཕྱིར་རྒྱུད་བླ་མ་ལས་སོ། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། གཏན་གྱི་སྐྱབས་གནས་མ་ཡིན་ནོ། །ཞེས་སོ། །སངས་རྒྱས་དཀོན་མཆོག་ནི་བྱང་ཆུབ་མ་ཐོབ་ཀྱི་བར་དེ་སྲིད་དུ་སྐྱབས་འོག་ཏུ་ཆུད་པས་སྐྱོང་བ་ཡིན་ལ་ནམ་ཐོབ་ནས་ཡུལ་ཉིད་ལ་འདུན་པ་ལས་ཆོས་ལྷག་པ་རེ་གཅིག་པ་ཉིད་དུ་གྱུར་པས་ནམ་དུའང་ཕན་ཚུན་མི་གཏོང་བ་ཉིད་ཀྱི་ཕྱིར། གཏན་གྱི་སྐྱབས་གནས་ཡིན་པའི་ཕྱིར་བྱང་ཆུབ་མ་ཐོབ་པའི་ངེས་བཟུང་ཀ་དགོས་པ་མེད་དེ། རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། ཞེས་སོ། །ཇི་ལྟར་སྐྱོབ་པའི་ཚུལ་ནི། སངས་རྒྱས་ནི་བླང་དོར་གྱི་གནས་རྣམས་སྟོན་པ་མཛད་པ་པོ་ཡིན་

(༨༥)པས་དེ་ལ་སྟོན་པ་ཞུ། དེས་བསྟན་པ་དེ་ཀ་རང་དམ་ཆོས་ཡིན་ལ། དེ་ཉིད་ཉམས་སུ་བླང་པས་འཇིགས་པ་ལས་ཐར་བདེ་བ་ཐོབ་ཕྱིར་ཆོས་ལ་སྐྱབས་དངོས་ཆོས་དེ་ཉམས་སུ་ལེན་ཚུལ་ཡང་རྒྱུས་མེད་ཀྱི་ལམ་དུ་ལམ་སྣ་བ་བཙལ་ནས། དེའི་རྗེས་སུ་འགྲོ་དགོས་པ་ལྟར་དགེ་འདུན་རྣམས་ཀྱི་རྣམ་ཐར་ལ་བསླབ་དགོས་པས་ན། དགེ་འདུན་ལ་ལམ་སྣའི་ཟླ་གྲོགས་ཞུ་བ་སྟེ། ད་ལྟ་ནི་དེ་ཐམས་ཅད་བླ་མས་མཛད་པས་ཀྱང་དེ་ཉིད་དཀོན་མཆོག་ཀུན་འདུས་སོ། །སྐྱོབ་ལུགས་ཀྱི་གཙོ་བོ་ནི། སངས་རྒྱས་དགེ་འདུན་དང་བཅས་པས་གསུངས་པའི་དམ་པའི་ཆོས་ལྟར་བསྒྲུབ་པས། རྒྱུ་ཉོན་མོངས་སྤངས། འབྲས་བུ་སྡུག་བསྔལ་དང་འཇིགས་པ་ཀུན་ལས་གྲོལ་འགྲོ་བའི་ཚུལ་འདི་ཡིན། གཞན་ཡང་མཚན་བཟུང་བ་དང་། ཕྱག་འཚལ་བ་དང་། གསོལ་བ་བཏབ་པ་ཙམ་གྱིས་ཀྱང་འཇིགས་པ་བཅུ་དྲུག་ལ་སོགས་ཉེར་མཚོ་ཐམས་ཅད་དངོས་སུ་སྐྱབས་ཅིང་། ངན་སོང་སྐྱེ་འགྱུར་དག་ཀྱང་གཏན་ནས་བཟློག་པའམ་ཐག་བསྲིང་བར་བྱེད་པ་སོགས་སྒོ་ཐམས་ཅད་ནས་སྐྱོབ་པར་མཛད་པ་ནི་སྐྱོབ་ལུགས་ཀྱི་རྣམ་གྲངས་སོ། །སྐྱབས་སུ་སོང་བའི་ཚད་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་རགས་པ་རྣམས་ཤེས་པ་སྟེ། དཀོན་མཆོག་

(༨༦)རྗེས་དྲན་དང་། མདོ་རྒྱན་སོགས་ནས་བཤད་པ་རྣམས་ལྟར་གོ་ཞིང་ཡིད་ཆེས་པ་དང་། རང་དང་གཞན་གྱི་དཀོན་མཆོག་སྐྱབས་གནས་ཡིན་མིན་དང་ནང་ཕན་ཚུན་ཁྱད་པར་ཤེས་པ་སྟེ་སྟོན་པ་གཞན་ལས་སངས་རྒྱས་ལྷག་ཚུལ། ལམ་ལོག་པ་ལས་དམ་པའི་ཆོས་ཁྱད་པར་འཕགས་ཚུལ། མུ་སྟེགས་བྱེད་སོགས་ལས་དགེ་འདུན་ཆེས་ཁྱད་པར་འཕགས་ཚུལ་རྣམས་དང་ལྷག་པར་གསང་སྔགས་སྟོན་པའི་བླ་མ་དང་དེས་བསྟན་པ་བཅས་ལེགས་པར་ཤེས་ཤིང་ཡིད་ཆེས་རྙེད་པ་དང་། ཡིད་ཆེས་ཡོན་ཏན་ཤེས་པའི་རྒྱུ་མཚན་གྱིས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་ཁས་ལེན་ཞིང་དམ་བཅའ་བ་ཁྱད་པར་ཤེས་པ་ལ་བརྟེན་ནས་དཀོན་མཆོག་གསུམ་ལས་སྐྱབས་གཞན་མི་ཚོལ་བ་རྣམས་ཏེ། ཡོན་ཏན་ཤེས་པ། ཁྱད་པར་ཤེས་པ། ཁས་བླང་པ། སྐྱབས་གཞན་མི་ཚོལ་བ་སྟེ། ཁྱད་ཆོས་བཞི་ཚང་ན་སྐྱབས་འགྲོ་རྣམ་དག་ཏུ་འགྱུར་བའོ། །དེ་དག་ནི་རྒྱུ་ཡི་སྐྱབས་འགྲོ་སྟེ། གཞན་རྒྱུད་ལ་བྱོན་ཟིན་གྱི་དཀོན་མཆོག་གསུམ་སྐྱབས་གནས་སུ་བརྟེན་པའི་ཕྱིར་རོ། །ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། མི་འགྱུར་དྲི་མེད་ཆོས་དང་ནི།

(༨༧)ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་ལྟར་སྐྱབས་ཡུལ་སྐྱབས་མཁན་ཀུན་གཟུགས་འཛིན་གཉིས་སྟོང་གི་ཡེ་ཤེས་རྣམ་པར་མི་རྟོག་པའི་རང་སེམས་དཀོན་མཆོག་གསུམ་གནས་པར་ཤེས་པ་ནི་འབྲས་བུའི་སྐྱབས་འགྲོའོ། །སྐྱབས་སུ་སོང་བའི་ཕན་ཡོན་ནི་གོང་བཤད་དག་གི་ཤུགས་བསྟན་གོ་བར་འགྱུར་མེད། མདོ་རྒྱན་ལས། སྐྱབས་སུ་འགྲོ་བ་འདིར་སོང་དོན་ཆེ་སྟེ། དེ་ཡིས་ཚད་མེད་ཡོན་ཏན་ཚོགས་འཕེལ་འགྱུར། འགྲོ་བ་འདི་ལ་སྙིང་རྗེའི་བསམ་པས་ཁྱབ། མཚུངས་མེད་འཕགས་ཆེན་ཆོས་སྐྱོང་རྒྱས་པར་བྱེད། ཅེས་གསུངས་པ་ལྟར་དང་། ཐེག་དམན་ལས་སྐྱབས་ཏེ། བླ་མེད་ཀྱི་སངས་རྒྱས་ཉིད་མྱུར་དུ་ཐོབ་པར་འགྱུར་བའི་ངེས་པར་ཐོབ་པར་ཡིན་ནོ། །དེ་ནས་སེམས་བསྐྱེད་པ་ནི། སྨོན་འཇུག་གཉིས་སྔ་མ་ནི་འཁྲུལ་པའི་རང་བཞིན་གྱི་རང་ངོ་མ་ཤེས་པར་འཁོར་བར་འཁྱམས་པའི་སེམས་ཅན་འདི་དག་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པར་བྱ་བའི་ཆེད་དུ་བདག་ནི་དཔལ་ཧེ་རུ་ཀའི་གོ་འཕང་དུ་གྱུར་ནས་སེམས་ཅན་ཐམས་ཅད་ཀྱང་དེའི་གནས་ལ་འགོད་པར་བྱའོ། །ཞེས་སེམས་

(༨༨)ཐོག་མར་བསྐྱེད་པ་ཉིད་ཡིན་ལ། ཕྱི་མ་ནི་དེ་ནས་དེའི་དོན་གྱི་ཆེད་དུ་བསྙེན་སྒྲུབ་ཀྱི་རྣལ་འབྱོར་ལ་མྱུར་དུ་འཇུག་བཞིན་པ་ཉིད་དོ། །སྤྱིར་བྱང་ཆུབ་སེམས་ཞེས་བྱ་བ་དོན་དམ་དབྱིངས་དེ་བཞིན་ཉིད་ལ་འཇུག་པ་དང་། སྤྲོས་བྲལ་ཡེ་ཤེས་མངོན་སུམ་དུ་རྟོགས་པའང་འཇུག་སྟེ། དེ་ལྟར་ནའང་ཆོས་དབྱིངས་དོན་དམ་བྱང་སེམས་ཞེས་བྱ་བ་ལས་སེམས་བསྐྱེད་ཀྱི་ཐ་སྙད་མི་འཇུག །དོན་དམ་སེམས་བསྐྱེད་ཞེས་པ་དེ་རྒྱུད་ལ་འཇུག་པའི་མིང་ཡིན། རང་གཞན་བྱང་ཆུབ་ཐོབ་འདོད་ཀྱི་འདུན་པ་དང་བཅས་པའི་སེམས་ནི་བརྩེ་བ་སྙིང་རྗེ་ཆེན་པོ་ཀུན་རྫོབ་བྱང་ཆུབ་སེམས་འདི་ཡིན་ལ། སེམས་དང་སེམས་བསྐྱེད་ཀྱི་ཁྱད་པར་ཡང་ངོ་བོ་དང་རྫས་ཀྱི་སྒོ་ནས་ཐ་དད་མེད་མདོ། གནས་སྐྱབས་ཀྱི་ཁྱད་ལས་མིང་དུ་འདོགས་པ་ཡིན་ལ། དེས་ན་སེམས་བསྐྱེད་འདི་དམ་བཅའ་ཆོ་གས་བླངས་པའི་བྱང་ཆུབ་སེམས་ཁྱད་པར་ཅན་དམ་བཅའ་དང་འབྲེལ་བའི་བྱང་ཆུབ་སེམས་ཀྱི་མིང་ཡིན་ལ། ཁྲིད་རིམ་ཀུན་གྱི་སྐྱབས་སེམས་ཅེས་པའི་སེམས་བསྐྱེད་ནི་བྱང་ཆུབ་ཀྱི་སེམས་རྩོལ་བས་རྒྱུད་ལ་སྐྱེས་ཤིང་བློ་ལས་ཤར་བ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཟེར་བ་དེ་ཉིད་དོ། །བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་

(༨༩)སོགས་ནི། ཆུ་ལྷའི་ལྕེས་ཀྱང་བསྐལ་པར་སྨྲ་མི་ནུས་མེད་མདོར་ན། ངན་འགྲོའི་ལམ་རྣམས་ཟློག་བྱེད་ཅིང་། མཐོ་རིས་ལམ་ནི་རབ་སྟོན་པ། རྒ་ཤི་མེད་པར་འདྲེན་བགྱིད་པའི། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཅེས་གསུངས་པ་ཉིད་ཀྱིས་ཀྱང་རྟོགས་ནུས་ཤིང་། བྱང་སྡོམ་གྱི་རྣམ་བཞག་སོགས་ཅུང་ཟད་སྤྲོས་ཀྱང་ཆོག་མདོ། གཞུང་དོན་གཏོར་དེ་དག་གིས་བཞག་གོ །གཉིས་པ་དངོས་གཞི་གཞུང་གི་དོན་དངོས་ལ། སྔོན་འགྲོ་དང་། དངོས་གཞི་གཉིས་ལས་དང་པོ་ལའང་། གང་གིས་ཚོགས་བསོགས་པའི་བྱེད་པ་པོ། གང་ལ་ཚོགས་གསོག་པའི་ཡུལ། ཇི་ལྟར་ཚོགས་གསོག་པའི་ཚུལ་ཏེ་གསུམ་ལས། དང་པོ་ལ་ལུས་ངག་ཡིད་གསུམ་དག་པ་གསུམ་གྱི་རྣལ་འབྱོར་ནི། དེ་ཡང་ལུས་ངག་ཡིད་གསུམ་དག་ཅིང་སྦྱངས་པ་མ་བྱས་པས་ཀྱང་ཚོགས་བསགས་པ་ལའང་འབྲས་བུ་ཙམ་འབྱུང་མོད་ཀྱི། དག་པར་བྱས་ནས་ཚོགས་བསགས་པའི་ཕན་ཡོན་ཤིན་ཏུ་རྒྱས་པར་འགྱུར་བ་དང་། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ལྷར་བསྒྲུབ་པའི་ཕྱིར་ཡང་ཡིན་ནོ། །དེ་ཡང་། ཧྲཱི་ཧེ་རུ་ཀ྅ོཧྃ། ཞེས་པའི་སྒྲ་ལ་རྣམ་པར་དཔྱད་ནས། ཤྲི་ནི་གཉིས་

(༩༠)མེད་ཡེ་ཤེས་ཏེ། ཞེས་སོགས་ཀྱི་དོན་བསམ་པར་བྱ་བར་ཡིན་ལ། དེ་ཡང་། ཤྲི་ནི་བདེ་བ་དང་སྟོང་པ་གཉིས་སུ་མེད་པའི་ཡེ་ཤེས་ཏེ་བདེ་བ་ཆེན་པོའི་སྐུ་དང་། ནེ་ནི་རྒྱུ་མཚན་གཏན་ཚིག་ལ་སོགས་པ་དང་བྲལ་བའི་ཐོག་མར་མ་སྐྱེས་པ་བར་དུ་མི་གནས་པ་ཐ་མལ་གང་དུའང་མ་འགག་པའི་རང་བཞིན་གདོད་མ་ནས་སྟོང་པའི་ངོ་བོ་ཉིད་ཀྱི་སྐུ། རུ་ནི་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་རྡུལ་ཕྲ་རབ་ཀྱི་ཚོགས་previous hit ་དང་བྲལ་བ་ལོངསསྤྱོདརྫོགས next hit་པའི་སྐུ་དང་། ཀ་ཡིག་ནི་སྣ་ཚོགས་པའི་སྤྲུལ་པས་སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་མཛད་ཅིང་། ཡོད་མིན་མེད་མིན་སོགས་སྲིད་ཞི་རྟག་ཆད་ཀྱི་མཐའ་དང་བྲལ་ཞིང་གང་དུའང་མི་གནས་པའི་སྤྲུལ་པའི་སྐུ་སྟེ། ཨ་ཧྃ་ནི་དེ་ལྟ་བུའི་བདག་ཉིད་ངའོ། །ཞེས་དོན་བསམ་པ་ནི་ངག་དག་པའོ། །སྙིང་གར་བྱང་ཆུབ་ཀྱི་སེམས་གདོད་ནས་དྲི་མ་མེད་པའི་བརྡར། གདོད་མ་ནས་སྐྱེ་བ་མེད་པ་མཚོན་པའི་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡེ་ཤེས་ལྔ་ཡི་ངོ་བོ་རྣམས་པ་ཧཱུྃ་ཡིག་སྔོན་པོ། དེའི་ཞབས་ཀྱུ་བྱ་བ་སྒྲུབ་པའི་ཡེ་ཤེས། ཁ་དོག་པ་པོར་རྟོགས་ཀྱི་ཡེ་ཤེས་མགོ་བོ་

(༩༡)མཉམ་ཉིད་ཀྱི་ཡེ་ཤེས། ཟླ་ཚེས་མེ་ལོང་ལྟ་བུའི་ཡེ་ཤེས། ཐིག་ལེ་ནཱ་དར་བཅས་པ་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་འདྲ་བ་བདག་ཉིད་ཀྱི་སྙིང་གར་བསམ་པ་ནི་ཡིད་དག་པའོ། །དེའི་འོད་ཟེར་གྱིས་ལུས་ཀྱི་སྣང་བ་སྦྱངས་ཏེ། དཔལ་འཁོར་ལོ་བདེ་མཆོག་ཧེ་རུ་ཀ་ཕྱག་གཉིས་ཅན་ཁ་སྦྱོར་གྱི་སྐུ་གསལ་བ་ནི་ལུས་དག་པ་སྟེ། ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་གྱི་དག་པར་བསྒྱུར་བའོ། །ཡང་འགའ་ཞིག་ནི་ཤྲཱི་ནི་སོགས་ཀྱི་སྔགས་དོན་དྲན་པས་ཐུགས་དག་པ་དང་། ཧཱུྃ་བསྒོམ་པས་གསུང་གི་དག་པར་བཞེད་པ་ཡོད་མདོ། རྣམ་པ་གཅིག་ཏུ་ན་དེ་ཡང་རུང་མདོ་འདིར་ནི་ངག་གི་བརྗོད་པ་རླུང་ཐིམ་པས། ཐུགས་འོད་གསལ་བདེ་སྟོང་སྤྲོས་བྲལ་འཆར། དེ་ལྟར་ཤར་བས་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་སླར་འབྱུང་བ་ཡིན་པས། རྡོ་རྗེ་གསུམ་ལུགས་འབྱུང་ལུགས་བཟློག་གི་རིམ་པ་སྤྱི་འགྲོས་དང་མ་སྦྱར་བ་གསུང་ཐུགས་སྐུའི་རིམ་པ་བཞིན་དུ་བསྟན་པ་འདོད་པ་ཤིན་ཏུ་ལེགས་སོ། །དེ་ལྟར་གསལ་བའི་ལྟེ་བ་རུ། ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨ། ཀ་ཁ་ག་གྷ་ང་།

(༩༢)ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་དྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་ཧཱུྃ་ཧཱུྃ་ཕཊ། ཅེས་དབྱངས་གསལ་གྱི་ཡིག་ཕྲེང་དང་པོ་དཀར་པོ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་བཅས་འཕྲོས་པས་རིམ་བཞིན་རིམ་པ་གསུམ་དུ་འཁོར། འདིར་གཞུང་ཁ་གཅིག་ཏུ། ཨཱ་ལི་གཡས་དང་། ཀཱ་ལི་གཡོན་དུ་འཁོར་བར་བཤད་པའང་ལེགས་སོ། །དེ་ལྟར་འཁོད་པའི་ཡིག་ཕྲེང་རིམ་པ་གསུམ་ལས། སྐུའི་འཁོར་ལོའི་ལྷ་བརྒྱད་དེ། དེ་ཡང་། ཤར་གྱི་རྩིབ་ལ་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བྱང་དུ་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ། ནུབ་ཏུ་རྟ་མགྲིན་དང་ཚང་ཚོང་མ། ལྷོ་ཡི་རྩིབས་ལ་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་མོར་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། སྲིན་པོར་པདྨ་གར་དབང་སྟོབས་ཆེན་མ། རླུང་དུ་རྣམ་པར་སྣང་མཛད་དང་འཁོར་ལོས་བསྒྱུར་མ། བྱང་དུ་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་ས་འོག་སྐུའི་འཁོར་ལོའི་ལྷ་རྣམས་སྐུ་མདོག་དཀར་པོའོ། །གསུང་གི་འཁོར་ལོའི་ལྷ་བརྒྱད་ནི། ཤར་དུ་མྱུ་གུ་ཅན་དང་པ་བསྲུང་མ། བྱང་དུ་རྡོ་རྗེ་རལ་

(༩༣)པ་ཅན་དང་འཇིགས་བྱེད་ཆེན་མོ། ནུབ་ཏུ་དཔའ་བོ་ཆེན་པོ་དང་རླུང་ཤུགས་མ། ལྷོར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ། མེར་རབ་ཏུ་བཟང་མོ་དང་སྔོ་བསངས་ལྷ་མོ། བདེན་བྲལ་དུ་རྡོ་རྗེ་བཟང་པོ་དང་ཤིན་བཟང་མ། རླུང་དུ་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། དབང་ལྡན་དུ་མིག་མི་བཟང་དང་བྱ་གདོང་མ། ས་སྤྱོད་གསུང་གི་འཁོར་ལོ་ས་རྣམས་སྐུ་མདོག་དམར་པོའོ། ཐུགས་ཀྱི་འཁོར་ལོའི་ལྷ་བརྒྱད་ནི། ཤར་གྱི་རྩིབས་ལ་ཐོད་པའི་དུམ་བུ་དང་རབ་གཏུམ་མ། བྱང་དུ་ཀེང་རུས་ཆེན་མོ་དང་གཏུམ་མིག་མ། ནུབ་ཏུ་ཀེང་རུས་དང་འོད་ལྡན་མ། ལྷོར་མཆེ་བ་རྣམ་གཙེགས་དང་སྣ་ཆེན་མ། མེར་ཆང་དགྲ་དང་དཔའ་བློ་མ། སྲིན་པོར་འོད་དཔག་མེད་དང་མི་ཐུང་མ། རླུང་དུ་རྡོ་རྗེ་འོད་དང་ནམ་མཁའི་དབང་ཕྱུག་མ། དབང་ལྡན་དུ་རྡོ་རྗེ་ལུས་དང་ཤིང་གྲིབ་མ། མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ་རྣམས་སྐུ་མདོག་སྔོན་པོའོ། དཔའ་བོ་ཐམས་ཅད་ཞལ་གཅིག་ཕྱག །བཞི་དང་པོ་གཉིས་རྡོར་དྲིལ། འོག་མ་གཉིས་ཌཱ་མ་རུ་དང་ཁ་ཊཱྃྭ་ག་བསྣམས་པ་ཡུམ་རྣམས་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་ལ་ཡབ་ལ་

(༩༤)འཁྲིལ་བ་སྤྲོས། རིམ་པ་བཞིན་དུ། ས་འོག་ས་སྟེང་ས་བླའི་བགེགས་ཐམས་ཅད་བཅོམ་ནས། སླར་སྔགས་ཕྲེང་སོ་སོར་ལ་ཐིམ་མོ། །དེ་ཡང་ཨཱ་ལི་ལས་སྤྲོས་པ་རྣམས་སྣ་སྦུག་གཡས་པ་དང་། ཀཱ་ལི་ལས་སྤྲོས་པ་རྣམས་སྣ་བུག་གཡོན་ནས་སྤྲོ་བ་དང་བསྡུད་པ་བྱེད་དགོས་སོ། །དེ་ནས་སེམས་ཅན་ཐམས་ཅད་བདེ་གྱུར་ལྡན། སོགས་ཚད་མེད་བཞིའི་ཚངས་པའི་གནས་བཞི་བསྒོམ་པ་ནི། འཁོར་ལོ་སྡོམ་པའི་རྒྱུད་རྣམས་ལས་ཚད་མེད་བཞི་བསྒོམ་པ་ཉིད་གལ་པོ་ཆེར་གསུང་པའི་ཕྱིར། སེམས་ཅན་ཐམས་ཅད་བདེ་གྱུར་ལྡན། ཞེས་སོགས་ཀྱི་དོན་བསྒོམ་པར་བྱ་བར་ཉིད་ཡིན་ལ། དེ་ཡང་སེམས་ཅན་རྣམས་སྔར་མེད་ཀྱི་བདེ་བ་གསར་པ་དང་འཕྲད་པར་འདོད་པ་ནི་བྱམས་པ་དང་། ད་ལྟར་ཡོད་པའི་སྡུག་བསྔལ་དང་འབྲལ་ཞིང་ཕྱིན་ཆད་ཀྱང་སྡུག་བསྔལ་འབྱུང་བའི་སྒོ་འགོགས་པར་འདོད་པ་ནི་སྙིང་རྗེ་དང་། སེམས་ཅན་གཞན་རྣམས་ད་ལྟར་བདེ་བ་ལ་དམིགས་ནས་དགའ་ཞིང་ཡི་རང་བས་དྲངས་པའི་ཡིད་བདེ་ནི་དགའ་བ་དང་། དེ་གསུམ་གྱིས་དྲངས་པའི་ཞེ་སྡང་མེད་པ་དང་མཚུངས་པར་ལྡན་པའི་མ་ཆགས་པའི་སེམས་ཀྱི་ཁྱད་པར་ནི་བཏང་སྙོམས་ཏེ། དེས་ན་བཏང་སྙོམས་

(༩༥)ཉིད་དགེ་སེམས་ཁྱད་པར་བ་རྐང་ཚུགས་ཤིག་ཡིན་ཏེ། མ་ཆགས་པ་དང་མི་སྡང་བའི་རྒྱུ་ལས་བྱུང་བ་ཉེ་རིང་མེད་པར་སེམས་སྙོམ་པ་ཡིན་ལ། བྱམས་སོགས་དང་པོ་གསུམ་ལ་རྗེས་སུ་ཆགས་པའི་ཆ་ཤས་འདྲ་བར་ཞིག་སྲིད་ལ། དེ་ནི་ཉོན་མོངས་ཡིན་ཕྱིར་སྐྱོན་རྗེས་འབྲངས་ཏེ། སྐྱོན་དེ་སེལ་ཕྱིར་བཏང་སྙོམས་ལ་མ་ཆགས་པ་དང་། མ་འདྲེས་པའི་མཚན་ཉིད་ཅན་དང་། ཉོན་མོངས་མེད་པ་ཞེས་གསུངས་སོ། །སྙིང་རྗེ་ནི་གཞན་བདེ་བ་ལ་བར་ཆད་སེལ་བའི་རྣམ་པ་ཅན་དང་། བྱམས་དགའ་གཉིས་སེམས་ཅན་བདེ་བ་འདོད་པ་དངོས་ཡིན་པས། དེ་གསུམ་བདེ་བའི་བསམ་པ་ཙམ་ཡིན་ལ། བཏང་སྙོམས་ནི་ཞེ་སྡང་མེད་ཕྱོགས་ནས་བདེ་བའི་བསམ་པ་མཚན་ཉིད་ཀྱང་ཡོད་ལ། བདག་ཉིད་མ་ཆགས་ཞིང་སེམས་ཅན་རྣམས་མ་ཆགས་པའི་སྡང་བ་ལ་འགོད་པའི་བསམ་པ་ཉིད་ཀྱི་ཕྱིར་ཕན་པའི་བསམ་པ་ཉིད་ཡིན་པས། དེས་ན་ཕན་བདེ་གཉིས་ཆར་གྱི་བསམ་པའོ། བྱམས་སོགས་བཞིའི་ངོ་བོ་དེ་ལྟར་ཡིན་ལ། ཚད་མེད་པར་འགྱུར་བ་ལ་ཡུལ་སེམས་ཅན་དཔག་ཏུ་མེད་པ་དམིགས་ཤིང་། རྣམ་པ་བདེ་བར་ལ་འགོད་པ་དང་སྡུག་བསྔལ་དཔག་ཏུ་མེད་པ་འབྲལ་བ་སོགས་དང་། ངོ་བོ་དགྲ་གཉེན་

(༩༦)བར་མའི་བྱེ་བྲག་མེད་པར་ཐམས་ཅད་མཉམ་པར་སྙོམས་པར་བདེ་བར་འདོད་པར་སོགས་དགོས་སོ། །དེ་ལྟར་ན་དེ་རྣམས་ཚད་མེད་བཞིའི་མཚན་ཉིད་ཡིན་ལ། དམིགས་རྣམ་དེ་དག་དང་ལྡན་པའི་སྒོ་ནས་སེམས་རྩེ་གཅིག་པར་གནས་པ་ནི་ཚད་མེད་བཞིའི་ཏིང་ངེ་འཛིན་ནོ། །ཚད་མེད་བཞི་རེ་རེ་ཡང་། སེམས་ཅན་ལ་དམིགས་པ། ཆོས་ལ་དམིགས་པ། དམིགས་པ་མེད་པ་གསུམ་གསུམ་དུ་དབྱེ་ཞིང་། དེ་ཡང་བདག་དང་སེམས་ཅན་དང་གང་ཟག་ཏུ་འཛིན་པ་ཆེད་དུ་བཀག་པ་མ་ཡིན་ཞིང་། སེམས་ཅན་ཐམས་ཅད་བདེ་བར་འདོད་པ་ནས། སེམས་ཅན་ཆགས་སྡང་གི་ཉོན་མོངས་ཅན་རྣམས་ཉོན་མོངས་མེད་པར་འགོད་པར་འདོད་པའི་བར་སེམས་ཅན་ལ་དམིགས་པའི་བྱམས་སོགས་བཞི། སེམས་ཅན་རྫས་སུ་མེད་པ་ཕུང་པོ་སོགས་ཀྱི་ཚོགས་པར་སེམས་ཅན་དུ་བཏགས་པ་ཙམ་དུ་ཤེས་ནས་དམིགས་ཡུལ་ཕུང་པོ་སོགས་ལ་དམིགས་ཏེ། གང་ཟག་བཏགས་ཡོད་ཙམ་དུ་ཆོས་སྡེ་སྣོད་ལས་གསུང་པ་ཡིད་ཆེས་པའི་རྒྱུ་མཚན་དམིགས་གཏད་དུ་བྱས་ནས། ཕུང་སོགས་ཀྱི་རྒྱུན་ལ་བདེ་བ་དང་། ཉོན་མོངས་མེད་པའི་བར་དུ་འགོད་པའི་བསམ་པ་ནི་ཆོས་ལ་དམིགས་པའོ། །སེམས་དང་ཕུང་པོ་སོགས་ཆོས་རང་བཞིན་གྱིས་སྟོང་པ་མཐོང་ནས། སེམས་ཅན་དང་

(༩༧)ཆོས་སྐུ་སྣང་བ་ཙམ་གྱིས་འཁྲུལ་པ་རྣམས་དེ་བཞིན་ཉིད་ཀྱི་དབྱིངས་སུ་ཟད་པར་བཞེད་པ་ཙམ་ནི་དམིགས་པ་མེད་པའི་བྱམས་སོགས་ཚད་མེད་བཞིན་ཡིན་ནོ། །ཐེག་ཆེན་ལམ་གྱི་ངོ་བོར་གྱུར་པའི་ཚད་མེད་བཞི་ཐུན་མོང་མ་ཡིན་པའི་མཚན་ཉིད་ནི། མི་མཐུན་ཕྱོགས་གནོད་སེམས་སོགས་སྤངས་བ་དང་། འཁོར་གསུམ་རྣམ་པར་མི་རྟོག་པའི་ལྟ་བས་ཟིན་པ་དང་། སེམས་ཅན་དང་ཆོས་དང་དེ་བཞིན་ཉིད་དང་དམིགས་པའི་ཡུལ་རྣམ་པ་གསུམ་ལ་འཇུག་པ་དང་། བདེ་འདོད་དང་སྡུག་བསྔལ་སྤངས་འདོད་ཀྱི་བསམ་པ་ཁོ་ན་ལ་མི་འཇོག་པར། སེམས་ཅན་མང་པོ་ཡོངས་སུ་སྨིན་པར་བྱེད་པའི་ལས་ཅན་ཏེ་ཁྱད་པར་བཞི་ལྡན་ནོ། །ཚད་མེད་བཞི་སྒོམ་པའི་ཕན་ཡོན་ནི། བྱམས་པས་གནོད་སེམས་ཀྱི་གཉེན་པོར་བྱེད་སྙིང་རྗེས་རྣམ་པར་འཚེ་བའི་གཉེན་པོར་བྱེད། དགའ་བས་མི་དགའ་བའི་གཉེན་པོར་བྱེད། བཏང་སྙོམས་ཀྱི་ཉེ་རིང་དང་། འདོད་འདུན། གནོད་སེམས་གཉིས་ཀྱི་གཉེན་པོར་བྱེད། དེ་ལྟར་ན་ཚད་མེད་བཞིས་ཉོན་མོངས་དེ་རྣམས་སྤངས་བར་བྱེད་དེ། དེ་དག་སྤངས་པས་ཉོན་མོངས་ཀྱི་ཉེས་དམིགས་དེ་དག་ཕྱིས་མི་འབྱུང་ངོ་། །བཤེས་སྤྲིང་ལས། བྱམས་དང་སྙིང་རྗེའི་

(༩༨)བདག་ལ་དགའ་བ་དང་། བཏང་སྙོམས་རྟག་ཏུ་ཡང་དག་གོམས་མཛོད་ཅིག །གོང་མར་བརྙེས་པར་མ་གྱུར་དེ་ལྟར་ནའང་། ཚངས་པའི་འཇིག་རྟེན་བདེ་བ་ཐོབ་པར་འགྱུར། ཅེས་གསུང་ལྟར། ཚད་མེད་བཞི་རབ་ཏུ་གོམ་པར་བྱས་པས། ཚངས་པའི་འཇིག་རྟེན་བསམ་གཏན་དང་པོར་སྐྱེ་བ་ཡང་གསུང་ཤིང་། དེ་ཕྱིར་ཚངས་པའི་གནས་བཞི་ཞེས་གསུང་རབ་རྣམས་ལ་གྲགས་པ་ཉིད་དོ། ཡང་། བྱང་ཆུབ་སེམས་དཔའ་རྣམས་ཁམས་གསུམ་དུ་སྐྱེ་བའི་ཉོན་མོངས་མེད་ཀྱང་། སྨོན་ལམ་དང་ཏིང་འཛིན་གྱི་སྟོབས་ཀྱིས་འཁོར་བ་སྐྱེ་བར་བླངས་ཏེ། སེམས་ཅན་གྱི་དོན་ཡོངས་སུ་མི་བཏང་བའི་སྤྱོད་པ་རྨད་བྱུང་སྟོན་པ་དག་ཀྱང་། ཚད་མེད་བཞིའི་མཐུ་ཡིན་ནོ་ཞེས་པའང་ཞར་བྱུང་ལ་སྨྲོས་པ་སྟེ། འགའ་ཞིག་ཚད་མེད་བཞིར་ངེས་པ་རྒྱུ་དང་འབྲས་བུའི་སྐྱེ་བ་མཐུན་པའི་མཐར་ཐུག་དང་གནས་སྐབས་སྐུ་བཞི་དང་ཚངས་པའི་ཞལ་བཞི་པའི་གོ་འཕང་ཐོབ་པ་མཚོན་ནོ། །ཞེས་ཀྱང་བཤད་དོ། །དེ་ལྟ་བུའི་རྣལ་འབྱོར་གྱིས་ནི་ཐེག་པ་དམན་དང་ཉོན་མོངས་པའི་བདུད་ལས་བསྲུང་བའང་ཡིན་ཏེ། མངོན་བརྗོད་ལས། བྱམས་པའི་གོ་ཆ་བསྒོམས་པ་ཏེ། སྙིང་རྗེ་ཡི་ནི་གོ་ཆ་མཆོག །ཤེས་རབ་

(༩༩)མཚོན་ཆ་བསྒོམ་ལྡན་པས། ཉོན་མོངས་བདུད་ལས་ངེས་རྒྱལ་གྱུར། ཞེས་གསུངས་པའི་ཕྱིར་རོ། །དེ་ནས་ཕུང་ཁམས་བྱིན་རླབས་ནི། རྩ་རྒྱུད་ལེའུ་ཉེར་བདུན་པ་ལས། ནངས་པར་སྔར་ལངས་སེམས་དག་ཉིད། ལུས་ལ་ཐམས་ཅད་བྱས་ནས་ནི། ཡན་ལག་ལས་འདས་མཚོན་ཆ་རྣམས། ལུས་ལ་གནས་པ་ཀུན་ཡང་བཤད། ཞེས་གསུང་ཞིང་། དེ་ཉིད་ཕུང་ཁམས་ཀྱི་ལྷ་བཅུ་བདུན་བསྒོམ་པར་ཡིན་པར་ལཱ་ཝ་པས་བཞེད་པ་དང་། ཀུན་སྤྱོད་དང་མངོན་སྤྱོད་ལས་ཀྱང་གསལ་བར་གསུངས་པའི་ཕྱིར། མགོ་བོར་བུྃ་ལས་གཟུགས་ཀྱི་ལྷ་ཕུང་པོ་རྣམ་པར་དག་པ་རྣམ་པར་སྣང་མཛད་དཀར་པོ་གཡས་འཁོར་ལོ་དང་། གཡོན་དེའི་ཡུ་བ་བྱས་པའི་དྲིལ་བུ་དཀུར་བསྟེན་པ། ལྟེ་བར་ཨོཾ་ལས་ཚོར་བའི་ཕུང་པོ་རྡོ་རྗེ་ཉི་མ་སྟེ་རིན་འབྱུང་སེར་པོ་གཡས་རིན་ཆེན་དང་། གཡོན་དེའི་ཡུ་བ་བྱས་པའི་དྲིལ་བུ་ཐུགས་ཀར་འཛིན་པ། མགྲིན་པར་ཧྲཱིལས་འདུ་ཤེས་ཀྱི་ཕུང་པོ་པདྨ་གར་དབང་སྟེ་འོད་དཔག་མེད་དམར་པོ། གཡས་པདྨ་དམར་པོ་དང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་རྐང་པའི་ལོང་བུ་གཉིས་ཀྱི་འོག་ཏུ་ཧོ་ཡིག་ལས་རྡོ་རྗེ་དོན་ཡོད་གྲུབ་པ་ལྗང་གུ་

(༡༠༠)གཡས་སྣ་ཚོགས་རྡོ་རྗེ་གདེངས་ཤིང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་ཐུགས་ཀར་འཛིན་པའོ། །དེ་བཞི་ཕྱག་གཡས་ཕྱར་སྟབས་སོ། །སྙིང་གར་ཡི་གེ་ཧཱུྃ་ལས་རྣམ་ཤེས་ཀྱི་ཕུང་པོ་རྡོ་རྗེ་སེམས་དཔའ་དཀར་པོ། གཡས་བསྒྱིངས་པ་དང་བཅས་རྡོ་རྗེ་ཐུགས་ཀར་གཏོད་དེ་འཛིན་པ། གཡོན་པ་དྲིལ་བུ་དཀུར་བརྟེན་ཅིང་འཛིན་པའོ། སྤྱི་བོའི་གཙུག་ཏུ་ཧི་ཡིག་ལས་ཡེ་ཤེས་ཀྱི་ཕུང་པོ་ཧེ་རུ་ཀ་སྟེ་མི་བསྐྱོད་པ་སྐུ་མདོག་ནག་པོ། གཡས་ས་གནོན་གྱི་ཕྱག་བྱས་རྡོ་རྗེ་འཛིན་ཅིང་། གཡོན་པས་དྲིལ་བུ་དཀུར་བསྟེན་པའོ། །དེ་རྣམས་ནི་ཕུང་པོ་དྲུག་དང་རིགས་དྲུག་བྱིན་གྱིས་བརླབས་པའོ། མིག་གཉིས་སུ་ཨོཾ་དཀར་པོ་རེ་རེ་ལས་ཡུལ་གཟུགས་དང་མིག་གི་སྐྱེ་མཆེད་གཏི་མུག་རྡོ་རྗེ་སྟེ་ས་ཡི་སྙིང་པོ་དཀར་པོ། གཡས་འཁོར་ལོ་ཕྱར་ཞིང་གཡོན་དྲིལ་བུ་དཀུར་བསྟེན་པ། རྣ་བ་གཉིས་སུ་ཧཱུྃ་ནག་པོ་ལས་སྒྲ་དང་རྣ་བའི་སྐྱེ་མཆེད་ཞེ་སྡང་རྡོ་རྗེ་སྟེ་ཕྱག་ན་རྡོ་རྗེ་ནག་པོ། སངས་རྒྱས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་ཀུར་བསྟེན་པ། སྣ་བུག་གཉིས་སུ་ཏྲྃ་སེར་པོ་ལས་དྲི་དང་སྣ་ཡི་སྐྱེ་མཆེད་ཕྲག་དོག་རྡོ་རྗེ་ནམ་མཁའི་སྙིང་པོ་སེར་པོ། གཡས་རིན་པོ་ཆེ་དང་

(༡༠༡)གཡོན་པས་དྲིལ་བུ་ཐུགས་ཀར་འཛིན་པ། ལྕེ་ཡི་རྩ་བར་ཨཾ་དམར་པོ་ལས་རོ་དང་ལྕེ་ཡི་སྐྱེ་མཆེད་འདོད་ཆགས་རྡོ་རྗེ་སྟེ་སྤྱན་རས་གཟིགས་ཁ་དོག་དམར་པོ། སངས་རྒྱས་པདྨ་དམར་པོ་དང་། གཡོན་དྲིལ་བུ་ཐུགས་ཀར་འཛིན་པ། དཔྲལ་བར་ཁྃ་ལྗང་གུ་ལས་རེག་བྱ་དང་ལུས་ཀྱི་སྐྱེ་མཆེད་སེར་སྣ་རྡོ་རྗེ་སྒྲིབ་པ་རྣམ་པར་སེལ་བ་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེ་དང་། གཡོན་པས་དྲིལ་བུ་ཐུགས་ཀར་འཛིན་པའོ། །སྙིང་གར་ཧཾ་ཡིག་དཀར་པོ་ལས་ཆོས་དང་ཡིད་ཀྱི་སྐྱེ་མཆེད་དབང་ཕྱུག་རྡོ་རྗེ་སྟེ་ཀུན་ཏུ་བཟང་པོ་དཀར་པོ། གཡས་རྡོ་རྗེ་དང་གཡོན་དྲིལ་བུ་དཀུར་བསྟེན་པ། དེ་དག་ནི་ཉོན་མོངས་པ་དྲུག་དང་སྐྱེ་མཆེད་དྲུག་བྱིན་གྱིས་བརླབས་པའོ། དེ་ལྟར་ལྷ་བཅུ་གཉིས་པོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་ཅུང་ཟད་ཁྲོས་པ་རལ་པའི་ཅོད་པཎ་དང་ཕྱག་རྒྱ་ལྔ་སྟེ། ནོར་བུ་རྣ་ཆ་མགུ་ཆུ་གདུབ། འཁོར་ལོ་རྣམས་ནི་ཕྱག་རྒྱ་ལྔ། ཞེས་པ་ལྟར་གྱི་སྤྲས་པ་ཞབས་གཉིས་གཡས་བརྐྱང་པའི་སྟབས་ཀྱིས་པད་ཟླ་ལ་བཞུགས་པའོ། ལྟེ་བར་ལམ་ལས་ས་ཡི་ཁམས་ལྟུང་བྱེད་མ་སྟེ་སངས་རྒྱས་སྤྱན་མ་སེར་པོ། གཡས་དང་པོས་འཁོར་ལོ་འཛིན་ཅིང་པ་ཡི་དཀྱིལ་འཁོར་སེར་པོ་

(༡༠༢)གྲུ་བཞི་པའི་གདན་ལ་གནས་པ། སྙིང་ཀར་མཾ་ལས་ཆུ་ཡི་ཁམས་གསོད་བྱེད་མ་སྟེ། མ་མ་ཀཱི་སྐུ་མདོག་ནག་མོ། གཡས་དང་པོ་རྡོ་རྗེ་འཛིན་པ། ཆུ་ཡི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་ལ་གནས་པ། མགྲིན་པར་པཾ་ལས་མེ་ཁམས་འགུགས་བྱེད་མ་སྟེ། གོས་དཀར་མོ་དམར་མོ་གཡས་དང་པོས་པདྨ་འཛིན་པ་མེ་ཡི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པའི་གདན་ལ་གནས་པ། དཔྲལ་བར་ཏཾ་ལས་རླུང་གི་ཁམས་པདྨ་གར་གྱི་དབང་ཕྱུག་སྟེ་སྒྲོལ་མ་ལྗང་གུ། གཡས་དང་པོས་རལ་གྲི་འཛིན་ཅིང་རླུང་གི་དཀྱིལ་འཁོར་ཟླ་གམ་ནག་པོ་ལ་གནས་པ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ། གཡས་ཀྱི་འོག་མས་གྲི་གུག་དང་། གཡོན་གྱི་དང་པོས་ཐོད་པ། གཡོན་འོག་མས་རྡོ་རྗེའི་ཁ་ཊྃྭ་ག་འཛིན་པ། གསང་བར་ཁཾ་ཡིག་ལས་ནམ་མཁའི་ཁམས་པདྨ་དྲྭ་བ་ཅན་ཏེ་རྡོ་རྗེ་ཆོས་ཀྱི་དབྱིངས་ཕྱུག་མ་དུད་ཁ་ཞལ་གསུམ་གྱི་རྩ་ཞལ་དུད་ཁ་གཡས་ཞལ་དཀར་པོ། གཡོན་ཞལ་དམར་པོ། ཕྱག་དྲུག་གི་གཡས་གསུམ་ན་དང་པོས་ལྕགས་ཀྱུ། གཉིས་པས་གྲི་གུག །གསུམ་པས་ཚངས་པའི་མགོ་བོ་གདོང་བཞི་པ་སེར་པོ། གཡོན་གསུམ་ན་དང་པོས་

(༡༠༣)ཐོད་པ་སྐྲ་ཅན་ཁྲག་གིས་གང་བ། གཉིས་པས་རྡོ་རྗེའི་ཁ་ཊཱྃྭ་ག །གསུམ་པས་རྡོ་རྗེ་ཞགས་པ་འཛིན་པ། ནམ་མཁའི་དཀྱིལ་འཁོར་ཆོས་འབྱུང་ལྗང་གུ་ལ་བཞེངས་པར་བསྐྱེད་ཅིང་། དེ་ལྔ་ཀའང་གཅེར་མོ་དབུ་སྐྲ་གྲོལ་བ་སྤྱན་གསུམ་པ་ཕྱག་རྒྱ་ལྔ་སྟེ། འཁོར་ལོ་སྐ་རགས་རྐང་གདུབ་དང་། གདུབ་ཕྲན་རྣམས་ནི་ཕྱག་རྒྱ་ལྔ། ཅེས་གསུངས་པ་ལྟར་གྱིས་སྤྲས་པ་ཞབས་གཡས་བརྐྱང་པའི་སྟབས་ཀྱིས་རང་ངང་གི་འབྱུང་བའི་དཀྱིལ་འཁོར་གྱི་གདན་ལ་བཞུགས་པའོ། །ཞེས་པ་ནི་འབྱུང་ལྔ་བྱིན་གྱིས་བརླབས་པའོ། །དེ་ནས་པད་སྐོར་འཁྱུད་ཚུལ་གྱི་ཕྱག་རྒྱ་དང་བཅས་ཨོཾ་པྲ་ཀྲྀ་ཏ་པ་རི་ཤུདྡྷསརྦ་དྷརྨཔྲ་ཀྲྀ་ཏ་པཱ་རི་ཤུདྡྷོ྅ཧཾ། ཞེས་བརྗོད་དེ་སྔགས་དོན་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ་ངའོ། ཞེས་པ་སྟེ་ཕུང་ཁམས་སྐྱེ་མཆེད་རྣམས་ཐམས་ཅད་ལྷ་དེ་དང་དེའི་སྙམ་པའི་ང་རྒྱལ་བཟུང་བའོ། དེ་ལྟར་ཕུང་པོ་སྐྱེ་མཆེད་ཁམས་དེ་དག་ཀྱང་དཔེར་ན་གཟུགས་ཀྱི་ཕུང་པོ་དེ་རྣམ་སྣང་དུ་བསྐྱེད་པ་མིན་ཞིང་། དེ་མེད་པའི་ཤུལ་དུའང་མིན་ལ། དེ་དང་དེའི་རང་བཞིན་ཡོང་གྲུབ་དེ་ལྷར་བསྐྱེད་པ་སྟེ། སྔགས་ཀྱི་བརྗོད་བྱ་ཐུན་མོང་མིན་པ་

(༡༠༤)ནི་འཛག་བདེ་ཕྲ་མོ་ཡིན་པ་འདིར་ཡེ་ཤེས་ཀྱི་ཁམས་ཞེས་པ་ནི་ཆགས་པའི་རྟོག་པ་ཁོ་ནའོ། །དེ་ཡང་སེམས་རང་བཞིན་གྱི་འོད་གསལ་བ་བདེ་བ་འཆར་སྒོ་ཕུང་ཁམས་སྐྱེ་མཆེད་སྣོད་བཅུད་སོགས་རྩལ་མ་འགག་པ་སྣང་བ་རུ་རྒྱུད་ཀྱི་ངོ་བོ་སྟེ། འཆར་སྒོ་རྣམ་པ་ཐམས་ཅད་པ་འདི་གཅིག་པུ་རང་བཞིན་ལྷན་ཅིག་སྐྱེས་པ་དང་། སྣང་ཆར་ལུས་རྩ་སྐྱེ་མཆེད་ལ་སོགས་པ་དཀྱིལ་འཁོར་གྱི་རིས་སུ་བསྟན་པ་དང་། དེའི་རང་བཞིན་རང་རིག་བདེ་བའི་ཆ་ཆོས་ཉིད་གང་ཡིན་པ་དེ་ནི་གཞི་དུས་ཀྱི་རྡོ་རྗེ་འཆང་གི་དབུག་དབྱུང་བར་རྟག་ཏུ་གནས་པ་ཡིན་ལ་འཁོར་བའི་ཆོས་ཕུང་ཁམས་སྐྱེ་མཆེད་ལས་ཉོན་ཐམས་ཅད་ཀྱང་ཐེ་གུ་ཁྲ་བོ་སྦྲུལ་དུ་མཐོང་བའི་དཔེ་བཞིན་ཏུ་སེམས་ལས་འབྱུང་བ་དང་། ངོ་བོ་སེམས་ཀྱི་སྣང་ཆ་ཡིན་ལ། དེ་ཐམས་ཅད་ཀྱི་ངོ་བོ་མ་གྲུབ་པ་རྣམ་པ་དེ་དང་དེར་སྣང་ཞིང་མ་འགགས་པ་གདོད་ནས་ལྷ་ཡི་འཁོར་ལོ་གནས་པ་གསལ་སྟོང་དེ་ཉིད་མྱ་ངན་ལས་འདས་པའི་ངོ་བོ་ཡིན་ཏེ། ཇི་སྐད་དུ། ཐམས་ཅད་རྣམ་རྟོག་དང་བྲལ་བས། འཁོར་བ་ཞེས་བྱ་ཡོད་མ་ཡིན། ཞེས་གསུངས་སོ། །དེས་ན་ལམ་དུ་གེགས་མི་འཇུག་ཅིང་ཐ་མལ་དུ་མི་གནས་གདོད་མའི་རྣམ་པར་དེ་གསལ་གདབ་པའོ། །དེ་ནས་

(༡༠༥)འགལ་རྐྱེན་སྤོང་བ་བསྲུང་བའི་འཁོར་ལོ་བསྒོམ་པ་ནི། དེ་ཡང་། སྣ་ཚོགས་པད་ཉི་ཧཱུྃ་རྡོ་རྗེ། ཧཱུྃ་བྱུང་མཁའ་འགྲོའི་ཚོགས་སྤྲོས་ཏེ། བློ་དང་ལྡན་པས་ཕུར་སོགས་བྱ། ཅེས་པ་སྟེ། དེ་ལ་གཞི་འགོད་པ་དང་། ཕྱོགས་བཅིང་བ། ཁྲོ་མོ་སྤྲོ་བ། བགེགས་རྣམས་འགུགས་པ། ཕུར་བུའི་གདབ་པ་སྟེ་ལྔ་ལས། དང་པོ་ནི། མཚམས་རྔམས་སྡིགས་མཛུབ་སེ་གོལ་དང་བཅས་པས་ཞལ་བཞི་པའི་སྔགས་ལན་གཅིག་བརྗོད་པས། ཤར་དུ་ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ་ནག་པོ། བྱང་དུ་གྷྲྀ་ཧྞ་སོགས་ལྷང་གུ། ནུབ་ཏུ་གྷྲྀ་ཏྞ་པ་ཡ་སོགས་དམར་པོ་ལྷོར་ཨོཾ་ཨ་ན་ཡ་ཧོ་སོགས་སེར་པོ་རྣམས་ཚངས་པའི་འཇིག་རྟེན་ནས་བཟུང་སྟེ་གསེར་གྱི་ས་གཞི་ལ་ཐུག་གི་བར་ཐམས་ཅད་དུ་ཁྱབ་ཅིང་འོད་ཟེར་རབ་ཏུ་འབར་བ་དེ་ཡིས་ཕྱོགས་མཚམས་ཀུན་ཏུ་རྡོ་རྗེའི་དྲྭ་བ་གྲུ་བཞི་པ་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་བའི་མདོག་ཅན། དབུས་ཀྱི་དཀྱིལ་འཁོར་གྱི་གཙོ་བོའི་ངོ་བོ་ནཱ་དཱའི་ཧཱུྃ་ཡིག་ཉིད་ཀྱི་ཡེ་ཤེས་ལས་སྤྲུལ་པའི་པཾ་ལས་སྣ་ཚོགས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར་བརྩེགས་པ་ནཱ་དའི་འོག་ཕྱོགས་སུ་གནས་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དེར་ནཱ་ད་འི་ཧཱུྃ་དེ་ལས་ཧཱུྃ་ཡིག་གི་ཚོགས་དཔག་ཏུ་མེད་པར་

(༡༠༦)སྤྲོས་དེ་རྣམས་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པའི་ཉི་ཤུ་པ་གང་དགའ་བསྒོམ་སྟེ། རཱ་བཅུ་གཉིས་ནི་རྟེན་ཅིང་ཡན་ལག་བཅུ་གཉིས་རྣམ་པར་དག་པ་སྟེ་མ་རིག་པ་ལ་སོགས་པ་འཁོར་བའི་རྟེན་འབྲེལ་བཅུ་གཉིས་འགགས་ཤིང་། མ་རིག་པ་ཟད་པ་ལ་སོགས་པ་རྣམ་བྱང་གི་རྟེན་འབྲེལ་བཅུ་གཉིས་ཀྱི་རང་བཞིན་ཡིན་ལ། ལྟེ་བ་ནི་དེ་ལྟར་རྟོགས་པའི་ཡེ་ཤེས་ཏེ་སྒྲ་དོན་ཡང་འདིས་བདག་ཏུ་འཛིན་པ་འཇོམས་པར་བྱས་པས་ན་རྡོ་རྗེའོ། རྭ་ཉི་ཤུ་པ་ལྟར་ན་ནི་འཇིག་ཚོགས་ལ་ལྟ་བ་ཉི་ཤུ་འཇོམས་པར་བྱེད་པའི་ཡེ་ཤེས་མཚོན་པ་ཡིན་ནོ། །རྭ་ཡི་མདོག་ཀྱང་གཞལ་ཡས་ཁང་གི་ཕྱོགས་མདོག་དང་མཐུན་པའི། ལྟེ་བ་ཁ་དོག་ནག་པོ་གྲུ་བཞི་པ། ཤར་གྱི་སྔོན་པོ་ནི་ནག་པོ་དཀར་པོ་འདྲེས་པས་དཀར་པོའི་ཞད་ཡོད་པའི་ཕྱིར་རིགས་ལྔའི་ཁ་དོག་ཚང་བ་ཉིད་དོ། །སྣ་ཚོགས་རྡོ་རྗེའི་ལྟེ་བར་སླར་ཡང་ཧཱུྃ་ཡིག་སྔོན་པོས་མཚན་པའོ། །གཉིས་པ་ནི་རྩ་རྒྱུད་ལས། རྭ་བ་རྣམས་ནི་ཕྱོགས་སུ་འགོད། འོག་ཏུ་མཚོན་ཆ་དགོད་པར་བྱ། འཁོར་ལོ་གནས་པའི་བདག་ཉིད་མཉམ། སྟེང་དུ་མདའ་ཡི་དྲྭ་བར་བྱ། མཁའ་སྤྱོད་དུ་ནི་གྱུར་བྱ་སྟེ། དེ་དག་གིས་ནི་གོ་ཆར་

(༡༠༧)འགྱུར། དེ་ལྟར་གོ་བགོས་སུམ་ཅུ་ནི། རྩ་གསུམ་པས་ཀྱང་འཇིག་མི་ནུས། ཅེས་གསུངས་སོ། །སྣ་ཚོགས་རྡོ་རྗེ་ཧཱུྃ་ཡིག་བཅས་པ་དེ་ལས་འོད་ཟེར་འཕྲོས། འོད་ཟེར་གྱི་རྩེ་མོ་ལས་རྡོ་རྗེ་སོགས་སྤྲོས་ནས། སྲུང་བའི་འཁོར་ལོ་དྲུག་པོ་དག་བཀོད་ནས་ཕྱོགས་བཅིངས་པར་བྱ་སྟེ། འོག་ཏུ་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་ས་གཞི་དམིགས་པ་གསལ་ན་དབང་ཆེན་གྱི་དཀྱིལ་འཁོར་ལ་རེག་པ་ཙམ། ཁོར་ཡུག་ཏུ་རྡོ་རྗེའི་རྭ་བ་སྟེ་ལྕགས་རི་ཁ་དོག་མཐིང་ག །རྒྱ་ཆེ་ཞིང་ཡང་མཐོ་བ་སྟེ། དམིགས་པ་གསལ་ན་འཁོར་ཡུག་གི་རིའི་ཚད་ཙམ་དཔངས་སུ་དཔག་ཚད་བརྒྱད་ཁྲི་ལ་སོགས་པ་དང་ལྡན་པ། དེའི་སྟེང་རྡོ་རྗེའི་གུར་ལྕགས་རི་ལ་ཁ་གཅོད་བཏབ་པ་ལྟ་བུ་ལྕགས་རི་དང་འབྲེལ་མཚམས་ཀྱི་རྒྱ་ལྕགས་རི་དང་མཚུངས་པས། ཕྱི་དབྱིབས་གྲངས་ཇི་ལྟར་འོས་པའི་བང་རིམ་ཟླུན་པོ་འདྲ་བ། དེའི་དབུས་ཀྱི་སྟེང་དྲིལ་བུའི་ལྟེ་བའི་དབྱིབས་སམ་ཟླུམ་པོ་དབུས་འབུར་པོར་གྱུར་པ་བསྒོམ་དགོས་པས་གུར་མཆོད་རྟེན་གྱི་དབྱིབས་ཅེས་ཟེར་ཞིང་། དེ་ཡང་དམིགས་པས་གསལ་ཐེབ་ན་ཚངས་པའི་འཇིག་རྟེན་ལ་ཐུགས་པའམ། དཔག་ཚད་བརྒྱད་ཁྲི་ལ་སོགས་པའི་དཔངས་ཤིན་ཏུ་མཐོ་བ་

(༡༠༨)བསྒོམ་དགོས་པ་ཡིན་ནོ། །རྭ་གུར་གྱི་ནང་གུར་དང་རྭ་བའི་མཚམས་ལ་རྡོ་རྗེའི་དྲྭ་བས་ཁེབས་པར་བྱས་པ་ནི། རྡོ་རྗེའི་བླ་བྲེའོ། དེ་ལྟ་བུའི་རྡོ་རྗེའི་རྭ་བ་གུར་དང་བཅས་པའི་ཕྱི་རོལ་རྭ་བ་གུར་ལ་མ་རེག་པའི་རྡོ་རྗེའི་ཕྲེང་བ་ཁོ་ན་བསྣོལ་བའི་དྲ་བ་དང་། དེའི་དྲྭ་མིག་རེ་རེའི་ཟུར་བཞི་ནས་སྐྱེས་པའི་རྡོ་རྗེ་རྩེ་ལྔ་པའི་མདེའུ་ཅན་གྱི་མདའ་མདེའུ་བསྣོལ་ཞིང་སྦྲེལ་བ་ཁོ་ནའི་དྲྭ་བ། རྒྱུ་རྡོ་རྗེའི་རང་བཞིན་ཁ་དོག་སྣ་ཚོགས་པ་རིམ་པ་མང་པོ་ཅན་མདེའུ་ཕྱིར་བསྟན་ལ། མདའ་དྲྭ་དེའི་ཕྱི་རོལ་དུ་འོག་གི་ས་གཞི་ལ་འོབ་རྒྱ་ཆེ་ཞིང་གཏིང་ཟབ་པས་ཁོར་ཡུག་ཏུ་བསྐོར་བའོ། རྡོ་རྗེའི་ས་གཞི་ར་གུར་མདའ་དྲྭ་རྣམས་ལས་རབ་ཏུ་འབར་ཞིང་སྐྱེས་པའི། དེ་ལས་ཕྱི་རོལ་དུ་མེ་ལྕེ་རིང་དུ་འབར་བའི་ཕྱིར་ལྷག་པོ་རྣམས་ཕྱི་རོལ་དུ་ཡོད་པ་སྟེ། ཁ་དོག་ལྔ་པའི་མེ་དཔུང་ཆེན་པོ་འབར་བས་བགེགས་རྣམས་བསྲེགས་པར་བྱེད་དེ། ཨོཾ་མེ་དེ་ནི་སོགས་སྔགས་ཚན་དྲུག་པོ་ལན་གསུམ་བརྗོད་པའི་ཚེ། དང་པོས་སྤྲོས། གཉིས་པས་བྱིན་གྱིས་བརླབ། གསུམ་པས་བརྟན་པར་བྱེད་པའོ། །སྔགས་དོན་ནི། ཨོཾ་མེ་དེ་ནི་བཛྲ་བྷ་བ་བཛྲ་བནྡྷ་ཧཱུྃ་ཞེས་པ་

(༡༠༩)ས་གཞི་རྡོ་རྗེ་ཅན་དུ་མཛོད་རྡོ་རྗེ་ཆིངས་ཞེས་དང་། ཨོཾ་བཛྲ་པྲ་ཀཱ་ར་རྡོ་རྗེའི་རྭ་བ། ཨོཾ་བཛྲ་པཉྩ་ར་ཞེས་པ་རྡོ་རྗེའི་གུར། ཨོཾ་བཛྲ་བི་ཏཱ་ན་ཞེས་པ་རྡོ་རྗེའི་བླ་བྲེ། ཨོཾ་བཛྲ་ཤ་ར་ཛྭ་ལ་ཞེས་པ་རྡོ་རྗེ་མདའི་དྲྭ་བ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་རྐ་ཞེས་པ་རྡོ་རྗེ་མེ་དང་ཉི་མ་ལྟར་འབར་བ་ཞེས་པའོ། །དེ་ནས་གསུམ་པ་ཁྲོ་མོ་སྤྲོ་བ་ནི། རྩ་རྒྱུད་ལས་སྐད་ཅིག་གིས་ནི་སྐུ་བརྒྱད་འགྱུར། ཞེས་པ་ལྟར། ཕྱོགས་བཞིར་ཨོ་སུམྦྷ་སོགས་སྔགས་ཚན་བཞི་ལས། གཡོན་སྐོར་དུ། ཁྭ་གདོང་མ་ནག་མོ། འུག་གདོང་ལྗང་གུ །ཁྱི་གདོང་དམར་མོ། ཕག་གདོང་མ་སེར་མོ་སྟེ། སྒོ་མ་བཞི་དང་། ཡང་ཤར་ལྷོ་ཨོཾ་སུམྦྷ་ནི་ནག་པོ་དང་། ཨོཾ་ཨ་ན་ཡ་སོགས་སེར་པོ་ལས་བྱུང་བའི་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར། ལྷོ་ནུབ་ཏུ་ཨོཾ་ཨ་ན་སེར་པོ་དང་། ཨོཾ་གྲྀཏྞ་དམར་པོ་ལས་བྱུང་བའི་གཤིན་རྗེ་ཕོ་ཉ་མི་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གྲྀ་ཏྞ་ས་ཡ་དམར་པོ་དང་། གྲྀ་ཏྞ་ལྗང་གུ་ལས་བྱུང་བའི་གཤིན་རྗེ་མཆེ་བ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་ཨོཾ་གྲྀ་ཏྞ་ལྗང་གུ་དང་། ཨོཾ་སུམྦྷ་ནག་པོ་ལས་བྱུང་བའི་གཤིན་རྗེ་འཇོམ་མ་གཡས་

(༡༡༠)ལྗང་གཡོན་སྔོ་བ་དེ་ཡང་གཡོན་པའི་མཐེབ་མཛུབ་ཀྱིས་སེ་གོལ་རིམ་པ་བཞིན་གཏོག་ཅིང་། དེ་དང་ལྷན་ཅིག་ཁྲོ་མོ་ནམས་སྤྲོ་ཕྱོགས་སུ་འགོད་པ་ལ། གོང་བཤད་ཚོམ་རྔམས་སྡིག་མཛུབ་ཅེས་པའང་འདིའོ། །དེ་ལྟ་བུའི་སྒོ་མཚམས་མ་བརྒྱད་ཀ་འང་། ཞལ་གཅིག་ཕྱག་གཉིས་པ་ཆེར་ཁྲོས་པ། སྐྲ་སེར་པོ་གྱེན་དུ་བརྫེས་པ། སྦྲུལ་རྒྱན་ཅན་ལྟེ་བ་མན་ཆད་ཕུར་བུའི་རྣམ་པ་ཅན། འབར་བའི་ཕྲེང་བ་འཁྲུགས་པ། ཕྱག་གཡོན་རང་འདྲ་བའི་ལྷ་མོ་ཕུར་ཤམས་ཅན་ཏེ་ལྟེ་བ་ཡན་ཆད་ལྷ་སྐུ་དང་། དེ་མན་ཆད་ཕུར་བུའི་དབལ་ཅན། ཕྱག་གཉིས་གྲི་ཐོད་འཛིན་པའམ། གཡོན་རྡོ་རྗེ་མཚན་པའི་ཕུར་བུ་འཛིན་པ་ཅན། གཡས་རྡོ་རྗེའི་ཐོ་བ་འཛིན་པ་བསྒོམ་དེ་ཡང་སྦྱངས་པའི་ཡོན་ཏན་གྱི་སྒྲུབ་ཐབས་ལས་བཤད་དོ། །འདིར་རྡོ་རྗེས་མཚན་པའི་ཕུར་བུ་ནི་རྩེ་མོར་རྡོ་རྗེ། བར་དུ་ཆང་ཟུང་། སྨད་བ་དུང་གི་རྣམ་པ་ཅན་ཏེ། དབལ་གྲུ་གསུམ་པ་རྒྱ་གར་དུ་མཚོན་ཀ་ན་ཡ་ཞེས་པ། བོད་སྐད་རྡོ་རྗེ་རྩེ་གཅིག་པའམ། མདུང་རིང་ལ་ལྟོས་ན་ཐུང་བའི་ཕྱིར་མདུང་ཕྱེད་པར་གྲགས་པའི་དབྱིབས་དང་། མཚུངས་

(༡༡༡)པའི་ཕྱིར་རོ། །འགའ་ཞིག་ཕུར་བུ་དབལ་ཅན་རྙིང་མ་ཁོ་ནའི་ལུགས་ཏེ་མི་འདོད་ཚུལ་བརྗོད་པ་ནི་དོན་མ་གོ་བར་ཟད་དོ། ཡང་ཆུ་སྲིན་ཁ་དང་རྒྱ་མདུད་གོང་འོག་ཅུང་གཞོག་སོགས་འདིར་ངེས་པ་ནི་མི་དགོས་ལ། སྐྱོན་དུ་གྱུར་པའང་མེད་དོ། བཞི་པ་བགེགས་འགུགས་པ་ནི། དེ་རྣམས་ལས་རྣམ་པར་འཁྲུལ་པའི་ཡང་སྤྲུལ་ཉིད་སྤྲུལ་སོགས་ཕོ་ཉ་དཔག་ཏུ་མེད་པ་བགེགས་ཀྱི་སྲེག་དབང་དུ་བྱ་བའི་ཕྱིར། དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་ལྕགས་ཀྱུ་དང་གཡོན་ཞགས་པ་དམར་པོ་ཐོགས་པ་སྤྲོ་བ་དང་། ཤར་གྱི་ལྷ་མོ་ལས་སྟེང་དུ་ཡང་སྤྲུལ་ཁ་གདོང་མ་དང་། ནུབ་ཀྱི་ལྷ་མོ་ལས་འོག་ཏུ་ཡང་སྤྲུལ་ཁྱི་གདོང་མ་སྤྲོས་དགོས་པ་ཡིན་ནོ། །མདུང་གི་དབྱིབས་ཀྱང་རྡོ་རྗེ་ཕག་མོའི་གར་སྟབས་ཀྱི་བཞུགས་སྟངས་ལའང་འབྲེལ་བར་བཤད་པས། འདི་སྐབས་ཀྱི་ཡོངས་སྤྲུལ་ཁྲོ་མོ་རྣམས་ཞབས་གར་སྟབས་སུ་བྱེད་པ་ལེགས་སོ། །དེ་ནས་གནོད་མཛེས་ཀྱི་སྔགས་སུམ་བྷ་ནི་ཚར་གཅིག་བརྗོད་པས། སྒོ་མཚམས་མ་བརྒྱད་ལ་བཀའ་བགོས་ཤིང་བསྐུལ་བས། དེ་རྣམས་ཉིད་དང་། ཡང་སྤྲུལ་ཚོགས་ཀྱིས་སྲིད་གསུམ་ཕྱོགས་བཅུའི་

(༡༡༢)བགེགས་ཞི་བས་འདུལ་དགོས་རྣམས་ཞི་བས་བཏུལ། དྲག་པོས་འདུལ་དགོས་པ་རྣམས་བསད་པ་དང་། བསྐྲད་པ་དང་། དབྱེ་བ་དང་། མནན་པ་དང་། མེ་དང་མཚོན་ཆའི་ཆར་པ་སོགས་ཀྱི་སྦྱོར་བས་ཚར་བཅད། ཕྱོགས་བཅུའི་བགེགས་ཀྱི་གཙོ་བོ་རྣམས་ལས་གཞན་ལྷག་མ་བགེགས་རྨངས་མ་རྣམས་རྒྱངས་རིང་དུ་བསྐྲང་། ཕྱོགས་བཅུའི་བགེགས་ཀྱི་གཙོ་བོ་མ་ལུས་པ་རྣམས་ཀྱང་ཕྱོགས་སོ་སོའི་གཙོ་བོ་རེ་རེ་ལ་འདུས་པས་ཕྱོགས་སྐྱོང་བཅུའི་རྣམ་པར་གནས་པ་ལ་ཁྲ་མོ་བཅུ་པོས་ཞགས་པས་བཅིངས། ལྕགས་ཀྱུའི་སྙིང་ནས་ཕུག་སྟེ། དབང་མེད་དུ་དྲངས་ཤིང་བཀུགས་ནས། རྡོ་རྗེའི་རྭ་བས་ཕྱིར་མཚམས་ཀྱི་ཕྱོགས་དེར་ཧཱུྃ་བརྒྱད་ལས་བྱུང་བའི་ཁྲོན་པ་སྟེ་འབྲུབ་ཁུང་གྲུ་གསུམ་པ་གཏིང་ཟབ་པ་བརྒྱད་ཀྱི་ནང་དུ་བཅུག །སྟེང་གི་བགེགས་རྣམས་ཤར་གྱི་ཤར་དང་འོག་གི་བགེགས་རྣམས་ནུབ་ཀྱི་འབྲུབ་ཁུང་དུ་བཅུག །ལྔ་པ་ཕུར་བུ་འདེབས་པ་ནི། ཁྲོ་མོ་བརྒྱད་པོ་རྣམས་ཀྱི་བགེགས་རྣམས་ཀྱི་ལག་པ་བཅིངས། རྐང་མགོ་གཉིས་ཀྱང་བསྣོལ་ཏེ་བཅིངས་པ་གཤང་ལམ་གྱི་འོག་ཏུ་མནན་བཞག་པ། ཕུར་བུ་སྤྱི་བོ་ནས་བཙུག་

(༡༡༣)ཤིང་བསྒྲིལ་བས་བགེགས་རྣམས་ཀྱི་ལུས་ཆེར་ཕུག་པར་བསམ་ལ། ཨོཾ་གྷ་གྷ་སོགས་བརྗོད། སླར་ཐོ་བས་བརྡུང་པས་རིང་དུ་ཕུག་ནས། བཤང་ལམ་ནས་ལག་པ་རྐང་པོར་བཅས་ཐལ་བྱུང་དུ་གསེར་གྱི་ས་གཞི་ལ་ཐུག་པར་མཛེར་ཞིང་སྦྲག་པར་བསམ་ལ། ཨོཾ་བཛྲ་མུརྒ་ར་སོགས་བརྗོད་པར་བྱ་སྟེ། མངོན་བརྗོད་ལས། གསང་སྔགས་རྒྱལ་པོ་འདི་ཡིས་ནི། བགེགས་ཀུན་གྱིས་ནི་ཀླད་པ་ལ། ལུགས་སུ་འབྱུང་དང་བཟློག་པ་ཡིས། རྡོ་རྗེ་ཕུར་བུའི་དགོད་ཅིང་མནན། ཨོཾ་གྷ་གྷ་སོགས་དང་། ཁྲོ་བོའི་ལྟ་བས་བལྟས་ནས་ནི། རྡོ་རྗེ་ཕུར་བུའི་གདབ་བྱ་སྟེ། ལུགས་སུ་འབྱུང་དང་བཟློག་པ་ཡིས། རྡོ་རྗེའི་དངོས་གྲུབ་བློས་བརྡུང་བྱ། ཨོཾ་བཛྲ་ཧཱུྃ་མུངྒ་ག་སོགས་གསུངས་སོ། །སྔགས་དོན་ཡང་ཨོཾ་གྷ་གྷ་ཞེས་པ་རྡུང་རྡུངས། གྷ་ཏ་ཡ་གྷ་ཏ་ཡ་རྡུང་དུ་ཆུག་རྡུང་དུ་ཆུག །སརྦ་དུཥྚཾ་བི།།།ན་ཧཱུྃ་ཕཊ། བགེགས་གདུག་པ་ཅན་ཐམས་ཅད། ཀཱི་ལ་ཡ་ཀཱི་ལ་ཡ་ཕུར་བུ་ཐོབ་ཕུར་བུ་ཐོབ། སརྦ་པཱ་སན་ཧཱུྃ་ཕཊ་སྡིག་པ་ཐམས་ཅད་ལ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་པ་སྡིག་པ། བཛྲ་ཀཱི་ལ་བཛྲ་དྷ་ར་ཨ་ཛྙཱ་ས་ཡ་ཏི་རྡོ་རྗེ་ཕུར་པ་རྡོ་རྗེ་འཆང་གི་བཀའ་བཞིན་

(༡༡༤)གྱིས། སརྦ་དུཥྚཾ་བི།།།ན་ཀ་ཡ་ཝཀྩི་ཏཾ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། བགེགས་གདུགས་པ་ཐམས་ཅད་ཀྱི་ལུས་ངག་སེམས་ལ་རྡོ་རྗེ་ཕུར་པ་ཐོབ་ཅིག །ཨོཾ་བཛྲ་མུརྒ་ར་བཛྲ་ཀཱི་ལ་ཀོ་ཊ་ཡ་ཧཱུྃ་ཕཊ། རྡོ་རྗེ་ཐོ་བ་རྡོ་རྗེ་ཕུར་པ་རྡོ་རྗེ་ཕུར་བུས་བརྡུང་ཤིག །ཅེས་པའོ། དེ་ནས་བགེགས་རྣམས་ཀྱི་ལུས་ངག་ཡིད་གསུམ་བྱ་བྱེད་མེད་པར་བསྒོམ་ལ། དེས་རང་གི་ལུས་ངག་ཡིད་གསུམ་ལ་བར་ཆད་མི་འཇུག་པའི་གནད་ཡོད་ཅིང་། འོད་གསལ་གྱི་ངོ་བོར་གྱུར་ནས་བགེགས་ཀྱི་སྒྲིབ་པ་དག་ནས་མི་བསྐྱོད་པའི་ཞིང་དུ་སངས་རྒྱས་པར་བསམ་མོ། །དེ་ལྟར་ན་མངོན་བརྗོད་ལས། མི་གསོད་གསོད་པ་མེད་པ་ཡིན། རང་གིས་རང་སེམས་ཐུལ་བ་ཡིན། བདག་གི་སེམས་ནི་བཅིངས་པ་ཡིན། གང་ལ་གང་གིས་གསོད་པ་ཡོད། ཅེས་འབྱུང་དང་བྱམས་པའི་གོ་ཆ་བགོས་པ་དང་། སྙིང་རྗེ་ཆོས་ཀྱི་གོ་ཆ་ཡིན། ཤེས་རབ་མཚོན་ཆ་ལྡན་པ་ཡིས། ཉོན་མོངས་བདུད་རྣམས་བཟློག་པར་བྱ། བཀའ་ཡི་འཁོར་ལོ་བསྲུང་བ་ཆེ། ཕུར་བུའི་བགེགས་མེད་དངོས་གྲུབ་འགྱུར། ཞེས་གསུངས་པ་ལྟར་ན། མཚམས་བཅིངས་པ་དང་། ཕུར་བུའི་འདེབས་པ་དང་། ཕོ་ཉ་སྤྲོ་བ་དང་

(༡༡༥)བགེགས་འགུགས་པ་སོགས་དེ་ཐམས་ཅད་རང་གི་བྱ་བྱེད་ལས་གསུམ་བདེན་མེད་སྒྱུ་མ་ལྟ་བུར་ཤེས་བཞེས་པ་ནན་གྱིས་གསལ་འདེབས་ཤིང་། དེ་ལྟར་མ་རྟོག་པའི་སེམས་ཅན་ལ་བྱམས་སྙིང་རྗེ་དུམ་ཙམ་རེ་གསལ་འདེབས་དགོས་ཏེ། འགུགས་པ་དང་ཕུར་གདབ་ཀྱི་སྐབས་ལ་སེམས་ཅན་ལ་སྙིང་རྗེ་བསྒོམ་པ་རྒྱུ་མཚན་དུ་བྱས་ནས། བར་གཅོད་བགེགས་ལ་ཞེ་སྡང་ཆེན་པོའི་གསལ་ཉམས་དང་། རྒྱུ་མའི་རྣལ་འབྱོར་གྱི་ཚུལ་དུ་ཤེས་པའི་སྒོ་ནས་ཁོང་ཁྲོལ་བས་ལས་སྦྱོར་བྱ་དགོས་ལ། ཕུར་གདབ་ཚེ་ཞེ་སྡང་གི་གཟུགས་བརྙན་ཤར་བ་ཞིག་ནི་དགོས་སོ། །དེ་ནས་ཁྲོ་མོ་རྣམས་འོད་ཟེར་འབར་བའི་ཚོགས་སུ་གྱུར་ནས་རྡོ་རྗེའི་རྭ་བ་ལ་ཐིམ་ཞིང་ཐིམ་མ་ཐག་ཏུ། ཆུ་ལ་ཆུ་བརྡབ་པའི་ཟེག་མ་ཕྱིར་འཐོར་བ་བཞིན་འོད་ཟེར་ཕྱི་རོལ་དུ་ཕར་འཕྲོས་པས། སླར་ཡང་རྡོ་རྗེའི་རྭ་བ། དེའི་ཕྱི་རོལ་དུ་རྡོ་རྗེ་སྔོན་པོ། པདྨ་དམར་པོ། འཁོར་ལོ་སེར་པོ། གུར་ཁང་རྣམས་ཟླུམ་པོ་བར་སྲུབས་མེད་པར་འཁོར་བས་དུམ་བུར་གཅིག་པའི་རྣམ་པར་གྱུར་པའི་ཕྱི་མཚམས་བགེགས་འཇུག་པའི་གོ་སྐབས་དང་བྲལ་བར་བསམ་ཞིང་། ཨོཾ་བཛྲ་པྲ་ཀ་ར་སོགས་སྔགས་ཚན་གསུམ་གྱི་བརྟན་པར་བྱའོ། ཡང་

(༡༡༦)ཕོ་ཉ་མོ་སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་པ་དང་བཅས་པས་བསྲུང་བའི་ཚུལ་གྱིས་རྡོ་རྗེའི་དྲྭ་མིག་ནས་ལུས་ཕྱེད་ཕྱིར་ཐོན་པར་བཞུགས་པར་མོས་པ་ནི་བླ་མའི་མན་ངག་གོ །འདི་སོགས་སྔ་ཕྱི་ཐམས་ཅད་ལྷ་བཀོད་པ་ལ་སོགས་པ་གོ་ལྡོག་ཏུ་བྱ་དགོས་པ་ནི། ཀུན་སྤྱོད་ནས། ལྷ་རྣམས་བཟློག་སྟེ་བཀོད་པ་དང་། སྔགས་ཀྱི་དབྱེ་བ་བཟློག་པ་དང་། བསྒོམ་པའི་གསང་བ་བཟློག་པ་ནི། དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་པའི། ཅེས་གསུངས་ཏེ། ལྷ་ཡི་རྣལ་འབྱོར་གཞན་དང་། སྔགས་ཀྱི་བཟླས་པ་གཞན་དང་། བསྐྱེད་རྫོགས་གཞན་ལས་དངོས་གྲུབ་མྱུར་བ་ལ་གཞན་དང་མི་མཚུངས་པ་ཞིག་གོ །ཞེས་མཚོན་པའི་ཕྱིར་རོ། །དེ་རྣམས་ཀྱང་སྦྱངས་བྱ། གཞི་འཁོར་བའི་དུས་ན་ཇི་ལྟར་འདོད་པའི་སྲིད་པར་སྐྱེ་བ་ལེན་པ་ལ་བར་དུ་གཅོད་པ་དང་། དེ་དག་གི་ཚེ་དང་ལོངས་སྤྱོད་ལ་བར་ཆད་མི་འབྱུང་བའི་རྒྱུ་ཁྱད་པར་ཅན་གྱི་ལས་གསོག་པ་སྦྱོང་བ་དང་། སྦྱང་འབྲས་ནི། དངོས་གཞི་སངས་རྒྱས་ཀྱི་མཛད་པ་རྣམས་ལ་བར་དུ་གཅོད་པའི་བདུད་བཅོམ་པ་དང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤོང་བའོ། །དེ་ཡང་སྣ་ཚོགས་རྡོ་རྗེ་ཧཱུྃ་མཚན་བཅས་པ་ནི་ཡེ་ཤེས་ལྔའི་བདག་

(༡༡༧)ཉིད་ཀྱི་ཕྱིར། ཉོན་མོངས་པའི་བདུད་བཅོམ་པ་དང་། ཕྱོགས་བཅིང་བས་ལྷ་ཡི་བུ་ཡི་བདུད་བཅོམ་པ་དང་། ཕོ་ཉ་སྤྲོ་བ་ནི་ཕུང་པོའི་བདུད་བཅོམ་པ་དང་། ཕུར་བུས་འདེབས་པའང་འཆི་བདག་གི་བདུད་འཇོམས་པའོ། རྫོགས་རིམ་གྱི་སྨིན་ཚུལ་ལ། ཕྱོགས་སྐྱོང་བཅུ་ལ་ཕུར་བུའི་གདབ་པས་རླུང་བཅུའི་བགེགས་འཇོམས་པ་དང་། ཕྱོགས་བཅིང་པ་དྲུག་གི་གེགས་དང་གོལ་ས་སེལ་བ་ཡིན་ནོ། །གཉིས་པ་ཚོགས་བསགས་པའི་ཡུལ་ནི། དེ་ལྟ་བུའི་སྲུང་འཁོར་གྱི་དབུས་སུ་རང་ཉིད་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་དུ་གསལ་བའི་སྙིང་ཁར་རྡོ་རྗེ་མཁའ་འགྲོ་ལས། རང་སྙིང་ཟླ་བའི་དབུས་སུ་ནི། ཀུན་གྱི་དེ་ཉིད་དགོད་པར་བྱ། དེ་ཡི་འོད་ཟེར་ལས་བྱུང་བའི། མཁའ་འགྲོ་མ་ལ་སོགས་པས་མཆོད། ཕྱག་འཚལ་ནས་ནི་འདི་སྐད་བརྗོད། ཅེས་དང་། སྔོན་དུ་རང་སྙིང་ཟླ་དབུས་སུ། ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། དེ་ཡི་སྟེང་དུ་ཧཱུྃ་བསྒོམ་མོ། །ཞེས་གསུངས་པ་ལྟར། ཨ་ཡིག་ཐིག་ལེས་མཚན་པ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་སྔོན་པོ་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོ་བའི་འོད་ཀྱིས་བླ་མ་མི་བསྐྱོད་པའི་དབུ་རྒྱན་དུ་བྱས་པའི་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་

(༡༡༨)བཅས་པ་སྟེ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་ཡིས་བརྒྱན་པ། བཀོད་པ་ཚད་མེད་པ་དང་ལྡན་པས་མཛེས་པས། ཕྱི་རོལ་རྡོ་རྗེའི་རྭ་བ་མེ་རི་འབར་བས་བསྐོར་བའི་ནང་ཆུས་བཅད་པའི་དུར་ཁྲོད་བརྒྱད་དང་བཅས་པའི་ནང་། རང་ངང་གི་གདན་ལ་སྤྲོ་བ་དང་བསྡུད་པའི་ལུས་ཅན་གྱི་འཁོར་ལོའི་མགོན་པོ་རྫོགས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་འོད་ཟེར་དེ་སླར་ཡང་རང་གི་སྙིང་གར་ཐིམ་པར་བསམ་མོ། །དེ་ཡང་ཡེ་ཤེས་སེམས་དཔའ་གཞན་དུ་གཞན་ནས་སྤྱན་འདྲེན་པ་དང་། ནམ་མཁའ་ལ་འཇའ་ཚོན་ཤར་བའི་ཚུལ་གྱིས་སྟོང་པ་ལས་ཐོལ་གྱིས་བསྐྱེད་པ་དང་། སྙིང་གའི་འོད་ཀྱི་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར་སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་བསྒོམ་པ་སྟེ་གསུམ་ཡོད་པ་ལས་གང་བྱས་ཀྱང་མི་འགལ་མོད། ལག་ལེན་གཙོ་བོར་མཛད་ཕྱིར་ཕྱི་མ་ཉིད་ལེགས་སོ། །གསུམ་པ་ཚོགས་བསགས་པ་ལ་བསོད་ནམས་དང་ཡེ་ཤེས་གཉིས་ལས། དང་པོ་འབྲས་བུ་གཟུགས་ཀྱི་སྐུ་ཐོབ་པར་བྱ་བའི་ཕྱིར། ཐབས་ཀུན་རྫོབ་ཀྱི་བདེན་པ་རྐྱང་པ་བསོད་ནམས་ཀྱི་ཚོགས་བསགས་པ་ནི། དེ་ནས་ཐལ་མོ་སྙིང་གར་

(༡༡༩)སྦྱར་ཏེ་རྣལ་འབྱོར་རོ་གཅིག་སོགས་ཀྱིས་བསྟོད་པར་བྱ་སྟེ། དེ་དོན་ཡང་ལྟེ་འོག་གི་གཏུམ་མོའི་རྣལ་འབྱོར་འབར་བས་སྤྱི་བོའི་ཧཾ་ཡིག་བདུད་རྩིར་ཞུ་བས་གཏུམ་མོ་ལ་ཐིམ་པས་སམ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རྣལ་འབྱོར་ཉིད་བདུད་རྩི་འོ། རོ་གཅིག་སྟེ་གཉིས་སུ་མེད་པའི་བདུད་རྩི་གསོལ་བའི་རྣམ་པར་དག་པའི་ཐུགས་ཉིད་དམ། དེ་ལྟར་བབ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ལུས་ཐམས་ཅད་ཁྱབ་པ། གཏུམ་མོའི་མེ་ལྕེའི་བྱང་སེམས་གྱེན་དུ་དེད་པའི་ལྟེ་བ་སྙིང་ག་མགྲིན་པའི་གནས་ལ་སོགས་པའི་ཡུལ་དུ་བགྲོད་པས་སྤྱི་བོའི་ཧཾ་ལ་ཐིམ་པའི་རྣམ་པར་དག་པའི་བདེ་བ་ཆེན་པོའི་སྐུ། དཔལ་གྱི་གནས་ཞེས་པ་དཀྱིལ་འཁོར་དབུས་ཀྱི་གཙོ་བོ་མཆོག་ཏུ་གྱུར་པ་རྡོ་རྗེའི་གནས་བདེ་བ་ཆེན་པོའི་འཁོར་ལོའི་ཟེའུ་འབྲུ་དཀྱིལ་འཁོར་ཉིད་དུ་བཞུགས་པ་འཁོར་ལོའི་མགོན་པོ་འཁོར་ལོ་བདེ་མཆོག་ཡབ་ཡུམ་དང་། རང་གི་རྩ་བའི་བླ་མ་མི་བསྐྱོད་པའི་རྣམ་པར་ཅན་ལ་སྤྱི་བོས་གཏུད་དེ་རྟག་ཏུ་ཕྱག་འཚལ་ལོ། །སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་རབ་གཏུམ་མ་ལ་སོགས་པའི་དཔའ་མོ་ཉི་ཤུ་རྩ་བཞི་སོགས་ལྷ་མོའི་ཕྲེང་བ་ཞེས་པ་ནང་དུ་རྩ་ཡི་འཁོར་ལོའི་རང་བཞིན་ནམ། ཕྱི་རུ་རིན་པོ་ཆེ་རྣམས་

(༡༢༠)ཀྱི་སྐུའི་རྒྱན་དུ་བྱས་པའམ། ཡང་ན་རྩ་ཡི་འཁོར་ལོ་ཉིད་བདེ་བ་ཕུན་ཚོགས་ཀྱི་རྒྱུར་གྱུར་པའི་རིན་པོ་ཆེ་ལྟར་གྱུར་པའོ། ཁཎྜ་ཀ་པཱ་ལ་སོགས་པའི་དཔའ་བོ་སྟེ། ཉི་ཤུ་རྩ་བཞིའི་ཁམས་རྣམས་ཀྱི་རྟག་ཏུ་སྤྲས་པའི་སྐུ་རྣམས། དུས་ཀུན་དུ་བདེ་ཆེན་ཐུགས་གསུང་སྐུ་དམ་ཚིག་འཁོར་ལོའི་དཔའ་བོ་མཁའ་འགྲོ་མ་རྣམས་གནས་པ་དང་། གཙོ་བོ་ཉིད་ཀྱི་སེམས་ཅན་ཐམས་ཅད་ཡངས་སྐྱོབས་པར་ནུས་པའི་ཕྱིར་རམ། གནས་ཀྱི་དཔའ་བོ་མཁའ་འགྲོའི་གཙོ་བོར་གྱུར་པའི་ཕྱིར་མགོན་པོ་ཉིད་དུ་གྱུར་པ། གདོད་ནས་ལྷན་སྐྱེས་དྲི་མ་མེད་པ་བདེ་བ་ཀུན་གྱི་མཆོག་དང་རིག་པའི་ཡེ་ཤེས་རྣལ་འབྱོར་གྱི་སྙིང་པོར་རྟག་ཏུ་ཕྱག་འཚལ་ལོ། །ཞེས་པ་ཤོ་ལོ་ཀ་གསུམ་གྱི་དང་པོས་བླ་མ་ལ་ཕྱག་འཚལ། གཉིས་པས་ཡི་དམ་ལ་ཕྱག་འཚལ་བ་ཡིན་ལ། སླར་ཡང་རང་གི་སྙིང་གའི་ས་བོན་ཧཱུྃ་ཡིག་ལས་སྤྲོས་པའི་པི་ཝཾ་མ་ལ་སོགས་པའི་ལྷ་མོ་བཅུ་དྲུག་གི་མཆོད་པར་བསམ་ལ། དེ་ཡང་པི་ཝཾ་མ་དང་། གླིང་བུ་མ་དང་རྔ་ཟླུམ་མ་དང་། རྫ་རྔ་མ་རྣམས་ཞལ་གཅིག་ཕྱག་བཞི་མ་སྔོན་མོ་དང་། སེར་མོ་དང་། དམར་མོ་དང་། ལྗང་གུ་སྟེ། ཕྱག་དང་པོ་གཉིས་ཀྱི་རང་ངང་གི་བརྡུང་བ་དག་བརྡུང་བར་

(༡༢༡)བརྩོན་པར། ཕྱག་གཞན་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པའོ། བཞད་མ་དང་། སྒེག་མོ་དང་། གླུ་མ་དང་། གར་མ་ནི་ཞལ་གཅིག་པ་ཕྱག་བཞི་མ་དམར་མོ་དང་། སྔོན་མོ་དང་། སེར་མོ་དང་། ལྗང་གུ་སྟེ། བཞད་མ་ནི་ཕྱག་གཉིས་བཞད་པའི་སྟངས་བྱེད་པའོ། སྒེགས་མོ་ནི་ཕྱག་གཙོ་བོ་གཉིས་ཀྱིས་བསྙེན་པས་རྡོ་རྗེ་དང་དྲིལ་བུ་འཛིན་ཞིང་སྒེགས་པའི་སྟངས་ཅན་ནོ། །གླུ་མ་ནི་ཕྱག་གཉིས་ཀྱི་འཁར་བའི་སིལ་ཁྲོལ་འཛིན་པའོ། གར་མ་ནི་ཕྱག་གཉིས་པདྨ་བསྐོར་བའི་ཚུལ་ཅན་ནོ། །འདི་རྣམས་ཀྱི་ཕྱག་གཞན་གཉིས་ཐོད་པ་དང་ཁ་ཊཱྃྭ་གའོ། མེ་ཏོག་མ། བདུག་སྤོས་མ། མར་མེ་མ། དྲི་ཆབ་མ་རྣམས་ནི་ཁ་དོག་དཀར་མོ་དང་དུ་བའི་མདོག་དང་མར་མེའི་རྩེ་ལྟ་བུ་དང་། དམར་མོ་སྟེ་ཕྱག་བཞི་པ་ཞལ་གཅིག་པའོ། འདི་རྣམས་ཀྱི་ཕྱག་གི་གཙོ་བོ་གཅིག་ན་མེ་ཏོག་གི་སྣོད་དང་སྤོས་ཁང་དང་མར་མེའི་ཀོང་བུ་དང་དྲིའི་དུང་ཕོར་རོ། །ཕྱག་གཞན་གསུམ་ན་དུ་མ་རུ་དང་ཐོད་པ་དང་ཁ་ཊཱྃྭ་གའོ། མེ་ལོང་མ་དང་། རོ་མ་དང་། རེག་མ་དང་། ཆོས་མ་རྣམས་ནི་དཀར་པོ་དང་། དམར་མོ་དང་།

(༡༢༢)ལྗང་གུ་དང་། དཀར་མོ་སྟེ། ཕྱག་བཞི་མ་ཞལ་གཅིག་མ་ཕྱག་གཙོ་བོ་གཅིག་གིས་མེ་ལོང་དང་། རོའི་སྣོད་དང་། གོས་སྣ་ཚོགས་པ་དང་། ཆོས་ཀྱི་འབྱུང་གནས་འཛིན་པའོ། ཕྱག་ལྷག་མ་གསུམ་ན་ཌཱ་མ་རུ་དང་ཐོད་པ་དང་ཁ་ཊཱྃྭ་ག་བསྣམས་པའོ། །དེ་དག་གི་སྔགས་ཀྱང་། ཨོཾ་བཛྲ་ཝི་ཎི་སོགས་བརྗོད། ཡང་རང་གི་ཧཱུྃ་ལས་སྤྲོས་པའི་མཁའ་འགྲོ་མ་དང་། ལཱ་མ་དང་། དུམ་སྐྱེས་མ་དང་། གཟུགས་ཅན་མ་བཞིས་ཤ་ལྔ་བདུད་རྩི་ལྔས་གང་བའི་ཐོད་པ་ཐོགས་ནས་མཆོད་པར་བསམ་ལ། ཨོཾ་པཉྩ་སོགས་བརྗོད། སྔ་ཕྱིའི་མཆོད་ལྷ་དེ་ཐམས་ཅད་ཡུམ་བཅོམ་ལྡན་འདས་མར་ཐིམ་པས་སྙོམ་འཇུག་གི་བདེ་བས་རྒྱས་པར་བསམ་ལ། འཁྱུད་རྒྱ་དང་བཅས། ཨོཾ་ཤྲཱི་མ་ཧཱ་སོགས་བརྗོད། སྐབས་འདི་རྣམས་སུ་ཡང་རྣམ་པ་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་བསྒོམ་ཡང་ངོ་བོ་ནི་མཆོད་འོས་ཐམས་ཅད་འདུས་པའི་བདག་ཉིད་དུ་ཤེས་དགོས་ཏེ། མཆོག་གྱུར་གྱི་ཚོགས་ཞིང་ཐམས་ཅད་མཆོད་པ་ཡིན་གྱི་ཉི་ཚེ་བ་གཅིག་ཙམ་མིན་ནོ། །དོན་དུ་ནི་དེ་བཞིན་གཤེགས་པ་གཅིག་མཆོད་པས་ཐམས་ཅད་མཆོད་པ་ཡང་འགྱུར་མདོ་ཀྱི། བདག་ཉིད་ཀྱི་བསམ་པའི་ཁྱད་པར་ལས་གཅིག་པུ་ཁོ་ན་ལ་མཆོད་པར་

(༡༢༣)བསམ་ན་དེ་ཙམ་གྱི་འབྲས་བུར་འགྱུར་ལ། ཐམས་ཅད་ཀྱི་བདག་ཉིད་དུ་ཤེས་པས་ནི་དེ་དང་མཚུངས་པར་ཕན་ཡོན་རྒྱ་ཆེན་པོར་འགྱུར་རོ། །གཞན་ཡང་བླ་མ་སྤྱན་འདྲེན་པ་ཉིད་ཀྱང་། སྟོང་གི་ནམ་མཁར་བསྒོམ་པ་དང་། གཞལ་ཡས་ཁང་གི་གྲྭ་ཟུར་དུ་བསྒོམ་པ་དང་། དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་དུ་བསྒོམ་པ་དང་། འདི་བསྟན་རིགས་བདག་གི་ཚུལ་དུ་བསྒོམ་པ་སོགས་སོ་སོའི་མན་ངག་བཞིན་དུ་བྱ་བ་ཡིན་པས། སྤྱི་ལྡོག་ནས་གང་ལྟར་བསྒོམ་ཀྱང་མི་འགལ་ལོ། །ཚོགས་ཞིང་སྔར་ཡོད་གསལ་འདེབས་ཚུལ་གྱི་ཁུང་ཡང་། མངོན་བརྗོད་ལས། སྣ་ཚོགས་འོད་ཟེར་གསལ་བ་ཡིས། རྣམ་པར་འགྲོ་བས་ཀུན་ཏུ་ཁྱབ། སྔོན་གྲུབ་པས་ནི་བསྐུལ་ནས་ནི། ཞེས་པ་དེས་བསྟན་པ་ཡིན་ནོ། །དེ་ནས་འདོད་ཆགས་ཞེ་སྡང་སོགས་ཤོ་ལོ་ཀ་དང་པོས་མགོན་པོ་དེ་དག་གི་སྤྱན་སྔར་བདག་གི་འཁོར་བ་ཐོག་མ་མ་མཆིས་པ་ནས་ཉོན་མོངས་པའི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྡིག་པ་མི་དགེ་བའི་ལས་ཅི་བགྱིས་པ་དང་། བགྱིད་དུ་རྩལ་བ་ཐམས་ཅད་མཐོལ་ཞིང་བཤགས་སྟེ། སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །ཞེས་བཤད་པའི་ཡན་ལག་དང་། གང་ཡང་དེ་བཞིན་གཤེགས་སོགས་ཤོ་ལོ་ཀས་

(༡༢༤)གང་ཡང་དེ་བཞིན་གཤེགས་པ་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་གང་དག་དང་། གཞན་ཡང་རྫོགས་པའི་སངས་རྒྱས་ལ་བརྟེན་པའི་སྲས་བྱང་ཆུབ་སེམས་དཔའ་དང་། འཕགས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། སོ་སོའི་སྐྱེ་བོའི་བར་གྱི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བགྱིའོ། །ཞེས་རྗེས་སུ་ཡི་རང་ཡན་ལག་དང་། དུས་གསུམ་ཀུན་ཏུ་སོགས་ཀྱི་འདས་པ་དང་མ་འོང་པ་དང་། ད་ལྟར་ཀུན་ཏུ་གཤེགས་པའི་སངས་རྒྱས། མཐའ་ཡས་ཀྱི་ཕྱོགས་བློ་ཡི་ཁྱོན་ཀུན་ཡོངས་སུ་ཁྱབ་པའི་སྙིང་རྗེ་ཆེན་པོའི་བརྩེ་བ་ལྡན་པའི་ཐུགས་ཅན་ཡོན་ཏན་གྱི་ཚོགས་མངའ་བའི་བྱང་ཆུབ་སེམས་དཔའ་རྣམས་དང་། ལུང་རྟོག་གི་ཆོས་དང་། ཉོན་མོངས་སྐྱོན་མཐའ་དག་སྤོངས་པའི་ཉན་རང་འཕགས་པ་དགྲ་བཅོམ། ཕྱིར་འོང་བ་དང་མི་འོང་བ་དང་། རྒྱུན་དུ་ཞུགས་པ་སོགས་འཕགས་པའི་ཚོགས་རྣམས་ལ་ཤེས་ནས་གུས་པས་བདག་ནི་དུས་ཀུན་ཏུ་སྐྱབས་སུ་ཉེ་བར་འཆིའོ། །ཞེས་སྐྱབས་སུ་ཉེ་བར་འགྲོ་བའི་ཡན་ལག་དང་། སྡིག་པ་ཐམས་ཅད་སོགས་ཤོ་ལོ་ཀས། གཞན་ཕན་བྱང་ཆུབ་ཀྱི་སེམས་ཀྱི་ནུས་པས་སྡིག་པ་སྟེ་ཉོན་མོངས་པའི་ཚོགས་ཐམས་ཅད་རྩད་ནས་ཟད་པར་བྱེད་ཅིང་གང་འདི་བསོད་ནམས་གྱི་ཚོགས་ཆེན་པོ་ནི་ཉེ་

(༡༢༥)བར་བསགས་པ། གཟུགས་སྒྲ་སོགས་དངོས་པོ་དང་བྲལ་ཞིང་། ཕྱི་གཟུང་ཡུལ་དང་ནང་འཛིན་པའི་སེམས་རྣམས་རྣམ་པར་སྤངས་པ་གང་ཟག་བདག་མེད་དང་། ཆོས་ཀྱི་བདག་མེད་སྟོང་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་སེམས་ནི་བདག་གི་བསྐྱེད་དོ། །ཞེས་སེམས་བསྐྱེད་པའི་ཡན་ལག་དང་། ཚངས་པ་དབང་པོ་སོགས་ནི། ཇི་སྐད་དུ། རྒྱལ་བའི་ཡོངས་སུ་དག་པའི་ཡང་དག་ལམ་བསྟན། ཚངས་དབང་དྲག་པོ་སོགས་ཀྱིས་རིན་ཐང་མེད་མི་རྙེད། འདི་ལྟར་བདག་གིས་ཉེ་བར་བསགས་པའི་བསོད་ནམས་ཚོགས་ལས་ནི། བྱང་ཆུབ་ཀྱི་སེམས་མཆོག་དེ་ནི་རབ་ཏུ་བསྐྱེད་པར་བགྱི། ཞེས་ལྟར་རམ། ཡང་ན། ལྷ་ཡི་དབང་པོ་ཚངས་པ་བརྒྱ་བྱིན་སོགས་ཀྱིས་རྙེད་པར་དཀའ་བའི་མི་ལུས་འདི་དྲི་མ་མེད་ཅིང་རྣམ་པར་དག་པ་དྲི་མ་ཕྲ་མོ་ཙམ་ཡང་མ་མཆིས་པ་སྟེ། མི་ལུས་འདི་ལ་བརྟེན་སངས་རྒྱས་ཐམས་ཅད་ཀྱང་སངས་རྒྱས་པ་ཡིན་པས། ཐུགས་བརྩེ་བ་དང་ལྡན་པའི་སངས་རྒྱས་སྲས་དང་བཅས་པས་གསུང་པའི་གསང་སྔགས་ཀྱི་ལམ་རྣམ་པར་དག་པ་ཕན་ཡོན་བསམ་ལས་འདས་པ་འདི་བདག་གི་ངེས་པར་བསྟེན་པར་བྱའོ། ཞེས་སྔགས་ལམ་ལ་གནས་པར་དམ་བཅའ་བ་དང་། བདག་གིས་འགྲོ་རྣམས་སོགས་ཀྱིས། བདག་གིས་འགྲོ་བ་ཐམས་ཅད་

(༡༢༦)བསྒྲལ་དཀའ་བའི་འཁོར་བ་སྲིད་པའི་རྒྱ་མཚོ་ལ་འགྲོ་བ་རྣམས་བགྲོད་པའི་ཆེད་དུ་བདག་ཉིད་སངས་རྒྱས་རྣམས་ལ་ཕུལ་ནས་འགྲོ་བ་ཐམས་ཅད་སྒྲོལ་བར་བྱའོ་ཞེས་སངས་རྒྱས་ལ་རང་ཉིད་འབུལ་བ་རྣམས་སོ། །དེ་ལྟར་ཕྱག་དང་མཆོད་པ་དང་། རྒྱུན་བཤགས་ཡན་ལག་ལྔ་སྟེ། བསྡོམས་པས་ཡན་ལག་བདུན་པའི། བླ་མེད་ཀྱི་མཆོད་པ་བདུན་པར་ཡིན་ནོ། །དེ་རྣམས་ནི་བསོད་ནམས་ཚོགས་བསགས་གོ །དེ་དག་གི་དོན་རྒྱས་པར་འཆད་ན་ཤིན་ཏུ་མཐའ་ཀླས་པར་གྱུར་ཅིང་། དཔེར་ན་བཤགས་པའི་ཡན་ལག་ལྟ་བུར་སྟོབས་བཞི་ངོས་བཟུང་བ། དེའི་སྒོ་ནས་བཤགས་ཚུལ། བཤགས་པས་འདགས་ཚུལ་སོགས་འཆད་ན་ལེགས་ཀྱང་། འདིར་རྩ་བའི་བསྒོམ་ལ་ལས་དང་པོ་སར་གནོད་དགོས་ཏེ་རེ་ཞིག་བཞག་ལ། འོན་ཏང་དཀྱིལ་འཁོར་གྱི་རྣམ་བཤད་སོགས་སུ་རིམ་བཞིན་གསལ་བར་འགྱུར་རོ། །དེ་ནས་ཚོགས་ཀྱི་རྟེན་ལ་མ་གུས་པ་སྤོངས་པའི་ཕྱིར་རང་ལ་བསྡུ་བར་བྱའོ། །དེ་ལྟར་ཚོགས་བསོགས་པའི་དགོས་པ་ནི་སྤྱིར་ཚོགས་རྫོགས་པར་མ་ཟད། ཁྱད་པར་དངོས་གཞིའི་ཏིང་ངེ་འཛིན་བསྐྱེད་པའི་རྒྱུ་ཚོགས་སྒྲུབ་པའོ། དེས་སྐྱེ་བ་ཕྱི་མ་ལ་འཕེན་བྱེད་ཀྱི་ལས་བསོགས་པ་སྦྱངས། འབྲས་བུ་

(༡༢༧)སློབ་ལམ་དུ་ཚོགས་གསུམ་ཆགས་པ་དང་། ལམ་དུས་སུ་རྒྱུ་ཡི་ཚོགས་དང་། རྫོགས་རིམ་གྱི་འགྲོ་བའི་རྟོག་པ་སྐྱེ་བའོ། གཉིས་པ་ཡེ་ཤེས་ཀྱི་ཚོགས་བསགས་པ་ནི། རང་གི་སྤྱི་བོར་ཧོ་ཡིག་དཀར་པོ། མགྲིན་པ་རུ་ཡིག་དམར་པོ། སྙིང་གར་ཀ་མཐིང་ག་རྣམས་བསྒོམ་ལ་རིམ་པ་ལྟར་ཆོས་ཐམས་ཅད་རྒྱུ་ལས་མ་སྐྱེས་ཤིང་རྒྱུ་དང་བྲལ་བ། ཆོས་ཐམས་ཅད་དང་པོ་སྐྱེ་བ་བར་དུ་གནས་པ་ཐ་མར་འཇིག་པ་མེད་པ་ཡོད་མིན་ཡིན་མིན་གྱི་མཐའ་གཉིས་གང་དུ་ཡང་གནས་པ་མེད་པ་ཡིན་སྙམས་པ་ཡི་གེ་རྣམས་ཀྱི་ཚིགས་དོན་བསམ་ཞིང་། དེ་ལྟ་བུའི་ཆོས་དེ་རྣམས་དེ་ལྟར་མ་ཤེས་འགྲོ་བ་ཐམས་ཅད་ཀྱི་བདག་མེད་པ་ལ་བདག་ཏུ་བཟུང་བས་འཁོར་བར་གྱུར། དེའི་ཕྱིར་དུ་བདག་ནི་ཧེ་རུ་ཀར་གྱུར་ནས་གཟུང་འཛིན་གཉིས་བྲལ་ཆོས་ཉིད་ཀྱི་དོན་དེ་ཁོང་དུ་ཆུད་པར་བྱས་ནས་དེའི་དོན་བསྒྲུབ་བོ་ཞེས་བསམ་པ་ནི་ཆོས་ལ་དམིགས་པའི་སྙིང་རྗེ་བསྐྱེད་པའོ། ༈ དེ་ནས་གཉིས་པ་དངོས་གཞི་བསྐྱེད་པའི་རིམ་པ་ལ་མངོན་པར་བྱང་ཆུབ་བཞི་ཡི་མིང་ཡིན་ཏེ། དང་པོ་སྟོང་ཉིད་ལས་བྱང་ཆུབ་པ་ནི། དེ་ཡང་སྔགས་བླ་མེད་སྤྱིར་གྲགས་པའི་ལམ་ཁྱེར་གསུམ་གྱི་དང་

(༡༢༨)པོ་འཆི་བ་ཆོས་སྐུ་ལམ་ཁྱེར་ནི། དེ་ཡང་སྦྱངས་བྱ་ལུས་ཅན་རྣམས་འཆི་བའི་སེམས་གསལ་སྟོང་མི་རྟོག་པའི་རྣམ་པ་ཅན་མ་རིག་པས་བསླད་པ་དེ་ཉིད་ཡིན་ལ་སྦྱངས་འབྲས་ནི་ཆོས་ཀྱི་སྐུ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྤྲོས་བྲལ་མཐའ་དབུས་མེད་པར་དེ་ཡིན་ཞིང་སྦྱངས་བྱེད་ཀྱི་ལམ་ནི་སྟོང་པ་ཉིད་ཀྱི་སྔགས་དོན་བསམ་པའོ། ཇི་ལྟར་ལམ་དུ་འགྲོ་ཚུལ་ནི། གཞི་འཆི་བ་འོད་གསལ་དང་། འབྲས་བུ་ཆོས་སྐུ་གཉིས་ཆར་དང་རྣམ་པར་མཐུན་པར། རྣམ་པར་མི་རྟོག་པའི་སྟོང་ཉིད་བསྒོམ་ཞིང་། དངོས་གཞིའི་དུས་སུ་རྣམ་པ་མཐུན་པ་ཙམ་དུ་མ་ཟད། རྗེས་དེ་མ་ཐག་ཏུ་འདི་ནི་འཆི་བ་རྣམ་པར་དག་པའི་ཆོས་སྐུའོ། །ཞེས་འཁོར་བ་དག་པ་དང་འབྲས་བུ་རྫོགས་པའི་མོས་པའི་ང་རྒྱལ་བཞག་པའི་སྒོ་ནས་གཞི་འབྲས་གཉིས་པོ་དང་སྦྲེལ་དགོས་པ་ཡིན་ནོ། །བྱེད་ལས་ནི་གཞི་འཁོར་བའི་དྲི་མ་འཆི་བའི་བག་ཆགས་སྦྱངས་རིགས་ཀྱི་ས་བོན་སེམས་ལ་བཏབ་སྟེ་འབྲས་བུ་ཆོས་སྐུ་མངོན་གྱུར་གྱི་རྟེན་འབྲེལ་སྒྲིག །ལམ་གོང་མ་རྫོགས་རིམ་གྱི་སྐབས་རང་བཞིན་ལྷན་སྐྱེས་འོད་གསལ་བདེ་སྟོང་ཟུང་འཇུག་གི་ཉམས་

(༡༢༩)མྱོང་ཁྱད་པར་ཅན་དཀའ་ཚོགས་མེད་པར་སྐྱེ་བའི་རྒྱུར་འགྱུར་བས་རྫོགས་རིམ་གྱི་སྨིན་བྱེད་དམ། འདིར་ཐམས་ཅད་སྟོང་པ་ཅེས་བྱ་བ་ནི། སྣང་སྲིད་ཆོས་ཀུན་རང་གི་ངོ་བོས་མ་གྲུབ་པའི་སྟོང་པའོ། །ཞེས་བཤད་ཀྱང་འགལ་བ་རང་མ་ཡིན་མདོ། འདི་ནི་འོད་གསལ་བའི། རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཅེས་བྱ་སྟེ། དེ་གཉིས་དོན་གཅིག་གོ །དེས་ན་སྒོམ་བྱ་སྟོང་ཉིད་ཀྱི་རང་བཞིན་ནི། གཤིས་ཅིར་ཡང་མ་གྲུབ་པ་ཙམ་གྱི་སྟོང་ཉིད་དང་། ཅིར་ཡང་མ་གྲུབ་པ་དེ་ཀུན་རྫོབ་རིག་པའི་སྣང་བ་ཙམ་དང་སྦྲེལ་བའི་རིག་པ་སྒྱུ་མ་ལྟ་བུ་ལ་མིང་ཟུང་འཇུག་དུ་བཏགས་པས། ཁྱད་པར་དུ་བྱས་པ་ཙམ་མ་ཡིན་གྱི། འདི་ནི་སྟོང་ཉིད་རྣམ་ཀུན་ཐམས་ཅད་ཀྱི་མཆོག་སྤྲོས་བྲལ་གྱི་རིག་པ་དོན་དམ་རྣམ་པ་དེ་ཡིན་ཏེ། རྟོགས་བྱེད་ཀྱི་ཤེས་པ་ཡང་གཅིག་དུ་བྲལ་སོང་རིག་པས་དཔྱོད་པ་མི་དགོས་ལ། རྣམ་པར་མི་རྟོག་པ་ཉིད་ལ་མཉམ་པར་འཇོག་པ་ཡིན་ནོ། །འདི་དག་ཏུ་མཁས་པ་རྣམས་བཞེད་པ་མི་འདྲ་བ་མང་དུ་ཡོད་མདོ། དཔྱད་པ་སྔོན་བཏང་དང་། དེས་དྲངས་པའི་སྟོང་ཞེན་སོགས་ཀྱི་བློ་མཐའ་གཅིག་ཏུ་དགོས་

(༡༣༠)པ་མ་ཡིན་ལ། མི་རྟོག་པའི་མཉམ་བཞག་ནི་ངེས་པར་དགོས་སྟེ། དཔྱད་པ་དང་འབྲེལ་བའི་སྟོང་ཉིད་ཙམ་ནི་འཆི་བ་འོད་གསལ་དང་། འབྲས་བུ་ཆོས་སྐུ་གཉིས་ཀར་དང་རྣམ་པ་མི་མཚུངས་ལ། མི་རྟོག་པ་ནི་དེ་གཉིས་ཀ་དང་མཚུངས་པའི་ཕྱིར་རོ། །དེ་སྔགས་དོན་ནི། སྭ་བྷ་ཝ་ནི་རང་བཞིན། ཤུདྡྷ་ནི་དག་པ། སརྦ་དྷརྨ་ནི་ཆོས་ཐམས་ཅད། སྭ་བྷཱ་ཝ་ཤུདྡྷོ྅ཧཾ་ནི་རང་བཞིན་གྱི་དག་པ་ངའོ། ཅེས་པ་སྟེ། དེ་ཡང་རང་བཞིན་ནི་སྤྲོས་བྲལ་གྱི་ངོས་ནས་འཇོག་པའང་ཡོད་མེད། འདིར་ནི་བཟུང་བ་ལ་སོགས་པ་གཞན་དུ་སྣང་བ་ལྟར་གནས་ཚུལ་ལ་མ་གྲུབ་པས་རང་བཞིན་ནི་རང་ངོས་ནས་རྣམ་པར་རིག་པའི་ཤེས་པ་སྟེ། ཕྱི་ནང་སྣང་བ་སྣ་ཚོགས་པ་ཐམས་ཅད་ཀྱང་རང་བཞིན་རྣམ་པར་རིག་པ་གཅིག་པུའོ། ཞེས་པའི་དོན་ཡིན་ལ་སེམས་དེའི་ཡང་འཁོར་བ་དང་ལམ་གྱི་ཆོས་ལ་སོགས་པ་སྣང་བ་སྣ་ཚོགས་པ་ཆ་དེ་ནི་མེད་དེ། ཡང་དག་ཀུན་རྫོབ་ཏུ་རིག་པ་དག་པ་ཙམ་ཞིག་གནས་སོ། །དེ་ནི་སེམས་རང་བཞིན་གྱིས་དག་པ་ཡིན་ལ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་དེ་ལས། གཞན་དུ་མེད་པས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ། དེ་ཡང་རང་སེམས་ཀྱི་

(༡༣༡)ངོ་བོ་ཉིད་ཡིན་པས་ངའོ་ཅེས་པའོ། །འདི་ནི་མཐར་ཐུག་གི་དོན་དམ་ཡིན་ཡང་། དེ་ལ་འཇུག་ཚུལ་ཁྱད་པར་ཅན་ཡིན་ནོ། །དེ་དག་ནི་བསོད་ནམས་ཀྱི་ཚོགས་ཏེ་སྐྱེ་སྲིད་སྦྱངས་བྱེད་དང་། སྭ་བྷའི་སྔགས་དོན་ལ་མཉམ་པར་བཞག་པ་ཡེ་ཤེས་ཀྱི་ཚོགས་བསོགས་ཏེ་འཆི་སྲིད་སྦྱོངས་བྱེད་དང་། ལམ་གོང་མ་ལྷན་སྐྱེས་ཟུང་འཇུག་བདེ་གསལ་མི་རྟོག་པའི་ཉམས་མྱོང་ཁྱད་པར་ཅན་སྐྱེ་བའི་རྒྱུ་སྟོང་པའི་རྣམ་པས་འཆི་བ་ཆོས་སྐུ་ལམ་ཁྱེར་རོ། །གཉིས་པ་བར་དོ་ལོངས་སྐུ་ལམ་ཁྱེར་ཇི་ལྟར་བསྒོམ་པའི་ཚུལ་ནི། སྤངས་བྱ་ནི་འཆི་བ་ལས་ལངས་མ་ཐག་སེམས་སྣང་བ་གསུམ་རླུང་གི་བཞོན་པ་དང་བཅས་པ་ལས། བར་དོའི་ལུས་ཤིན་ཏུ་ཕྲ་ཞིང་དངས་པའི་བཞིན་ལག་དབང་པོ་ཡོངས་སུ་རྫོགས་པ་སྒྲུབ་པ་དེ་ཡིན་ལ། སྦྱངས་འབྲས་ནི་སངས་རྒྱས་རྣམས་ཀྱི་previous hit ལོངསསྤྱོདརྫོགས་སྐུ་ཡེ་ཤེས་ཀྱི་སྐུ་མཚན་དཔེས་སྤྲས་ next hit་སྟེ། འཁོར་བའི་ངག་རླུང་སེམས་བག་ཆགས་དང་བཅས་པ་རྣམ་པར་དག་པ་དེའོ། །སྦྱོངས་བྱེད་ལམ་ནི་སྟོང་པ་ལས་ལངས་མ་ཐག་གི་གཞན་གྱི་བར་མ་ཆོད་པ་ཤིན་ཏུ་ཕྲ་བའི་གཟུགས་ཙམ་གྱི་ངོས་ནས་བར་སྲིད་དང་ཡང་མཐུན། ལོངས་སྐུ་དང་ཡང་མཐུན་

(༡༣༢)པའི་ནཱ་དའི་རྣམ་པ་དེ་ཡིན་ལ། ཇི་ལྟར་ལམ་དུ་འཁྱེར་ཚུལ་ནི། རྣམ་པ་འདྲ་བའི་ན་དཱ་དེ་བསྒོམ་ནས་འཁོར་བ་བར་དོ་དག་པའི་འབྲས་བུ་ལོངས་སྐུ་དངོས་དེ་འདི་ཡིན་ནོ། །སྙམ་པའི་ང་རྒྱལ་བྱེད་པའོ། །བྱེད་ལས་ནི་བར་དོའི་བག་ཆགས་སྦྱངས། ཐར་པའི་ས་བོན་བཏབ་ནས་ལོངས་སྐུ་མངོན་གྱུར་གྱི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་སྐབས་སུ་རླུང་སེམས་ཙམ་ལས་བྱུང་བའི་ཡེ་ཤེས་ཀྱི་སྐུ་དང་རྣམ་པར་དག་པའི་སྐུ་གཉིས་མྱུར་དུ་ཐོབ་ནུས་པའི་ཚུལ་གྱིས་རྒྱུད་སྨིན་པར་བྱེད་པའོ། །གཞན་ཡང་ནཱ་ད་འདིས་དཀྱིལ་འཁོར་ཐམས་ཅད་སྤྲུལ་པར་བྱེད་པའི་ཕྱིར་དང་། འདི་ཉིད་བདེ་བ་དང་གསལ་བ་ཉིད་མཚོན་པའི་ཕྱིར། དཀྱིལ་འཁོར་ཐམས་ཅད་བདེ་གསལ་གྱི་རྣམ་འཕྲུལ་དུ་འཆར་ཕྱིར་བསྒོམ་པ་ཡིན་ནོ། །དེ་ཡང་ལྭ་བ་པ་ན་བཟའ་ཅན་གྱི་ལུགས་ལྟར་ཁམས་གསུམ་སྟེ་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཀྱི་ཁམས་ཐམས་ཅད་རང་བཞིན་གྱི་སྟོང་པ་ཉིད་དུ་བསྒོམ། དེའི་ངང་ལས་རང་གི་སྨོན་ལམ་གྱི་སྟོབས་ཀྱིས་ཁམས་གསུམ་པོའི་ངོ་བོ་ཨོཾ་དཀར་པོ། ཨཱདམར་པོ། ཧཱུྃ་སྔོན་པོ་རྣམས་གོང་ནས་གོང་དུ་བརྩེགས་པའི་རྣམ་པར་བསམ། དེ་ལས་སྐུ་གསུམ་ཀྱི་འཁོར་ལོ་གསུམ་གྱི་

(༡༣༣)དཔའ་བོ་དང་རྣལ་འབྱོར་མ་ཡབ་ཡུམ་ཉེར་བཞི་རྣམས་སྤྲོས། འགྲོ་བ་ཐམས་ཅད་མཁའ་སྤྱོད་པ་སྤྱོད་དེ་འཁོར་ལོ་གསུམ་གྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ངོ་བོར་བྱས། དེ་ཐམས་ཅད་སྙོམས་པར་འཇུག་པས་བདེ་བ་ཆེན་པོའི་རྗེས་ཆགས་ཀྱི་ཞུ་ནས། སྐུ་ཡི་འཁོར་ལོ་རྣམས་ཨོཾ་དཀར་པོ་ལ་ཐིམ། གསུང་གི་འཁོར་ལོ་རྣམས་ཨདམར་པོ་ལ་ཐིམ། ཐུགས་ཀྱི་འཁོར་ལོ་རྣམས་ཧཱུྃ་མཐིང་ཀ་ལ་ཐིམ། དེ་ནས་སྣང་མཆེད་ཐོབ་གསུམ་གཅིག་ལ་གཅིག་ཐིམ་པ་སྦྱངས་བའི་ཕྱིར། ཨོཾ་དཀར་ཨཱདམར་ལ་ཐིམ། ཧཱུྃ་དེ་ཡང་འབྱུང་བའི་ཐིམ་རིམ་སྦྱངས་ཕྱིར་ཞབས་ཀྱུ་ཁ་དོག་པ་མགོ་བོ་ཟླ་ཚེས་ཐིག་ལེ་ནཱ་ད་རྣམས་ལ་རིམ་པར་ཐིམ་ནཱ་ད་དེ་ཡང་ཁ་དོག་དམར་པོ་ཇེ་ཆུང་ཇེ་ཕྲ་ལ་ཡལ་ཏེ་སྐྲ་ཡི་རྩེ་མོ་སྟོང་དུ་བཤགས་པའི་ཆ་ཤས་ཙམ་དུ་གནས་པར་བསམ་པ་ནི་བར་དོ་ལོངས་སྐུ་ལམ་ཁྱེར་ཡིན་ཞིང་། སེམས་ཅན་ཐམས་ཅད་ཀྱི་ཆོས་རྣམས་ཀྱི་ཡོངས་གྲུབ་རྟག་བརྟན་འགྱུར་མེད་ཀྱི་དོན་མ་རྟོགས་པས། ཀུན་བརྟགས་དང་གཞན་དབང་གི་འཁོར་བར་འཁྲུལ་ཞིང་འཁྱམས་པར་བདག་གི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡོངས་གྲུབ་བདེ་བར་གཤེགས་པའི་སྙིང་པོ་མངོན་

(༡༣༤)སུམ་དུ་རྟོགས་པར་གྱུར་ནས་འགྲོ་བ་རྣམས་ཀྱང་། ངེས་དོན་ཟབ་མོའི་མཐར་ཐུག་དེ་བཞིན་ཉིད་ཀྱི་དོན་རྟོགས་པར་བྱའོ། །ཞེས་ཆོས་ཉིད་དམིགས་པ་མེད་པའི་སྙིང་རྗེ་བསྐྱེད་ལ། ཤུ་ནྱཱ་ཏ་སྟོང་ཉིད་དོ། །གཞན་རྣམས་ལྟ་ཅི་སྨོས། རྣམ་ཤེས་དག་པའི་སེམས་དེ་ཡང་རང་གི་ངོ་བོས་མ་གྲུབ་སྟེ་གདོད་ནས་སྟོང་པའོ། འོ་ན་སེམས་ལས་གཞན་པ་ཡང་མེད། སེམས་ཀྱང་མེད་པ་ཅི་ཡང་མེད་པའི་སྙམ་ན་མ་ཡིན་ཏེ། ཛྙཱ་ན་ནི་ཡེ་ཤེས་ཏེ། དོན་དམ་པའི་རིག་པ་རྣམ་པ་ཐམས་ཅད་པར་འཆར་བའོ། བཛྲ་ནི་རྡོ་རྗེ་དེ་ཉིད་རྟག་བརྟན་ཞི་བ་གཡུང་དྲུང་གི་ངོ་བོ། སྭ་བྷ་ཝ་ནི་རང་བཞིན་ཏེ་ཡེ་ཤེས་རྡོ་རྗེ་དེ་ཉིད་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་གནས་ལུགས་སམ་སྡོད་ལུགས་སུ་ཡོད་པའོ། ཨརྨཱ་ཀོ་ནི་བདག་ཉིད་དེ། དོན་དམ་པའི་བདག་སྟེ། བདག་གི་དོན་ཡང་གནས་ལུགས་ལ་ཡོད་ཅིང་ངོ་བོས་གྲུབ་པ་བདེན་པ་ཡོད་དོ། ཨ་ཧཾ་ནི་ངའོ། རང་གི་སེམས་ཀྱི་རང་བཞིན་དེ་ལྟར་ཡིན་པའོ། དེ་ལྟ་བུའི་ཤུ་ནྱཱ་ཏ་ཞེས་པས་ཀུན་རྫོབ་སྤྲོས་པའི་མཐའ་ཐམས་ཅད་སྤངས་པ་དང་། ཛྙཱ་ན་ཞེས་པ་མན་ཚད་ཀྱིས་དོན་དམ་སྤྲོས་བྲལ་གྱི་ཡེ་ཤེས་རྟག་ཏུ་མི་འགྱུར་བར་བཞུགས་པར་བསྟན་ཏེ། དེ་

(༡༣༥)ལྟ་བུའི་སྔགས་དོན་བསྒོམ་པས་ན་ནཱ་ད་ཙམ་དུ་གནས་པ་ཡང་ཡོངས་སུ་སྤངས་ཏེ་མཉམ་པར་བཞག་གོ །མངོན་བརྗོད་བླ་མ་ལས་ཀྱང་། ཕྱི་དང་ནང་དུ་བལྟས་ནས་ནི། ཆོས་རྣམས་ཐམས་ཅད་སྟོང་པ་ཡིན། བྱང་ཆུབ་ཚོགས་ཀྱི་མཆོག་ཐོབ་པ། སེམས་ཙམ་ལ་ནི་རབ་ཏུ་གནས། ཅེས་གསུངས་པའི་དོན་ཡང་། ཕྱི་ནང་གི་ཆོས་ཐམས་ཅད་སེམས་ཙམ་ལས་གཞན་དུ་མེད་པ་དང་། བྱང་ཆུབ་ཀྱི་ཚོགས་ཏེ་ཡོན་ཏན་དཔག་ཏུ་མེད་པས་གདོད་ནས་བརྒྱན་པའི་ཡེ་ཤེས་མཆོག་དེ་ནི་ཐོབ་པ་སྟེ་རྟག་ཏུ་ཡོད་པའོ། །དེ་ཡང་སེམས་ཀྱི་རང་བཞིན་ཉིད་ལས་གཞན་དུ་གནས་པ་མ་ཡིན་ཏེ། སེམས་ཙམ་ཉིད་ཀྱི་གནས་ལུགས་སོ། །དེ་ནས་གསུམ་པ་སྐྱེ་བ་སྤྲུལ་སྐུ་ལམ་ཁྱེར་ནི་དངོས་གཞི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་རྟེན་གྱི་དཀྱིལ་འཁོར་བསྒོམ་པ་དང་། བརྟེན་པའི་དཀྱིལ་འཁོར་བསྒོམ་པའོ། དང་པོ་ནི། བློ་དང་ལྡན་པས་མཁའ་དབྱིངས་སུ། འབྱུང་བ་ཐམས་ཅད་འདུས་པ་ལས། ཇི་ལྟར་སྣ་ཚོགས་གཞིར་གྱུར་པ། འབྱུང་བ་བཞི་ནི་རྣམ་པར་བསྒོམ། དེ་ཡི་རིམ་པ་འདི་ཡིན་ཏེ། བ་ལང་གནས་དང་སྟེང་ལྡེང་དང་། ལྷག་མ་སྐམ་ཙ་དེ་ནས་ནི། དུང་

(༡༣༦)ཆེན་པོ་ཡི་ངོ་བོ་དང་། མི་ཕྱེད་པ་དང་ཅེས་གསུངས་ཏེ། འདི་ཡང་དང་པོ་སྦྱོར་བའི་སྔོན་དུ་འགྲོ་བའི་ཡན་ལག་ཡིན་པས་དེའི་ཁོངས་སུ་གཏོགས་མེད་ཀྱང་། དང་སྦྱོར་ཆ་ཚང་བ་ཡིན་པ་ལ་འདི་དག་མི་དགོས་པའང་ཡོད་ཅིང་། འབྱུང་གཞི་རི་རབ་ཙམ་གྱིས་ཆོག་པའང་ཡོད་པ་སོགས་རྒྱུ་མཚན་འགའ་ཞིག་གི་ཕྱིར། དང་སྦྱོར་གྱི་ནང་དུ་མ་བསྡུས་པའོ། འདི་ལ་དབྱེ་ན་རང་བཞིན་གྱི་ཡན་ལག །རྒྱུའི་ཡན་ལག །གནས་ཀྱི་ཡན་ལག །ངོ་བོའི་ཡན་ལག་སྟེ་བཞིའོ། །དང་པོ་ནི། མཁའ་དབྱིངས་སུ་ཤེས་བསྟན་ཏེ་ཆོས་འབྱུང་ངོ་། །གཉིས་པ་ནི། འབྱུང་བ་ཐམས་ཅད་ཅེས་སོགས་ཏེ། འབྱུང་བཞི་ལུགས་ཟློག་རི་རབ་དང་བཅས་པའོ། །གསུམ་པ་ནི། ཇི་ལྟར་སྣ་ཚོགས་སོགས་ཏེ། འབྱུང་བཞི་ལུགས་འབྱུང་རི་རབ་དང་བཅས་པའོ། །དེའི་རྗེས་སུ་བ་ལང་གནས་སོགས་ནི་ཡན་ལག་དེ་གཉིས་ཀར་ལ་འཇུག་པའི་རྒྱས་བཤད་དོ། །བཞི་པ་ནི། མི་ཕྱེད་པ་དང་ཅེས་པ་སྟེ་གཞལ་ཡས་ཁང་ངོ་། །དེ་ཡང་བློ་དང་ལྡན་པ་སྒྲུབ་པ་པོས་འདི་ལྟར་བསམ་པར་བྱ་སྟེ། དེ་ལྟ་བུའི་སྟོང་པ་ཆེན་པོའི་ངང་ལས་ཨེ་ལས་ཆོས་འབྱུང་བསྒོམ་པར་བྱ་ཞིང་། ཝདྷཱུ་ལ་དང་ན་ག་ར་ཡི་གེའི་ཨེ་ཡིག་ནི་

(༡༣༧)ཆོས་འབྱུང་རྣམ་པ་ཡིན་པས། དེ་འོད་དུ་ཞུ་བ་ལས་བྱུང་བའི་ནམ་མཁའི་ཁམས་ཀྱི་རང་བཞིན་ཆོས་ཀྱི་འབྱུང་གནས་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་གྲུ་གསུམ་པ་ཕྱི་དཀར་ལ་ནང་དམར་བ། ཡངས་ཤིང་རྒྱ་ཚད་ལས་འདས་པ། ཆོས་ཀྱི་དབྱིངས་དང་མཉམ་པ་རྩ་བ་ཕྲ་བ་ཐུར་བསྟན་དུ་ཟུག་པ། གདེང་ཀ་ཆེ་བ་གྱེན་དུ་བསྟན་པ་ཞིག་བསྒོམ་སྟེ། སྦྱངས་བྱ་འཇིག་རྟེན་གྱི་ཁམས་མཐའ་མེད་པ་ཐམས་ཅད་འབྱུང་བའི་གཞི་ནམ་མཁའ་དང་། ནང་དུ་མ་ཡི་སྐྱེ་གནས་སོགས་གནས་བཞི་སྦྱངས། འབྲས་བུ་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་བཙུན་མོའི་བྷ་ག་རྣམ་པ་ཐམས་ཅད་པ་བསམ་གྱི་མི་ཁྱབ་པའི་གནས་དུས་བསྐལ་པ་ལས་སྐུ་དང་ཞིང་ཁམས་ཐམས་ཅད་འཆར་བ་དེས་མཚོན་ཏེ། ལམ་གོང་མར་རྩ་བཤད་ཀྱི་མདུད་པ་གྲོལ་ཏེ་ཁོང་སྟོང་དུ་བྱེད་རྒྱུའོ། །དེའི་ནང་དུ་ཡཾ་ལས་རླུང་དཀྱིལ་སྔོན་པོ་ཟླ་གམ་གྱི་དབྱིབས་ཏེ། རྩ་བ་ཕྲ་བ་གདེངས་ཀ་ཆེ་བ་གཞུང་འོད་མའི་རྣམ་པའམ། ཟླུམ་ཧྲིལ་ཕྱེད་བཀས་པའི་རྣམ་པ། བཻ་རཾ་ག་ཏེ་རྩོམ་ཆེན་དུ་གྲགས་པ་ཤིན་ཏུ་པྲ་ཞིང་འཐས་པ། ཟུར་རྣམས་སུ་གཡོ་བའི་ཆ་བ་དན་ལྟ་བུ་ཁ་དོག་

(༡༣༨)ནག་པོས་ཕྱོགས་ཀུན་ཏུ་མཚན་པ། དེའི་སྟེང་དུ་རཾ་ལས་མེ་ཡི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་འབར་བའི་ཕྲེང་བས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུ་ཡི་དཀྱིལ་འཁོར་དཀར་ཟླུམ་མཎྜལ་བླ་འོག་བསྒྱུར་བ་ཆུས་བཀང་བ་ལྟ་བུའི་དཀྱིལ་དུ་བུམ་པ་དཀར་པོས་མཚན་ཞིང་མཐར་འོད་ཟེར་དཀར་པོས་ཁྱབ་པ། དེ་ཡི་སྟེང་དུ་ལམ་ལས་ས་ཡི་དཀྱིལ་འཁོར་གྲུ་བཞི་པ་སེར་པོ་རྡོ་རྗེ་རྩེ་གསུམ་པས་མཚན་ཞིང་འོད་ཟེར་སེར་པོས་བསྐོར་བ་དེ་ལྟ་བུའི་འབྱུང་བ་སྟེང་མ་གསུམ་པོ་རྒྱ་ཁྱོན་མཉམ་པ་དང་། ཐམས་ཅད་ཀྱི་དབྱིབས་བཤད་མ་ཐག་པ་ལྟར་སོ་སོའི། ཡང་ན་བཞི་ཀ་ཕྱི་དབྱིབས་ཟླུམ་པོ་ལ་དབུས་སུ་རང་ངང་གི་མཚན་མ་ཟླ་གམ་སོགས་ཀྱིས་མཚན་པ་བྱས་ཀྱང་རུང་ཞིང་། དེ་ཡི་སྟེང་དུ་སུམ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་རབ་ལྷུན་པོ་དབྱིབས་སྙིང་པོ་གྲུ་བཞི་པ་ཤོ་ལྟ་བུ་ལ་ཕྱེད་མན་ཆད་བང་རིམ་བཞི་པ་རྩེ་མོ་གྲུ་བཞིའི་ཟུར་བཞིར་ལྕོགས་ཏེ་ཙེ་མོ་རེ་རེ། ཕྱོགས་ཀྱི་ལོག་བཞིར། བང་རིམ་འོག་མའི་ལོག་དང་རྒྱ་མཉམ་པའི་སྟེགས་བུ་ཕྱོགས་ལ་ཟུར་གཏད་པ་ལྟ་བུའི་ཟུར་བཞི། ཡང་རྩེ་མོ་རེ་རེ་རེ་རེ་སྟེ་ལྕོགས་བརྒྱད་དང་ལྡན་པ་རྡུལ་རྫས་བརྒྱད་མཚོན་ཞིང་ཆོས་འབྱུང་ནི་མཁའ་ཁམས་དང་རི་རབ་ནི་མཁའ་ཡི་རྡུལ་དང་སྦྱོར་དགོས་སོ། །རི་རབ་ཀྱི་ཤར་ཤེལ་དང་ལྷོ་བཻཌཱུརྱ་དང་ནུབ་

(༡༣༩)པདྨ་རཱ་ག་དང་བྱང་གསེར་ལས་གྲུབ་པའི་རང་བཞིན་ནོ། ཡཾ་རཾ་བཾ་ལཾ་སུཾ་གྱི་ས་བོན་དེ་རྣམས་ཀྱང་སྒྲོལ་མ་ལ་སོགས་ལྷ་མོ་བཞི་དང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོའོ། །དེ་ལྟར་བསྒོམ་པའི་སྦྱངས་བྱ་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་འདི་ལྟར་ཆགས་པ་དང་། ནང་མངལ་དུ་འཕེལ་བསྐྱེད་སྨིན་བསྡུད་འབྱེད་པ་རྣམས་སྦྱངས། འབྲས་བུ་ནི་མ་དག་པའི་ཁམས་རེ་རེའི་དག་པ་ལས་ཞིང་ཁམས་དབྱིབས་དང་ཁ་དོག་བཀོད་པ་རྒྱ་ཚད་མི་འདྲ་བ་འཇམ་ཀླས་འབྱུང་བ་དེ་མཚོན། ལམ་དུས་སུ་དེར་དངས་མ་ལྔའི་ཁམས་ཐིག་ལེའི་གང་བའི་བྱེད་རྒྱུའོ། དེའི་སྟེང་དུ་སཾ་ལས་སྣ་ཚོགས་པདྨ་འདབ་མ་འབུམ་དང་ལྡན་པ། འདབ་མ་རྣམས་རང་ངང་གི་རྩ་བ་ནས་སུམ་ཆ་ཙམ་འཕྲེད་ལ་སྐྱེས་ཤིང་དེ་ཕན་ཆད་གྱེན་ལ་ལངས་པ། རྩེ་མོ་ནང་དུ་གུག་ཙམ་ཁ་དོག་མ་ངེས་པ་སྣ་ཚོགས་ཅན། པདྨའི་ལྟེ་བ་ཟླུམ་པོ་ལེབ་ཆགས་རིན་པོ་ཆེའི་རང་བཞིན་ཁ་དོག་སྔོན་པོ་འམ་ལྗང་གུ་མཐའ་སྐོར་ལ་ཟི་ཕོར་གྱི་གཟུགས་བརྙན་གེ་སར་དམར་སེར་གྱིས་བསྐོར་བའོ། །དེའི་ལྟེ་བར་ཉི་མའི་དཀྱིལ་འཁོར་དངས་ཤིང་གསལ་བ། གེ་སར་གྱི་རྒྱ་དང་མཉམ་པ། དེ་དག་ལ་བསྒོམ་དོན་དུ་ཚད་ངེས་ཅན་མི་དགོས་མེད། ཤིན་ཏུ་

(༡༤༠)རྒྱ་ཆེ་བ་པདྨའི་ར་བ་ཡང་དཔང་མཐོན་པོ་གཞལ་ཡས་ཁང་གི་འདོད་སྣམ་སོགས་ཀྱི་དཔང་དང་མཉམ་པ་ཡིན་ནོ། །ཉི་དཀྱིལ་གྱི་སྟེང་དུ་ཧཱུྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་སྟེ། དེ་ཡང་སྣ་ཚོགས་རྡོ་རྗེ་ནི། ལྟེ་བ་གྲུ་བཞི་ལེབ་ཆགས་ཅན་མཐིང་ཀ །ལོག་རེར་ཆ་ཆེན་བཅུ་གཉིས་དང་ལྡན་པ། དཔངས་སུ་རྭ་ཉི་ཤུ་པ་བྱེད་ན་ཆ་ཆེན་གཉིས་དང་། རྭ་བཅུ་གཉིས་པ་བྱེད་ན་ཆ་ཆེན་གཅིག་ལ། དེ་ཡི་ཕྱོགས་བཞིའི་ངོས་ཀྱི་དབུས་དྲངས་ཐད་ཀྱི་དཀྱིལ་ནས་རྭ་དབུས་མ་དཀྱིལ་སྦོམ་པར་ཆ་ཆེན་གཅིག །རྩེ་མོ་སྦོམ་པར་ཆ་ཕྲན་གཅིག་གི་དཀྱུས་སུ་ཇེ་ཕྲར་སོང་བ་རྩེ་མོ་རྣོ་བ། རིང་ཐུང་འདིར་རྟ་བབ་སྒོ་ཚད་གསུམ་པའི་དབང་དུ་བྱས་ཏེ་སྒོ་ཚད་བཞི་ཡོད་པ། དེ་ཡི་གཡས་གཡོན་དུ་དབུས་དྲངས་ཐད་ནས་ཆ་ཆེན་གཉིས་གཉིས་གཞལ་པར། རྭ་ཉི་ཤུ་པ་ལྟར་ན་རིང་ཐུང་ཕྲ་སྦོམ་སོགས་དེ་ལྟ་བུའི་རྭ་གཉིས་གཉིས་ལྡེབ་བསྟེན་པ། སྟེང་འོག་ཏུ་བརྩེགས་པ། རྭ་དེ་དག་རིང་ཐུང་མཉམ་ན་ཡང་། སྐད་པ་ནས་རིམ་པས་གུག་པ་དབུས་ར་ལ་ཟུགས་པས་དབུས་རྭའི་རྩེ་མོར་ཕྱིར་ལྷག་པ་ཡིན་ནོ། གཡས་གཡོན་གྱི་རྭའི་རྩ་བའི་ཞིང་ཆ་ཕྲན་གཉིས་

(༡༤༡)དང་སྦོམ་པར་ཆ་ཕྲན་གསུམ་པ། དེ་ནས་ཇེ་ཕྲར་སོང་ཞིང་རྩེ་མོ་ཤིན་ཏུ་རྣོ་བ་གཡས་གཡོན་གྱི་རྭ་གཉིས་པོ་དག་རྩ་བ་སྐྱེ་མཚམས་ནས་གཤིབ་པ་ལས་དབུས་ཀྱི་སྦོམ་པའི་ཐད་དེ་ཡས་མས་སུ་ཁ་གདེང་སྟེ། འོག་གི་རྭའི་སྦོམ་པ་ཉི་མ་ལ་རེག །སྟེང་མའི་རྭ་སྦོམ་པ་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཁ་མཚོམ་དང་མཉམས་པར་བྱས་པ་ལས་རྭ་གཉིས་པོའི་གུང་ཐད་ཀྱི་བར་སྟོང་ལ་ཆ་ཆུང་གཉིས་ཡོད་པ་ལས། ཡས་ཀྱི་རྭ་རྩེ་མར་ཕྱོགས་ལ་ལོག །མས་ཀྱི་རྭ་རྩེ་ཡར་གསེག་ལ་ལོག་སྟེ་དབུས་རྭ་ལ་ཟུགས་པ་ཡིན་ནོ། །རྭ་བཅུ་གཉིས་པ་ལྟར་ན་གཡས་གཡོན་གྱི་རྭ་རྩེ་ཐད་ཀར་གུག་སྟེ་དབུས་རྭ་ལ་ཟུག་པ་ཉིད་ཡིན་ལ། འདིར་རྭ་ཉི་ཤུ་པ་ཉིད་བསྒོམ་པར་བྱ་ཞིང། བསྒོམ་པའི་སྐབས་ཚད་ངེས་ཅན་དགོས་པའི་རྒྱུ་མཚན་མེད་ལ་བྲི་ཆ་ལ་ཡང་རྟ་བབས་མཐོ་དམན་ཁྱད་པར་ལས་རྭ་རྣམས་རིང་ཐུང་དང་སྦོམ་ཕྲ་སྣ་ཚོགས་འབྱུང་ངོ་། །ཁ་དོག་ནི་ཕྱོགས་མདོག་གི་རྭ་ཁྲ་བྱེད་ན་རྭ་དབུས་མ་ཕྱོགས་མདོག་དང་། བཅུ་གཉིས་པ་ལྟར་ན། གཡས་ཟུར་སེར་པོ་དང་། གཡོན་ཟུར་ལྗང་གུ་སོགས་རིག་འགྲེ། རྭ་ཉི་ཤུ་པ་ལ་ཤར་མི་གཡོན་གྱི་སྟེང་

(༡༤༢)ཟུར་ལྗང་གུ། འོག་མ་དམར་པོ། གཡས་ཀྱི་སྟེང་ཟུར་དཀར་པོ་འམ་སྔོན་པོ། འོག་མ་སེར་པོ་སོགས་བྱེད་པས་འགྲེས་སོ། དེ་ཡི་ལྟེ་བར་ཡི་གེ་བུམ་ལས་བྱུང་བའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་པ་བསྒོམ་པ་སྟེ། སྤྱིར་ན། བི་མཱ་ན། ཞེས་པ་འདྲེན་བྱེད་སོགས་ལ་མ་ལྟོས་པར་ལྷ་དང་ཁང་པ་མཉམ་དུ་འགྲོ་བ་ཞིག་སྟེ། འགྲེལ་པ་འདོད་འཇོ་སོགས་ནས་བཤད་ཅིང་། ཁྱད་པར་ཚད་དུའང་བསྒྱུར་ལ། བི་དགག་ཚིག་དང་མཱ་ན་ཚད་དམ་གཞལ་བའི་དོན་བྱས་ནས་གཞལ་མེད་ཁང་དུ་བསྒྱུར་བ་ཡིན་ཅིང་། དེ་ཉིད་གྲུ་བཞི་སྒོ་བཞིའི་དབྱིབས་ཅན་ཁོ་ནར་ཡང་མ་ངེས་སྟེ། མཁའ་འགྲོ་རྒྱ་མཚོའི་ལེའུ་ལྔ་བཅུ་པ་ལས། གཞལ་མེད་ཁང་པདྨའི་རྣམ་པ་ཅན་དུ་བཤད་པ་དང་། མདོ་སྡེ་ཕལ་ཆེན་དུ། འོག་མིན་གྱི་བཀོད་པ་ཡང་དེ་ལྟ་བུ་བཤད་པ་དང་། ལང་ཀར་གཤེགས་པ་ལས། ནམ་ཞིག་སེམས་ནི་གྱུར་པ་ན། པདྨོ་དྲྭ་བའི་གཞལ་མེད་ཁང་། སྒྱུ་མའི་སྤྱོད་ཡུལ་བྱུང་བ་ན། དེ་ཡི་ཚེ་ན་ཐེར་གཟུགས་གནས། ཞེས་གསུངས་པ་བཞིན་ནོ། །འོན་ཏང་རྒྱུད་སྡེ་རྣམས་ནས་གྲུ་བཞི་སྒོ་བཞི་པའི་

(༡༤༣)དཀྱིལ་འཁོར་ཁོ་ན་ཤས་ཆེར་གསུངས་པ་ནི་ལྷ་རྣམས་ཀྱི་ཁང་པ་དང་མཚུངས་པའི་དག་སྦྱོར་གྱི་ཆེད་དུ་ཡིན་ཏེ། འདོད་འཇོ་ལས། ཀུན་ནས་སྒོ་ཁྱབ་ཁང་པ་ནི། སོ་སོར་མ་བཀག་སྒོ་རྣམས་ནི། བཞི་ཡང་བྱ་སྟེ་མི་བདག་དང་། རྣམ་པད་ཚོགས་ཀྱི་ཀུན་ཏུ་བཟང་། ཁང་པ་གང་དུ་ཀུན་ནས་ཕྱོགས་ཐམས་ཅད་དུ་སྒོམ་འཁྱམས་ཀྱི་ཁང་པ་རྣམས་སོ་སོར་བཀག་པ་མེད་ཅིང་ཕྱོགས་བཞིར་རྣམས་སུ་སྒོ་བཞི་རྣམས་ཀྱིས་མཚོན་པར་བྱེད་པའི་ཁང་པ་དེ་ནི་ཀུན་ཏུ་བཟང་པོ་ཞེས་བྱ་བའི་ཁང་པར་ཤེས་པར་བྱ་སྟེ། དེའང་རྒྱལ་པོ་དང་ལྷའི་ཚོགས་ཀྱིས་ཡང་ངོ་། །ཞེས་སོ། །དེས་ན་འདིར་འཆད་བྱ་ཡང་གྲུ་བཞི་སྒོ་བཞིའི་བདག་ཉིད་ཅན་ཏེ། དེ་ཉིད་རྒྱ་བོད་ཀྱི་མཁས་པ་ཚད་ཐུབ་རྣམས་ཀྱིས་ཀྱང་དེ་ཉིད་ལེགས་པར་གཏན་ལ་འབེབ་པར་མཛད་པའི་ཚུལ་བཞིན་འཆད་པ་ཉིད་དེ། དེ་ཡང་རྩིག་པ་ནི། ཇེ་སྒྲོལ་མགོན་ཞབས་ཀྱིས་སྣ་ཚོགས་རྡོ་རྗེའི་ལྟེ་བའི་རྒྱ་དཔང་ལ་ཚད་ཀྱི་ངེས་པ་མེད་པས་དེས་ན་སྣ་ཚོགས་རྡོ་རྗེའི་ལྟེ་བའི་མཐའི་ལོག་རེར་ཆ་ཆེན་ཕྱེད་དང་བཅུ་གསུམ་རེ་ཡོད་པར་མཛད་ནས། སྣ་ཚོགས་རྡོ་རྗེའི་

(༡༤༤)ལྟ་བའི་མཐའ་ནས་ཆ་ཆུང་དགུ་དགུ་ནང་དུ་བཞལ་བའི་མཚམས་སུ་རྩིག་པ་ཡོད་པར་བཞེད་ཅིང་། འོན་ཏང་འདི་ནི་ཀུན་མཁྱེན་ཆེན་པོའི་བྲིས་ཐིག་བཞིན་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བའི་མཐའ་ནས་ཆ་ཆུང་བརྒྱད་ཀྱི་གནས་སུ་རྩིགས་པ་ཡོད་པ་བཞེད་ཅིང་། སྒོ་ལོག་གི་རྩིགས་གདོང་དང་རྟ་བབས་ཀྱི་སྣམ་བུའི་ནང་མཐའ་གཉིས་འཕྲད་ཀྱང་བར་གྱི་སྣམ་བུར་མེད་པར་མི་འགྱུར་ཏེ་ཀ་བ་དང་སྒོ་ལོག་རྩེགས་པའི་བར་གྱི་སྣམ་བུ་བཞིན་དུ་སྒོ་མདུན་རྟ་བབས་ཀྱི་འོག་གི་ཆར་ཡང་བར་སྟོང་དག་ཡོད་པའི་ཕྱིར་དང་། རྟ་བབས་ཀྱི་ཞིང་སྒོ་ཚད་གསུམ་མ་ཡང་བཤད་པའི་ཕྱིར་རོ། །ཞེས་གསུངས་སོ། །ཕྲེང་བར་ཡང་། སྣ་ཚོགས་རྡོ་རྗེའི་ལྟེ་བ་ནི་སྒོ་ཡི་ཚད་བཅུ་གཉིས་སོ། །དེའི་རྭ་བ་རྣམས་ཀྱི་སྲིད་དུ་སོ་སོར་སྒོ་ཚད་གཉིས་སོ། །ཞེས་གསུངས་ཞིང་། བོད་ཀྱི་བླ་མ་རྣམས་ཀྱིས་ཀྱང་རྩིག་པའི་གནས་ལ་ཚུལ་འདི་མགྲིན་གཅིག་ཏུ་བཞེད་པར་སྣང་ངོ་། །དེ་ལ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ལོག་རེར་ཆ་ཆེན་བཅུ་གཉིས་རེ་ཡོད་པའི་ཕྱི་ནས་ཆ་ཆུང་བརྒྱད་ཀྱི་གནས་སུ་རིན་པོ་ཆེ་སྣ་ལྔ་ལས་བྱས་པའི་རྩིག་པ་སྣ་ལྔ་ནང་ནས་རིམ་བཞིན་གཙོ་བོ་དང་། ཤར་ལྷོ་ནུབ་བྱང་

(༡༤༥)གི་ལྷ་ཡི་ཁ་དོག་ལྟར་གྱི་ཕྱི་ནང་དུ་རེག་ལ་མ་འབྱར་བར་བརྩིགས་པའི། ཡང་ན་སྟེང་འོག་ཏུ་བརྩེགས་པར་ཡང་འདོད་པ་ཡོད་ཅིང་། འོན་ཏང་སྔ་མ་ལྟར་དུ་ཆ་ཆུང་གཅིག་གིས་སྲབ་འཐུག་ཅན་འཁོར་ཡུག་ཏུ་གྲུ་བཞིར་ལེགས་པར་བསླངས་པ་ཡིན་ནོ། །སྒོ་ཁང་ནི་རྩ་བའི་ཐིག་ལས་ཚང་ཐིག་གི་གཡས་གཡོན་དུ་ཆ་ཕྲན་གཉིས་ཏེ་བསྡོམ་པས་ཆ་ཆེན་གཅིག་ནི་རྩིག་པ་མེད་པའི་བར་སྟོང་ནི་སྒོ་ཡི་གནས་དངོས་ཡིན་ལ། དེ་ཡི་རྩིག་པའི་དཔངས་མཐོ་དམན་ནི་རྟ་བབས་མཐོ་དམན་དང་བསྟུན་དགོས་པས། རྟ་བབ་སྒོ་ཚད་གསུམ་མ་ལ་ནི་རྩིག་དཔང་ཆ་ཆུང་བཅུ་བཞི་དགོས་ཤིང་། སྒོ་ཚད་གཉིས་མ་ལ་ཆ་ཆུང་བཅུ་གཉིས་དགོས་ལ། སྒོ་ཚད་གཅིག་པ་ལ་ནི་ཆ་ཆུང་བཅུ་པ་གསུངས་ཤིང་། དེ་ལས་ཀྱང་དམའ་བའི་ལུགས་ཡོད་དོ། །བཤད་མ་ཐག་པའི་སྒོ་གནས་རྩིག་མཚམས་དེའི་རྩིག་པའི་སྣེ་ནས་མདུན་ཕྱོགས་སུ་ཆ་ཆེན་རེ་རེའི་རྩིག་པ་འཐེན་པ་ནི་སྒོ་ཁྱུད་ཅེས་བྱ་བ་ཡིན་ཅིང་། དེའི་སྣེ་ནས་གཡས་གཡོན་ངོས་སུ་ཆ་ཕྲན་གཉིས་གཉིས་བསྐྱེད་དེ་འཐེན་པ་ནི་སྒོ་འགྲམ་དང་། དེ་ཡི་

(༡༤༦)ངོས་ནས་མདུན་ཕྱོགས་སུ་ཆ་ཕྲན་གཉིས་གཉིས་འཐེན་པ་ནི་སྒོ་ལོག་ཅེས་བྱའོ། །དཔལ་དྲི་མ་མེད་པའི་མདོ་ལས་ནི། སྒོ་ལོག་དང་། སྒོ་འགྲམ་གྱི་ཐ་སྙད་འདི་དག་གོ །བཟློག་པའི་ཚུལ་གྱིས་གསུངས་པའང་ཡོད་དོ། །སྒོ་ཁྱུད་སོགས་ཕན་ཆད་ཀྱི་རྩིག་པའི་དཔང་ནི། རྟ་བབས་ཀྱི་དཔང་མཐོ་དམན་དང་བསྟུན་དགོས་པས། རྟ་བབས་དཔང་སྒོ་ཚད་གསུམ་མ་ལྔ་མཉམ་གསུམ་མཉམ་ལ་ནི་རྩིག་དཔངས་ཆ་ཆུང་བཅུ་གཅིག་དགོས་ཤིང་། གཉིས་མཉམ་དགུ་མཉམ་ལ་ནི་ཆ་ཆུང་ཕྱེད་བཅུ་གསུམ་དགོས་ཤིང་། སྒོ་ཚད་གཅིག་མ་ལ་ནི་ཆ་ཆུང་བཅུ་ཙམ་གྱི་ཆོག་པའང་ཡིན་ནོ། །ཧར་སྒོ་ལ་ནི་རྩིག་པ་ལྔ་མདུན་ཕྱོགས་སུ་ཁྲིག་ཆོད་དུ་གནས་ཤིང་འདིར་སྒོ་ལོགས་ཀྱི་རྩིག་སྣ་ཅུང་ཟད་བཀུག་པའི་ཁ་སྤྲོད་ཀྱི་རྣམ་པར་ཡོད་པའི་སྣ་ནས་ཆ་ཕྲན་རེ་སྤངས་པར་ཀ་བ་ཟླུམ་པོའི་དབྱིབས་ཅན་པདྨ་ཁ་སྦྱར་བའི་བར་དུ་རིན་ཆེན་ཟུར་བརྒྱད་པའི་རྣམ་པ་ཁོ་ན་བརྩེགས་པ། སྦོམས་སུ་ཆ་ཕྲན་ཕྱེད་དང་དཔང་ཆ་ཆུང་བདུན་པ། ངོས་ལ་རིན་པོ་ཆེའི་ཕྲ་རྒྱན་སྣ་ཚོགས་ཅན་གཉིས་བཙུགས་པའི་སྟེང་དུ་རིན་པོ་ཆེའི་གདུང་དཀྱུས་ཆ་ཆུང་བཅུ་པ་མཐོང་

(༡༤༧)ཆ་ལའང་ཆ་ཆུང་བརྒྱད་ཡོད་པ་གཅིག་བསྐལ་པའི་སྣེ་གཉིས་བརྩིགས་གདངས་སུ་གདུང་ཁུད་བླས་པར་བཅུག་ནས་དེའི་སྟེང་དུ་རྩིག་པ་སྣ་ལྔ་མཚོན་བྱེད་ཙམ་བཏང་ངོ་། །འདིར་གསང་འདུས་མི་བསྐྱོད་པ་དང་དུས་འཁོར་སོགས་ཀྱི་ཧར་སྒོར་གྲགས་པ་འགྲམ་ལོག་གཉིས་པོར་སྒོ་དང་མཉམ་པའི་ཆ་ཆེན་རེ་བྱེད་ན་སྒོ་ལོག་གི་རྩེ་མོའི་ནང་མཐའི་བར་འདིར་ཆ་ཆེན་རེའི་མཚམས་སུ་ཀ་བ་སྦོམ་དུ་ཆ་ཕྲན་རེ་ཡོད་པར་འཇུག་དགོས། དེའི་ཚེ་གདུང་གི་དཀྱུས་ཀྱང་ཆ་ཆུང་བཅུ་བཞི་དང་མཐོང་ཆ་ལའང་ཆ་ཆུང་བཅུ་གཉིས་དགོས་སོ། །ཀ་བ་བརྒྱད་པོ་འདི་དག་ནི་ཨ་བྷ་ཡས། གདུང་གི་འོག་ཏུ་ཀ་བ་གཉིས་མ་བྲིས་ཀྱང་བསྒོམ་བྱའི་དཀྱིལ་འཁོར་ལ་རིག་པ་བྱ་སྟེ། གྲུ་བཞི་པ་ལ་སྒོ་བཞི་པ་ངཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། ཞེས་གསུངས་པའི་ལུགས་གིས་སོ། །ཀ་བ་དེ་གཉིས་ཀྱི་སྟེང་དུ་ཡང་ཀ་འདུག་གི་དབྱིབས་གང་མཚུངས་རྒྱན་གྱི་ཀ་ཐུང་སྒོ་ལོག་གི་རྩེ་དང་མཉམས་ཚད་པ་གཉིས་གཙུགས་ཏེ། དེ་ཡི་སྟེང་ན་སྒོ་ལོག་གི་རྩེ་མོ་གཉིས་སུ་གདུང་སྲིད་དུ་ཆ་ཆུང་བཅུ་པའམ། བཅུ་གཉིས་པ་སྐབས་སུ་

(༡༤༨)གང་བབས་པ་སྟེ་འདིར་སྔ་མ་ཉིད་དཔང་ཆ་ཆུང་ཕྱེད་པ་དེ་འདྲ་གཏོང་སྟེ་སྒོ་གཡབ་ཀྱི་ཐོག་འགེལ་བར་བྱ་དགོས་སོ། ཡང་ཀ་ཐུང་དེ་གཉིས་ཀྱི་གནས་སུ་ཤ་ལ་བྷཉྫའི་ཀ་སྟེ་ལྷ་མོའི་གཟུགས་བརྙན་ལག་པ་གཉིས་ཀྱིས་ཀ་ཞུ་བཏེགས་པ་ཡང་བྱེད་པ་ཞིག་ཀྱང་ཡོད་དོ། །བྲི་ཆ་ལ་ཀ་ཐུང་དང་གདུང་འདི་རྣམས་མི་བྲི་བར་སྤྱིར་ཐེག་འབུབ་ཀྱི་རིགས་རྣམས་བྲི་མི་ཐུབ་ཤིང་། འདི་རྣམས་རྟ་བབས་ཀྱི་ཕག་ཏུ་སོང་བའི་ཕྱིར་རོ། །དེ་ལ་སྒོ་འཁྱུད་ཀྱི་བར་སྟོང་གྲུ་བཞི་པ་ལ་སྒོ་ཕུགས་ཞེས་བྱ་ལ། སྒོ་འགྲམ་གྱི་ཕྱི་སྒོ་ལོག་གཉིས་ཀྱི་བར་ཁང་ལ་སྒོ་གཡས་ཅེས་བྱ་ཞིང་། དེ་ཐམས་ཅད་ཀྱི་སྤྱི་མིང་ནི་སྒོ་ཁང་ཞེས་བྱའོ། །སྒོ་གླེགས་འཇུག་པའི་གནས་ནི་བཞེད་པ་མང་ཡང་། རང་ལུགས་ནི་རྩ་ཐིག་གི་གནས་སུ་གཡས་གཡོན་དུ་ཆ་ཆུང་ཕྱེད་ཕྱེད་ལ་སྒོའི་རེ་བཞི་བྱ་ཞིང་། སྟེང་འོག་ཡ་ཐེམ་མ་ཐེམ་ལ་ཆ་ཆུང་རེ་རེ་བྱ། དབུས་སུ་སྒོ་གླེག་གི་མེ་ལོང་གཉིས་རལ་དུ་བྱས་པས་རེ་རེའི་ཞིང་དུ་ཆ་ཆུང་གཉིས་གཉིས། སྒོ་ཡི་དཔངས་ནི་སྒོ་འཁྱུད་ཀྱི་རྩིགས་པའི་དཔངས་དང་བསྟུན་དགོས་པས། རྩིག་དཔངས་ཆ་ཆུང་བཅུ་གཅིག་པ་ལ་སྟེང་འོག་ཏུ་ཆ་ཕྲན་

(༡༤༩)རེ་རེ་བོར་བས། སྒོ་གླེག་དངོས་ཆ་ཕྲན་བརྒྱད་ཡིན་ཅིང་། རྩིག་དཔངས་ཆ་ཕྲན་ཕྱེད་དང་བཅུ་གསུམ་པ་ལ་ཕྱེད་དང་བཅུ་གཅིག་པ་འོས་ཤིང་། དེ་ནི་བལ་པོ་རིགས་བྱིན་གྱིས་མཛད་པའི་བྱ་བཏུས་སུ་བཤད་པའི་ཁང་བཟང་གི་སྒོ་ཡི་ཚད་དང་ཡང་མཐུན་ནོ། །དེ་ལྟར་སྦྱར་བ་བྱ་དགོས་པ་ཉིད་ན་ཡང་སྤྱིར་སྒོ་གླེག་གི་དཔངས་ལ་ངེས་པར་མེད་པས་ཇི་ལྟར་བདེ་བར་ཡིན་པར་བཞེད་ཅིང་། སྒོ་འཁྱུད་དང་སྒོ་འགྲམ་གྱི་མཚམས་སུ་སྒོ་གཅིག་བཙུགས་ཀྱང་མི་འགལ་ལོ། །གལ་ཏེ་བསྒོམ་དོན་དང་བློས་བསླངས་ལ་སྣ་ཚོགས་རྡོ་རྗེ་མེད་པའི་རིགས་འགའ་ཞིག་ལ་ཐེམ་སྐས་བྱེད་པའི་ལུགས་ལྟར་ན། གཞལ་ཡས་ཁང་གི་གཞི་འདོད་སྣམ་གྱི་ཕྱི་རོལ་དུ་རྒྱར་ཆ་ཆུང་གཅིག་པ་དང་། སྒོ་ཡི་གཡས་གཡོན་དུ་རྟ་བབས་ཀྱི་ཀ་བ་འཛུག་པ་ཚུན་ཆོད་ལ། སྣ་ཚོགས་རྡོ་རྗེའི་ལྟེ་བ་མ་གཞི་ལས་ཆ་ཆེན་རེ་རེ་འཕགས་པ་ཡོད་པ་ལས། སྒོ་འཁྱུད་ཟུར་གྱི་ཐད་ནས་སྣ་ཚོགས་ལྟེ་བའི་མཐའི་བར་ལ་སྒོ་ཚད་གཅིག་གིས་རྒྱར་ཆ་ཆེན་གཅིག་པའི་དཔངས་དེར་ཟུར་དུ་བཞོལ་བ་ལ་བྱ་ཞིང་། ཐེམ་སྐས་ཀྱི་གྲངས་ངེས་ནི་མེད་དེ་བརྒྱད་དམ་བཅུ་དྲུག་སོགས་གང་འོས་

(༡༥༠)བྱའོ། །འདོད་སྣམ་ནི་རྩིག་པའི་ཕྱི་ངོས་སུ་འགྲོམ་སྟེགས་ཀྱི་ཚུལ་གྱི་རིན་པོ་ཆེ་དམར་པོའི་དཀར་པོའི་རང་བཞིན་ཞིང་དང་དཔངས་གཉིས་ཀར་ཆ་ཕྲན་གཉིས་རེ་ཅན་འཁོར་ཡུག་ཏུ་ཡོད་པ་སྒོ་བཞིའི་ཐད་ཀར་ཆད་པ་དང་། ཡང་ཁ་གཅིག་གི་ལུགས་ལ། སྒོ་འཁྱུད་ཀྱི་ཕྱིའི་ཕུགས་ཆ་ཕྲན་གཉིས་པ་གྲུ་བཞི་པ་དེ་དང་། དེའི་རྒྱུད་ལ་ཀ་གདན་འཛུགས་པའི་དཀྱུས་ཆ་ཕྲན་གཉིས་ཞེང་ཆ་ཕྲན་གཅིག་ལ་འདོད་སྣམ་མེད་པར་འདོད་ཅིང་། དེས་འདོད་སྣམ་ཚེ་བཞི་ཡིན་པས་ན་ཁ་ཁྱེར་བཞི་དང་སྟེགས་བུ་བཞི་ཡང་ཟེར། འདོད་སྣམ་དེ་ལ་མ་ཆོད་པའི་ལྷ་མོ་རྣམས་གནས་སྟེ། ཤར་གྱི་གཡོན་དུ་པི་ཝཾ་མ་སྔོན་མོ་དང་གླིང་བུ་མ་སེར་མོ། བྱང་གཡས་སུ་རྔ་ཟླུམ་དམར་མོ་དང་། རྫ་རྔ་མ་ལྗང་གུ། བྱང་གི་གཡོན་དུ་བཞད་པ་མ་དམར་སྐྱ་བཞད་པའི་ཕྱག་རྒྱ་ཅན་དང་སྒེགས་མ་སྔོན་མོ་སྒེགས་པའི་ཕྱག་རྒྱ་ཅན། ནུབ་ཀྱི་གཡས་སུ་གླུ་མ་སེར་མོ་ཏིང་ཏིང་ཤག་འཛིན་པ་དང་། གར་མ་ལྗང་གུ་སང་སྐོར་བྱེད་པ། དེ་རྣམས་ཕྱག་བཞི་མ། ཕྱག་དང་པོ་གཉིས་ཀྱི་རང་མིང་དང་མཚུངས་པའི་ཕྱག་མཚན་འཛིན་ཅིང་འོག་མ་

(༡༥༡)གཉིས་ཀྱིས་གཡས་ཐོད་པ་དང་། གཡོན་ཁ་ཊཱྃྭ་ག་འཛིན་པའི། རྡོར་དྲིལ་འཛིན་པའོ། ནུབ་ཀྱི་གཡོན་དུ་མེ་ཏོག་མ་དཀར་མོ་དང་བདུག་སྤོས་མ་མཐིང་ག །ལྷོ་ཡི་གཡས་སུ་མར་མེ་མ་དམར་མོ་དང་དྲི་ཆབ་མ་ལྗང་མོ་དྲི་ཡི་དུང་ཆོས་འཛིན་པ། ལྷོ་ཡི་གཡོན་དུ་གཟུགས་རྡོ་རྗེ་མ་དཀར་མོ་མེ་ལོང་འཛིན་པ་དང་། རེའི་རྡོ་རྗེ་མ་དམར་མོ་ཟས་གཞོང་འཛིན་པ། ཤར་གྱི་གཡས་སུ་རེག་བྱ་རྡོ་རྗེ་མ་ལྗང་གུ་ན་བཟའ་འཛིན་པ། ཆོས་དབྱིངས་རྡོ་རྗེ་མ་དཀར་མོ་ཆོས་འབྱུང་འཛིན་པ། དེ་ལྟར་བརྒྱད་ནི། གཡས་དང་པོས་རང་མིང་དང་མཚུངས་པའི་མཆོད་རྫས་དང་། གཉིས་པས་ཌཱ་མ་རུ། གཡོན་དང་པོས་ཐོད་པ་དང་གཉིས་པས་ཁ་ཊཱཾྭ་ག་འཛིན་པ་སྟེ། ཐམས་ཅད་ཀྱང་གཅེར་བུ་སྤྱན་གསུམ་སྐྲ་གྲོལ་བ་ཕྱག་རྒྱ་ལྔས་བརྒྱན་པའོ། །དེ་དག་ནི་མངོན་བརྗོད་ནས་གསུངས་པ་ལྟར་ཡིན་ལ། ཕྱག་གཉིས་མ་འང་རུང་སྟེ་རྡོ་རྗེ་མཁའ་འགྲོ་ཞི་བ་ཁ་སྦྱོར་རྡོར་དབྱིངས་ནས་གསུངས་སོ། །ཕྱག་གཉིས་མར་བྱེད་ན་ཞི་མོ་དར་དང་རིན་པོ་ཆེས་བརྒྱན་པར་བྱས་ཀྱང་རུང་ངོ་། །འདོད་སྣམ་གྱི་སྟེང་གི་རྩིགས་ཟུར་དང་སྒོ་འཁྱུད་ཀྱི་ཕུག་

(༡༥༢)རྩིག་ངོས་སུ་ཟླ་བ་ཕྱེད་པའི་སྟེང་དུ་རྡོ་རྗེ་ཕྱེད་པ་རྩེ་ལྔ་པ་དང་རིན་པོ་ཆེ་དམར་པོ་ཆ་དགུ་པ་རྣམས་ཀྱི་མཛེས་པའོ། །རྟ་བབས་ནི་ཏྭ་ར་ཎ་སྟེ། ཕྱི་སྒོ་ཡིན་པ་ཡང་འདོད་འཇེ་ལས་བཤད་ཅིང་། སྒྲ་དོན་ནི། སློང་བ་པོ་རྣམས་ཀྱིས་རྒྱལ་པོ་ལ་བསྟོད་པ་སྒྲོགས་པས་བསྟོད་སྒྲོགས་ཏེ། པཱུ་བསྟོད་པ་ལའོ་ཞེས་པའི་དབྱིངས་ལས་བསྒྲུབ་པར་ཡང་འདོད། ཏྭ་ར་མགྱོགས་པའི་དབྱིངས་ལས་བསྒྲུབ་པས་རྒྱལ་པོས་རྟ་ལ་བབས་ཞོན་བྱེད་པའི་སར་ཡང་བཞེད་པ་ཡོད། གོང་ལྟར་ཡང་རྒྱན་གྱི་དོན་ཡིན་ཅིང་། བོད་འདིར་སྔོན་གྱི་མཁས་པ་རྣམས་ཀྱིས་ནི་རྣམ་བཞག་ཆེར་མ་མཛད་ཅིང་ཕྱིས་བྱོན་པ་དག་གིས་རྟ་བབས་ཀྱི་རྣམ་བཞག་བྱེད་མཁན་མང་པོ་ཞིག་བྱུང་ན་ཡང་རང་བཟོ་ཁོ་ནར་བྱེད་ཅིང་ཡིད་བརྟན་ཕེར་བ་མི་འདུག་ལ། རྗེ་བཙུན་སྒྲོན་མགོན་ཞབས་ཀྱིས་པཎ་ཆེན་གང་བའི་རྡོ་རྗེ་སོགས་རྒྱ་གར་གྱི་པཎྜི་ཏ་རྣམས་ལ་དྲིས་ཤིང་ལག་ལེན་མཛད་པ་འདི་ཉིད་ཁུང་ཆེ་ཞིང་། འཇམ་མགོན་ཀུན་མཁྱེན་ཆེན་པོས་ཀྱང་འདི་ཉིད་ལ་ཕྱག་ལེན་མཛད་པས་དེའི་ལུགས་བཤད་པར་བྱའོ། །དེ་ཡང་སྤྱིར་རྒྱ་གར་གྱི་མཁས་པ་རྣམས་

(༡༥༣)ཀྱིས་ཚད་ཅན་དང་ཚད་མེད་དང་འདྲེས་པ་གསུམ་དུ་ཡོད་པར་གྲགས་ལ། དེའི་འདྲེས་པ་ནི་རིན་འབྱུང་ཞབས་ཀྱིས་འཇིག་རྟེན་སྣང་བྱེད་དུ་བཤད་པ་ལྟ་བུ་ཞིང་ལ་སྒོ་ཚད་གསུམ་དང་། དཔངས་ལ་ངེས་མེད་དུ་མཛད་པ་ལྟ་བུའོ། །ཚད་མེད་ནི་ངེས་བཟུང་བཤད་དུ་མེད་ཀྱང་རྒྱ་བལ་གྱི་བྲིས་ཐང་རྙིང་མ་མང་པོ་མཐོང་། ཞེས་གསུངས་པ་ལྟར་རོ། །ཚད་ཅན་ནི་ཕྲེང་བ་ནས་གསུང་བའི་རྟ་བབས་དཔངས་སུ་སྒོ་ཚད་གསུམ་མ་ལ་གཉིས་མཉམ་དགུ་མཉམ་མ་དང་། ལྔ་མཉམ་གསུམ་གསུམ་མཉམ་དང་རྟ་བབས་ཀྱི་དཔངས་སྒོ་ཚད་གཉིས་དང་། རྒྱ་ཡི་སྒོ་ཚད་བཞི་མ་སྣམ་བུ་བཅུ་གཅིག་པ་དེ་ཡང་སྤྱོད་པའི་རྡོ་རྗེའི་ལུགས་ཀྱི་གཉིས་མཉམ་དགུ་མཉམ་མ་དང་། སྒོ་ཚད་གཉིས་མར་སྣམ་བུ་བརྒྱད་པ་དང་། སྒོ་ཚད་གཅིག་པ་ལ་རྒྱར་སྒོ་ཚད་གསུམ་སྣམ་བུ་བཅུ་གཅིག་དང་ལྡན་པ་ཕྲེང་བར་བཤད་པ་ལྟ་བུ་དང་། རྒྱར་སྒོ་ཚད་བཞི་མ་སོང་མང་དུ་ཡོད་དོ། །འདིར་ནི་ཇི་སྐད་དུ། ཀ་བའི་རྩེ་མོར་སྒོ་ཚད་གསུམ། གཞལ་ལ་ཆ་མཉམ་བརྒྱད་བགོས་པའི། ཞེས་སོགས་དཀྱིལ་ཆོག་གི་ཐིག་ཙར་གསུངས་པ་བཞིན་རྟ་བབས་ཀྱི་

(༡༥༤)ཞིང་ལ་སྒོ་ཚད་བཞི་དཔངས་སྒོ་ཚད་གསུམ་མ་སྣམ་བུ་ལྔ་མཉམ་གསུམ་གསུམ་མཉམ་བཤད་པར་བྱ་བ་ཉིད་དོ། སྣ་ཚོགས་རྡོ་རྗེའི་ལྟེ་བའི་རྒྱར་ལོག་རེར་སྒོ་ཚད་བཅུ་གཉིས་རེ་ཡོད་པའི་དབང་དུ་བྱས་ཏེ། སྒོ་ལོག་གི་རྩིག་གདོང་ནས་མདུན་དུ་ཆ་ཆུང་གཉིས་གཉིས་གཞལ་བ་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཕྱི་མཐའ་ཡིན་ལ། དེ་ནས་གཡས་གཡོན་གྱི་ངོས་སུ་ཆ་ཆུང་རེ་རེ་བཞག་པའི་གནས་དེར་རྟ་བབས་ཀྱི་ཀ་བ་ཕྱི་མ་གཉིས་འཛུགས་ཤིང་དེ་གཉིས་ཀྱི་ནང་ཐད་སྒོ་འགྲམ་གྱི་ཕྱིའི་ཟུར་ཐད་སྒོ་འགྲམ་གྱི་རྩིག་པའི་བར་སྟོང་ལ་ཆ་ཆུང་གཅིག་བཞག་ནས། ཕར་ཕྱོགས་ཀྱི་ངོས་འདོད་སྣམ་ལ་རེག་པར་ནང་གི་ཀ་བ་གཉིས་འཇུག་ཏེ། ཕྱོགས་རེའི་རྟ་བབས་ནི་ཀ་བ་བཞི་བཞིའི་བདག་ཉིད་ཅན་ནོ། །དེ་ཡང་སྟེགས་བུ་གྲུ་བཞི་པ་སྤངས་ཆ་ཆུང་གཅིག་དང་བུམ་པ་ཆ་ཆུང་གཅིག་གི་དཔངས་དང་ལྡན་པ་བརྩེགས་པའི་སྟེང་དུ་ཀ་བ་ཞུ་བཅས་ཆ་ཆུང་ལྔ་པ་རེ་རེ་འཇུག་གོ །བུམ་པ་དང་སྟེགས་བུ་ཐིག་རྩ་ལས་མི་འབྱུང་བ་ནི། ཕྲེང་བར། རྟ་བབས་ཀྱི་ཀ་བ་བརྩེགས་པའི་ཐེག་ལས་ཐོན་ཅིང་ཆ་ཆུང་བདུན་པའོ། །ཞེས་པའི་ཕྱོགས་

(༡༥༥)མི་རིགས་ཏེ། གཞལ་ཡས་ཁང་ལས་ཅུང་ཟད་རིང་བར་རྟ་བབས་ཀྱི་ཀ་བ་རྣམས་རེ་རེ་ཞིང་སྟེགས་བུ་གྲུ་བཞི་གནས་པའི་ཕྱིར་རོ། ས་མཉམས་པོ་ལ་གནས་པ་ཉིད་ཀྱིས་སྟེགས་བུ་དང་འབྲེལ་པ་བཞིན་མཐོང་བས་སྟེགས་བུའི་ཕྱི་ངོས་སུ་འདི་རྣམས་བྲི་བར་རིགས་སོ། །ཞེས་གསུངས་པ་ནི་སྟེགས་བུ་གྲུ་བཞི་པ་ཀ་བའི་འོག་ཏུ་འབྲེལ་བཞིན་གནས་པས་མི་མཐོང་བ་ཡིན་ནོ། །ཞེས་པའི་དོན་ཏེ། ཀ་བ་དེ་བཞིའི་སྟེང་དུ་གསེར་གདུང་དཔངས་སུ་ཐིག་སྐུད་གང་པར་རྒྱར། ཀ་བ་དང་མཉམ་པ་བཞི་འཁོར་ལོ་བྲེ་རྒྱབ་ཀྱི་གདུང་དུམ་བུ་གཉིས་ཡིན་པས་གདུང་སྣེ་གཅིག་ཤེས་སྒོ་འགྲམ་གྱི་ཕྱི་ཟུར་དུ་གདུང་ཁུང་བྲུས་པར་བཅུག་པ། དེའི་སྟེང་དུ་ཤར་བུའི་སྣམ་བུ་དཔངས་ཆ་ཕྲན་གཅིག་དང་ཆ་ཕྲན་གྱི་བཞི་ཆ་ཡོད་པ། གཡས་གཡོན་དུ་ཀ་བ་ལས་ཕྱི་ལ་ཆ་ཆུང་རེ་རེའི་འཕགས་པ། རྟ་བབས་ཀྱི་ནང་ངོས་དང་མདུན་དུ་ཀ་བ་དང་ཞེང་མཉམ་པ་སྒོམ་རིང་ཁ་གཅོད་མེད་པ་ལྟ་བུའི་མདུན་དུ་གྷུརྞ་ཧ་རི་འི་ཐད་དུ་ཆད་པ། དེའི་སྟེང་དུ་རིན་པོ་ཆེའི་སྣམ་བུ་དཔངས་ཤར་བུ་ལྟ་བུ་དང་། རྨིག་པའི་སྣམ་བུ་དཔངས་

(༡༥༦)ཆ་ཕྲན་གཅིག་གི་སུམ་གཉིས་ལྷག་ཙམ་ཡོད་པ་མདུན་དང་ནང་མཐའ་ཤར་བུའི་སྣམ་བུ་དང་མཉམ་ཤིང་། གཡས་གཡོན་དུ་ཤར་བུ་ལས་ཀྱང་ཆ་ཕྲན་གཅིག་གིས་ཕྱིར་འཕགས་པ་དེ་གསུམ་ཀྱང་མདུན་གྷུརྞ་ཧ་རིའི་ཐད་དུ་ཆད་པ། འདི་དང་རྟ་བབས་ཀྱི་ནང་དུ་ཆུད་པའི་སྒོ་ཁང་གི་རྩིག་པ་དཔངས་མཉམ་ཞིང་དེ་ཕྱིན་ཆད་ཀྱི་རྟ་བབས་རྣམས་ཁོང་སྟོང་སྒོམ་རིང་ལྟ་བུ་ཡིན་པས་དེའི་ནང་ཟུར་ནས་སྲོག་འཛིན་གྱི་ཀ་བ་བཞི་བཙུགས་པའི་སྟེང་ནས་གསེར་གདུང་ཐིག་སྐུད་གཅིག་པའི་དཔངས་དང་ལྡན་པ་བཏང་ཏེ། སྒོ་ཁང་གི་ཐོག་ཕུབ་པའི་བྱ་འདབས་རྣམས་དེ་ཡི་སྟེང་དུ་ཁེལ་བར་བྱས་པའི་ཐོག་གི་མཐའ་ནས་གསེར་གྱི་སྣམ་བུ་དཔངས་ཆ་ཕྲན་གཅིག་གི་སུམ་ཅིག་ལྷག་ཙམ་གྱིས་མཛེས་པར་བྱ་ཞིང་། དེ་ཡི་གཡས་གཡོན་གྱི་རིང་ཐུང་ནི་ཕྲེང་བ་དང་བྱ་བཏུས་སུ་རྟ་རྨིག་གི་སྣམ་བུ་དང་མཉམ་པར་ཆ་ཆུང་དགུ་པ་གསུངས་ཤིང་། རྗེ་མི་བསྐྱོད་ཞབས་ཀྱིས་ཆ་ཆུང་ཕྱེད་དང་བཅུ་པར་གསུངས་པ་ནི་གོང་དུ་བཤད་པའི་བ་རཎྜ་བཞིན་དུ་གཡས་གཡོན་གྱི་ཆ་དག་གི་བྱི་ཚེའི་བཀོད་པ་བྱ་བར་དགོངས་པ་སྟེ་ཆ་ཤས་།།།

(༡༥༧)རིགས་ལ་ངེས་པ་མེད་དེ། དེའི་སྟེང་དུ་ཆུ་སྲིན་གྱི་སྣམ་བུ་དཔངས་ཆ་ཕྲན་གཅིག་དང་གཅིག་གི་བཞི་ཆ་ཡིན་ཅིང་འདི་ཡི་དཀྱུས་ལ། ཕྲེང་བར་ཆ་ཆུང་ཕྱེད་དང་བཞི་དོར་བར་ལྔ་བར་ནི་ཆ་ཆུང་ལྔ་པའོ། ཞེས་ཆ་ཕྲན་བརྒྱད་དང་། ཐིག་རྩིའི་སྡོམ་ཚིག་བཅད་མར་ཡང་མདའ་ཕྱེད་བཅས། སུམ་དང་པོ་ནས་ནི་ཕྱེད་དང་ལྔ། ཞེས་ཆ་ཆུང་བརྒྱད་དུ་གསུང་ཞིང་། དེ་ཡང་སྒོ་ཁང་གི་རྩིག །ཟུར་བཞིར་ཀ་བ་ཆ་ཕྲན་ལྔ་པ་བཞི་བཙུག་ཅིང་དེའི་ཐད་ཀྱི་མདུན་རྒྱབ་དུའང་གསེར་གྱི་སྣམ་བུའི་ནང་མཐར་ཡང་ཀ་བ་ཆ་ཕྲན་ལྔ་པ་གཉིས་གཉིས་བཙུག །གྷུརྞ་ཧ་རིའི་མཚམས་སུ་ཡང་ཀ་ཐུང་གཉིས་བཙུག་ཏེ་ཀ་བ་དེའི་ཕྱི་ངོས་སུ་གྷུརྞ་ཧ་རིའི་ཐད་མ་གཏོགས་པ། ཆུ་སྲིན་གྱི་སྣམ་བུ་རྒྱ་དཔངས་བཤད་མ་ཐག་པ་ལྟ་བུ་འཁོར་ཡུག་ཏུ་བྱ། ཆུ་སྲིན་ཞེས་པའི་ལེགས་སྦྱར་དུ་མ་ཀ་ར་ཞེས་འབྱུང་བས་ཙི་པ་ཏྲའམ་སེང་མགོ་སྟེ། དེ་ལྟ་བུའི་གདོང་པའི་ཁ་ཁུག་ནས་རིན་པོ་ཆེའི་དོ་ཤལ་གཅིག་ཤོས་ཀྱི་ཁའི་བར་དུ་འཕྱང་ཞིང་ལག་པ་གཉིས་ཀྱིས་བཟུང་བར་བྱ་སྟེ། འདི་མུན་སྣམ་མིན་པས་སྤང་ལེབ་ཀྱི་གཞི་ཅན་དེ་དག་གི་བར་

(༡༥༨)དུ་བབ་མགོ་དང་ཕྲ་ཚོམ་གྱིས་མཛེས་པར་བྱའོ། །དེ་ཡི་སྟེང་དུ་གསེར་སྣམ་ཆ་ཕྲན་གཅིག་གི་སུམ་གཅིག་ལྷག་པ་གཡས་གཡོན་དུ་ཆུ་སྲིན་གྱི་སྣམ་བུ་དང་མཉམ་ཆ་ཕྲན་བརྒྱད་པའོ། དེ་ཡི་སྟེང་དུ་རྨིག་པའི་སྣམ་བུ་དང་། རིན་པོ་ཆེའི་སྣམ་བུ་དང་། རྨིག་པ་གང་མིའི་སྣམ་བུ་རྣམས་ཀྱང་བྱ་ཞིང་། རྨིག་པ་གོང་འོག་གཉིས་དག་གི་དཔངས་ཆ་ཕྲན་གཅིག་གི་སུམ་གཉིས་ལྷག་ཙམ་དང་། རིན་པོ་ཆེའི་དཔངས་ཆ་ཕྲན་གཅིག་དང་གཅིག་གི་བཞི་ཆ་རྣམས་ཡིན་ཅིང་། གཡས་གཡོན་དུ་ཆ་ཕྲན་བདུན་པ་རྣམས་ཤིང་ལེབ་གྱེན་ལོང་རྩེགས་པ་ལྟ་བུ་ཕྱོགས་ཀུན་ཏུ་འཁོར་ཡུག་ཏུ་ཡོད་ན། བཟོ་ཡི་སྐབས་སུ་སྲོག་འཛིན་གྱི་ཀ་བ་རྣམས་ཀྱིས་ངོས་སུ་ལྕགས་གཟེར་གྱིས་བསྡོམ་པར་བྱའོ། སྒོ་ཁང་གི་རྩིག་ཟུར་བཞིར་བཙུགས་པའི་ཀ་བ་བཞིའི་སྟེང་གསེར་སྣམ་གོང་མའི་གོང་ཐད་ནས་གདུང་བཞི་འཁོར་མོར་བྲེས་པ་དང་སྒོ་གཡབ་ཀྱི་ཐོག་གི་དབུས་ཀྱི་སྟེང་ཐད་ནས་ཀྱང་དེ་དང་མཐོ་དམན་མཉམ་པའི་གདུང་རིང་ཞིག་ཕྲད་དུ་བཏང་བར་དབུས་སུ་ཀ་བ་གཉིས་དང་གཡས་གཡོན་གྱི་སྣེར་ཡང་ཀ་བས་བཏེགས་སྟེ་དེ་ཡི་སྟེང་དུ་ཐོག་ཕུབ་

(༡༥༩)པའི་ཕྱི་ངོས་རྣམས་གསེར་སྣམ་དཔངས་ལྔ་མ་ལྟ་བུའི་རྒྱ་ཚད་རྟ་རྨིག་གང་མ་མཉམ་པས་མཛེས་པར་བྱ་སྟེ། དེ་ལྟར་རྟ་བབས་ཀྱི་སྣམ་བུ་བཅུ་པོ་རྣམས་ཁ་དོག་དང་བཟོ་ཁྱད་མི་འདྲ་བ་མ་གཏོགས་ནང་ཁོང་སྟོང་འབྲེལ་བ་ཡིན་ཅིང་། སྤྱིར་ཡང་སྣམ་བུ་བཅུ་གཅིག་པོ་དེ་རྣམས་ཀྱི་མདུན་ངོས་སུ་མདའ་ཡབ་ལ་འདི་གང་ཡོད་པ་མ་གཏོགས་གཅོད་མཚམས་དང་བཟོ་བཀོད་མ་གཏོགས་ངོས་མཉམ་པ་ཡིན་ནོ། །མདའ་ཡབ་ཀྱི་སྣམ་བུ་ནི་མདུན་གྱི་དམིགས་པའི་ནང་དུ་ཡོད་པའི་གདུང་གི་སྟེང་ཐད་དུ་བསྐལ་བ་བྱ་ཞིང་ཡང་ན་སྒོ་གཡབ་སྟེང་ཐད་ཀྱི་དབུས་ཀྱི་གདུང་རིང་དེ་ཡི་སྟེང་ཐད་དུ་དཔངས་ཆ་ཕྲན་གཅིག་དང་གཅིག་གི་བཞི་ཆ་གཅིག་པ་ཅན་རྒྱར་ཆ་ཆུང་ལྔ་ལྔ་ཡོད་པ་སྟེ་གོང་མ་ལྟར་ན་སྣམ་བུ་བཅུ་གཅིག་པོ་ཐམས་ཅད་ཕྱི་ནང་ངོས་མཉམ་པ་ཡིན་ཞིང་། དེ་གཉིས་ཀར་གཡས་གཡོན་དུ་ཡང་མདའ་ཡབ་དགོས་ལ། དེའི་ནང་ཁུག་སུ་སྟེགས་བུ་དཔངས་ཆ་ཆུང་གཅིག་པ་དང་། པདྨ་ཆ་ཕྲན་གཅིག་པའི་དབུས་སུ་ཟླ་གདན་དང་འཁོར་ལོ་ཡུ་བ་དབྱུག་པ་ཏོག་ཅན་གཙུགས་པའི་དབུས་ནས་འཕྲོད་ལ་ཡན་ལག་ཏོག་དང་བཅས་པ་ཡོད་པ་ལ། འཁོར་ལོ་

(༡༦༠)རྩིབས་བཅུ་གཉིས་ས་ཆ་གཉིས་པའོ། རྩིབས་བརྒྱད་ལྡན་པའི་འཁོར་ལོ་ནི། ཆ་ལྔ་ལྡན་པའི་མུ་ཁྱུད་ཅན། ཞེས་པའང་ཁ་གཅིག་བཤད་དོ། །འཁོར་ལོའི་སྟེང་དུ་གདུགས་དཀར་པོ་ཆ་ཆུང་གཅིག་ས་ཏོག་དང་བཅས་པས་མཛེས་པའོ། འཁོར་ལོའི་གཡས་གཡོན་དུ་ཆ་ཆུང་ཕྱེད་ཀྱི་སར་རི་དྭགས་ཀྱི་གཟུགས་བརྙན་གསེར་ལས་བྱས་པ། ཕོ་ནི་རྭ་དང་བཅས་པ་མོ་ནི་རྭ་མེད་པ། འཁོར་ལོ་ལ་ལྟ་ཞིང་དེ་ལ་བཏགས་པའི་དྲིལ་བུའི་སྒྲ་ལ་ཉན་པ། རི་དྭགས་ནི་ཀྲྀཥྞའི་རུ་རུ་ཇི་ལྟར་འོས་པ་ཉིད་དོ། གྷུརྞ་ཧ་རི་ནི་རྩ་ཐིག་གི་གཡས་གཡོན་དུ། ཇི་སྐད་དུ། དང་པོ་ཕྱེད་དྲུག་གཉིས་གསུམ་དྲུག །བཞི་པ་བཞི་དང་ལྔ་པ་ཡི། སྟོང་ངོས་ཕྱེད་བཞི་དྲུག་པ་གསུམ། བདུན་སྟེང་ཆ་དྲུག་ཟླུམ་པོས་བསྐོར། ཞེས་སོ། །དེ་ཡང་ཕྲེང་བའི་ཐིག་གི་སྐབས་སུ། འདི་ལ་སྣམ་བུ་ལྔ་པའི་ལོགས་སུ་ཆ་ཆུང་ཕྱེད་དང་བཞི་ཞེས་པར། རྒྱ་དཔེ་ཏིརྻ་ཀྲ་ཅེས་ཡོད་པས་གསེག་འགྲོས་སུ་བསྒྱུར་དགོས་པས། ལྔ་པའི་གསེགས་སུ་ཆ་ཆུང་ཕྱེད་དང་བཞི་ནི་སྟེང་གི་ཆ་ལའོ། ཞེས་པ་སྟེ། སྣམ་བུ་ལྔ་བའི་འོག་

(༡༦༡)ཏུ་བཞི་དང་སྟེང་དུ་གསེགས་ཏེ་ཕྱེད་བཞི་བྱ་ཞིང་། ཡང་ཕྲེང་བར། བདུན་པའི་འོག་ལ་ཆ་ཆུང་གསུམ། སྟེང་གི་ཆ་ཆུང་དྲུག་སྟེང་དུ། སྣམ་བུ་རྣམ་མཐར་སོན་པའི་ཐིག །ཕ་རོལ་མཐའ་དང་ལྷན་ཅིག་ཏུ། ཞེས་དང་། བདུན་པ་ལ་འོག་ཏུ་ཆ་ཆུང་གསུམ་པ་སྟེ་སྟེང་དུ་ཆ་ཆུང་དྲུག་པའོ། །ཞེས་གསུངས་པ་ལྟར། སྣམ་བུ་བདུན་པའི་འོག་ཏུ་ཆ་ཆུང་གསུམ་དུ་སྟེང་དུ་དྲུག་བྱ་བར་གསུངས་པ་ནི་ཕ་རོལ་གཅིག་ཤོས་ཀྱི་ཐིག་གི་བར་དུ་ཆ་ཆུང་དྲུག་ཡོད་པ་ལ་དགོངས་པ་སྟེ། བོད་རྣམས་ཀྱི་འདི་ལ་སྒོ་ཁྱིམ་རྣམ་པར་བྱེད་པ་ཡང་འདུག་མདོ། ཀུན་མཁྱེན་ཆེན་པོའི་ཕྱག་བཞེས་ཀྱི་རྒྱུན་ནི་ཆ་ཆུང་དྲུག་གི་ཚད་ཀྱིས་ཟླུམ་སྐོར་བ་ཞིག་བཞེད་དེ། ཕ་རོལ་མཐའ་དང་ལྷན་ཅིག་ཏུ། ཞེས་པའི་ཚིག་ལས་སྟེ་གཞན་དུ་ན་འདི་ནི་ཚངས་ཐིག་ཚུན་ཆད་བརྗོད་པའི་ཕྱིར་རོ། །དེ་རྣམས་ལ་གསེར་སྣམ་ནི་གསེར་ལས་བརྡུངས་པ་ཡས་མས་སུ་སྐ་རགས་ཕྲ་མོ་གཉིས་ཀྱི་བར་དུ་འབུ་ཁྲིག་གི་ཕྲེང་བ་རྩེ་མོ་ཅན་ཁོ་ན་དང་། ཤར་བུ་ནི་གཞི་སྔོན་པོ་ལ་ཤར་བུའི་རི་མོ་འབུར་དུ་ཡོད་པ། རིན་པོ་ཆེན་ནི་གཞི་མཛེས་

(༡༦༢)ཚོན་ལ་མཚམས་སུ་ཀ་བ་གཉིས་ཀྱི་བར་དུ་གསེར་གྱི་པ་ཊས་བཅིངས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་ཚོམ་གྲུ་བཞི་དང་། ཟླུམ་པོ་དང་། ཟླ་ཕྱེད་དང་། གྲུ་གསུམ་པའི་རྣམ་པ་ཅན་ནོ། །རྟ་མིག་ནི་གཞི་མཛེས་ཚོན་ལ་རིན་པོ་ཆེའི་ཆུན་པོ་གསུམ་བསྒྲིལ་བབ་མགོའི་དབྱིབས་ཅན་ལུ་གུ་རྒྱུད་ཀྱི་རྣམ་པ་ལ་བབ་མགོའི་དཀྱིལ་དུ་ཕྲ་ཚོམ་གྱིས་བརྒྱན་པ། ཆུ་སྲིན་དང་མདའ་ཡབ་ནི་སྔར་བཞིན་ནོ། །པདྨ་དམར། ཟླ་གདན་དཀར། འཁོར་ལོ་དང་རི་དྭགས་སེར། གདུགས་དཀར་པོའོ། །དེ་ལྟར་རྟ་བབས་ལྔ་མཉམ་གསུམ་གསུམ་མཉམ་ཞེས་པ་ནི་ཆ་ཕྲན་ཕྱེད་གཉིས་པ་ལྔ་མཉམ་པ་དང་། ཅིག་པ་དང་ཕྱེད་པ་གསུམ་གསུམ་རེ་མཉམ་པའི་དོན་ནོ། །ཕ་གུ་ནི། ཁ་གཅིག་འདོད་སྣམ་གྱི་ཕྱི་རོལ་ན་ལྕགས་ཆུང་གི་ཚུལ་དུ་ཡོད་པར་འང་འདོད་པ་ཡོད་མདོ། ཕལ་ཆེ་བས་རྩེགས་པའི་སྟེང་དུ་ཡོད་པར་བཞེད་པས་འདིར་གྲགས་ཆེ་བའི་དབང་དུ་བྱས་ཏེ་འཆད་ན། སྔར་བཤད་ཀྱི་རྩིག་པའི་སྟེང་དུ་རྒྱུ་རིན་པོ་ཆེ་ཁ་དོག་དམར་པོའི་སེར་པོ་ལས་བྱས་པ་རྒྱ་དཔངས་གཉིས་ཀ་ཆ་ཆུང་གཅིག་པ། ཕྱི་ངོས་སུ་ས་ཏྲའི་གསེབ་ནས་རིན་པོ་ཆེའི་ཕྲ་ཚོམ་དབྱིབས་ཟླུམ་པོ་གྲུ་བཞི་

(༡༦༣)གྲུ་གསུམ་སོགས་ཀྱི་རྣམ་པར་སྤྲས་པ་ནང་མཐའ་རྩིག་པ་དང་མཉམ་ཞིང་ཕྱི་རུ་ཆ་ཆུང་ཕྱེད་རྩིག་པ་ལས་འཆར་བ་འདི་ནི་རྩ་ཐིག་ཇི་སྲིད་པའི་སྟེང་དུ་འགྲོ་ཡི་སྒོ་ཁྱུད་སོགས་ཀྱི་སྟེང་དུ་ཡིན་ནོ། །དྲྭ་ཕྱེད་ནི། ཕ་གུའི་སྟེང་དུ་གསེར་གྱི་གདུང་འདེགས་བྱེད། བྲེ་ཕུལ་ལམ་བྲེ་སྤུངས་སུ་གྲགས་པ་འདི་བྲེ་འདེགས་བྱས་ཀྱང་རུང་ལ། ཡང་ན་ཀ་ཐུང་ཞུ་དང་བཅས་པས་བཏེགས་པའི་དྲྭ་སྒོར་ཕྱོགས་རེར་བཞིའི་བརྒྱད་ལ་སོགས་པའི་གང་འགབ་བྱས་པའི་དྲྭ་ཕྱེད་ཀྱི་གཞི་དཔངས་ལ་ཆ་ཆུང་གཉིས་ཀྱི་ས་ལ་ཆ་ཆུང་བཞིར་བསྒོས་པའི་ཀ་ཐུང་ཆ་གཉིས། ཞུ་དང་གསེར་གདུང་ལ་ཆ་རེ་རེ་བྱ་ཞིང་། བྲེ་འདེགས་པུ་བྱེད་ན་དེ་ལ་ཆ་གསུམ་གདུང་ལ་གཅིག་གོ །གདུང་ལོབ་ཀྱི་ཞིང་ཐིག་སྐུད་ཀྱི་ཚད་དུ་འདོད་པ་ཧ་ཅང་འཕྲས་སྐྱོན་ཡོད་པས་ཆ་ཆུང་གཅིག་པར་འདོད་པར་ལེགས་ལ། སྤྱིར་གདུང་དང་གདུང་འདེབས་བྱེད་གཉིས་བསྡོམ་པའི་དཔངས་ལ་ཆ་ཆུང་གཉིས་བྱུང་ན། གཞན་རྒྱ་དཔངས་ཀྱི་ཚད་ཕྲ་མོ་དེ་དག་ལ་ངེས་པ་མེད་དོ། །ཀ་བ་ལོག་པ་དེ་དག་རྣམས་ཀྱང་ཕྱི་ངོས་སུ་རྩིག་པ་ལས་ཕྱིར་ལ་འབུར་བར་བྱ་དགོས།

(༡༦༤)ནང་ངོས་སུ་ནི་ཅི་བདེར་བྱེད་ཆོག་ཅིང་། འདེགས་བྱེད་རྣམས་རིན་པོ་ཆེ་སྣ་ཚོགས་དང་གདུང་གསེར་གྱི་རང་བཞིན་ནོ། །འདེགས་བྱེད་རེ་རེའི་ཐད་ཀྱི་ཕྱི་ངོས་སུ་གཞུང་དང་ཞུ་བའི་ངོས་ལ་རིན་པོ་ཆེའི་གཟེར་བུ་བཏབ་པ། ཆ་ཕྲན་ཅིག་གི་བརྒྱད་ཆ་ཙམ་ཕྱིར་འབུར་བ། དེ་འདྲ་སྟེང་འོག་ཏུ་བཞི་བཞི་ཡོད་པ་ལས་གསེར་གྱི་ཉག་ཐག་གམ། སྲད་བུ་བཞི་གཅིག་ནས་གཅིག་ཕྲང་དུ་འཐེན་པ་ནི་གསེར་གྱི་སྐ་རགས་བཞི་ཞེས་བྱ་ལ། སྐ་རགས་གོང་མ་གཉིས་ལ་བཏགས་པའི་ཆུ་སྲིན་མ་ཀ་རར་གྲགས་པའི་མགོའམ་སེང་མགོ་སྟེ། ཙི་ས་ཊར་གྲགས་པ་དེ་ཡི་དཔངས་དུ་ཆ་ཆུང་གི་ཕྱད་མེད་ཙམ། སྲབ་འཐུག་ནི་ཆ་ཆུང་གི་བརྒྱད་ཆ་ཡིན་པས་སྤྱི་བོ་བྱ་འདབས་ལ་རེག་པ། དེ་ལྟ་བུའི་གཅིག་ཤེས་ཀྱི་ཁ་ཁུག་ནས་ཅིག་ཤོས་ཀྱི་ཁའི་ཁུག་གི་བར་དུ་ནོར་བུའི་ཕྲེང་བ་གཉིས་བསྒྲིགས་འཕྱངས་གི་དཀྱིལ་དུ་ནོར་བུ་ཆེ་བ་རེ་དང་བཅས་པའི་དྲྭ་བ་སྟེ་དེ་ཤལ་དང་། ཁའི་དབུས་ནས་བགྲངས་ཕྲེང་གི་བཅུ་ཚར་ལྟ་བུར་ཐུར་དུ་འཕྱང་བ་སྣེ་མོར་ནོར་བུ་སྦོམ་པ་རེས་སྤྲས་པ་གསུམ་གསུམ་འཕྱང་བ་ནི་དྲྭ་ཕྱེད་སྟེ་དོ་ཤལ་ཕྱེད་པ་ཞེས་བྱའོ། གཞན་ཡང་མེ་ཏོག་གི་

(༡༦༥)ཕྲེང་བ་དང་། ཟླ་བ་དང་། ཟླ་བ་ཕྱེད་པ་དང་། དར་དཔྱངས་ལ་སོགས་པ་ཇི་ལྟར་མཛེས་པ་རིང་བ་རྣམས་ཕ་གུར་རེགས་སུ་ཉེ་བར་བྱའོ། །དཀྱིལ་འཁོར་བྲི་བའི་ཚེ་དྲྭ་ཕྱེད་གཞི་ནག་པོ་བྱེད་པ་ནི་བར་སྣང་སྟོང་པ་མཚོན་བྱེད་ཡིན་ནོ། །མ་ཀ་ར་ནི་ཆུ་སྲིན་གྱི་རིགས་ཏེ་བྱེ་བྲག་ཞིག་ཏེ། རྒྱ་མཚོ་ཆེན་པོར་གནས་པའི་ཆུ་སྲིན་ཉ་ཡི་རིགས་ཅན་རྣམས་ལ་ཟེར་བ་ཡིན་གྱི། འཛིན་ཁྲི་སིར་དུ་གྲགས་པ་ན་ཀྲ་ལ་སོགས་པ་ལ་མི་འཇུག་གོ །བ་ཀུ་ལཱི་སྟེ་ཤར་བུ་ནི། གསེར་གདུང་གི་སྟེང་དུ་ཐེག་འབུབ་པའི་ཕྱི་དཔངས་ཆ་ཕྲན་ཕྱེད་པ་གཏང་བའི་སྣེ་མོར་གསེར་གདུང་ལས་ཆ་ཆུང་གཅིག་གིས་ཕྱིར་འཕགས་པའི་སྣེ་མོ་མུ་ཏིག་ཕྲེང་བས་སྒྲིབ་པར་བྱ་སྟེ། དེ་ནི་བྱ་འདབས་འོག་མ་ཡིན་ཅིང་། དེ་ཡི་སྟེང་དུ་འོག་མ་འོག་མ་ལས་སྟེང་མ་སྟེང་མ་ཕྱིར་རིང་བའི། བྱི་ཚེ་རིམ་པ་མང་པོ་བྱས་པའི་ཕྱི་མཐའ་རྣམས་ཀྱང་མུ་ཏིག་གི་ཕྲེང་བ་ལས་ཆ་ཆུང་གཉིས་ཙམ་གྱི་རིང་བར་བྱ་སྟེ། བྱི་ཚེ་རིམ་པ་མང་ཉུང་ཇི་ལྟར་ཡང་མུ་ཏིག་ཕྲེང་བ་དང་བཅས་པ་ལ་དཔངས་ཆ་ཆུང་གཅིག་གོ །བྱ་འདབས་

(༡༦༦)སྟེང་མ་བྱི་ཚེའི་ཕྱི་ངོས་ཀྱང་རིན་པོ་ཆེའི་གཟུགས་ཀྱི་རྣམ་པའི་མཛེས་ཚོན་དང་། བྱི་ཚེ་དེའི་འོག་ནས་ནང་ཙམ་དུ། ཤར་བུ་ནི་དཔངས་ཆ་གཅིག་ནོར་བུ་མིག་གསུམ་པའི་རྣམ་པའི། སྤྱི་བླུགས་སྟེགས་བཅས་མགོ་མཐུར་བསྟན་ལྟ་བུའམ། དམ་བེ་ཁ་གཅོད་ཅན་མགོ་མཐུར་བསྟན་ལྟ་བུ་རི་མོའམ། ལེབ་གཟུགས་གང་དགོས་བསྒྲིགས་པའི་རིང་ཐུང་ནི་མུ་ཏིག་ཕྲེང་བའི་མ་མཐའ་དང་མཉམ་པར་བྱའོ། བྱ་འདབས་ཀྱི་སྟེང་ཡང་རིན་པོ་ཆེ་ཕ་གུ་བསྒྲིགས་པས་བཀབ་པ་ཡིན་མོད་ཀྱང་། ཚད་ངེས་པ་མེད་ཅིང་དེ་ཤར་བུའི་དཔངས་ལ་མི་བརྩིའོ། བྱ་འདབས་འདི་ཡི་འཕྱར་རིང་ཐུང་ཚད་ལ་ངེས་པ་མེད་དོ། འདོད་སྣམ་ནོན་ཙམ་བྱ་བ་ནི་སློབ་དཔོན་སྔ་མ་རྣམས་ཀྱི་གསུངས་ཏེ་དེ་ལས་རིང་ཙམ་བྱས་ན་མི་འགལ་ལོ། །བྱ་འདབས་ཞེས་པའི་སཛྫ་ཞེས་པ་ཁང་པའི་ཐོག་འགེབ་ལ་འཇུག །སྲནྟ་ཞེས་པ་མཐའ་ལ་འཇུག་པས་ཐོག་གི་མཐའོ། མདའ་ཡབ་སམ་པཱུ་ཤུ་ནི་ཀྲ་མ་ཤིཏྚ་སྟེ་མགོ་བོའི་རིམ་པ་ཟེར་བ་སྟེ་རྩད་ཀྱི་དྲངས་ཐད་ཀྱི་ཕྱིས་སྟེང་དུ་ཕ་གུ་ཐོག་པའི་ཚུལ་དུ་བཀྲམ་ནས། དེའི་སྟེང་དུ་ཐོག་།།།མདིལ་ལས་གྱེན་དུ་ལོང་ཤིང་། ལན་

(༡༦༧)ཀན་བསྐོར་བ་ཤིང་གི་དྲྭ་བ་འདྲ་བའི་རིན་པོ་ཆེའི་དྲ་མིག་སེང་མ་ཁ་དོག་སྣ་ཚོགས་པས་མཛེས་པའམ། ཡང་ན་རིན་པོ་ཆེའི་སྤང་ལེབ་གཡས་གཡོན་དུ་མཐོ་དམན་གྱི་བཏགས་སོ་རིམ་པ་བཞི་ཡོད་པ། རྒྱང་ནས་བལྟས་ན་མཆོད་རྟེན་གྱི་བང་རིམ་འདྲ་བ་འོང་སྟེ། དེ་འདྲ་བ་གཅིག་ལ་གཅིག་མ་རེག་ཙམ་དུ་བསྒྲིགས་པ་ནི། མདའ་ཡབ་མཆོད་རྟེན་གྱི་རྣམ་པ་ཞེས་བྱ་བ་དང་། བཏགས་པོའི་རྣམ་པའི་ཟུར་སྤངས་ཏེ་ཟླུམ་པོར་བྱས་པ་ནི་པདྨ་དབྱིབས་ཅན་ཡིན་པས་དེ་དག་གི་རྩ་བའི་འདབས་མ་རེ་རེའི་མཚམས་ནས་རིན་པོ་ཆེའི་སྐུད་པས་གཅིག་ལ་གཅིག་སྦྲེལ་བ་ཡིན་ནོ། །ཡང་པོའི་ཕྲེང་བ་བསྒྲིགས་པ་ལྟ་བུའང་འབྱུང་ཞིང་དེ་ལ་ཡང་པདྨའི་དབྱིབས་ཟེར་རོ། །འཇིག་རྟེན་གདགས་པ་ལས་ཐུར་དཔྱངས་པའི་མདའ་ཡབ་དང་། སྟེང་དུ་བརྩེགས་པའི་མདའ་ཡབ་གཉིས་བཤད་ཅིང་། ཤེར་མདོ་ལས། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་ཕོ་བྲང་ལ་སྟེང་དུ་བསྒྲེང་བ་ཁོ་ན་ལ་མདའ་ཡབ་ཏུ་བཤད་པའང་ཡོད་པས། བྱ་འབབས་ལ་ཐུར་དུ་འཕྱངས་པ་ལའང་མདའ་ཡབ་ཀྱི་ཐ་སྙད་འཇུག་པ་ཙམ་སྲིད་མདོ། གཙོ་བོར་གོང་བཤད་ལྟར་སྟེང་དུ་

(༡༦༨)སྐོར་བ་ཉིད་ལ་མདའ་ཡབ་ཅེས་གྲགས་པས། འགའ་ཞིག་མདའ་ཡབ་དང་པུ་བུ་འགལ་བར་འཛིན་པ་ནི་མིང་གི་རྣམ་གྲངས་ལ་འཁྲུལ་པའོ། དེས་ན་བྱ་འདབས་ལ་དཔྱང་པའི་ཤར་བུའི་སྐད་དོད་བ་ཀུ་ལི་ཞེས་བྱ་ཞིང་། སྟེང་དུ་ལན་ཀན་སྐོར་བ་ལ་ཀྲ་མ་ཤིརྵ་ཟེར་བས་དང་པོ་བ་ཀུ་ལི་དང་ཀྲ་མ་ཤིརྵ་རྩོད་གཅོད་དགོས་པ་ལས། བོད་སྐད་དུ་བསྒྱུར་བའི་བྱ་འདབས་ཙམ་ལ་འཐེན་ཁྱེར་བྱེད་པ་སྙིང་པོ་མེད་དོ། དེ་ལྟར་ཕ་གུ་དྲྭ་ཕྱེད་ཤར་བུ་མདའ་ཡབ་རྣམས་ནི་སྒོ་ཁང་ཕྱོགས་ལ་མི་འགྲོ་བར་སྒོ་ཡི་སྟེང་གི་རྩིག་པ་བརྒྱུད་དེ་གནས་པ་ཡིན་ནོ། །གཞལ་ཡས་ཁང་གི་རྒྱན་གྱི་ཁྱད་པར་ལ། ཟླ་བ་ཞེས་པ་ནི་ཟླ་བའི་གཟུགས་ཡིན་པས་དངུལ་ལམ་ཤེལ་མ་སོགས་པའི་མེ་ལོང་། ཟླ་ཕྱེད་ཀྱང་མེ་ལོང་ཕྱེད་པ་ལ་རྔ་མ་ཕྲ་མོ་དཔྱངས་པ་ལ་སོགས་པའོ། རྒྱལ་མཚན་ནི་ད་ལྟ་བོད་ཀྱི་འདི་རྒྱ་ནག་ལུགས་ཡིན་ཅིང་། འདིར་ནི་རིན་པོ་ཆེའི་དབྱུག་པའི་རྩེ་མོར་ཏོག་གི་གདན་ཟླུམ་པོ་སྟེང་འོག་ཏུ་རེ་ཁའི་བང་རིམ་ཅི་རིགས་དང་བཅས་པ། དེའི་སྟེང་གི་དཀྱིལ་དུ་ཏོག་གི་དབྱིབས་ཇི་ལྟར་འོས་པ་སྟེ། མེ་ལོང་

(༡༦༩)གི་རྣམ་པའམ། ནོར་བུ་ཟླུམ་པོ་ཟུར་བརྒྱད་པ་མིག་གསུམ་པ་ལ་སོགས་པའང་ཡོད་ལ། སྲོག་ཆགས་གཟུགས་ཀྱི་མཚན་པ་ནི། གདན་དེའི་དབུས་སུ་གསེར་ལས་བྱས་པའི་ཏོག །ངང་པའམ། རྨ་བྱའམ། ཆུ་སྲིན་ནམ། ཀླུ་ཡི་གཟུགས་སམ། སེངྒེ་འམ། ཉ་འཕར་བའི་རྣམ་པ་ཅན་ཏེ། སྲོག་གཟུགས་བྱས་ཕྱིན་དེ་དག་ལས་གཞན་པའི་ཏོག་མི་དགོས་ཤིང་། ཏོག་གི་གདན་དང་དབྱུག་པའི་མཚམས་ཀྱི་གཡས་གཡོན་དུ་དར་དཔྱངས་སམ་འཕན་རིང་པོ་ཉིད་བཏགས་པ་མདའ་དར་གྱི་བར་བར་དུ་གསེར་གྱི་བུམ་པ་ལ་གནས་པར་འཇུག་ཅིང་། མདའ་ཡབ་ཀྱི་ཟུར་བཞིར་གདུགས་དཀར་པོ་འམ་དམར་པོ་དར་དཔྱངས་དང་བཅས་པ་བཞི་འཛུག་པར་བཤད་དོ། །རྟ་བབས་ཀྱི་གཡས་དང་གཡོན་སྣམ་བུའི་སྟེང་དུ་བུམ་པ་བཟང་པོ་ལས་སྐྱེས་པའི་དཔག་བསམ་གྱི་ཤིང་ལ་རྒྱལ་སྲིད་རིན་ཆེན་སྣ་བདུན་དང་བཀྲ་ཤིས་པའི་རྫས་རྟགས་རྣམས་ཀྱིས་སྤྲས་པ་རེ་རེ་བཞག་པར་བྱའོ། །ནམ་མཁར་སྤྲིན་ལ་གནས་པའི་ལྷའི་གཟུགས་དང་། ཀླུ་ཡི་གཟུགས་དག་གིས་མེ་ཏོག་སོགས་ཀྱི་མཆོད་པ་ཡང་བྱའོ། གཞལ་ཡས་ཁང་དང་རྟ་བབ་དང་། ཕྱི་རོལ་གྱི་ཁྱམས་ཀྱི་རྒྱན་བཀོད་སོགས་ལ་གཅིག་ཏུ་

(༡༧༠)ངེས་པ་མེད་ལ། འོན་ཏང་བློ་བཟོ་ཙམ་གྱིས་མི་རུང་བས་རྒྱས་པར་སྤྲོ་ན་སྔོན་བྱོན་གྱི་ཤིང་རྟ་ཆེན་པོའི་གཞུང་རྣམས་ལས་རྟོགས་པར་བྱ་དགོས་སོ། །དབུས་ཀྱི་གདན་པདྨ་ནི་རྩིག་པའི་ཐིག་གི་ནང་དུ་ལྷ་ཡོད་པ་རྣམས་ལ་ལྷ་རྣམས་སམ་ལྷ་མེད་པ་རྣམས་ལ་རྩེགས་པའི་འགྲམ་སྟེགས་ཕྱོགས་ཀྱི་མདོག་ཅན། དཔངས་སུ་ཆ་ཕྲན་ཕྱེད་པར་རྒྱས་མཐོང་བའི་ཆ་ལ་ཆ་ཕྲན་གཉིས་བྱ་ཞིང་མུ་ཁྱུད་དང་པདྨས་ནོན་པ་རྣམས་ནི་མི་མཐོང་ངོ་། །དེ་ཡི་སྟེང་དུ་སྣ་ཚོགས་པདྨ་འདབས་མ་བརྒྱད་པ་ཕྱོགས་བཞི་དམར་མེ་རླུང་སེར། བདེན་བྲལ་དམར། དབང་ལྡན་སྔོ་བའི་མཐར་མུ་ཁྱུད་རྒྱ་དཔངས་གཉིས་ཀར་ཆ་ཕྲན་གཅིག་པས་བསྐོར་བ། པདྨའི་འདབས་མ་རྣམས་ཀྱི་རྒྱར་ཆ་ཕྲན་བརྒྱད་པ། དཔངས་སུ་ཆ་ཕྲན་ཕྱེད་པ་རྩེ་མོ་རྣམས་ཆ་ཕྲན་ཕྱེད་རྩེར་ལོང་བ། ཟེའུ་འབྲུའི་རྒྱ་ཐད་ཀར་ཆ་ཕྲན་བརྒྱད་པ། མུ་ཁྱུད་སེར་པོ་ཆ་ཕྲན་གཅིག་གིས་བསྐོར་བ་ལ་ཟེའུ་འབྲུའི་རྣམ་པ་དང་། ཟེའུ་འབྲུའི་སྟེང་དང་། དེ་དང་རྒྱ་ཚད་མཉམ་པའི་ཉི་མའི་གདན་དམར་པོ་རྣམས་བྱ་ཞིང་དཔངས་ནི་ཆ་ཕྲན་གཉིས། པདྨའི་

(༡༧༡)འདབས་མའི་རྩ་བ་ལས་ཟི་ཕ་རོལ་ཁྱད་ཀྱིས་མཐོ་ཞིང་འདབ་མའི་རྩེ་མོ་ལངས་པ་དང་གེ་སར་གྱི་ཟི་ཕ་རོལ་མཉམ་པ་ཙམ་བྱ། དབུས་ཀྱི་ལྟེ་བ་ཟེའུ་འབྲུ་ནི་གེ་སར་ལས་ཅུང་ཟད་མཐོ་བའོ། ཐེག་འབུབ་ནི་མུ་ཁྱུད་ཀྱི་སྟེང་། ནང་གི་པདྨའི་འདབས་མ་གཉིས་གཉིས་ཀྱི་བར་ཐད་དུ་ཀ་བ་བརྒྱད་རྣམས་འཇུག་དགོས་ཏེ། ཀ་བ་ཞུ་དང་བཅས་པའི་དཔངས་ལ་རྟ་བབས་སྒོ་ཚད་གསུམ་མར་ཆ་ཆུང་ཕྱེད་དང་བཅུ་བཞི་ཙམ་དགོས་སོ། དེའི་སྟེང་དུ་རིན་པོ་ཆེའི་གདུང་ཟླུམ་པོ་ཁེབ་ལྡན་དང་བཅས་པའི་རྒྱ་དང་། དཔངས་སུ་ཆ་ཕྲན་རེ་ཡོད་པ་དང་། ཤར་ནུབ་ལྷོ་བྱང་གི་ཀ་བ་རྣམས་ཀྱི་སྟེང་ནས་རྡོ་རྗེའི་ཐལ་གདུང་བཞི་མིག་མང་རིས་སུ་བཏང་ཏེ། རེའུ་མིག་དགུ་ཡོད་པར་བྱས། གདུང་མ་རྣམས་ལ་རྡོ་རྗེས་ཀུན་ཏུ་སྤྲས་པར་བྱའོ། ནང་ངོས་སུ་གདུང་ཟླུམ་དེ་དང་། ཕྱི་ཡི་དྲྭ་བ་ཕྱེད་པའི་གནས་ཀྱི་གསེར་གདུང་གི་སྟེང་དུ་ཕྱམ་གྲྭའི་རྣམས་རིང་ཞིང་ལོགས་ཀྱི་རྣམས་ཐུང་བ་ཉི་ཤུ་རྩ་བརྒྱད་དམ། དེ་ལས་མང་བ་ཡང་རུང་སྟེ་མངོན་པར་བཀོད་ནས། དེ་ཡི་སྟེང་དུ་རིན་པོ་ཆེའི་སྤངས་ལེབ་གྲ་མར་བཏང་ཞིང་། སྟེང་དུ་ཐེག་པའི་ཚུལ་གྱི་རིན་པོ་ཆེ་བརྡལ་བ་དང་། ཕ་གུ་བཀྲམ་པས་ཐོག་

(༡༧༢)ཆུ་འགྲོས་སུ་ཕུབ་པ་དེའི་ཕྱི་ངེས་སུ་ཤར་བུ་དང་། མདའ་ཡབ་སོགས་བྱ་ཚུལ་གང་དུ་སྙེགས་པར་བྱའོ། ནང་གདུང་ཟླུམ་གྱི་ཕྱོགས་སུ་ཡང་བྱི་ཚེ་དང་ལན་ཀན་སོགས་ཁང་བཟང་སོགས་མཐོང་ཀ་ཟླུམ་པོའི་རྣམ་པའི་བཀོད་པ་ཕུན་སུམ་ཚོགས་པར་བྱའོ། དེ་ཡན་ཆད་ཀྱི་བཀོད་པ་ལ། སངས་རྒྱས་གསང་བས། ཕྱི་དབྱིབས་མཆོད་རྟེན་མཁར་ཐབས་དང་། རྒྱལ་ཁབ་རི་བོའི་གུར་དུ་འདོད། ཞེས་གསུངས་པའི་རི་བོའི་གུར་ལྟར་དུ་ཕུབ་པ་ལྟར་ལེགས་པ་ཡིན་ལ། བཤད་མ་ཐག་པའི་མཐོང་ཀ་ཟླུམ་པོ་དེའི་མུ་མཚམས་གདུང་ཟླུམ་གྱི་སྟེང་ཐད་ནས་ཕ་གུ་ཆ་ཕྲན་གཅིག་གི་རྒྱ་དཔངས་ཅན་འཁོར་མོར་བརྩེགས་ཏེ། དེ་ཡི་སྟེང་དུ་ཀ་ཐུང་དང་བྲེ་ཕུལ་གྱིས་བཏེགས་པའི་བདེ་ཁང་གདུང་ཟླུམ་པོ་དང་། གདུང་བཞི་མིག་མང་རིས་སུ་བྲིས་པ་དང་བཅས་པ་ཆ་ཕྲན་བཞི་ཡི་དཔངས་དང་ལྡན་པ་དྲྭ་བ་དང་དྲྭ་བ་ཕྱེད་པས་མཛེས་པར་བྱ། དེ་ལྟ་བུའི་རེའུ་མིག་དགུ་ཡི་དབུས་ཀྱི་གདུང་འཕེལ་ཀ་བསྒྲིགས་བཞི་ཡི་སྟེང་དུ་ཀ་བ་བཞི་གཙུགས་པའི་སྟེང་དུ་གདུང་སྲིད་དུ་ཆ་ཆུང་བཞི་པ་བཞི་འཁོར་མོར་བྲིས་ཤིང་། དེ་དང་

(༡༧༣)འཕེལ་ཀ་བསྒྲིགས་པའི་གདུང་སྲིད་དུ་ཆ་ཆུང་དྲུག་པ་གཉིས་ཀྱང་རྒྱ་གྲམ་དུ་བཏང་བས་ཟུར་བརྒྱད་འབྱུང་ཞིང་། དེ་ཡི་ཟུར་བརྒྱད་ལ་ཡས་སྣ་གཏད་ཅིང་འཁྱུད་མོས་བསྡོམས་པའི་གསེག་ཐབས་ཀྱི་གདུང་བརྒྱད་ཀྱི་མས་སྣ་གདུང་ཟླུམ་གོང་མ་ལ་འཕེལ་ཀ་སྤྲད་དེ་གཟེར་གྱིས་བསྡོམས་པས་ཟུར་བརྒྱད་པའི་རྣམ་པ་འབྱུང་ཞིང་། དེ་ཡི་སྟེང་ནས་གསེར་གྱི་རྒྱ་ཕིབ་ཀྱིས་གཡོག་པའི་མས་གཤམ་བྱ་འདབས་སུ་འཕྱར་ཞིང་གསེར་ཁང་ཟླུམ་པོ་ལས་ཆ་ཆུང་གཅིག་གིས་འཕགས་པའི་མར་སྣར་ཤར་བུའི་ཕྲེང་བར་བྱ་ཞིང་། རྒྱ་ཕུབ་ཀྱི་ཟུར་བརྒྱད་དུ་ཆུ་སྲིན་ནམ་ཁྱུང་མགོས་མཛེས་པ་ཡས་སྣེར་མདའ་ཡབ་ཀྱི་ཕྲེང་བ་སོགས་བྱའོ། དབུས་སུ་རྒྱ་གྲམ་གྱི་ལྟེ་བར་རྡོ་རྗེ་ནོར་བུའི་ཏོག་གིས་སྤྲས་པར་བྱ་དགོས་ཞིང་དེ་ཡང་དེང་སོང་གནྫི་རར་གྲགས་པ་འདི་ཉིད་དེ་སྦ་ཕྲེང་ནི་རྡོ་རྗེའི་རྭ་ཡི་རྣམ་པ་ཡིན་ཅིང་ཏོག་ནི་ནོར་བུ་ཡིན་པ་སྨོས་མ་དགོས་ཤིང་ཆོས་འཁོར་རིམ་པ་བདུན་སོགས་ཀྱང་ཡོད་དོ། །རྟེན་གནྡྷོ་ལ་རྣམས་མཐོང་བས་ཀྱང་ཤེས་པར་ནུས་སོ། །འོག་གི་མུ་ཁྱུད་ཀྱི་སྟེང་ཀ་བ་རྣམས་ཀྱི་བར་བར་དུ་རྭ་བ་རྒྱ་དཔངས་

(༡༧༤)གཉིས་ཀ་ཆ་ཕྲན་ཕྱེད་པས་བསྐོར་ཞིང་དེ་ཡི་ནང་ངོས་སུ་གྲི་གུག་གི་ཕྲེང་བ་པོ་གྱེན་ལ་བསྐོར་བས་བསྐོར་བར་བྱའོ། །འཁོར་ཡུག་ནི་སྔར་བཤད་རྡོ་རྗེའི་ས་བཞིར་བྲི་ཆ་ལ་ཆ་ཆེན་གཉིས་ལྷག་ཙམ་འཁོར་ཡུག་ཏུ་བཞག་པའི་རྒྱུ་རྡོ་རྗེའི་ས་གཞི་ལྟ་བུའི་ལྕགས་རིའི་འཁོར་ཡུག་གོ་མཚམས་མེད་པར་བསྐོར་བའི་རྡོ་རྗེ་ཆེན་པོ་རྣམས་ལྗང་གུ་ལ་བར་མཚམས་བཀག་པའི་ཁྲ་མོ་རྣམས་ནག་པོའི་སྔོན་པོ་ཅན། བློས་བསླང་སོགས་ལ་རྒྱ་དཔངས་གཉིས་ཀ་བྱས་ལ། དེ་ལས་འབར་བའི་རྣམ་པའི་མེ་རི་ཁ་དོག་ལྔ་པ་རིང་དུ་འབར་བ་སྟེ་རྒྱ་དཔངས་གཉིས་ཀར་ཆ་ཆེན་རེ་ཡོད་པའོ། དཔངས་སུ་ཆ་ཆེན་གཅིག་དང་རྒྱར་ཆ་ཕྲན་ཅིག་བྱས་ན་ཡང་མཛེས་པར་ཡོད། སྒོམ་དོན་ལ་ནི་ཐོག་མའི་སྲུང་འཁོར་སོགས་མ་བསྡུས་པར་ཡོད་ན་ནི་རྡོ་རྗེའི་གུར་སོགས་མ་བསྒོམས་ཀྱང་ཆོག་སྟེ། ས་མཚམས་གཅོད་པ་ནི་རྭ་བ་ཉིད་ཀྱིས་གྲུབ་པའི་ཕྱིར་རོ། །སྒོམ་ཀྱང་འགལ་བ་མེད་པའི་དེ་ལྟར་ན་དྲྭ་བ་བླ་བྲེ་འོབས་རྣམས་མི་དགོས་སོ། །ཐོག་མའི་སྲུང་འཁོར་བསྡུས་པའི་རིགས་ལ་ནི་ཐམས་ཅད་བསྒོམ་དགོས་སོ། །

(༡༧༥)སྤྱིར་གཞལ་མེད་ཁང་བཟང་དམ་པ་མཆོད་རྟེན་གྱི་དབྱིབས་སུ་བྱས་པའང་ཡོད་པ་སོགས་རྣམ་པ་མ་ངེས་པ་ཡོད་པར་སྣང་བ་དང་། མངོན་བརྗོད་ལས། དེ་ཡང་གྱུར་ལས་འཁོར་ལོ་མཆོག །ཁང་པ་བརྩེགས་པ་རྣམ་པར་བསྒོམ། ཟུར་བཞི་པ་ལ་སྒོ་བཞི་པ། རྟ་བབས་བཞི་ཡིས་རྣམ་པར་རྒྱན། ཟུར་གྱི་ཆ་ནི་ཐམས་ཅད་དང་། སྒོ་དང་སྒོ་འཁྱུད་མཚམས་རྣམས་སུ། རྡོ་རྗེ་རིན་ཆེན་གྱིས་བརྒྱན་པ། ཕྱི་ཡི་དཀྱིལ་འཁོར་དེ་བཞིན་ནོ། །ཅེས་འབྱུང་ཞིང་། ནག་པོའི་དཀྱིལ་ཆོག་ལས། སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། འཁྱམས་ནི་དེ་ཡི་ཕྱེད་དུ་བྱ། སྒོ་འཁྱུད་དག་ནི་སྒོ་ཡི་ཚད། ལྷ་ཡི་སྣམ་བུའི་ཚད་དེ་བཞིན། ཞེས་གསུངས་པ་དག་ཀྱང་ངེས་པར་བྱ་ལ། གཞན་ཡང་བྱ་རྒྱུད་དང་སྤྱོད་རྒྱུད་སོགས་ཀྱི་སྐབས་མང་པོ་ཞིག་ཏུ་དཀྱིལ་འཁོར་གྱི་བཀོད་པ་རྒྱས་བསྡུས་སྣ་ཚོགས་པ་ཡོད་པ་དག་ཀྱང་སོ་སོར་ཤེས་པར་བྱ་དགོས་པ་ལས། གཅིག་ལ་འགེབས་སྦྱོར་གྱི་ཉ་ཉུང་བསྲེ་བར་མི་བྱའོ། །དེ་ལྟར་རྟེན་གྱི་དཀྱིལ་འཁོར་བསྒོམ་པས་སྦྱངས་བྱ་ཕྱི་སྣོད་འཇིག་རྟེན་ཆགས་པ་དང་། ནང་དུ་མངལ་འཕེལ་བའི་བསྐྱེད་སྨིན་བསྡུད་འབྱེད་པ་རྣམས་སྦྱོངས། འབྲས་བུ་ནི་མ་དག་པའི་

(༡༧༦)ཁམས་རེ་རེའི་དག་པ་ལས་ཞིང་ཁམས་དབྱིབས་དང་ཁ་དོག་བཀོད་པ་རྒྱ་ཚད་མི་འདྲ་བ་འཇམ་ཀླས་འབྱུང་བ་དེས་མཚོན། ལམ་དུས་སུ་དེར་དངས་མ་ལྔའི་ཐིག་ལེས་གང་བའི་བྱེད་རྒྱུའོ། དུར་ཁྲོད་ནི་རྡོ་རྗེ་ར་བའི་ཕྱི་རོལ་དུ་བྱེད་པ་དང་ནང་དུ་བྱེད་པ་གཉིས་ཡོད་ཀྱང་། སྡོམ་འབྱུང་ལས། རྡོ་རྗེའི་རྭ་བ་ནང་དུ་སྟེ། དུར་ཁྲོད་བརྒྱད་ཀྱི་བརྒྱན་པའོ། ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། ཚོན་པ་དེ་ཡི་ཉིས་འགྱུར་དུ། ཕྱི་རོལ་འོད་ཀྱི་དཀྱིལ་འཁོར་བྱ། འཁོར་ལོ་དེ་ཡི་ཕྱི་རོལ་དུ། ཤིང་ལ་སོགས་པའི་དུར་ཁྲོད་བྱ། ཞེས་པ་ལྟར། འོག་གཞི་རྡོ་རྗེའི་ས་གཞི་ཤིན་ཏུ་རྒྱ་ཆེ་བའི་མེ་རི་རྫོགས་ནས་ཀྱང་ཕྱི་རོལ་འཁོར་ཡུག་ཏུ་རྒྱ་ཆེན་པོ་ལྷག་ཡོད་པ་ལ། ས་རྡུལ་ཆགས་པའི་རྣམ་པས་རྡོ་རྗེའི་དབྱིབས་མི་མངོན་པའི་གཞི་ལ་དུར་ཁྲོད་བསྒོམ་པ་ཡིན་ཏེ། དུར་ཁྲོད་དེ་དག་གི་མིང་ནི། སྡོམ་འབྱུང་ལས། གཏུམ་དྲག་དེ་བཞིན་ཚང་ཚིང་འཁྲིགས། རྡོ་རྗེ་འབར་བ་ཀེང་རུས་ཅན། དབང་ལྡན་དུ་ནི་མི་བཟད་བཞད། བྱིན་ཟ་དུ་ནི་བཀྲ་ཤིས་མཆོག །མུན་པ་དྲག་པོ་བདེན་བྲལ་དུ། རླུང་ཕྱོགས་ཀི་ལི་ཀི་ལིའི་སྒྲ། ཞེས་དང་། ཤིང་བརྒྱད་ནི། ཤར་

(༡༧༧)དུ་ཤིརྴ་ཨ་ཤྭརྠ། ཀང་ཀེལ་ཁྱད་པར་ཙུ་ཏའི་ཤིང་། བཱ་ཊ་དེ་བཞིན་ཀ་རཉྩ། ཁཱ་ཊ་སརྐ་སརྟི་བ། ཅེས་པ་སྟེ། དེ་ལས་ཨ་ཤྭརྠ་ནི། དྷ་གནས་སྟེ་བྱང་ཆུབ་ཤིང་ངོ་། །བཱ་ཊ་ནི་འཁོལ་བྱེད་དེ་ནྱ་གྲོ་དྷའོ། ཀ་རཉྫ་ནི་ལག་འདུལ་ཏེ་འཇམ་འབྲས་ཤིང་དང་ཤིརྴ་ནི་ཤི་རི་ཥ་ཏྲེ་འཚེ་བྱེད། ཀང་ཀེ་ལ་ནི་ཀེ་ལར་གྲགས་པ་སྟེ་ཆུ་ཤིང་རྣམས་སོ། །ཡང་། ཀེང་རུས་དང་ནི་གསལ་ཤིང་ཕུག །འཕྱང་དང་ཕྱེད་ཚིག་པ་དང་མགོ །ཐོད་པ་བྱིན་པ་མགོ་སྡུམ་དང་། བརྩེགས་པའི་མགོ་དང་རུས་པ་དང་། ཞེས་དང་། ཁྭ་དང་འུག་པ་བྱ་རྒོད་དང་། ཅེ་སྤྱང་ཅེ་སྤྱང་མོ་དང་ནི། འོལ་བ་དང་ནི་འོལ་པ་མོ། སེང་གེའི་གདོང་དང་སྟག་གི་གདོང་། དྲག་ཅིང་འཇིགས་པའི་གདོང་ཅན་མ། སྦྲུལ་ནི་གོ་ན་ས་ཅན་དང་། གདོང་གཉིས་པ་སོགས་ཕྱོགས་སུ་རྒྱུ། ཞེས་པ་དང་། གྲུབ་པ་རིག་འཛིན་དུ་མ་དང་། དམ་ཚིག་སྤྱོད་པའི་རྣལ་འབྱོར་པ། རྣལ་འབྱོར་མ་ཡི་ཚོགས་རྣམས་དང་། གནོད་སྦྱིན་རོ་ལངས་སྲིན་པོའི་ཚོགས་རྣམས་ཀྱིས། ཀི་ལི་ཀི་ལི་ཆེན་པོ་སྒྲོགས་རྣམས་དང་། ཞེས་སོགས་བཤད་ཅིང་། མངོན་བརྗོད་བླ་མར་ཡང་དུར་ཁྲོད་

(༡༧༨)ཀྱི་མཚན་ཉིད་མང་དུ་གསུངས་སོ། །དེ་དག་ཏུ་ཕྱོགས་སྐྱོང་བརྒྱད། ཞིང་སྐྱོང་བརྒྱད། ཀླུ་བརྒྱད། མཆོད་རྟེན་བརྒྱད། སྤྲིན་བརྒྱད། རི་བརྒྱད། ཤིང་བརྒྱད། མི་བརྒྱད་རྣམ་གྲངས་ངེས་ཅན་དུ་བཤད་ལ། གྲུབ་པ་དཔའ་བོ་རྣལ་འབྱོར་མ་སོགས་ལ་གྲངས་ངེས་མེད་དོ། །ཕྱོགས་སྐྱོང་བ་བརྒྱད་པོ། ཞལ་གཅིག་ཕྱག་གཉིས་པ་དང་ཕྱག་བཞི་པ་ཡང་བཤད་ཀྱང་སྔ་མ་ལེགས་ལ། དེ་ཡང་སྲིན་པོ་ཁྲོས་པ་དང་གཞན་རྣམས་ཞི་བ་ཡིན་ཏེ། ཇི་སྐད་དུ། དེ་ཡང་བརྒྱ་བྱིན་དཀར་པོ་ཡིན། གླང་ཆེན་ཞོན་ཞིང་རྡོ་རྗེ་ཐེག །གནོད་སྦྱིན་སེར་པོ་རྟ་ལ་ཞོན། བེ་ཅོན་འཛིན་པའོ་ཆུ་ལྷ་དཀར། ཆུ་སྲིན་ཞོན་པ་སྦྲུལ་ཞགས་འཛིན། གཤིན་རྗེ་སྔོན་པོ་མ་ཧེ་ཞོན། དབྱུག་ཏོ་འཛིན་པའོ་མེ་ལྷ་དམར། ར་ལ་ཞོན་ཞིང་བགྲང་ཕྲེང་འཛིན། སྲིན་པོ་ནག་པོ་རོ་ལངས་ཞོན། རལ་གྲི་འཛིན་པའོ་རླུང་ལྷ་ལྗང་། ཤ་བ་ཞོན་ནས་བ་དན་འཛིན། དབང་ལྡན་སྔོ་སྐྱ་གླང་ལ་ཞོན། རྩེ་གསུམ་འཛིན་པའོ་དེ་རྣམས་ནི། རང་རང་བཙུན་མོས་གཡོག་ནས་བརྟེན། ཞེས་པ་ལྟར། རླུང་ལྷའི་གཞོན་པ་རི་དྭགས་ཀྲིཥྞར་གྲགས་པ་ཉིད་ལེགས་ལ་མེ་ལྷའི་བཞོན་པ་

(༡༧༩)ལུག་ལ་ཡང་བཤད་དོ། །ཞིང་སྐྱོང་བར་བརྒྱད་ནི་ཕྱོགས་སྐྱོང་གི་བཞོན་པའི་གདོང་ཅན་སོགས་ཡབ་གཙོ་བོར་བྱེད་པའི་ལུགས་ཡང་ཡོད་མེད། འདིར་ཡུམ་གཙོ་བོར་བྱེད་ནས་སྒོ་མཚམས་མ་བརྒྱད་དང་རྣམ་པ་འདྲ་བ་ལས་ཤར་དུ་ཁ་ཡི་གདོང་ཅན་སོགས་ཤིང་ལོའི་གསེབ་ནས་ལུས་ཕྱེད་ཐོན་པ་ཕྱག་གཡས་སྡིག་མཛུབ་དང་གཡོན་ན་ཐོད་པའི་ནང་དུ་གཏོར་མ་སྟེ། མགོ་དང་རྐང་ལག་གི་ལྷུ་དུམ་ཁྲག་དང་བཅས་པས་གང་བ་འཛིན་པའོ། རི་བརྒྱད་ནི། ཤར་དུ་ལྷུན་པོ་སྣ་ཚོགས་མདོག །དེ་ནས་གཡས་བསྐོར་གྱི། མནྡྷ་ར་ལྗང་། གངས་རི་དཀར། མ་ལ་ཡ་སེར། དབང་ལྡན་ནག །སྤོས་དང་ལྡན་སེར། གངས་ཅན་དཀར། དཔལ་གྱི་རི་སྔོན་པོ་རྣམས་དང་། ཤར་ནས་གཡས་སྐོར་དུ་མཆོད་རྟེན་བརྒྱད་ནི། རྡོ་རྗེ་དང་། འདུས་བྱས་རྡོ་རྗེ་དང་། རྡོ་རྗེ་ཆགས་པ། རྡོ་རྗེ་ནག་པོ། ཐུགས་རྡོ་རྗེ། སྐུ་རྡོ་རྗེ། རིན་ཆེན་རྡོ་རྗེ། ཆོས་རྡོ་རྗེ་རྣམས་ཁ་དོག་སོ་སོར་བཤད་ཀྱང་དཀར་པོ་ཉིད་བྱ་ཞིང་། ཆུ་བོ་བརྒྱད་ལ་ཀླུ་ཆེན་བརྒྱད་ལུས་ཕྱེད་ཐོན་ནས་ཐལ་མོ་སྦྱར་བ་ཕྱོགས་རྣམས་ཕྱོགས་མདོག་དང་མཚམས་རྣམས་ཁ་དོག་སྣ་ཚོགས་པ་སྦྲུལ་གྱི་གདེང་ཀ་

(༡༨༠)དང་མཇུག་མ་ཅན། དེ་ཡི་ནམ་མཁར་སྤྲིན་ཆེན་བརྒྱད་ཆར་གླེག་དང་བཅས་པ། གཞན་ཡང་འབར་བའི་མེ་བརྒྱད་དང་ཕུག་པར་གནས་པའི་གྲུབ་ཆེན་བརྒྱད། ཨིནྡྲ་བོ་དྷི་བཙུན་མོར་བཅས། ཀུ་རུ་རི་ས་ཁྱི་མོར་བཅས། པདྨ་བཛྲ་ཡུགས་པར་བཅས། ཀླུ་སྒྲུབ་སྙིང་པོ་དགེ་སློང་ཚུལ། ཌམྦྷི་ཧེ་རུ་སྟག་ལ་ཞོན། ལཱུ་ཧི་པས་ནི་ཉ་རྒྱུ་གསོལ། རྡོ་རྗེ་དྲིལ་བུ་ཡུམ་བཅས་འཕུར། ས་ར་ཧ་ནི་མདའ་གཞུ་འཛིན། གཞན་ཡང་མི་རོ་གསར་རྙིང་དང་། འཐོར་བ་ཚིག་པ་ཐོད་ཚལ་སོགས། ཀེང་རུས་རོ་ལངས་ཤ་ཟ་སྲིན། ཅེ་སྤྱང་བྱ་རྒོད་སྦྲུལ་ཚོགས་སོགས། ཞེས་པ་ལྟར། གྲུབ་པ་དང་དཔའ་བོ་རྣལ་འབྱོར་མ་ལ་སོགས་པ་གྲངས་མེད་པ་རྣམས་ཀྱང་བཤད་དོ། དེ་ལྟར་དུར་ཁྲོད་བསྒོམས་པས། གཙང་བ། བདེ་བ། རྟག་པ། བདག་ཡོད་པ་བཞི་དང་། དེའི་གཉེན་པོའི་ལམ་དམན་པ་བཞི་རྣམས་སྦྱངས། འབྲས་བུ་འོག་མིན་རྣམ་སྣང་རོལ་པའི་དུར་ཁྲོད་དང་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་རྣམས་མཚོན། ལམ་དུས་སུ་ཁམས་སྙིགས་མ་བརྒྱད་གསོས་སུ་གྱུར་པའི་ཡེ་ཤེས་ཀྱི་བྱེད་རྒྱུའོ། གཞལ་ཡས་ཁང་གི་དབུས་སུ་ཉི་མའི་

(༡༨༡)གདན་ལ་འཇིགས་བྱེད་དང་དུས་མཚན་གྱི་གདན་དང་། ཕྱོགས་བཞིའི་འདབ་མ་བཞི་ལ་ཁྱབ་འཇུག་སོགས་ལྷ་ཆེན་པོ་རྣམས་ཀྱི་ངོ་བོ་དབུགས་བྲལ་གྱི་གདན་བཞི་མཚམས་སུ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ར་རི་མེད་པའོ། དེ་ལྟར་པད་ཉི་འཇིག་དུས་ཀྱི་གདན་རྣམས་བསྒོམས་པས་དེས་གང་དང་གཉིད་དང་འཆི་བ་དང་། འདུན་པ་ངལ་བསོ་བའི་སེམས་ཀྱི་གནས་སྐབས་སྦྱངས། འབྲས་བུ་བདེ་བ་ཆེན་པོའི་ས་རྣམ་པར་དག་པ་མཚོན། ལམ་དུ་ཉེ་བའི་འཐུངས་སྤྱོད་དུ་ཞིང་སྐྱེས་ཀྱི་འདུ་བ་ཐོབ། དེའི་མཐུས་གཙུག་ཏོར་གྱི་དབུ་མའི་ཡར་སྣའི་རྩ་མདུད་གྲོལ་ཞིང་ས་བཅུ་གཉིས་པ་ཐོབ་པའི་བྱེད་རྒྱུ་ནུས་ཅན་ནོ། །དེ་ཡན་ཆད་ནི་གནས་པའི་རྣལ་འབྱོར་རོ། །དེ་ནས་གཉིས་པ་བརྟེན་པ་ལྷར་བསྐྱེད་པའི་ཚུལ་ལ། །འདུས་པའི་རྒྱུད་ཕྱི་མ་དང་། ཀྱཻ་རྡོར་དང་། སམྦྷུ་ཊའི་རྒྱུད་རྣམས་ལས། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། གཉིས་པ་ལ་ནི་ས་བོན་བསྡུ། གསུམ་པ་ལ་ནི་གཟུགས་བརྙན་རྫོགས། བཞི་པ་ལ་ནི་ཡི་གེ་འགོད། ཅེས་གསུངས་པ་འགའ་ཞིག་ལ་བྱང་ཆུབ་བཞིའི་འཆིང་ཞེས་གྲགས་པ་ལྟར། དེ་ལྟ་བུའི་གཞལ་ཡས་ཁང་གི་དབུས་ཀྱི་གཙོ་བོའི་གདན་སྟེང་དུ། རང་གི་རྣམ་པར་ཤེས་པའི་ངོ་བོ་ཧཱུྃ་མཐིང་ཀ་འོད་ཟེར་འབར་བ་དེ་ལས་འོད་ཟེར་སྣ་ཚོགས་འཕྲོ་འདུས་ཧཱུྃ་ལ་ཐིམ་པས་རླུང་གི་ཚོགས་པ་མཐའ་དག་ཐིམ་

(༡༨༢)པའི་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་གིས་མཚན་པར་བསྒོམ་པ་ནི་ས་བོན་བསྡུ་བའོ། དེ་ནི་རྒྱུ་བདེ་གཤེགས་སྙིང་པོ་སྟེ་རྒྱུ་ཡི་རྡོ་རྗེ་འཛིན་པའོ། སྐྱེ་གནས་བཞི་སྦྱོངས་བ་དང་བསྟུན་ཚེ་སྒེང་སྐྱེས་སྦྱོང་བྱེད་ཡིན་ཏེ་རྡོ་རྗེ་ནི་སྒོང་ང་དང་། ཧཱུྃ་ཡིག་ནི་སྒོང་ཆུའི་རྣམ་པ་ཡིན་པའི་ཕྱིར་རོ། །ཞེས་སྔ་མ་རྣམས་གསུངས། འདི་ལ་བར་སྲིད་ཞུགས་རྒྱུ་མེད་པ་ནི། སྲིན་བུ་པདྨ་ལྟར་བར་སྲིད་སྐད་ཅིག་མ་ལས་མེད་པ་དང་ཕྱི་ཚུལ་མཐུན་པའོ། དེ་ནས་ས་བོན་ཕྱག་མཚན་དང་བཅས་པ་ལས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས། གཟུགས་ཁམས། གཟུགས་མེད་ཁམས། འདོད་ཁམས་གསུམ་ཁྱབ་པར་བྱས་ཏེ། དེ་དག་གིས་སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་དང་བཅུད་ཐམས་ཅད་ལྷ་ཡི་རྣམ་པར་བྱས་ནས་འོད་ཟེར་རྣམས་ཚུར་འདུས་རྩ་བའི་རྡོ་རྗེ་ལ་བསྡུའོ། དེས་སྦྱངས་བྱ་ཁམས་དཀར་དམར་དང་རླུང་གི་ཚོགས་པ་མཐའ་དག་རྣམས་དང་ལུས་ངག་ཡིད་གསུམ་དབྱེར་མི་ཕྱེད་པའི་སྐྱེ་བའི་རྒྱུ་ཐམས་ཅད་ཚངས་ཞིང་བག་ཆགས་དང་རྣམ་སྨིན་ཚད་མེད་པའི་ཕུང་པོ་ཅན་དེ་སྦྱོངས། འབྲས་བུ་ཉེ་རྒྱུའི་རྡོ་རྗེའི་བདག་ཉིད་ལ་བྱང་ཆུབ་པ་དང་། ཡེ་ཤེས་གསུམ་པོ་དེ་ཐམས་ཅད་གཅིག་ཏུ་འདྲེས་པའི་སངས་རྒྱས་

(༡༨༣)ཀྱི་ཡེ་ཤེས་རྣམ་པར་གྲོལ་བའི་ལམ་རྒྱུད་ལ་སྐྱེས་པ་ན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མཁའ་མཉམ་དུ་གྱུར་པའི་ཕྲིན་ལས་བྱ་གྲུབ་ཡེ་ཤེས་ཀྱི་ང་རྒྱལ་བྱའོ། ལམ་དུས་སུ་རླུང་སེམས་ཐམས་ཅད་དབུ་མར་ཞུགས་ཅིང་དེས་ཚོགས་པའི་ཡེ་ཤེས་ཞུ་བདེའི་ཡེ་ཤེས་སྐྱེད་པའི་བྱེད་རྒྱུའོ། དེ་ནས་ས་བོན་ཕྱག་མཚན་དང་བཅས་པ་ཡོངས་སུ་གྱུར་པ་ལས། ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་མཇུག་གི་སྒྲིབ་གསུམ་བག་ཆགས་ཕྲ་ཞིང་ཕྲ་བ་དང་བཅས་པ་སྤོང་བའི་ཡེ་ཤེས་ཀྱི་འབྲས་བུའི་རྡོ་རྗེ་འཛིན་པ་དཔལ་ཧེ་རུ་ཀ་འཁོར་ལོ་སྡོམ་པའི་སྐུར་སྒོམ་པ་ནི་གཟུགས་བརྙན་རྫོགས་པའོ། དེ་ཡང་བྱམས་པའི་ཐུགས་མངའ་ཞིང་ཆོས་ཉིད་མི་འགྱུར་བ་ཐུགས་སུ་ཆུད་པའི་ཕྱིར་སྐུ་མདོག་ཟར་མའི་མེ་ཏོག་གསར་པ་ལྟར་ཁ་དོག་སྔོན་པོ་ཁྲོ་བོའི་ཆ་བྱད་དུ་མ་དང་ལྡན་པས་རབ་ཏུ་འཇིགས་པ། ཆོས་ཐམས་ཅད་དེ་བཞིན་ཉིད་རོ་གཅིག་པའི་ཕྱིར་ཁྲོ་བོའི་ཉམས་དང་བཅས་ཤིང་ཅུང་ཟད་བཞད་ཅིང་འཛུམ་ལྡན་པས་རབ་ཏུ་འཇིགས་པ། ཆོས་ཐམས་ཅད་དེ་བཞིན་ཉིད་རོ་གཅིག་པའི་ཕྱིར་ཁྲོ་བོའི་ཉམས་དང་བཅས་ཤིང་ཅུང་ཟད་བཞད་ཅིང་འཛུམ་ལྡན་ཁྲོ་ཆགས་འདྲེས་པའི་ཞལ་གཅིག་པ་

(༡༨༤)དུས་སུམ་ལ་ཆགས་ཐོག་མེད་པའི་ཡེ་ཤེས་འཇུག་པའི་ཕྱིར། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ་ཕུང་པོ་དང་ཉོན་མོངས་པ་དང་འཆི་བདག་དང་ལྷ་ཡི་བུའི་བདུད་འཇོམ་ཤིང་གདུག་པ་ཅན་ཐམས་ཅད་འཇིག་པར་མཛད་པའི་ཕྱིར་མཆེ་བ་བཞི་བརྩེགས་པའོ། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་བླ་ན་མེད་པའི་གོ་འཕང་བརྙེས་པའི་ཕྱིར་རལ་པ་ནག་པོའི་ཐོར་ཚུགས་དར་གྱི་ཅོད་པཎ་གྱིས་བཅིང་བའི་རྩེ་མོར་ནོར་བུའི་སྤྲས་པ་སྟེ་ཐོར་ཚུགས་ནི་རལ་པའི་སྣེ་ཐམས་ཅད་ནང་དུ་ཆུད་པའི་ཚུལ་གྱིས་བཅིང་བ་ཡིན་ལ། འདི་འཁོར་ལོས་བསྒྱུར་བའི་ཆ་བྱད་ཡིན་པས་ལྷ་མོ་རྣམས་ལ་མི་འབྱུང་ངོ་། །རྟག་ཏུ་འགྲོ་བའི་དོན་ལ་སྤྱོད་པའི་ཕྱིར་ཐོར་ཚུགས་གི་མདུན་ངོས་སུ་སྣ་ཚོགས་རྡོ་རྗེས་མཚན་པའོ། དགེ་བའི་ཆོས་ཐམས་ཅད་མི་མཉམ་ཤིང་གོང་ནས་གོང་དུ་འཕེལ་བའི་བདེ་བ་ཉིད་ཀྱིས་ཕྱིར་ཐེར་ཚུགས་གི་གཡོན་ངོས་སུ་ཟླ་བ་ཕྱེད་པས་མཚན་པའོ། ཡེ་ཤེས་ལྔ་ཡི་བདག་ཉིད་དུ་མཚོན་པའི་རིན་པོ་ཆེའི་རྩེ་བྲན་ཅན་གྱི་ཐོད་པ་སྐམ་པོ་ལྔ་ཡི་ཕྲེང་བ་སྐྲ་ཡི་མཚམས་སུ་བཅིངས་པའོ། ཡེ་ཤེས་རྣམས་ཀྱང་ཆོས་ཀྱི་དབྱིངས་ལས་འབྱུང་ངོ་། །ཞེས་མཚོན་

(༡༨༥)པའི་ཕྱིར་བར་ཐམས་ཅད་རྡོ་རྗེ་ནག་པོའི་ཕྲེང་བས་སྦྲེལ་ཐག་ཅན་ཏེ། སྦྲེལ་ཐག་འོག་མ་དབུ་དཔྲལ་ལ་རེག་པ། གོང་མ་ཐམས་ཅད་ཐོད་སྐམ་གྱི་མིག་གི་སྟེང་ཙམ་ནས་བརྒྱུས་པའོ། །ལུས་ལ་རོ་རྐྱང་གི་ཡི་གེ་ལྔ་བཅུ་དང་སེམས་ཀྱི་རྣམ་རྟོག་སེམས་བྱུང་ལྔ་བཅུ་རྣམ་པར་དག་པའི་ཡེ་ཤེས་ནི་མགོ་རློན་ལྔ་བཅུའི་དོ་ཤལ་ལོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཕྱག་རྒྱ་དྲུག་སྟེ། གཙུག་གི་ནོར་བུ་རིན་པོ་ཆེ་བརྩོན་འགྲུས། སྙན་གཉིས་ལ་རྣ་ཆ་བཟོད་པ། མགུལ་པར་མགུལ་ཆུའམ་མགུལ་རྒྱན་དུ་གྲགས་པ་སྦྱིན་པ། ཕྱག་གི་གདུ་བུ་ཚུལ་ཁྲིམས་མཆོད་ཕྱིར་ཐེགས་པ་སྟེ་ཚངས་སྐུད་ཀྱི་སེ་རལ་ཁར་བྱས་པ་བསམ་གཏན། ཐལ་ཆེན་གྱི་བྱུགས་པ་ཤེས་རབ་བོ། །ཡང་ཉེ་བའི་ཕྱག་རྒྱ་ལྔ་སྟེ། སྤྱི་བོར་རུས་པའི་འཁོར་ལོ་ནི་ཐོར་ཚུག་གི་རྩེ་མོར་འབྱུང་ཞིང་། དེ་ཡི་ཡང་རྩེ་མོར་ཡིད་བཞིན་ནོར་བུའོ། སྐེ་རག་སྐེ་རྒྱན་གཡེར་ཁ་དང་བཅས་པའི་འོག་པག །ཞབས་གདུབ་གཡེར་ཁའི་ཕྲེང་བ་བཅས་པའི་དཔུང་རྒྱན་དང་། སེར་གདུབ་རྣམས་སོ། རུས་རྒྱན་དྲུག་དུས །སྤྱི་བོའི་འཁོར་ལོ། རྣ་ཆ། གདུ་བུ་རྣམས། མགུལ་རྒྱན་སྐེ་རག །སྐེ་རྒྱན་དང་བཅས་པའི་འོག་དཔག་

(༡༨༦)ཐལ་ཆེན་བྱུག་པའོ། ཕྱག་རྒྱ་ལྔ་ལ་སྐེ་རྒྱན་མི་བགྲང་ངོ་། །བཅོམ་ལྡན་འདས་ནི་མཚན་དཔེ་ཐམས་ཅད་ཡོངས་སུ་རྫོགས་པ། སངས་རྒྱས་ཀྱི་སྐུ་ལ་ཁྲོ་བོའི་ཆ་བྱད་དགོས་པར་ཁྲོས་ཉམས་སུ་བསྒྱུར་བས། རོལ་པའི་ཁྲོ་བོའི་གར་དགུའི་ཉམས་མཆོག་དང་ལྡན་པ་སྟེ། དེ་ལ་སྒེག་པའི་ཉམས་ནི་འཆོར་སྒེག་སྟེ། སྐུ་ལུས་ཐམས་ཅད་མཚམས་ཞིང་མཛེས་ལ་རྒྱན་གྱིས་བརྒྱན་པ་དང་ཤེས་རབ་མ་དང་། སྦྱོར་བ་སོགས་ཆགས་པའི་སྤྱོད་པ་སྟོན་པའོ། དཔའ་བ་ནི་སྟོབས་དང་ལྡན་ཞིང་ཐུབ་པར་དཀའ་བ་མཁྲང་བག་ཆགས་པའི་སྐུ་ཤེད་སྟོབས་དང་ལྡན་པ་དང་། ལྷ་རྣམས་ཞབས་འོག་ཏུ་མནན་པ་ལ་སོགས་པའོ། མི་སྡུག་པ་ནི་ཁྲོ་བའི་ཉམས་ཏེ་མཐོང་བ་ཙམ་གྱིས་འཇིགས་པའོ། དེ་དག་ནི་སྐུ་ཡི་ཉམས་གསུམ་མོ། །བཞད་པ་ནི་ཆགས་པ་དང་། དགྱེས་པས་དྲེགས་པའི་རྒྱུད་ལས་བྱུང་བ་དང་། དྲག་ཤུལ་ནི་ཚིག་རྩུབ་པོས་གཤེ་བ་དང་། འཇིགས་རུང་ནི་ཧ་ཧཱ་ཧི་ཧཱི་ཧཱུྃ་ཕཊ་ལ་སོགས་པའི་ང་རོ་དྲག་པོ་འབྲུག་ལྟར་སྒྲོགས་པ་སྟེ། གསུང་གི་ཉམས་གསུམ་མོ། །སྙིང་རྗེ་ནི་དམིགས་པ་མེད་པའི་སྙིང་རྗེ་ལ་གནས་པའོ། དམ་པའི་རྔམ་པ་ནི་

(༡༨༧)ཨརྦྷུ་ཏ་ཅེས་པ་ངོ་མཚར་བ་སྟེ་མདོར་ན་ཆགས་པའི་ཐུགས་ཀྱིས་སྤྲོ་སྟེག་པའམ། ཁྲོ་ཆགས་ཀྱི་ཐུགས་གཉིས་ཀར་ཚོགས་པ་ལྟ་བུའོ། །ཞི་བ་ནི་ཐུགས་རྣམ་པར་མི་རྟོག་པའི། མ་ཆགས་མི་སྡང་བའི་བཏང་སྙམས་སོ། །དེ་གསུམ་ནི་ཐུགས་ཀྱི་ཉམས་སོ། །དེ་ལྟ་བུའི་རིགས་ལྔ་ཡུམ་བཞིའི་བདག་ཉིད་ཅན་གར་གྱི་ཉམས་དགུ་གང་ལ་ལྡན་པ་ནི་ལྷ་དགུ་པོ་དེ་དག་གཅིག་ཏུ་མཚོན་པའི་བདག་ཉིད་དོ། །འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་ལྟ་བ་ཐེ་ཚོམ་སྟེ་སྐྱོན་དྲུག་བཅོམ་པའི་བརྡར་རམ་ལྷ་ཆེན་པོ་ཁྱབ་འཇུག་ཁྲོས་པ། མི་ཡི་སེང་གེ་ཞེས་བྱ་བའི་ཁྲོ་བོ་སྟག་གི་གཟུགས་སུ་གནས་པ། ཞེ་སྡང་ལ་མངོན་པར་དགའ་བའི་སེམས་ཅན་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་དེ་བཏུལ་ནས་ལྤགས་པ་བཤུས་སྟེ་སྐུ་ལ་གསོལ་བའི་ཚུལ་གྱིས་སྟག་གི་ལྤགས་པའི་སྨད་དཀྲིས་མདུན་ནས་རྒྱབ་ཏུ་འཕྱར་བའམ་བརླ་སྟེངས་སུ་གྲོལ་བ་གང་རུང་བྱས་པའོ། བདེན་གཉིས་དག་པའི་ཕྱག་གཉིས་ཀྱི་ཡེ་ཤེས་ལྔ་མཉམ་སྟེ་རོ་གཅིག་པའི་བདག་ཉིད་ཀྱི་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་སོར་བཅུ་གཉིས་པ་དང་། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་

(༡༨༨)ངོ་བོ་རྡོ་རྗེ་དེས་མཚན་པའི་དྲིལ་བུ་སོར་བཅུ་གཉིས་པ། སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པའི་ཕྱིར་ཡུམ་ལ་འཁྱུད་པའི་ཕྱག་རྒྱས་བསྣམས་པའོ། སྟོང་པ་ཉིད་དང་སྙིང་རྗེ་མི་འབྲལ་བའི་ཕྱིར་སྐུ་ལུས་ཀྱང་མཉམ་པར་སྦྱོར་བ་གནས་པའོ། ཟག་མེད་ཀྱི་དགའ་བ་ཆེན་པོ་སྤྲོས་བྲལ་དུ་རོ་གཅིག་པའི་ཕྱིར་ཞལ་སྦྱོར་ཞིང་ཕན་ཚུན་དུ་མཆུ་སྒྲོས་འཇིབ་པར་མཛད་པའོ། ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ཕྱིར་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའོ། ཐབས་ཤེས་ཀྱི་རང་བཞིན་ཞབས་གཉིས་གཡས་བརྐྱངས་པས་ཆད་མཐའ་དང་འཛིན་རྟོག་གི་ངོ་བོ་འཇིགས་བྱེད་དང་། གཡོན་བསྐུམ་པས་རྟག་མཐའ་དང་གཟུགས་རྟོག་གི་ངོ་བོ་དུས་མཚན་མ་མནན་པའོ། །དེ་ཡང་འཇིགས་བྱེད་ནག་པོ་ཁ་སྦུབ་མགོ་བོ་གཡོན་དུ་བསྟན་པའི་རྗེས་སུ་ལྟག་པ་བཅག་སྟེ་མགོ་སོགས་རྟག་ཏུ་འཐེན་པའི་འགྲམ་པ་གཡས་འོག་ཏུ་བཅུག་ཅིང་། གཡོན་པ་སྟེང་དུ་བསྟན་པའི་རྣ་བ་ནས་བརྫི་བའི། ལྟག་པ་སོགས་སྟག་ལ་བསྟན་ཅིང་གདོང་གྱེན་དུ་བསྟན་པའི་དཔྲལ་བ་ནས་གནོན་པ་སྟེ་ཐོད་པ་ནི་ཞེ་སྡང་སྐྱེ་བའི་རྒྱུ་ཡིན་

(༡༨༩)པས་སོ། །དེ་བཞིན་དུ་དུས་མཚན་མའི་ལྟེ་བར་ཞབས་མགོ་དང་། སྐྱེ་གནས་སུ་ཞབས་ཀྱི་སྟིང་པ་གནོན་པར་བཞེད་ཅིང་ཡང་ན་ནུ་མའི་བར་དུ་མནན་པར་བྱས་ཀྱང་རུང་སྟེ། དེ་གཉིས་ཀ་འདོད་ཆགས་སྐྱེ་བའི་རྒྱུ་ཡིན་པའོ། །གཉིས་ཀ་ཕྱག་གཉིས་གྲི་ཐོད་འཛིན་པའི། དཔའ་གཅིག་རིགས་ལ་ལག་ཆ་ཤེར་བ་མཚོན་ཕྱག་མཚན་མེད་པར་བྱས་ཀྱང་ལེགས་སོ། །འཇིགས་བྱེད་ཤིན་ཏུ་ཁྲོས་པ་སྦོམ་ཐུང་སྟག་ལྤགས་ཅན་སྐྲ་སེར་གྱེན་བརྫེས་དཔྲལ་བར་ཟླ་ཕྱེད་ཀྱིས་བརྒྱན་པ་སྦྲུལ་རྒྱན་དང་མི་མགོའི་དབུ་རྒྱན་དོ་ཤལ་ཅན། དུས་མཚན་མ་ཞི་མ་ཁྲོ་ལ་ཆགས་པའི་ཉམས་ཆེར་རྒྱས་པ། སྐྲ་ནག་པོ་གྲོལ་བ། སྦོམ་ཕྲ་རན་པ། གཅེར་བུ་ནུ་མ་དང་སྐྱེ་གནས་རྒྱས་པ། རུས་པའི་རྒྱན་ཕྲ་མོས་རྒྱན་པ། འཇིགས་དུས་གཉིས་ཀ་སྤྱན་གསུམ་མོ། །བཅོམ་ལྡན་འདས་ཀྱི་སྐུ་ལས་རབ་ཏུ་འབར་བའི་དྲི་མ་མེད་པའི་མེའི་འོད་ཀྱི་དཀྱིལ་འཁོར་དམར་པོ་འཕྲོ་བའི་ཕྲེང་བ་འཁྲུགས་པའོ། །དེའི་སྤངས་ན་སྟོང་པ་ཉིད་ལས་བདེ་བའི་ཡེ་ཤེས་བསྐྱེད་དུ་འཇུག་པའི་ཕྱིར་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ། སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་རྗེས་སུ་

(༡༩༠)ཆགས་པའི་སྐུ་མདོག་དམར་པོ་འོད་ཟེར་བསྐལ་པའི་མེ་ལྟར་འབར་བ་ཡེ་ཤེས་རྟག་པ་ལ་འགྱུར་བའི་རྒས་པ་མེད་པའི་ཕྱིར་གཞོན་ནུ་ལང་ཚོ་གསར་དུ་བདེ་བ། ཡོན་ཏན་རྒྱས་པའི་ཕྱིར་ཤ་ཉམས་རྒྱས་པའི་སྐུ་ཅན་རང་གཞན་གྱི་དོན་གཉིས་བསྒྲུབ་པའི་ཕྱིར་ནུ་འབུར་གཉིས་རྒྱས་པའོ། །ཆོས་ཉིད་རྟོག་པར་དཀའ་ཞིང་བསམ་གྱིས་མི་ཁྱབ་པའི་ཕྱིར་སྐད་སྐབས་ཕྲ་བའོ། །དོན་དམ་པའི་བྱང་ཆུབ་སེམས་ཀྱི་གཞི་ཤིན་ཏུ་བརྟན་པའི་ཕྱིར་སྟ་ཟུར་རྒྱས་ཤིང་མཚམས་ཀྱི་མཐའ་ཟླུམ་པའོ། བསོད་ནམས་ཡེ་ཤེས་རབ་ཏུ་བསགས་པའི་ཕྱིར་བརླ་རྒྱས་པའོ། །རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཕྱིར་སྐྱེ་གནས་རུས་སྦལ་གྱི་དབྱིབས་ལྟར་མཐོ་བའོ། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པའི་ཕྱིར་ཞལ་གཅིག་མའོ། ཐབས་ཤེས་གཉིས་ཀྱི་རང་བཞིན་དུ་གནས་པའི་ཕྱིར་ཕྱག་གཉིས་མའོ། རྡུལ་དང་མུན་པ་དང་སྙིང་སྟོབས་གསུམ་རྣམ་པར་དག་པའི་བདེ་ཆེན་གྱི་མངོན་ཤེས་ཤེས་བྱ་ཐམས་ཅད་ལ་གཡོ་བའི་ཕྱིར་སྤྱན་གསུམ་དམར་ལ་གཡོ་བའོ། དབྱིངས་ལས་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པས་ནི་དབུ་སྐྲ་ནག་པོ་སིལ་བུར་གྲོལ་བ་དང་

(༡༩༡)སྒྲིབ་པ་ཐམས་ཅད་སྤངས་བའི་ཕྱིར་གཅེར་བུ་མོ། རིགས་ལྔའི་སངས་རྒྱས་ཉིད་རྣམ་པར་དག་པའི་ཕྱིར་ཐོད་སྐམ་ལྔ་ཡི་དབུ་ལ་རྒྱན་པ། ཐོད་སྐམ་ལྔ་བཅུའི་དོ་ཤལ་ནི། ཡི་གེ་ལྔ་བཅུ་དང་སེམས་བྱུང་ལྔ་བཅུ་སོགས་དག་པ་སྔར་དང་འདྲ་ཡང་། དག་བྱེད་ཀྱི་ཁྱད་པར་ལས་སྐམ་རློན་སོ་སོར་ཡིན་ཏེ་ཐབས་བདེ་བ་ཆེན་པོའི་ཆུས་བརླན་པ་ལས་མགོ་རློན་དང་། ཡེ་ཤེས་ཀྱི་གཏུམ་མོ་ཤེས་རབ་སྟོང་པའི་དྲོད་ཀྱི་བསྐམས་པ་ལས་ཐོད་སྐམ་མོ། །ཡེ་ཤེས་ལྔ་རྣམ་པར་དག་པའི་ཐལ་བ་སྤོང་པའི་ཕྱག་རྒྱ་ལྔས་སྤྲས་པ་སྟེ། འཁོར་ལོ་ཆོས་དབྱིངས། རྣ་ཆ་སོར་རྟོག །མགུལ་ཆུ་མཉམ་ཉིད། གདུབ་བུ་མེ་ལོང་ལྟ་བུ། སྐེ་རགས་བྱ་གྲུབ་རྣམས་ཡིན་ལ། འགོ་པག་དང་ཞབས་གདུབ་ལས་དཔྱངས་པའི་གཡེར་ཁའི་ཕྲེང་བ་རྣམས་ནི་རྟེན་འབྲེལ་བཅུ་གཉིས་སྟོན་པའི། གསུང་རབ་ཡན་ལག་བཅུ་གཉིས་རྣམ་པར་དག་པའོ། ཕྱག་གཡས་པས་སྤྲོས་པའི་མཐའ་ཐམས་ཅད་འཇོམ་པའི་ཕྱིར། རྡོ་རྗེའི་གྲི་གུག་དང་བཅས་པའི་སྡིག་མཛུབ་འཕྱར་བ་ཕྱོགས་ཀུན་ཏུ་གནོན་པ། དེ་ཡང་སྡིག་མཛུབ་ལ་གཉིས་ཏེ་མཐེ་བོང་གུང་མོས་མནན་

(༡༩༢)པ་ཁྲོ་བོའི་སྡིག་མཛུབ་དང་། མཐེ་བོང་གིས་གུང་སྲིན་མནན་པ་རྡོ་རྗེའི་སྡིག་མཛུབ་སྟེ་འདིར་ཕྱི་མའོ། གཡོན་པས་བདེ་བ་འཛིན་པའི་རང་བཞིན་གྱི་མི་ཡི་ཐོད་པ་དཀར་པོ་དང་བདེ་ཆེན་དེས་བདུད་བཅོམ་པའི་ཕྱིར་བདུད་བཞི་དང་གདུག་པའི་ཁྲག་གི་བཀང་བ། དེ་ཡང་ཐབས་ལ་མཁས་པ་ཉིད་ལ་བརྟེན་པའི་ཕྱིར། ཡབ་ཀྱི་མགུལ་ནས་འཁྱུད་ཅིང་གཙོ་བོའི་ཞལ་དུ་མཆོད་ཡོན་དུ་འབུལ་བའོ། ཤེས་རབ་སྟོང་ཉིད་ཀྱི་སྐུས་ཞི་བའི་མཐའ་ལ་མི་གནས་པའི་ཞབས་སྤྱོན་བརྐྱང་བ། ཐབས་བདེ་བ་ཆེན་པོས་འཁོར་བ་ལ་མི་གནས་པའི་ཞབས་སངས་རྒྱས་བསྐུམ་པས་སྟོང་པ་ཉིད་དང་སྙིང་རྗེ་མི་འབྲལ་བའི་ཕྱིར་དཔལ་ཧེ་རུ་ཀ་དང་སྐུ་ལུས་མཉམ་པར་སྦྱོར་ཞིང་འཁྲིལ་བ། འགྲོ་བ་ཀུན་ལ་མཐའ་ཡས་པའི་ཕུན་སུམ་ཚོགས་པ་སྩོལ་བའི་ཕྱིར་སྐུའི་རྣམ་པ་ཐམས་ཅད་དག་ཅིང་ཕུན་སུམ་ཚོགས་པའོ། །འདོད་ཆགས་ཆེན་པོ་ལྷན་ཅིག་སྐྱེས་པའི་ཉམས་དང་ཡེ་ཤེས་བརྟན་གཡོ་ཀུན་ལ་ཁྱབ་པའི་ཕྱིར་བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བའོ། །དེ་ལྟ་བུའི་སྦྱངས་བྱ་མངལ་དུ་ཁམས་དབང་པོ་རྣམས་རྫོགས་ནས་བཙས་པ་དང་ཕྱི་རོལ་དུ་ལུས་ངག་ཡིད་

(༡༩༣)གསུམ་གྱི་རྩལ་རྫོགས་ཏེ་འདོད་ཆགས་གཙོ་བོར་གྱུར་པའི་སྐྱེས་བུའི་བྱ་བ་བྱེད་པ་སྦྱངས། འབྲས་བུའི་མངོན་བྱང་ལྔ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཇི་ལྟ་བ་དེ་ལྟར་ལས་བྱང་ཆུབ་པ་དང་རྣམ་པར་གྲོལ་བའི་ལམ་རྒྱུད་ལ་སྐྱེས་ནས་ཡེ་ཤེས་ལྔ་དང་མཁའ་ཁྱབ་ཏུ་གྱུར་པའི་གློ་བུར་རྣམ་དག་གི་སངས་རྒྱས་དང་ཆོས་ཀྱི་དབྱིངས་དང་ཡེ་ཤེས་ཀྱི་ང་རྒྱལ་ངེས་པར་བྱའོ། །ལམ་དུས་སུ་རགས་པའི་རྩ་རླུང་རྣམས་ཐིམ་པས་རྣམ་པ་དེ་ལྟ་བུའི་ལྷ་སྐུ་ལས་ལྡང་འཇུག་ཡང་བྱེད་ཅིང་མཐར་མངོན་དུ་གྱུར་པའི་བྱེད་རྒྱུའོ། ༈ དེ་ནས་མཁའ་འགྲོ་མ་བཞི་ནི། མདུན་གྱི་པདྨའི་འདབས་མར་མཁའ་འགྲོ་མའི་མཚན་གྱི་རྣམ་གྲངས་གསོད་བྱེད་མ་སྟེ་སྐུ་མདོག་མཐིང་ཀ །གཡོན་ཕྱོགས་སུ་ལ་མ་སྐུ་མདོག་ལྗང་གུ །ལ་མཱ་ཞེས་པ་མཛེས་མ་རོལ་པ་མ། དགའ་མར་བསྒྱུར་བ་གསུམ་ཡོད་དེ་གསུམ་ཀ་དོན་གྱི་ཕྱོགས་རེ་ནས། རྒྱབ་ཏུ་དུམ་སྐྱེས་མ་སྐུ་མདོག་དམར་མོ་གཡས་སུ་གཟུགས་ཅན་མ་སྐུ་མདོག་སེར་མོ། དེ་བཞི་ཀ་ཡང་ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག་དང་། གཡོན་ཐོད་པ་ཁྲག་གི་གང་བ་འཛིན་པ། གྲུ་མོར་ཁ་ཊཱྃྭ་

(༡༩༤)ཡོད་པ་རུས་པའི་རྒྱན་ལྔ་དང་། ཐོད་སྐམ་གྱི་དབུ་རྒྱན། ཐོད་རློན་གྱི་དོ་ཤལ། རྩེ་བྲན་ལྔ་ལ་སོགས་པའི་རྒྱན་རྣམས་ཀྱིས་བརྒྱན་པ། མཆེ་བ་རྩེགས་ཤིང་དབུ་སྐྲ་ཕྱེད་གྱེན་དུ་བརྫེས་ཤིང་བཅིངས་པ། ཕྱེད་མཐུར་དུ་གྲོལ་བ་ཁྱབ་འཇུག་དང་གཞོན་ནུ་དང་འདོད་ལྷ་བརྒྱ་བྱིན་རྣམས་ཀྱི་ངོ་བོའི་རོ་གདན་ལ་ཞབས་གཡས་བརྐྱང་། གཡོན་ཅུང་ཟད་བསྐུམ་པའི་གར་སྟབས་ཀྱི་བཞུགས་པའོ། མཁའ་འགྲོ་མ་བཞི་ཡི་མཚན་དོན་ནི། སྤྱིར་འཇིག་རྟེན་ན་སྲིན་མོ་རྫུ་འཕྲུལ་ཆེ་བ་རྣམས་རོ་ལངས་ཀྱི་ཞོན་པ་ལ་བརྟེན་ནས་མཁའ་ལ་འགྲོ་ཞིང་གཞན་གྱི་སྲོག་འཕྲོག་པ། མཁའ་འགྲོ་མ་དང་གསོད་བྱེད་མ་ཞེས་ཟེར་ལ། འགའ་ཞིག་དུས་དང་དུས་ལ་མཆོད་པས་མགུ་བར་གྱུར་ན། མི་ཡི་བྱད་གཟུགས་ཕུན་སུམ་ཚོགས་པ་དང་། རོལ་རྩོད་ཀྱི་དགའ་བ་སྣ་ཚོགས་དང་། འཁྲིགས་པའི་དེ་ཁོ་ན་ཉིད་སྟེར་བར་བྱེད་པས་ལ་མཱ་ཞེས་ཟེར་བ་དང་། དེ་ཉིད་དགའ་བས་འདོད་པའི་སྒྱུ་སྩལ་བྱེད་པའང་ཡིན་ལ། སྐྱེ་བོ་རྣམས་ཡིད་གཡོ་བའི་སྒོ་ནས་ལུས་ངག་བསྐྱོད་པར་ཡང་བྱེད་དུ་འཇུག་པས་འདོད་པའི་སྒྱུ་རྩལ་དང་གཡོ་བ་ནི་གར་ཏེ་དེའི་ཕྱིར་གར་གྱི་དབང་ཕྱུག་མའོ།

(༡༩༥)ཡང་ཁ་ཅིག་གདོང་བརྙན་སོགས་ལུས་ཀྱི་ཆ་ཤས་དུམ་བུ་མི་འདྲ་བར་བསྒྱུར་ཅིང་སྒྲ་སྣ་ཚོགས་ཀྱི་འཇིགས་པ་བསྐྱེད་པ་དང་། ལུང་སྟོན་པ་དང་། རིག་སྔགས་སྟོན་པར་བྱེད་པས་དུམ་བུའི་ལུས་ལ་སྒྲ་ཡིག་སྐྱེད་པའི་ཕྱིར། དུམ་སྐྱེས་མ་ཞེས་ཟེར་ཏེ་འཇིག་རྟེན་དབང་དུ་བྱེད་ཅིང་འགུགས་པར་བྱེད་པའོ། ཁ་ཅིག་གི་སྡུག་པ་དང་མི་སྡུག་པ་རྒན་གཞོན་བར་མ་སྣ་ཚོགས་དང་། མི་དང་དུད་འགྲོ་དང་ལྗོན་ཤིང་ལ་སོགས་པ་གཟུགས་སྣ་ཚོགས་པར་བསྒྱུར་ཏེ་སྐྱེ་བོ་རྣམས་འཁྲུལ་ཞིང་རྨོངས་ལ་ཉམས་པར་བྱེད་པའི་ཕྱིར། གཟུགས་ཅན་མ་ཞེས་ཟེར་ཞིང་ལྟུང་བའི་ལས་བྱེད་པ་མོའོ། །དེ་ལྟར་ན་གདུལ་བྱ་དེ་རྣམས་འདུལ་བའི་ཕྱིར། དགོངས་གཞི་ངེས་པའི་དོན་ལ་དགོངས་ནས་དེ་དག་གི་མིང་གིས་བཅོམ་ལྡན་འདས་མ་རྣམས་ལ་ཡང་མཚན་པར་བྱས་པ་སྟེ། ཐུགས་སྤྲོས་བྲལ་གྱི་ནམ་མཁའ་ལ་ཡེ་ཤེས་གྱ་གྱུར་འགྲོ་བའི་ཕྱིར་མཁའ་འགྲོ་མ་དང་། དུམ་བུའི་སྐུ་ལས་གསུང་གི་སྣང་བ་སྐྱེད་པའི་ཕྱིར་དུམ་སྐྱེས་མ་དང་། སྐུའི་སྤྲུལ་པ་གཟུགས་ཅན་མཐའ་དག་གི་རྣམ་པར་སྟོན་པའི་ཕྱིར་གཟུགས་ཅན་མ་དང་། ཡེ་ཤེས་དགའ་བ་ཐམས་ཅད་རོལ་པའི་ཕྱིར་ལ་མའོ།

(༡༩༦)མཚམས་ཀྱི་འདབ་མ་བཞི་ལ། གདུང་བ་སེལ་ཞིང་འཆི་མེད་བདུད་རྩིའི་ངོ་བོ་ཟླ་བའི་གདན་རེ་རེའི་སྟེང་། བདུད་རྩི་ལྔ་ཆ་མཉམ་པས་བཀང་བའི་བུམ་པ་བཞི་ཡི་ཁར། ལྷ་ཡི་བུ་ཉི་མ་དང་ཟླ་བ་དང་སྲིན་པོ་དང་ཐག་བཟང་རིས་རྣམས་ཀྱི་ཐོད་པའི་རང་བཞིན་ཐོད་སྣོད་ནང་དུ་ཤ་ལྔས་ཆ་མཉམ་གང་བ། ཤར་ལྷོར་རྣམ་པར་སྣང་མཛད། ལྷོ་ནུབ་རིན་འབྱུང་ནུབ་བྱང་འོད་དཔག་མེད། བྱང་ཤར་དོན་འགྲུབ་སྟེ་དེ་བཞིན་གཤེགས་པ་བཞི་ཡི་ངོ་བོའོ། །དེ་ལྟར་དཀྱིལ་འཁོར་དེ་ཡང་། ཁང་བཟང་ཞིག་ཏུ་རྒྱལ་པོ་དཔོན་གཡོག་འདུས་པ་ལྟ་བུ་ནི་མ་ཡིན་ཏེ། ཆོས་ཐམས་ཅད་སྤྲོས་བྲལ་དུ་མཁྱེན་པའི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་གཅིག་ཁོ་ན་འགྲོ་བ་འདུལ་བའི་དོན་དུ་དཀྱིལ་འཁོར་རབ་འབྱམས་སུ་སྣང་བ་ཡིན་ནོ། །དེ་ལྟར་འབྲས་དུས་ཀྱི་དཀྱིལ་འཁོར་མཚོན་དཔེའི་སྐུ་དང་གཞལ་མེད་ཁང་མཆོད་པ་སོགས་ཐམས་ཅད་མི་འགྱུར་བའི་བདེ་བ་ཆེན་པོའི་རང་བཞིན་ལས་གྲུབ་པས་དེ་ཉིད་ལམ་དུ་བྱེད་པ་དང་། རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་ཁ་སྦྱོར་གྱི་སྐུ་ཅན་ལྷན་གཅིག་ཏུ་སྐྱེས་པ་དང་ལྷ་ཉིད་ཀྱང་རྒྱུ་ཐབས་ཤེས་ལས་བྱུང་ཞིང་ལམ་ཐབས་ཤེས་ཀྱིས་སྒྲུབ་

(༡༩༧)པས། འབྲས་བུ་ཁ་སྦྱོར་བདེ་བ་ཆེན་པོའི་རྡོ་རྗེ་བཞི་དང་ཡེ་ཤེས་ལྔ་དབྱེར་མེད་པའི་སྐུ་འགྲུབ་པ་ཡིན་ནོ། །དེ་ལྟར་ཕྱིའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་གསལ་གདབ་ཅིང་རེག་མཐོང་གི་མཚན་མ་རྙེད་ཀྱི་བར་དུ་དབྱིབས་རྣམས་ལ་སེམས་འཛིན་པའི་དབྱིབས་ཀྱི་རྣལ་འབྱོར་ཞེས་བྱའོ། །སྐབས་འདིར་རྫོགས་པའི་རྣལ་འབྱོར་ལུས་དཀྱིལ་སྒོམ་པར་འདོད་ན་ངག་འདོན་ནི་གར་དབང་བཞི་པ་སོགས། བླ་མ་གོང་མ་རྣམས་ཀྱི་མཛད་པ་ལས་ཤེས་པར་བྱ་ལ། སྤྱིར་འཁོར་ལོ་བདེ་མཆོག་གི་ལས་དཀྱིལ་ནི། གསང་འདུས་དགྱེས་རྡོར་ཐོད་པ་གདན་བཞི་སོགས་ལྟ་བུ་རྒྱུད་ལས་ཚིག་དོན་སྒྲ་ཇི་བཞིན་པར་མི་སྟོན་ཡང་བླ་མའི་མན་ངག་གི་གཞན་ལ་སྦྱོར་དགོས་ཅན་དང་མི་འདྲ་བར། རྣལ་འབྱོར་མ་ཡི་ས་དང་གནས་ཧེ་རུ་ཀ་དཔལ་སྐུའི་ཡན་ལག་བརྟན་གཡོ་ཀུན་གྱི་བདག་ཉིད་ཅན། ཞེས་སོགས་རྒྱུད་ཀྱི་དངོས་བསྟན་ཉིད་ལ་ཤིན་ཏུ་གསལ་ལ། གོ་དོན་སོགས་འཆད་གལ་ཆེ་ཡི་གེར་འཇིགས་པས་འདིར་མི་སྤྲོ་ལ། དཀྱིལ་འཁོར་གྱི་རྣམ་བཤད་སྐབས་སུ་མདོར་བསྡུས་འཆད་པར་འདོད་དོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནི་དག་པ་དྲན་པ་ཡིན་ཏེ། དེ་ཡང་རྟེན་

(༡༩༨)དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་གཟུང་འཛིན་གཉིས་བྲལ་གྱི་ཡེ་ཤེས་ཆོས་ཀྱི་སྐུར་མོས་པས་ལམ་དུ་འཁྱེར་བ་ཡིན་པ་ལ། བྱང་ཕྱོགས་ཀྱི་སུམ་ཅུ་རྩ་བདུན་དུ་གྲགས་པ་དག་ཀྱང་ལམ་གྱི་བསྡུས་པ་འབྲས་བུ་བསྡུས་པ་གཉིས་ཡོད་པ་ལས། འདིར་གང་གི་དག་དྲན་བྱ་ཞེ་ན། བསྐྱེད་རིམ་ལ་རྫོགས་རིམ་དུ་མོས་པར་བྱས་ན་དེ་ཐོབ་པའི་ཐབས་སུ་འགྱུར་བ་ཡང་ཡོད་པས་ལམ་གྱི་དག་དྲན་ཡང་ཡོད་པས་ལམ་གྱི་དག་དྲན་མི་རུང་བ་མ་ཡིན་མདོ། དཀྱིལ་འཁོར་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་སུ་མོས་དགོས་པའི་ཕྱིར། འདིར་འབྲས་བུ་བསྡུས་པའི་དག་པ་ཉིད་གཙོ་བོར་འཇོག་གོ །དེ་ལ་ལུས་དྲན་པ་ཉེ་བར་བཞག་པ་ནི། སངས་རྒྱས་ཀྱི་ས་ན་སངས་རྒྱས་ཀྱི་སྐུ་ལུས་ཐ་མལ་གྱི་ལུས་མ་ཡིན་པར་རྟག་ཏུ་བཞུགས་པ་ཉིད་ཡིན་ལ། དེ་ཡང་ཆུ་ཁམས་ཀྱི་ཆོས་ཉིད་དངས་མ་མེ་ལོང་ཡེ་ཤེས་དེ། འཁོར་བའི་བག་ཆགས་ཀྱི་དྲི་མ་དག་པའི་དག་པ་གཉིས་ལྡན་གྱི་ཕྱིར། གཙང་བ་དམ་པའང་ཡིན་ལ། དོན་དམ་པའི་རྣམ་པ་འཁོར་བ་དང་མཐུན་པའི་གནས་ལུས་ལོངས་སྤྱོད་དུ་སྣང་བའི་ཕྱིར་ལུས་དྲན་ཉེ་དང་བག་ཆགས་སྤངས་པའི་ཕྱིར་གཙང་

(༡༩༩)བ་དམ་པའི་ཕ་རོལ་དུ་ཕྱིན་པ་དང་། ཆུ་ཁམས་ཀྱི་ཡེ་ཤེས་ཡིན་པའི་ཕྱིར་མཁའ་འགྲོ་མའོ། །ཚོར་བ་དྲན་པ་ཉེར་བཞག་ནི། ད་ལྟའི་ཚོར་བ་འདི་མ་ཡིན་པར་ཡེ་ཤེས་ཀྱི་རང་བཞིན་ཉིད་དེ། དེ་ཡང་རླུང་ཁམས་ཀྱི་དངས་མ་བྱ་སྒྲུབ་ཡེ་ཤེས་དེ་ནི་སྙིང་རྗེ་ཆེན་པོའི་བདག་ཉིད་ཡིན་ཏེ། དེའི་བྱ་བ་སྒྲུབ་པའི་ཡེ་ཤེས་ཡིན་པའི་ཡེ་ནས་སེམས་ཅན་གྱི་དོན་མཛད་པ་ཡིན་ཞིང་། སྙིང་རྗེ་དེ་ཡང་ཐེག་པ་འདིར་བདེ་བ་ཆེན་པོ་ཡིན་ལ། དེ་ཡང་ལས་རླུང་ཡན་ལག་དང་བཅས་པ་འགགས་པ་ན་རླུང་ཁམས་ཀྱི་དྭངས་མ་བདེ་ཆེན་མཐར་ཐུག་མངོན་དུ་འགྱུར་བ་ཡིན་པས། དེས་མ་རིགས་བག་ཆགས་ཀྱི་ས་དང་། ཡིད་ལུས་ལས་བྱུང་བའི་སྡུག་བསྔལ་ཕྲ་མོ་ཡང་འགགས་པར་གྱུར་ན། ཚོར་བ་གཞན་རྣམས་སྨོས་ཅི་དགོས་ཏེ། ཚོར་བ་དག་པའི་ཕྱིར་ཚོར་བ་དྲན་ཉེ་དང་། བདེ་ཆེན་ཉིད་ཀྱི་ཕྱིར་བདེ་བ་དམ་པའི་ཕ་རོལ་དུ་ཕྱིན་པ་དང་། རླུང་ཁམས་ཀྱི་དྭངས་མའི་ཕྱིར་ལ་མཱའོ། ཆོས་དྲན་པ་ཉེར་བཞག་ནི། དཔེར་ན་རྨ་བྱའི་མདངས་གཅིག་པུ་ལ་ཡང་ཁ་དོག་སྣ་ཚོགས་པའི་རྒྱུ་ཅན་ཐམས་ཅད་མཁྱེན་པ་ལ་སོགས་པའོ། །དེ་ཡང་མེ་ཁམས་ཀྱི་

(༢༠༠)དངས་མ་སོ་སོར་རྟོག་པའི་ཡེ་ཤེས་ཏེ། ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་མ་འདྲེས་པར་མཁྱེན་ཡང་། ཐམས་ཅད་རང་བཞིན་མཉམ་ཉིད་དུ་གཟིགས་པའི་ཕྱིར། མཉམ་ཉིད་དེ་ནི་རྟག་པ་ཡིན་ཏེ། གང་མི་རྟག་པ་ཞིག་ཡོད་ན་ཡུལ་དུས་སོ་སོར་བ་ཡིན་པས་མཉམ་པ་ཉིད་དུ་མི་འགྱུར་བའི་ཕྱིར་རོ། །དེས་ན་སྐད་ཅིག་རེ་རེ་དང་རྣམ་འགྱུར་ཕྲ་མོའི་སྐབས་ལྟ་ཅི་སྨོས། འཁོར་འདས་སེམས་ཀྱི་སྣང་ཆ་ཙམ་མ་གཏོགས་གདོད་ནས་མ་གྲུབ་པའི་ཕྱིར། གནས་ལུགས་དེ་ལ་འཁོར་བས་རྙོགས་པ་ཡང་མེད་ལ། མྱང་འདས་སུ་དག་པ་ཡང་མེད་པའི་ཕྱིར། མི་རྟག་ཅིང་འགྱུར་བའི་གནས་སྐབས་མ་གྲུབ་པས་རྟག་པ་ཉིད་དོ། །དེས་ན་དེ་ནི་ཆོས་ཐམས་ཅད་ཀྱི་ཇི་ལྟ་ཇི་སྙེད་རྟོགས་པའི་ཕྱིར། ཆོས་དྲན་ཉེ་དང་། འགྱུར་མེད་རྟོགས་པའི་ཕྱིར་རྟག་པ་དམ་པའི་ཕ་རོལ་དུ་ཕྱིན་པ་དང་། མེ་ཁམས་ཀྱི་དངས་མ་ཉིད་ཡེ་ཤེས་ཀྱི་ཕྱིར་ཁཎྜ་རེ་ཧེའོ། སེམས་དྲན་པ་ཉེ་བར་བཞག་པ་ནི། གཟུང་འཛིན་གྱི་བདག་གཞན་ལ་སོགས་པ་མཉམ་པ་ཉིད་དུ་རྟོགས་པའི་ཡེ་ཤེས་སོ། །དེ་ཡང་། ས་ཁམས་ཀྱི་དངས་མ་མཉམ་ཉིད་ཡེ་ཤེས་ཏེ། བདག་གཞན་ཆོས་ཐམས་ཅད་སྟོང་པར་ཡང་མཉམ། རང་བཞིན་བདེ་བ་ཆེན་པོ་ཡང་

(༢༠༡)མཉམ། གསལ་བའི་དཀྱིལ་འཁོར་དུ་ཡང་མཉམ། མཉམ་པ་དེ་ཡང་འདྲ་མཚུངས་ཙམ་ཚོགས་པའི་དོན་མ་ཡིན་ཏེ། རང་བཞིན་གཅིག་སུ་གཉིས་སུ་མེད་པ་ཡིན་ལ། དེ་ལྟར་ན་ཤེས་བྱ་ཀུན་ལ་ང་བདག་ལྟ་ཅི་སྨོས། གཞན་ལས་ལེགས་སུ་གར་ཏེ། རང་ངོས་འདི་ལྟར་ཚུགས་ཐུབ་བོ་ཞེས་པ་ཡང་མི་སྣང་ཞིང་། དེའི་ཕྱིར་བདག་གི་སྤྲོས་པ་ཞི་བ་དང་། མཉམ་ཉིད་དེ་ནམ་ཡང་མི་འགྱུར་བ་བརྟན་ཅིང་རིག་པའི་རྒྱལ་པོར་གྲུབ་པས་བདག་མེད་པའི་སྤྲོས་པ་ལས་ཀྱང་འདས་ཏེ་གནས་ལུགས་སུ་བཞུགས་པ་ཡིན་ནོ། །མི་བདེན་པའི་སེམས་རྣམས་ཀྱི་གནས་ལུགས་རང་མྱོང་གི་རིག་པའི་ཡེ་ཤེས་ཡིན་པའི་ཕྱིར། སེམས་དྲན་ཉེ་དང་། གནས་ལུགས་ལ་ཞུགས་པའི་ཕྱིར་བདག་དམ་པའི་ཕ་རོལ་དུ་ཕྱིན་པ་དང་། ས་ཁམས་དངས་མ་ཉིད་ཀྱི་ཕྱིར་གཟུགས་ཅན་མའོ། །དེ་ལྟར་ན་ཡེ་ཤེས་སྐུ་ལུས་དྲན་ཉེ་དང་། བདེ་ཆེན་ཚོར་བ་དང་། མི་འགྱུར་བའི་ཡེ་ཤེས་ཆོས་དང་། རང་རིག་ཡེ་ཤེས་སེམས་དྲན་པ་ཉེར་བཞག་སྟེ། རིམ་བཞིན་གོང་བཤད་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་བཞིའོ། །འདི་ནི་ཆོས་སོ་བདུན་གྱི་རྣམ་བཞག་ཀུན་གྱི་རྩ་བ་ཡིན་ཞིང་

(༢༠༢)ཡེ་ཤེས་བཞི་འབྱུང་བཞིའི་དངས་མ་ཡིན་པས་ལྷ་མོ་བཞི་དང་སྦྱོར་བའི་རྒྱུ་མཚན་ཡང་བཤད་དུ་ཡོད་པ་ཁོ་ནའོ། །དཀྱིལ་ཆོག་གཞུང་ཚིག་གི་དངོས་ཟིན་དེ་ཙམ་ལས་མ་བྱུང་རུང་། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི། སངས་རྒྱས་རྣམས་ལ་གཞན་སྤངས་དང་། མ་ཐོབ་པ་ཐོབ་པར་བྱེད་ཡིད་འདུན་རྟོག་མེད་མདོ། རྣམ་པར་མི་རྟོག་བཞིན་དུ་རང་རྒྱུད་ཀྱི་ཆོས་དགེ་བ་ཐམས་ཅད་ལ་དབྱེར་མེད་དུ་འདྲེས་པའི་འདུན་པ་དང་། གཞན་དོན་མཉམ་ཉིད་དུ་ཁྱབ་པའི་ངང་ནས་དམིགས་མེད་སྙིང་རྗེས་བསྐུལ་བའི་འདུན་པའོ། བརྩོན་འགྲུས་ནི་དགེ་བའི་ཆོས་ཐམས་ཅད་ལ་རྟག་ཏུ་ཞུགས་པས་དགྱེས་པ་སྟེ་གཞན་དོན་ལྷུན་གྱིས་གྲུབ་པའི་བརྩོན་འགྲུས་སོ། །སྤྱོད་པ་ནི་དངོས་སུ་ཡེ་ཤེས་ཀྱི་སྤྱོད་ཡུལ་རྣམ་པ་མཐའ་ཡས་པ་ཐམས་ཅད་མ་འཁྲུལ་པར་མཁྱེན་པ་ཡིན་ལ། དེའི་ཤུགས་འབྱུང་དུ་ཀུན་རྫོབ་རྒྱུ་འབྲས་ཀྱི་ཆོས་ཕྲ་ཞིང་ཕྲ་བ་མ་ལུས་པ་ཡང་མ་འདྲེས་པར་མཁྱེན་པ་ཉིད་དོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི། རྣམ་གཡེང་གོ་སྐབས་ནམ་ཡང་མེད་པས་སྣང་བ་དང་། མི་སྣང་བའི་ཤེས་བྱ་ཀུན་ལ་སྲ་ཕབ་པ་ལྟ་བུའི་

(༢༠༣)ཐུགས་དང་། དཔྱོད་པས་མཁྱེན་པའི་ཡུལ་འདིས་རྩེ་གཅིག་ཏུ་གནས་པའོ། དེ་བཞིན་དུ་དད་པ་ནི། རང་དམན་གཞན་མཐོ་སོགས་མུ་བཞི་སངས་རྒྱས་ལ་མེད་ཀྱང་རང་གི་ཡེ་ཤེས་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་སྤྱོད་ཡུལ་དགེ་བ་མཐའ་ཡས་པ་རྣམས་ལ་དམིགས་པ་མེད་པའི་དགའ་བ་དང་། ཐེ་ཚོམ་ནེམ་ནུར་སྤངས་པའི་ཡིད་ཆེས་པའང་ཡོད་ལ། འདུན་པའང་གོང་དུ་སྨོས་པ་བཞིན་ཡིན་པས་དེ་ལྟ་བུའི་དད་པའོ། བརྩོན་འགྲུས་གོང་བཞིན་དང་། རྟན་པ་ནི། ཡེ་ཤེས་དེར་ཤེས་བྱ་ཐམས་ཅད་རྟག་ཏུ་འཆར་བས་ནམ་ཡང་བརྗོད་པ་མི་སྲིད་པ་སྟེ། དཔེར་ན་ཀ་བ་དྲན་ན་བུམ་པ་བརྗོད་པ་ལྟ་བུ་ནམ་ཡང་མེད་པའོ། ཏིང་ངེ་འཛིན་ནི་འཕོ་འགྱུར་གཡོ་བ་མེད་པའོ། ཤེས་རབ་ནི། ཇི་ལྟ་བ་དང་ཇི་སྙེད་ཡང་དག་པར་མཁྱེན་པའི་དབྱེ་བསྡུ་མངའ་བ་སྟེ། ཤེས་རབ་དེ་ཡང་དམིགས་མེད་ཀྱི་སྙིང་རྗེ་ཉིད་ཀྱི་ཕྱིར། སྒྲ་དོན་འདྲེས་འཛིན་གྱི་རྣམ་རྟོག་མ་ཡིན་པ་བཞིན་དུ། ངེས་པ་དང་། དཔྱོད་པ་དང་། འབྱེད་པ་དང་བསྡུ་བ་འདི་དག་རྟོག་པ་མ་ཡིན་ཏེ། རྟོག་པ་གནས་འགྱུར་གྱི་ཡེ་ཤེས་ཀྱི་ཐ་དད་འཇོག་ལ། སྤྱིར་ན་ངེས་

(༢༠༤)ཤེས་ཐམས་ཅད་རྟོག་བཅས་སུ་འཇོག་པ་ནི། རྣལ་འབྱོར་མ་ཐོབ་པའི་འགྲོ་བ་ཕལ་པ་རྣམས་ཀྱི་སྤྱི་དབང་དུ་བྱས་པའི་རྟོག་གེའི་རྣམ་བཞག་གོ །དེ་དག་ལས་སངས་རྒྱས་རང་དོན་ཀྱི་ཡེ་ཤེས་དད་སོགས་ལྔ་ནི། དགེ་ཆོས་ཐམས་ཅད་ལ་དབང་བྱེད་པའི་ཕྱིར་དབང་པོ་ཡིན་ལ། དེ་ཉིད་གཞན་དོན་མཛད་ཕྲིན་མཐའ་ཡས་པར་འབྱུང་བར་ནུས་པའི་ཆ་ནས་སྟོབས་ལྔ་ཞེས་བྱའོ། འདུན་པ། དད་པ་དང་། དཔྱོད་པ་ཤེས་རབ་དང་། སེམས་ཏིང་ངེ་འཛིན་ཡིན་པས་རྫུ་འཕྲུལ་རྐང་བཞི་ཡང་དབང་པོ་དང་ངོ་བོ་གཅིག་མདོ་ཀྱི། རང་དོན་དུ་འབད་སྩོལ་མེད་པར་ལྷུན་གྲུབ་དང་། གཞན་དོན་ཐོག་མེད་དུ་འབྱུང་བའི་ཆ་ནས་རྐང་པ་བཞིར་འཇོག་ལ། །རྫུ་འཕྲུལ་གྱི་འབྱོར་པ་སྟེ་ཡོན་ཏན་ཡིན་ལ། རྐང་པ་ནི་རང་གཞན་གཉིས་ཀྱི་སར་མྱུར་དུ་འགྲུབ་པའི་དོན་ཡིན་ནོ། །རང་དོན་ལྷུན་གྱིས་གྲུབ་པ་ལ་ཆེས་མྱུར་བ་མི་སྲིད་ཅིང་། གཞན་དོན་གང་ལ་གང་དགོས་པར་འབྱུང་བ་དེ་ཡང་ཆོས་མྱུར་བ་ཡིན་ནོ། །བྱང་ཆུབ་ཀྱི་ལམ་ཡན་ལག་བདུན་ལ། ཏིང་ངེ་འཛིན་དང་། བརྩོན་འགྲུས་དང་། ཆོས་རབ་རྣམ་འབྱེད་ཤེས་རབ་དང་། དྲན་པ་རྣམས་ངོ་བོའི་

(༢༠༥)སྒོ་ནས་གོང་དུ་བཤད་པ་དེ་ཁོ་ན་ཡིན་ཡང་། དེ་རྣམས་གདོད་མ་ནས་རང་བཞིན་རྣམ་པར་དག་པའི་ཆོས་ཉིད་དུ་གནས་པ་ནི་བྱང་ཆུབ་ཡིན་ལ། དེ་ཉིད་བློ་བུར་དྲི་མས་གོས་པ་དང་བྲལ་བའི་གནས་སྐབས་ཐོབ་པ་ནི། བྱང་ཆུབ་རང་གི་ལུས་སྟེ་མཚན་ཉིད་ལ་རྗེས་སུ་ཞུགས་པའི་ཕྱིར། ལུས་སམ་ཡན་ལག་གོ །དེ་ལྟར་ན་དག་པ་གཉིས་ཀྱི་ལྡོག་ཆ་ནས་བྱང་ཆུབ་ཡན་ལག་ཏུ་བཞག་གོ །དེ་ཡང་ཆོས་དབྱིངས་རང་གི་ངོ་བོ་ནས་ནི། དག་པ་གཉིས་ལྡན་ཁོ་ན་ཡིན་ལ། རང་བཞིན་ཁོ་ནའི་དག་པ་དང་། དག་པ་གཉིས་ལྡན་སོ་སོའི་དབྱེ་བ་ནི། གང་གིས་བསྒོམ་ཤིང་འབྲས་བུ་མངོན་དུ་བྱས་པའི་སྐྱེས་བུ་དེ་དང་། དེ་ལ་བལྟོས་ནས་དེར་འཇོག་པ་ཡིན་ཏེ། དོན་དམ་ཆོས་དབྱིངས་ཡེ་ཤེས་ཀུན་ཁྱབ་ནི། རང་ངོ་རྟག་ཏུ་གཉིས་ལྡན་ཡིན་ཡང་། ལྷ་སྦྱིན་ལ་བལྟོས་ནས་རང་བཞིན་གྱི་དག་པ་གཅིག་པུ་ལས་མེད་ཅིང་། ཡེ་ཤེས་དེའི་རང་ངོས་ནས་མ་ཟད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་བལྟོས་ནས་ཀྱང་དག་པ་གཉིས་ལྡན་ཉིད་ཡིན་པ་ལས། སྐབས་འདིར་དག་པ་གཉིས་ལྡན་

(༢༠༦)གྱི་དབང་དུ་བྱས་པའི་ཆོས་སོ་བདུན་དང་ལྷ་སོ་བདུན་དང་སྦྱོར་དགོས་པ་ཡིན་ནོ། །དགའ་བ་བྱང་ཆུབ་ཀྱི་ཡན་ལག་ནི། རང་བཞིན་ལྷན་སྐྱེས་ཀྱི་དགའ་བ་ཡིན་ལ། གོང་གི་དད་པ་དང་འགྲོས་གཅིག་པར་བྱ་བ་ཉིད་དོ། །ཤིན་ཏུ་སྦྱངས་བ་ནི། ཐིག་ལེ་མི་འགྱུར་བའི་ངོ་བོ་ཡིན་ལ། བཏང་སྙོམ་ནི་མཐའ་དབུས་བདེ་སྡུག་མཐོ་དམན་སོགས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་འབད་རྩོལ་མེད་པའི་ཡེ་ཤེས་སོ། །འཕགས་ལམ་ཡན་ལག་བརྒྱད་ལ། ཡང་དག་པའི་ལྟ་བ་ནི། རྣམ་པ་ཐམས་ཅད་པའི་མཚན་ཉིད་ཅན་ཏེ་གོང་དུ་བཤད་པའི་ཤེས་རབ་དང་གཅིག་གོ །རྟོག་པ་ནི་སྙིང་རྗེ་ཆེན་པོའོ། །ངག་ནི་ཆོས་ཉིད་དོན་གྱི་སྒྲ་དབྱངས་གཞོམ་དུ་མེད་པའི་ན་དའི་སྒྲ་སྐད་རྣམ་པ་ཐམས་ཅད་པའོ། ལས་ཀྱི་མཐའ་ནི་གཞན་དོན་དུ་ཕྲིན་ལས་མཐའ་ཡས་པ་འབྱུང་བའི་གཞི་སངས་རྒྱས་རང་སྣང་དུ་མཛད་པའི་རྣམ་འཕྲུལ་མཐའ་ཡས་པར་སྟོན་པ་དེའོ། འཚོ་བ་ནི་རང་སྣང་དུ་ཞིང་ཁམས་དང་མཆོད་སྤྲིན་བླ་ན་མེད་པའི་ཕུང་པོ་འབྱུང་བའི་ཡེ་ཤེས་སོ། །རྩོལ་བ་ནི་གོང་དུ་བཤད་པའི་བརྩོན་འགྲུས་

(༢༠༧)ཉིད་དེ་མཐའ་མེད་པའི་གཞན་དོན་དུས་ལས་མ་ཡོལ་བ་སྤྱོད་པའོ། དྲན་པ་ནི་སྔར་བཤད་པ་ཉིད་དེ། འོན་ཀྱང་ཡང་དག་པའི་དོན་ཆས་སོ། །ཐམས་ཅད་ཀྱི་ཆོས་ཉིད་དམ་སྲོག་ཏུ་སོང་བའི་སྒོ་ནས་དང་། འཕགས་པའི་ལམ་ནི་ཁྱད་པར་ཅན་གྱི་ཡོན་ཏན་མ་ལུས་པའི་གཞིར་གྱུར་པའི་ཕྱིར། ལྟ་རྩོལ་དྲན་གསུམ་ལ་ལྡོག་ཆ་དེ་གཉིས་ཀྱི་སྒོ་ནས་སྔར་གྱི་དང་མི་ཟློས་པར་རྣམ་པར་འཇོག་གོ །དེ་ཐམས་ཅད་ཀྱང་ཡང་དག་པའི་ཏིང་ངེ་འཛིན་གཅིག་པུར་འདུས་ཤིང་། སྒྱུ་མ་ལྟ་བུ་དང་། དཔའ་བར་འགྲོ་བ་ལ་སོགས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་ཡང་། ཕྱོགས་བཅུ་རབ་འབྱམས་མུ་མེད་པའི་ཞིང་གི་རྡུལ་རྙེད་ཡིན་མདོ་ཀྱི། དེས་ཀྱང་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་དབྱེ་བའི་ཆ་ལ་ཡང་བསྐྲུན་དུ་མི་མངའ་བས། ཏིང་ངེ་འཛིན་རབ་འབྱམས་མཐའ་མེད་པ་དེ་དག་དོན་དམ་ལྷན་ཅིག་སྐྱེས་པའི་བདེ་ཆེན་གཅིག་པུ་ཉིད་ཀྱི་ངོ་བོར་གནས་པ་ནི། ཡང་དག་པའི་ཏིང་ངེ་འཛིན་ཉིད་དེ། དེ་ནི་དཔལ་ཧེ་རུ་ཀར་བཞེངས་པའོ། །དེ་ཉིད་མཁའ་ཁམས་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་པས། རྡོ་རྗེ་ཕག་མོའི་དག་པ་ཡང་ཡིན་ཏེ། ཇི་སྐད་དུ་

(༢༠༨)བདེ་བ་ནམ་མཁའ་ཉིད་ཀྱི་ཁམས། ལྔ་པོ་རྣམས་ཀྱི་ཡོངས་སུ་བསྐོར། ཅེས་པ་ལྟར། སངས་རྒྱས་ཉིད་ལ་དེ་ལྟའི་ཡོན་ཏན་མངའ་བས། དགེ་ཆོས་སྔར་མ་སྐྱེས་པ་སྐྱེད་པ་སོགས་བཞི་པོ་འདི་རྣམས་གང་ཡང་མི་དགོས་མདོ། འགྲོ་དོན་སྤྱད་ནུས་ཅན་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ལྡོག་ཆའི་དབྱེ་གཞི་སྟེ། གདུལ་བྱའི་སྐལ་བ་མཆིས་པར། འཇིག་རྟེན་པ་ཁམས་གསུམ་དང་འཇིག་རྟེན་ལས་འདས་པ། ཐེག་པ་གསུམ་གྱི་དགེ་བའི་ཆོས་རྣམས་མ་སྐྱེས་པ་རྣམས་བསྐྱེད་དུ་བཞུགས་པ་དང་། སྐྱེས་ཟིན་པ་རྣམས་མི་ཉམས་ཤིང་སྤེལ་བས་བསྲུང་བ་དང་སྒྲིབ་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་དང་སྐྱེ་འགྱུར་གྱི་བག་ཆགས་བཅས་ཐམས་ཅད་སྤང་དུ་བཞུགས་པ་དང་། མི་བསྐྱེད་པའི་གནས་ལ་འགོད་པའི་ཡེ་ཤེས་ཏེ་ཡང་དག་པའི་སྤོང་བ་འདི་རྣམས་སྐབས་འདིར་གཞན་སྤྱོད་པའི་རྒྱུར་ཡེ་ཤེས་ལ་བཞག་གོ །དེ་ལྟར་ཆོས་ཉིད་དག་པ་གཉིས་ལྡན་གྱི་འབྲས་བུ་བྱང་ཕྱོགས་སོ་བདུན་འདི་རྣམས་རེ་རེ་བཞིན་ཐབས་མཁས་ཀྱི་ཆ་རེ་དང་། ཤེས་རབ་ཟབ་མོའི་ཆ་རེ་ཡོད་ལ། མཁའ་འགྲོ་ནས་གཤིན་རྗེ་འཇོམས་མའི་བར་རྣལ་འབྱོར་མ་སུམ་ཅུ་སོ་དྲུག་གི་དག་པ་བརྗོད་པས།

(༢༠༩)རང་རང་གི་ཐབས་རྣམས་ཀྱང་དེའི་དག་པ་ཡིན་པར་གོ་དགོས་ཏེ། སྙིང་པོའི་རྣལ་འབྱོར་མ་བཞིའི་ཐབས་ནི། ཧེ་རུ་ཀ་རིགས་བཞིའི། རྒྱལ་བ་རིགས་བཞི་ཏེ། མཆོད་པའི་སྣོད་བཞིའི་མཚོན་པ་དག་པར་ཡིན་པར་སོགས་སོ། །གཞན་རྣམས་ནི་ངེས་ཤིང་། ཁ་གདོང་མ་ལ་སོགས་བཞིའི་གདོང་བརྙན་བཞི་ནི། ཁམས་གསུམ་རྣམ་རྒྱལ་དང་། བདུད་རྩི་འཁྱིལ་བ་དང་། རྟ་མགྲིན་དང་། གཤིན་རྗེ་གཤེད་སྟེ་ཡབ་བཞི་སྦས་ཚུལ་ལོ། །གཤིན་རྗེ་བརྟན་མ་སོགས་བཞི་ནི་ཕྱེད་གཟུགས་ཀྱི་གཡས་པ་རྣམས། དབང་ཕྱུག་སྔོན་དང་འདོད་རྒྱལ། མི་གཡོ་བ། སྟོབས་པོ་ཆེ་སྟེ་ཡབ་རྣམས་སྦས་པའོ། །དེ་ལྟར་ན་ཆོས་སོ་བདུན་ལས་ཕྱེ་ན། ཐབས་ཀྱི་སོ་བདུན་ནི་ཡབ་སོ་བདུན་དང་། ཤེས་རབ་ཀྱི་སོ་བདུན་ནི་ཡུམ་སོ་བདུན་ནོ། །བྱང་ཕྱོགས་ཀྱི་སྐོར་འདི་རྣམས་བོད་ཐམས་ཅད་ཀྱི་མེད་དང་ཐུན་མོང་ལས་མ་བཤད་ཅིང་། དེས་ན་སྡོམ་པའི་ཆོས་སྐོར་ལ་མཁས་པ་ཇོ་བོ་བདེ་མཆོག་རྡོ་རྗེ་དང་ཅོག་རེ་ཆོས་རྒྱལ་བ་སོགས། སྔོན་གྱི་སྐྱེས་མཆོག་འགའ་ཞིག་དང་། ལྷག་པར་རྗེ་བཙུན་སྒྲོལ་བའི་མགོན་པོའི་བཀའ་དྲིན་གྱིས་ལམ་གྱི་ཆོས་སོ་བདུན་ལ་ཐུན་མོང་དང་ཐུན་མོང་མིན་

(༢༡༠)པ་གཉིས། འབྲས་བུའི་ཆོས་སོ་བདུན་ལ་ཐབས་ཤེས་གཉིས་ཀའི་རྒྱས་བཏབ་ཅན་དུ་འཆད་པ་སོགས་ཆོས་འདིའི་སྲོག་ཤིང་སྣང་བ་ལྟར་འདི་རྣམས་ནི་འབྲས་བུའི་ཆོས་རྣམས་བཀོད་པའོ། །སྔར་གཙོ་བོ་ཡབ་ཡུམ་ལྷ་བསྐྱེད་ཀྱི་སྐབས་སུ་འཆད་པའི་དག་པ་རྣམས་ཀྱང་དྲན་པར་བྱ་ཞིང་། གཞན་ཡང་སྙིང་རྗེ་ཚད་མེད་པ་ནི་མཁའ་འགྲོ་མའོ། བཏང་སྙོམས་ཚད་མེད་ནི་ལཱ་མའོ། དགའ་བ་ཚད་མེད་ནི་དུམ་སྐྱེས་མའོ། །བྱམས་པ་ཚད་མེད་ནི་གཟུགས་ཅན་མའོ། །དེ་རྣམས་ཀྱང་ཉེས་པ་ཟད་པའི་ཕྱིར་ཁ་དོག་སྔོ་བ་དང་། འགྲོ་བའི་དོན་སྣ་ཚོགས་སྤྱོད་པའི་ཕྱིར་ལྗང་གུ་དང་། བརྩེ་བས་འགྲོ་ལ་རྗེས་སུ་ཆགས་པའི་ཕྱིར་དམར་བ་དང་། ཡོན་ཏན་རྒྱས་པའི་ཕྱིར་སེར་པོ་སྟེ། ཐམས་ཅད་ཀྱང་རང་བཞིན་རྣམ་པར་དག་པའི་ཕྱིར་དཀར་བའི་མདངས་ཅན་ནོ། །མཚམས་ཀྱི་བུམ་པ་བཞི་ནི་ཡེ་ཤེས་དག་པའི་རང་བཞིན་རྒྱལ་བ་རིགས་བཞི་དང་། ཐོད་པ་ནི་རིགས་བཞི་པོ་སོ་སོ་ལ་རྗེས་འགྲོ་བའི་རྟ་མཆོག་དོན་ཡོད་གྲུབ་པའོ། ཡང་ན་འདི་རྣམས་སེམས་དཔའ་ཡབ་ཡུམ་བརྒྱད་ལ་སྦྱོར་བའི་སྐྱབས་ཀྱང་ཡོད་དོ། །གཙོ་བོའི་སྣ་ཚོགས་པདྨ་ནི། འཁོར་བ་ཕྲིན་ལས་སྣ་ཚོགས་པ་སྤྱོད་ཀྱང་འཁོར་བའི་

(༢༡༡)སྐྱོན་གྱིས་མ་གོས་པའོ། འགྲོ་བ་རྣམས་ཀྱི་སྡུག་བསྔལ་གཅོད་པའི་ཕྱིར་གྲི་གུག་གི་ཕྲེང་བས་མཚན་པ་དང་། ཡོན་ཏན་རྒྱས་པའི་ཕྱིར་མུ་ཁྱུད་སེར་པོའོ། །འགྲོ་དོན་སྣ་ཚོགས་པ་སྤྱོད་པས་གཞལ་ཡས་ཁང་གི་ཁ་དོག་སྣ་ཚོགས་པའོ། །གཞལ་ཡས་ཁང་གྲུ་བཞི་པ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དོ། །ཟུར་བཞི་པོ་ནི་ཚངས་པའི་གནས་པ་བཞིའོ། །སྒོ་ནི་རྣམ་པར་ཐར་པ་བཞིའོ། རྟ་འབབས་འདེགས་བྱེད་ཀྱི་ཀ་བ་བཞི་བཞི་ཕྱོགས་བཞིར་གནས་པ་ནི་ཡང་དག་པའི་སྤོང་བ་བཞིའོ། །དྲན་པ་ཉེར་བཞག་བཞི་ནི་འདོད་སྣམ་བཞི་འོ། སྒོ་ཁང་ནི་རྫུ་འཕྲུལ་རྐང་པ་བཞིའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་ལ་སོགས་པའི་རྒྱན་ཐམས་ཅད་པའོ། །དབང་པོ་ལྔ་ནི་རྩིགས་པ་ལྔའོ། །རྟ་བབས་བཞི་ནི་བསྡུ་བའི་དངོས་པོ་བཞིའོ། །བདག་ལྟ་འཇོམས་པའི་ཕྱིར་སྣ་ཚོགས་རྡོ་རྗེའི་ས་གཞིའོ། །རྣམ་པར་ཤེས་པ་བརྒྱད་དག་པ་དང་། སྒྱུ་མ་ལྟ་བུའི་དཔེ་བརྒྱད་ཀྱིས་མཚོན་པའི་ཕྱིར་དུར་ཁྲོད་བརྒྱད་དོ། །རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་རྡོ་རྗེའི་ཕྲེང་བའོ། །ཡེ་ཤེས་ཀྱི་འོད་ཟེར་ཀུན་ཏུ་འབར་ཞིང་གདུག་པ་ཅན་རྣམས་རིང་དུ་བསྐྱེད་པའི་ཕྱིར་

(༢༡༢)འོད་ཟེར་གྱི་འཁོར་ཡུག་གོ །དེ་ལྟར་དག་པ་དྲན་པའི་དགོས་པ་ནི། དང་པོའི་སངས་རྒྱས་གདོད་ནས་གྲུབ་པའི་ཆོས་ཉིད་ཀྱི་སྟེང་ན། རང་བཞིན་ལྷུན་གྱི་གྲུབ་པའི་སངས་རྒྱས་ཀྱི་ཆོས་མཐའ་ཡས་པ་མངའ་བ་ལས། ཡོན་ཏན་གང་དང་གང་ཞིག་ལྷ་དེ་དང་དེ་ཡི་ངོ་བོར་གདོད་ནས་གནས་པ་དེར་རང་གི་བློས་བསྒོམས་པའི་ལྷ་དེ་ཡང་རྣམ་པར་དག་པ་མོས་དགོས་པ་ཡིན་ནོ། །དེ་ནི་ཏིང་ངེ་འཛིན་གྱི་རྣལ་འབྱོར་རོ། །དེ་ནས་གནས་གསུམ་སོགས་བྱིན་གྱིས་བརླབ་པ་ནི། གཙོ་འཁོར་ལྔ་པོ་ཐམས་ཅད་ཀྱི་སྤྱི་བོར་ཟླ་བ་ལ་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་གསུང་རྡོ་རྗེའི་ངོ་བོ་ཨཱ དམར་པོ། སྙིང་གར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ་སྔོན་པོ་ནས་མཚན་པ་ཐམས་ཅད་འོད་ཟེར་འབར་བར་བསྒོམ། དེ་དག་ནི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་གསང་བ་བསམ་གྱི་མི་ཁྱབ་པའི་བདག་ཉིད་སྟེ། གནས་སྐབས་བཞི་དང་ལུས་ངག་ཡིད་ཆགས་རྟོག་དག་པ་སྐུ་བཞིའི་ངོ་བོ་ཡིན་ནོ། །སྦྱངས་བྱ་ནི་བྱིས་པའི་ལུས་ངག་ཡིད་གསུམ་གྱི་ནུས་པ་རིམ་གྱིས་འཕེལ་བ་ནི་རྡོ་རྗེ་གསུམ་བྱིན་གྱིས་རླབས་པས་སྦྱོངས། རྩ་དང་ཁམས་འཕེལ་བས་ཉོན་མོངས་པ་དུག་

(༢༡༣)ལྔའི་རྣམ་རྟོག་རགས་པར་གྱུར་པ་ནི་ཡི་གེས་སྦྱང་ཞིང་། སྦྱངས་འབྲས་ནི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་གོ་འཕང་ཐོབ་པ་ནི་གནས་གསུམ་བྱིན་རླབས་དང་། ཡེ་ཤེས་གཅིག་ཉིད་རིགས་ལྔ་ལ་སོགས་པའི་དཀྱིལ་འཁོར་རབ་འབྱམས་སུ་ཤར་བའམ། གནས་འགྱུར་མཐར་ཐུག་གི་ཡེ་ཤེས་ལྔ་ལམ་དུ་བྱེད་པའོ། གོང་མའི་སྨིན་བྱེད་ནི། ཁུ་བའི་ཁམས་སྐུ། རྡུལ་གྱི་ཁམས་གསུང་། རླུང་གི་ཁམས་ཐུགས་ཏེ། དེ་རྣམས་སྙིགས་མ་རིམ་གྱིས་ཟད་པ་དང་། དངས་མ་རིམ་གྱིས་འཕེལ་བ་ལས་བྱུང་བའི་ཡེ་ཤེས་མྱུར་དུ་སྐྱེ་བར་འགྱུར་བ་དང་། ཉོན་མོངས་དུག་ལྔའི་རང་བཞིན་ཡེ་ཤེས་སུ་འགྱུར་བ་དང་། སྤྱི་སྙིང་ལྟེ་གསང་བཞི་སོགས་རྣམ་པར་དག་པར་བྱེད་པའོ། དེ་ནས་ཡབ་ཀྱི་མཚོན་ཆ་དང་ཡུམ་གྱི་གོ་ཆ་འགོད་པ་ནི། རྒྱས་པར་ན་ཐམས་ཅད་ཞལ་དྲུག་ཕྱག་བཅུ་གཉིས་པར་བསྒོམ་པར་ཡང་བཤད་ལ། འབྲིང་པོར་རྡོར་སེམས་དང་ཕག་མོ་ཞལ་གསུམ་ཕྱག་དྲུག་པ། བསྡུས་པ་ནི་ཡབ་རྣམས་ཕྱག་བཞི་པ་དང་ཡུམ་རྣམས་ཕྱག་གཉིས་མ་ཡང་འབྱུང་ངོ་། །དེ་ལ་འབྲིང་པོ་ལྟར་ན། སྙིང་གར་ཨོཾ་ཧ་དཀར་

(༢༡༤)པོ་ལས་རྡོར་སེམས་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་རལ་གྲི་ཅང་ཏེའུ། གཡོན་གསུམ་དྲིལ་བུ་ཐོད་པ་མགོ་བོ་འཛིན་པ། སྤྱི་བོར་ཨོཾ་ན་མ་ཧི་སེར་པོ་ལས། རྣམ་སྣང་སེར་པོ་རང་རྟགས་འཁོར་ལོ། སྤྱི་གཙུག་ཏུ་ཨོཾ་སྭཱ་ཧཱ་ཧུ་དམར་པོ་ལས་པདྨ་གར་དབང་དམར་པོ་རང་རྟགས་པདྨ། མཆན་ཁུང་གཉིས་སུ་ཨོཾ་བཻཥཌ་ཧེ་ནག་པོ་ལས་ཧེ་རུ་ཀ་ནག་པོ་རང་རྟགས་ཁྲོ་བོའི་རྡོ་རྗེ། མིག་གཉིས་སུ་ཨོཾ་ཧཱུྃ་ཧཱུྃ་ཧེ་དམར་སེར་ལས་རྡོ་རྗེ་ཉི་མ་དམར་སེར་རང་རྟགས་རིན་པོ་ཆེ། ཡན་ལག་ཐམས་ཅད་ལ་ཨོཾ་ཕཊ་ཧྃ་ལྗང་གུ་ལས་རྟ་མཆོག་ལྗང་གུ་རང་རྟགས་རལ་གྲིའོ། །དེ་རྣམས་ཕྱག་བཞི་པ་གཡས་དང་པོས་རང་རྟགས་དང་། གཡོན་དང་པོས་དྲིལ་བུ་འཛིན་པས་རང་ངང་གི་ཡུམ་ལ་འཁྱུད་པའམ། ཡབ་རྐྱང་འཁྱུད་རྒྱ་ཅན། འོག་མ་གཉིས་ཀྱི་ཌཱ་མ་རུ་དང་ཐོད་པ་འཛིན་པའོ། དེ་རྣམས་ལ་རིམ་བཞིན་འཆད་འགྱུར་གྱི་རྡོ་རྗེ་ཕག་མོ། གཤིན་རྗེ་མ། རྨོངས་བྱེད་མ། སྐྱེད་བྱེད་མ། སྐྲག་བྱེད་མ། ཙཎྜི་ཀ་རྣམས་ཀྱིས་འཁྱུད་པ། ལྟེ་བར་ཨོཾ་བཾ་དམར་པོ་ལས་

(༢༡༥)རྡོ་རྗེ་ཕག་མོ་དམར་མོ་དམར་སྔོ་ལྗང་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་གསུམ་གྱི་གྲི་གུག་ཚངས་མགོ་ལྕགས་ཀྱུ། གཡོན་གསུམ་ཐོད་པ་ཁ་ཊཱཾྭ་ཞགས་པ་འཛིན་པ། སྙིང་ཁར་ཨོཾ་ཧཾ་ཡཾ་སྔོན་པོ་ལས་གཤིན་རྗེ་མ་སྔོན་མོ། ཁར་ཨོཾ་ཧྲི༚་མྃ་དཀར་མོ་ལས་རྨོངས་བྱེད་མ་དཀར་མོ། སྤྱི་བོར་ཨོཾ་ཏྲི༚་ཏྲི༚་སེར་པོ་ལས་སྐྱེད་བྱེད་མ་སེར་མོ། སྤྱི་གཙུག་ཏུ་ཨོཾ་ཧཱུྃ་ཧཱུྃ་ལྗང་གུ་ལས་སྐྲག་བྱེད་མ་ལྗང་གུ །ཡན་ལག་ཐམས་ཅད་ཨོཾ་ཕཊ་ཕཊ་དུད་ཁ་ལས་ཙཎྜི་ཀ་དུད་ཁ་རྣམས་ཕྱག་བཞིའི་གཡས་གཉིས་ན་གྲི་གུག་དང་ཅང་ཏེའུ། གཡོན་གཉིས་ན་ཐོད་པ་དང་དྲིལ་བུ་འཛིན་པ། རྡོ་རྗེ་ཕག་མོ་མ་གཏོགས་གཞན་རྣམས་ཀྱིས་ཐོད་པ་འཛིན་པའི་ཕྱག་གཉིས་ཁ་ཊཱྭྃ་ག་ཡང་འཛིན་པའམ། མཆན་ཁུང་དུ་ཁ་ཊཱྃྭ་ག་ཡོད་པ་རྡོར་སེམས་སོགས་རང་ངང་གི་བདག་པོས་འཁྱུད་པ། ཐམས་ཅད་ལ་རེ་གདན་དང་། རྡོ་རྗེ་སེམས་དཔའ་དང་རྨོང་བྱེད་མ་ཟླ་གདན་དང་། གཞན་རྣམས་ཉིད་མའི་གདན་ཅན་ནོ། །ཡབ་ཡུམ་གྱི་སྙིང་ག་ལ་སོགས་པའི་ཤ་ལྤགས་མཚམས་རྣམས་སུ་བསྒོམ་པ་ཡིན་ལ། བསྡུས་པ་དཔའ་བོ་དྲུག་པོ་རྣམས་ལས་གཞན་སྔར་དང་འདྲ་

(༢༡༦)རྡོ་རྗེ་སེམས་དཔའ་ཡང་རང་རྟགས་རྡོ་རྗེ་དམར་པོ་རྩེ་ལྔ་པ་འཛིན་ཅིང་། ལྷག་མ་གཞན་དང་འདྲ་བ་དང་། རྣལ་འབྱོར་མ་དྲུག་ཀ་གྲི་ཁུག་དང་ཐོད་ཁྲག་འཛིན་པ་ཁོ་ནའོ། རྒྱུད་ལས་གར་སྟབས་དང་། གཡས་བརྐྱང་གཉིས་འདི་ཁར་གསུངས་ཀྱང་གཡས་བརྐྱང་ཁོ་ན་བྱའོ། །དེ་དག་ཀྱང་རང་ངང་གི་སྔགས་ལས་བསྐྱེད་ཅིང་སྔགས་ཀྱིས་བྱིན་གྱིས་བརླབས་པའོ། རྟ་མཆོག་དང་ཙཎྜི་ཀ་ནི་སྐྲ་མཚམས་སུ་བཀོད་ནས་འོད་ཀྱི་ལུས་ཐམས་ཅད་ཁྱབ་པར་བྱེད་པའམ། དཔུང་པ་གཉིས་དང་། བར་ལྟ་བུ་གཉིས་དང་། དབྱི་གཉིས་དང་པུས་མོ་གཉིས་ཏེ་ཚིག་ཆེན་བརྒྱད་ལ་བཀོད་ནས་དེའི་འོད་ཀྱི་ལུས་ཐམས་ཅད་ཁྱབ་པར་བསྒོམ་པ་ཡིན་ནོ། །དེ་ལྟར་ཡབ་ལ་གོ་ཆ་ཉི་ཤུ་རྩ་བཞི་སྟེ། ཡུམ་ལའང་དེ་ལྟར་དུ་བསྒོམ་པར་བྱའོ། ཡང་ན་ལྷ་སྐུ་བསྒོམ་པ་མི་སྤྲོ་བའི་བསྡུས་པར་དགའ་ན། ཡིག་འབྲུ་ཉིད་བསྒོམས་ནས་ལྷ་ཡི་ངོ་བོར་མོས་པས་ཀྱང་གོ་ཆོད་པས་དེ་ལྟར་ཐུགས་ཀར་རྡོར་སེམས་ཀྱི་ངོ་བོ་ཨོཾ་ཧ་དཀར་པོ་ཡི་གེ་ཁ་ཕྱིར་བསྟན་པའི་མདུན་དུ་ཨོཾ་བཾ་དམར་པོ་ཁ་ནང་དུ་བསྟན། མགོ་བོར་རྣམ་སྣང་ངོ་བོ་ཨོཾ་ན་

(༢༡༧)མ་ཧི་སེར་པོའི་མདུན་དུ་ཨོཾ་ཧི་ཡི་སྔོན་པོ། སྤྱི་གཙུག་ཏུ་པདྨ་གར་དབང་ངོ་བོ་ཨོཾ་སྭཱ་ཧཱ་ཧཱུ་དམར་པོའི་མདུན་དུ་ཨོཾ་ཧྲི༚་མི་དཀར་པོ། འཕྲག་པ་གཉིས་སུ་དཔལ་བཤམ་ཧེ་རུ་ཀའི་ངོ་བོ་ཨོཾ་བཻ་ཥཊ་ཧེ་ནག་པོའི་མདུན་དུ་སྐྱེད་བྱེད་མའི་ངོ་བོ་ཨོཾ་ཏྲི༚་ཏྲི༚་སེར་པོ། མིག་གཉིས་སུ་རྡོ་རྗེ་ཉི་མའི་ངོ་བོ་ཨོཾ་ཧཱུྃ་ཧཱུྃ་ཧོ དམར་སེར་གྱི་མདུན་དུ་སྐྲག་བྱེད་མའི་ངོ་བོའི་ཨོཾ་ཧཱུྃ་ཧཱུྃ་ལྗང་གུ །ཡན་ལག་ཐམས་ཅད་ལ་རྟ་མགྲིན་གྱི་ངོ་བོ་ཨོཾ་ཕཊ་ཧཾ་ལྗང་གུའི་མདུན་དུ་གཏུམ་མོའི་ངོ་བོ་ཨོཾ་ཕཊ་ཕཊ་དུད་ཁ་རྣམས་ཀྱིས་མཚན་པ། ལྟེ་བར་ཨོཾ་བཻ་དམར་པོ་ཁ་ཕྱིར་བསྟན་པའི་མདུན་དུ་ཨོཾ་ཧ་དཀར་པོ་ཁ་ནང་དུ་བསྟན་པ་སོགས་སྔ་མས་རིགས་འགྲེའོ། །ཡན་ལག་ཐམས་ཅད་ཅེས་པ་ནི་གོང་དུ་འཆད་པ་ལྟར་རོ། །དེ་དག་ནི་གོ་ཆ་བཞི་ཕྲག་ཏུ་གྲགས་པ་ཤིན་ཏུ་ཟབ་ཅིང་གལ་ཆེ་ལ་ཅིས་ཀྱང་མི་ནུས་ན་ཉིས་ཕྲག་ཏུ་བྱེད་དེ་ཡབ་ལ་ཡབ་ཀྱི་གོ་ཆ་ཁ་སྦྱོར་ཅན་དང་། ཡུམ་ལ་ཡུམ་གྱི་གོ་ཆ་ཁ་སྦྱོར་འགོད་དོ། །མཚོན་དང་གོ་ཆ་ཞེས་པ་ཡང་། ཕྱི་མས་ནི་རང་ཉིད་བསྲུང་བའི་དོན་ཡིན་ལ། སྔ་མས་ནི་དེར་

(༢༡༨)མ་ཟད་ཕ་རོལ་གྱི་དུག་མཚོན་མེ་སོགས། དེ་འདྲའི་སྔགས་སྦྱོར་ངན་པ་རྣམས་ཀྱང་འཇིགས་པའོ། །དེ་ནི་བྱང་ཆུབ་བཞི་ལས་ཡི་གེ་འགོད་པ་སྟེ། དགོས་པ་ནི་དབང་པོ་དྲུག་དང་ཡུལ་དྲུག་བྱིན་གྱིས་བརླབས་པས་བར་ཆད་ཐམས་ཅད་བསྲུང་བར་འགྱུར་བ་ཡིན་ལ། སྦྱངས་བྱ་ནི། མངལ་ནས་བཙས་པའི་རྗེས་སུ་དབང་པོ་དྲུག་གོང་འཕེལ་དུ་འགྲོ་བ་དང་། དེས་ཡུལ་དྲུག་འཛིན་པའི་ནུས་པ་འཕེལ་བ་སྦྱོངས། སྦྱངས་འབྲས་ནི། སངས་རྒྱས་ཐོབ་ན་མཐའ་མེད་པའི་མངོན་ཤེས་དྲུག་དང་། དེའི་སྤྱོད་ཡུལ་དུ་གྱུར་པའི་ཆོས་ལ་དབང་འབྱོར་བ་ལམ་དུ་བྱེད། གོང་མའི་སྨིན་བྱེད་ནི། དབང་པོ་རྣམས་ཀྱི་རྩ་ཁམས་རླུང་རྣམས་བྱིན་གྱིས་བརླབས་ཏེ། རྩ་མདུད་གྲོལ་བླ་རླུང་མདུད་བླ་ཐིག་ལེ་འཕེལ་ཞིང་རྒྱས། བདེ་ཆེན་གྱི་དྲངས་པའི་མངོན་ཤེས་དྲུག་སྐྱེ་བ་སོགས་ཡིན་ནོ། །རྡོར་སེམས་སོགས་དྲུག་པོ་འདི་དག་ལ་རིགས་དྲུག་གི་མཚན་བྱུང་བ་རིགས་དང་འགྲོ་ལྡོག་གི་འགྲོས་མཚུངས་ཀྱང་། རྒྱལ་བ་རིགས་དྲུག་དངོས་དང་ཅུང་ཟད་མི་གཅིག་ལ། འཁོར་ལོ་གསུམ་གྱི། སྐུ་ཡི་འཁོར་ལོ་ན་བཞུགས་པའི་རྟ་མགྲིན་སོགས་དྲུག་པོ་དང་། ཡང་ལྷ་རིགས་མི་གཅིག་སྟེ། དོན་ལ་འདི་ཉིད་ཀུན་ཏུ་བཟང་པོ་ནས་སྒྲིབ་

(༢༡༩)སེལ་གྱི་བར་དུ། བྱང་ཆུབ་སེམས་དཔའ་དྲུག་ཅེས་ཀུན་ཏུ་གྲགས་པ་དང་དོན་གཅིག་ཀྱང་། བྱང་སེམས་ཀྱི་ཚུལ་དུ་མི་སྒྲུབ་པར་དེ་བཞིན་གཤེགས་པའི་ཚུལ་དུ་སྒྲུབ་པའོ། །དེ་ཡང་ཡིད་ལ་རྡོ་རྗེ་སེམས་དཔའ་ཀུན་བཟང་སྙིང་གར་གནས་པ་སྤྱི་དང་མཚུངས། རྣམ་སྣང་མཁའ་སྙིང་སྣ་ཡི་དབང་པོ་དག་པ་འཚོགས་མར་འགོད་པ་ནི། སྣ་ཡི་རྩེ་རྩེ་དེ་ན་གནས་པ་ཡིན་ལ། དགོས་པ། རུས་ཚིག་ལ་སོགས་ཆགས་པའི་ཐ་མ་ཡིན་པའི་ཕྱིར། དེ་ནས་བསྲུང་བས་ལུས་ཀྱི་བར་ཆད་ཐམས་ཅད་སྲུང་བའོ། །པད་གར་སྤྱན་གཟིགས་ལྕེ་དབང་དག་པ་སྤྱི་གཙུག་ཏུ་འགོད་པ་ནི་ལྕེ་དབང་ལྕེ་ཆུང་དང་བཅས་པའི་རྩེ་དེ་ལས་བྱུང་བའི་ཕྱིར་དང་། དགོས་པ་ནི། བྱང་སེམས་སུམ་ཅུ་རྩ་གཉིས་འབབ་པའི་གནས་ཡིན་པས། དེ་བསྲུང་བས་ཁམས་ཀྱི་བར་ཆད་ཐམས་ཅད་བསྲུང་ནུས་པའི་ཕྱིར་རོ། །ཧེ་རུ་ཀ་ཕྱག་རྡོར་རྣ་དབང་དག་པ་ཕྲག་པའི་རྩ་བར་འགོད་པ་ནི། རྣ་བའི་རྩ་རྒྱུད་དེ་ན་གནས་པའི་ཕྱིར་དང་། དགོས་པ་ནི། ལེན་པའི་ལག་པ་དང་། འགྲོ་བའི་རྐང་པ་དང་། སྨྲ་བའི་ངག་རྣམས་མགྲིན་པའི་འཁོར་ལོ་བརྟེན་ནས་གནས་དེ་དང་དེར་བྱ་བ་བྱེད་པ་

(༢༢༠)ཡིན་པས། དེར་ལྷ་དེ་བཀོད་པས་དེ་དག་ལ་བར་ཆད་བསྲུང་བར་འགྱུར་རོ། །རྡོ་རྗེ་ཉི་མ་ས་སྙིང་མིག་དབང་གི་རང་བཞིན་དང་། རྟ་མཆོག་སྒྲིབ་སེལ་ལུས་དབང་གི་རང་བཞིན་གཉིས་ནི་རང་གནས་སུ་བཀོད་པ་ཡིན་ནོ། །གོ་ཆའི་རྡོ་རྗེ་ཕག་མོ་ནི། དཀྱིལ་འཁོར་གཙོ་མོ་དང་ཅུང་ཟད་མི་གཅིག་སྟེ། ཆོས་ཁམས་རྡོ་རྗེ་མ་དང་དོན་གཅིག་ལ་ཡིད་ཀྱི་ཡུལ་ཆོས་ཁམས་ཀྱི་སྣང་བ་སྐྱེད་པའི་རླུང་ལྟེ་བ་ན་གནས་པས་དེར་འགོད་ལ། རྡོ་རྗེ་སེམས་དཔའི་དང་འདི་གཉིས་ཀྱི་དཔྱི་དང་ཐིག་ལེའི་བར་ཆད་བསྲུང་བ་ཡིན་ལ་གཤིན་རྗེ་མོ་ནི་འཇོམས་པའི་རྡོ་རྗེ་མ་སྟེ། སྒྲ་རྣམ་པར་དག་པ་སྙིང་ག་སེམས་ཀྱི་གནས་ལ་གནས་པའོ། རྨོངས་བྱེད་མ་ནི་རོ་རྣམ་པ་དག་པ་དཀར་ཤམ་ཆེན་མོའི་ངོ་བོ་སྟེ་རང་གནས་ཁར་འགོད་པའམ། སྐྱེད་བྱེད་མ་ནི་དྲི་རྣམ་པར་དག་པ། ནམ་མཁའི་སྤྱན་མ་ཞེས་བྱ་བའི་ངོ་བོ་དཔྲལ་བ་རླུང་གི་གནས་སུ་འགོད་དེ། རླུང་བི་དྲིའི་གྲོགས་ཡིན་པའི་ཕྱིར་རོ། །སྐྲག་བྱེད་མ་ནི་གཟུགས་རྣམ་པར་དག་པ་ལྷ་མོ་ས་འོག་རྡོ་རྗེ་མའི་ངོ་བོ་སྟེ། ལུས་ནི་གཟུགས་གཙོ་བོར་གྱུར་པའི་ཕྱིར། ལུས་ཀྱི་མཆོག་སྤྱི་

(༢༢༡)

(༢༢༡)གཙུག་ཏུ་འགོད་པའོ། ཙནྜི་ཀཱ་ནི་རེག་བྱའི་ངོ་བོ་ཟླ་བ་མའམ། རྒྱ་མཚོའི་ལྷ་མོ་སྟེ་རང་གི་གནས་ལུས་ཐམས་ཅད་ལ་འགོད་པའོ། འདི་རྣམས་ཀྱིས་ནི་ཡུལ་དྲུག་གི་བར་ཆད་བསྲུང་བ་སྟེ། ལོངས་སྤྱོད་དམ་ཉེ་བར་སྤྱོད་པའི་ཡུལ་ཐམས་ཅད་ཀྱིས་སོ། །འདི་རྣམས་རྒྱུད་གཞན་ལ་སེམས་མ་དྲུག་ཏུ་གྲགས་པ་དང་དོན་གཅིག་ཀྱང་སྐབས་འདིར་སེམས་མའི་ཚུལ་དུ་མི་སྒྲུབ་པར་རྡོ་རྗེ་མ་མོའི་ཚུལ་དུ་སྒྲུབ་པའོ། །དེ་དག་ནི་བྱིན་གྱིས་བརླབས་པའི་རྣལ་འབྱོར་རོ། །བཞི་པ་སྒྲུབ་ཆེན་ལ་གསུམ་གྱི། དང་པོ་འཇུག་པའི་རྣལ་འབྱོར་ནི། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་སྟེ། དེ་ཡང་། དགོས་པ། སྔར་རང་ཉིད་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་མོས་ཀྱང་ངང་གི་འཇུག་པའི་འདུ་ཤེས་ནི། རང་དང་སངས་རྒྱས་རྣམས་ཐ་དད་དང་། རང་དམན་ཅིང་དེ་རྣམས་བཟང་བའི་འདུ་ཤེས་འབྱུང་བ་ལ་དམ་ཡེ་བསྲེས་པས་དེ་རྣམས་སྦྱོང་ཞིང་ཡེ་ཤེས་པའི་ང་རྒྱལ་དུ་ན་འཕོ་སྟེ་སྔར་རང་ཉིད་གསར་དུ་སངས་རྒྱས་པའི་ང་རྒྱལ་ཡོད་པ་ལས་འདིས་ཐོག་མ་མེད་པ་ནས་སངས་རྒྱས་ཐོབ་པ་ཞིག་ཡིན་པའི་སྐྱོན་ཀུན་སྤང་། ཡོན་ཏན་ཀུན་རྫོགས་གདོད་ནས་གྲུབ་པའི་དཔལ་ཧེ་རུ་

(༢༢༢)ཀ་དེ་ཉིད་ནི་རང་དང་དབྱེར་མེད་པའི་ང་རྒྱལ་འབྱུང་ཞིང་ཤེས་པའི་ཕྱིར་དང་། སངས་རྒྱས་ཐམས་ཅད་ཀྱང་རང་ཉིད་ལ་འདུས་པའི་ངོ་བོར་མོས་པས། དེ་ཐམས་ཅད་ཀྱི་བྱིན་བརླབས་འཇུག་པའི་དགོས་པ་ཡོད། ང་རྒྱལ་དེ་ལྟར་འཕེལ་བའི་ཕྱིར་སྤྱན་སོགས་ཆ་ཤས་རེ་རེ་ལ་དམིགས་ནས་ཀྱང་ང་རྒྱལ་བྱེད་དགོས་སོ། ། ནག་པོའི་དཀྱིལ་ཆོག་ལས། རྐང་པ་མནན་ཞིང་གྱེན་དུ་བལྟས་ནས་ནི། ཕཻ༚་ཞེས་བྱ་བའི་སྒྲ་སྒྲགས་པར་བྱ། ཕྱོགས་བཅུར་གནས་པའི་དཔའ་བོ་དང་། རྣལ་འབྱོར་མ་ནི་དགུགས་པ་སྟེ། མཛུབ་གཉིས་མདུད་ཅིང་གུང་མོ་གཉིས་སྦྱར་ཏེ་མཐེ་བོང་རྡོ་རྗེ་ནི། བརྟན་པར་སྦྱར་ལ་དཔྲལ་བ་ཡི། དབུས་སུ་ལེགས་པར་བཞག་པར་བྱ། ཕྱག་རྒྱ་མ་མོའི་ཚོགས་བསྐུལ་ནས། བསྐོར་ཞིང་ངེས་པར་བཞུག་པར་བྱ། ཅེས་གསུངས་བཞིན། སྙིང་ཁར་ཉི་མ་ལ་གནས་པའི་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ་ཡིག་དེ་ལས་འཕྲོས་པའི་འོད་ཀྱི་དྲྭ་བས་ཕྱོགས་ཐམས་ཅད་དུ་སོན་པས་དཔལ་འཁོར་ལོ་སྡོམ་པའི་ལྷ་ལྔའི་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་གྱི་འཁོར་ལོ་བརྗོད་དུ་མེད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོགས་དཔའ་བོ་དང་རྣལ་འབྱོར་མ་དབང་གི་ལྷ་སངས་རྒྱས་དང་བཅས་

(༢༢༣)པའི་ཚོགས་ཐམས་ཅད་ཀྱང་དཔལ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པའི་རྣམ་པར་མདུན་གྱི་ནམ་མཁར་བྱོན་པར་བསམ་ཞིང་རྐང་པ་གཡོན་པའི་བོལ་གྱིས་གཡས་པའི་བོལ་མནན། མིག་གྱེན་དུ་ལྟ་ཞིང་བསྒྱུར། ལག་པ་གཉིས་མཐེ་བོང་རྩེ་སྤྲད་ལ་ཐུར་དུ་བསྟན། མཛུབ་མོ་གཉིས་འདུད། གུང་མོ་གཉིས་རྩེ་སྤྲད། སེར་མོ་ལྷག་མ་བཞི་བརྐྱང་བ་ནི། འབར་བའི་ཕྱག་རྒྱའམ། སྐྱེ་གནས་ཀྱི་ཕྱག་རྒྱ་ཞེས་བྱ་བ་སྟེ། དཔྲལ་བའི་ཐད་དུ་སྤྱོན་དུ་ལན་གསུམ་བསྐོར་ཞིང་གཡས་སུ་གཅུ། ངག་ཏུ་ཕཻ༚་ཞེས་བརྗོད་པས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་བཞུགས་པ་ལ། རང་གི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་བཅུ་དྲུག་གི་མཆོད་པས་མཆོད་ནས། ཛཧཱུྃ་བྃ་ཧོཞེས་པས། རྒྱས་པར་ན་གཙོ་བོའི་ཐུགས་ཀ་ནས་མཁའ་འགྲོ་མ་བཞི་སྤྲོས་ཏེ། ལྕགས་ཀྱུ་ཐོགས་པས་ཛ ཞེས་ཡེ་ཤེས་པ་རྣམས་བཀུགས་ནས། ལྷ་སོ་སོའི་སྨིན་མཚམས་ཐམས་ཅད་ཀྱི་ནམ་མཁར་བཞགས། ཞགས་པ་ཐོགས་པས་ཧཱུྃ་ཞེས་དམ་ཚིག་སོ་སོ་ལ་བསྟིམ། ལྕགས་སྒྲོགས་ཐོགས་པས་བྃ་ཞེས་དམ་ཡེ་འབྲལ་བ་མེད་པར་

(༢༢༤)བཅིངས། དྲིལ་བུ་ཐོགས་པས་ཧོ ཞེས་ལྷ་དེ་དགྱེས་བཞིན་དུ་བཞུགས་པར་བསམ། དེ་རྣམས་སོ་སོའི་ཕྱག་རྒྱ་འཆའ། མཁའ་འགྲོ་མ་བཞི་པོ་དེ་ཡང་རང་གི་ཐུགས་ཀར་བསྡུ་བསྡུས་པར་ན་ཛ ཞེས་རང་གི་སྨིན་མཚམས་ནས་ཞུགས། ཧཱུྃ་ཞེས་སོ་སོར་ཐིམ། བཾ་ཞེས་དབྱེར་མེད་དུ་བཅིངས། ཧོ ཞེས་དགྱེས་པར་བསམ། དབང་ལྷ་མ་གཏོགས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་ཉིད་དམ་ཚིག་པ་ལ་སོ་སོར་དབྱེར་མེད་དུ་བསྟིམ་ནས་རོ་གཅིག་པར་བསམ། དེས་སྦྱངས་བྱ་སྐྱེས་བུ་དེ་རང་དང་རིས་མཐུན་གྱི་འགྲོ་བ་སྔ་མ་རྣམས་དང་བློ་གྲོས་ཀྱི་ནུས་པ་མཉམ་པར་ཤན་དབྱེ་ཞིང་རྣམ་རྟོག་རགས་པར་གྱུར་ལ། སེམས་ཀྱི་མཐུ་རྫོགས་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཡེ་ཤེས་གཅིག་ཏུ་གྱུར་པས་དགོངས་པ་གཉིས་སུ་མེད་པར་རོ་མཉམ་པ་ཉིད་ཡིན་ཅིང་། ལམ་དུས་སུ་དཔེའི་འོད་གསལ་གྱིས་དོན་གྱི་ཡེ་ཤེས་མཚོན་པར་བྱེད་པ་དང་། འཁོར་འདས་གཉིས་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་གདིང་བའོ། ཡང་གོང་མའི་སྨིན་བྱེད་ནི་ཟུང་འཇུག་གི་སྐུ་གཉིས་འཛིན་སྤངས་པ་ཐོབ་པ་ན་ཡེ་ཤེས་ཀྱི་སྐུའོ། །དེ་ནས་རྣམ་ལྔ་འདོད་སྐོར་བྱས་ཤིང་། ཆོས་ཐམས་ཅད་ཀྱི་རང་བཞིན་ཐབས་ཀྱི་

(༢༢༥)དཀྱིལ་འཁོར་དང་ཤེས་རབ་བདེ་སྟོང་དབྱེར་མེད་ཟུང་འཇུག་གི་རྣལ་འབྱོར་དུ་གདོད་ནས་དག་པའི་ཕྱིར་བདག་ཀྱང་ཟུང་འཇུག་གི་རྣལ་འབྱོར་དུ་དག་གོ །ཞེས་ང་རྒྱལ་བཟུང་བ་ནི། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། བོད་སྐད་དུ། ཨོཾ་ཟུང་འཇུག་དག་པ་ཆོས་ཐམས་ཅད་ཟུང་འཇུག་ཏུ་དག་པ་ངའོ། ཞེས་བརྗོད་པས། དམ་ཡེ་མཉམ་པར་གྱུར་པ་དེའི་ཕྱིར་འདི་ནི་མི་ཕྱེད་པས་རྡོ་རྗེ་སྟེ། ཟུང་འཇུག་གི་རྣལ་འབྱོར་ལམ་དུ་བྱེད་པའོ། ཞེས་བརྗོད་ཅིང་། རྣལ་འབྱོར་དེའི་སྔགས་ཀྱི་བརླབ་བོ། །དེས་སྐྱེས་བུ་ལོ་བཅུ་དྲུག་གི་མཐར་རྩལ་དང་རྣམ་རྟོག་རྫོགས་པར་སྦྱངས། འབྲས་བུ་སངས་རྒྱས་ཐམས་ཅད་གཅིག་ཏུ་བདེ་སྟོང་དབྱེར་མེད་པའི་ཟུང་འཇུག་ཡེ་ཤེས་ཀྱི་སྐུར་འགྱུར་བ་མཚོན་ནོ། །གཉིས་པ། དབང་བསྐུར་རྣལ་འབྱོར་ནི་དེ་ཡང་། དགོས་པ་ནི། ཉེ་རྒྱུའི་དབང་གི་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་དང་ཆོས་དང་མཚུངས་པའི་མཐོང་ལམ་འགྲུབ་པ་དང་སྦྱར་ལ། འཁོར་ལོ་བཞིའི་རྩ་སོགས་རྩ་ཁམས་དག་ཅིང་བྱིན་གྱིས་རློབས་པ་དང་། རིགས་བདག་རྩ་བའི་བླ་མ་ཡིན་པས་དེའི་བྱིན་རླབས་འཇུག་པའི་གནད་དམ། ཡང་ན། སྔགས་ཀྱི་ལྷ་དེ་ཉིད་རྒྱལ་སྲིད་དུ་བསྐོས་པ་ཡིན་པས་

(༢༢༦)ཕྲིན་ལས་བསྒྲུབ་པའི་མཆོག་ཏུ་དབང་བའི་ཕྱིར་རོ། །སླར་ཡང་རང་གི་སྙིང་ཀ་ནས་སྤྲོས་པའི་ལྷ་མོ་བཅུ་དྲུག་གི་དབང་ལྷ་རྣམས་མཆོད་ནས་དམ་ཚིག་པ་རྣམས་ཀྱི་དབང་གི་ལྷ་ལ་དེ་བཞིན་གཤེགས་པ་ཀུན་གྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་དབང་བསྐུར་བར་གསོལ་བ་བཏབ་པའི་མེད་ལ། ལམ་གྱི་བླ་མ་དབྱེར་མེད་པའི་དཔལ་ཧེ་རུ་ཀའི་ཕྱག་ན་རིན་པོ་ཆེའི་བུམ་པ་ཐོགས་ཤིང་། རྡོ་རྗེ་ཕག་མོ་ལ་སོགས་པ་རྣལ་འབྱོར་མ་ལྔ་པོ་རྣམས་ཀྱིས་གཡས་ཌཱ་མ་རུ་ཁྲོལ་བ་དང་། གཡོན་པས་ཐོད་པ་བུམ་ཆུ་བླངས་ཏེ་བདག་ཉིད་ཀྱི་སྤྱི་བོ་ནས་བླུགས། སྒོ་མཚམས་མ་བརྒྱད་རྣམས་ཀྱིས་བགེགས་བསྐྲད། བི་ཝཾ་མ་སོགས་ལྷ་མོ་བཅུ་དྲུག་གི་བདག་ཉིད་ལ་མཆོད། མཁའ་འགྲོ་མ་རྣམས་ཀྱི་རྡོ་རྗེའི་གླུ་དབྱངས་ལེན། སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོ་རྣམས་ཀྱིས་ཤིས་པར་བརྗོད་དེ། ཇི་ལྟར་བལྟམས་ཚེ་སོགས་དང་། ཨོཾ་སརྦ་སོགས་ཏེ། སྔགས་དོན་ཨོཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དཔལ་གྱི་མངོན་པར་དབང་བསྐུར་དུ་གསོལ། ཞེས་བརྗོད་ནས། ཧཱུྃ་སོགས་ཀྱི་དབྱངས་དང་བཅས། གུར་གུམ་གྱི་ཆུ་དང་མེ་ཏོག་དཀར་པོ་གཏོར་ཞིང་གདུགས་

(༢༢༧)དང་བ་དན་བསྒྲེངས་ཏེ། ཀུན་ནས་ཡིད་སྤྲོ་བའི་བྱ་བས་བདག་ལ་མངོན་པར་དབང་བསྐུར་བར་བསམ་ལ། ཡེ་ཤེས་ཀྱི་བདུད་རྩི་དབང་གི་ཆུ་རྒྱུན་གྱིས་སྨིན་མཚམས་ཡན་ཆད་གང་བས་བུམ་དབང་ཐོབ། ཕྱི་ནང་གི་དངོས་པོ་ཐ་མལ་གྱི་སྣང་ཞེན་ཐམས་ཅད་དག་ལུས་བྱིན་གྱིས་བརླབས་པས་ལུས་ཀྱི་ཆོས་ཉིད་སྐུ་རྡོ་རྗེ་དང་། མགྲིན་པ་ཡན་ཆད་གང་བས་གསང་དབང་ཐོབ། ཟིན་དང་མ་ཟིན་པའི་སྒྲ། དེའི་རྒྱུ་རླུང་དང་། རྩ་གསུམ་ཡི་གེའི་གདོང་དུ་ཡོད་པ་སྤྲོས་པའི་རྣམ་རྟོག་བསྐྱེད་པའི་མཐུ་ཅན་རྣམ་དག་ངག་བྱིན་གྱིས་བརླབས་པས་ངག་གི་ཆོས་ཉིད་གསུང་རྡོ་རྗེ་དང་། སྙིང་ག་ཡན་ཆད་གང་བས་ཤེར་དབང་ཐོབ་སྒྲ་དོན་སྣང་བའི་ཀུན་ཏུ་རྟོག་པ་དག །སྙིང་ག་ནས་གསང་བའི་བར་གྱི་རྩ་ཐམས་ཅད་ཀྱང་བྱང་ཆུབ་སེམས་ཀྱི་བྱིན་གྱིས་རླབས་ཤིང་། སེམས་བདེ་བས་བྱིན་གྱིས་བརླབས་པས་ཡིད་ཀྱི་ཆོས་ཉིད་ཐུགས་རྡོ་རྗེ་དང་ལྟེ་བ་ཡན་ཆད་གང་བས་བཞི་པའི་དབང་ཐོབ་གཟུང་འཛིན་གཉིས་སྣང་གི་ཤེས་པ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ཐམས་ཅད་དག །སྒོ་གསུམ་བདེ་སྟོང་དབྱེར་མེད་དུ་བྱིན་གྱིས་བརླབས་པས། ལུས་ངག་ཡིད་གསུམ་བདེ་

(༢༢༨)སྟོང་དབྱེར་མི་ཕྱེད་པ་མི་ཕྱེད་རྡོ་རྗེ་འམ་རྡོ་རྗེ་སེམས་དཔའི་ཡེ་ཤེས་རྡོ་རྗེར་གནས་གྱུར། དབང་ལྷ་རྣམས་ཀྱང་རང་ཉིད་ལ་ཐིམ་ཅིང་། ཆུ་ཡི་ལྷག་མ་ཡར་ལུད་བྱུང་བ་སྤྱི་བོར་འཁྱིལ་པ་ལས་བཅོམ་ལྡན་འདས་ལ་མི་བསྐྱོད་པ། རྡོ་རྗེ་ཕག་མོ་ལ་རྣམ་པར་སྣང་མཛད། མཁའ་འགྲོ་མ་བཞི་ལ་རིན་ཆེན་འབྱུང་ལྡན་གྱིས་དབུ་རྒྱན་པར་བསམ་མོ། །དེ་ནི་མངོན་བརྗོད་བླ་མ་ལས། དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས་ནམ་མཁའི་དཀྱིལ་ཡོངས་སུ་གང་བར་བལྟས་ལ། བདུད་རྩི་ལྔས་ཡོངས་སུ་གང་བའི་ཐོད་པས་དབང་བསྐུར་བའི་ཚུལ་གྱིས། དེ་དག་ལ་དབང་བསྐུར་བར་བསམ་མོ་ཞེས་གསུང་པ་ལྟར་ཏེ། སྦྱངས་གཞི་ཕ་མའི་ཁུར་ཁྱེར་ཏེ་རང་གི་རིགས་ཀྱི་འཁོར་བའི་བྱ་བ་ལ་དབང་འབྱོར་པ་སྦྱངས། སྦྱངས་འབྲས་ཉེ་རྒྱུ་རྣམ་པ་གསུམ་ལས་སངས་རྒྱས་སྐུ་གསུམ་ཀྱི་དབང་བསྐུར་གསུམ་པའི་མཐར་ཁམས་སུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་ཞིང་རིགས་ཐམས་ཅད་ཁྱབ་བདག་ཏུ་གྱུར་པས་དེ་མཚོན་ཞིང་དེའི་ང་རྒྱལ་བྱའོ། ལམ་དུས་སུ་དེ་ལྟ་བུར་དབང་ཞིང་ཡེ་ཤེས་ལྷའི་བྱིན་བརླབས་འཇུག་པའི་རྒྱུའོ། ཡང་གོང་མའི་སྨིན་བྱེད་ནི། སྐད་ཅིག་མ་དང་ས་ལམ་གྱི་བསྡུས་པའི་དགའ་བཞི་ལུགས་འབྱུང་དང་ལུགས་

(༢༢༩)ཟློག་གི་རིམ་པ་ཐམས་ཅད་དབང་བསྐུར་བ་དང་། རླུང་དང་ཐིག་ལེར་གཙུག་ཏོར་དུ་ཐིམ་པ་རིགས་བདག་གི་རྒྱས་འདེབས་པའོ། དེ་རྣམས་དབང་གི་རྣལ་འབྱོར་རིམ་པའོ། དེ་ནས་གསུམ་པ་མཆོད་བསྟོད་ཀྱི་རྣལ་འབྱོར་ནི། རང་གི་ཐུགས་ཀའི་ས་བོན་ལས་སྤྲུལ་པའི་མཆོད་སྤྲིན་མཆོད་པའི་ཡོ་བྱད་དང་བཅས་པའི་ལྷ་ཀླུ་མིའི་གཙོ་བོ་རིགས་མ་ལྷ་མོ་རྣམས་ཀྱིས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་མཆོད་པར་བསམ་ཞིང་། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཀྱིས་མཆོད་པ་དང་། སླར་ཡང་རིགས་མ་བཅུ་དྲུག་གི་ལྷ་མོར་སྤྲོས་ནས་མཆོད་པར་བསམ་ལ་དེ་རྣམས་ཀྱི་སྔགས་བརྗོད་པ་ནི་ཕྱི་ཡི་མཆོད་པའོ། དེས་སྦྱངས་བྱ་འཇིག་རྟེན་གྱི་བཟའ་བཏུང་གོས་དང་གནས་ཁང་སོགས་འདོད་ཡོན་ལ་སྤྱོད་ཅིང་ཡུལ་བསྟེན་པ་སྦྱངས། སྦྱངས་འབྲས་ལྷ་རྣམས་མཉེས་པ་དང་འབྲས་བུ་རྣམ་དག་གིས། མཆོད་སྤྲིན་ནམ་མཁའི་མཛོད་ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བ་དེ་མཚོན། གོང་མའི་སྨིན་བྱེད་རིགས་པ་བརྟུལ་ཞུགས་ཀྱི་སྤྱོད་པ་རྣམས་སོ། །དེ་ནས་ཡུམ་བཞིའི་ཤ་ལྔ་བདུད་རྩི་ལྔས་གང་བའི་ཐོད་པ་ཐོགས་པས་མཆོད་པ་ལ་ལྷ་

(༢༣༠)རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་སྦུ་གུའི་དབྱིབས་ཅན་གྱི་བདུད་རྩི་རྣམས་དྲངས་ནས་གསོལ་བར་བསམ་པའི། ཡང་ན་ཤར་སྒོའི་ནང་དུ་སྒོམ་ལ་ཕྱི་ནང་གི་ལྷ་ཐམས་ཅད་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུའི་གསོལ་བར་བསམ་ལ་མཚན་སྔགས་མཐར་ཨོཾ་ཨཱཧཱུྃ་བཏགས་པར་བརྗོད་དོ། བླ་མ་བརྒྱུད་པ་རྣམས་ལ་ཕུལ་ཆེ་རང་གི་སྤྱི་གཙུག་གི་རུས་པའི་འཁོར་ལོའི་སྟེང་ཐད་དུ་ཁྲམ་ཚོགས་སུ་བཞུགས་པར་མོས་ལ་ཕུལ་བའི། ཡང་ན་ཀུན་འདུས་རྩ་བའི་བླ་མ་རིགས་བདག་མི་བསྐྱོད་པའི་རྣམ་པ་ཅན་དེ་ལ་ཕུལ་ལོ། །མཐར། ཨོཾ་ཨམྀ་ཏེ་སྭཱ་ཧཱ། སོགས་ཏེ་དེ་ཡང་བདག་ཉིད་ངའོ་ཞེས་པས་ང་རྒྱལ་གཟུང་བ་ནི་ནང་གི་མཆོད་པའོ། དེས་སྦྱངས་བྱ་གཙང་རྨེའི་རྟོག་པ་གཉིས་དང་ཕུང་པོ་ལྔ་དང་ཁམས་ལྔ་སྦྱོངས། ལམ་དུས་སུ་དངས་མ་རྣམས་གསོས་སུ་གྱུར་པ་དང་། འབྲས་བུའི་དུས་བཤད་པའི་ཆོས་དེ་རྣམས་གཉིས་སྣང་མེད་པའི་རྣམ་པ་ཐམས་ཅད་པ་བདེ་ཆེན་གྱི་ངོ་བོ་དེ་མཚོན་ནོ། །དེ་ནས་མཆོད་ལྷ་དང་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱི་སྙན་པའི་དབྱངས་ཀྱི་ཡབ་ཡུམ་གྱི་རྐང་པ་བརྒྱད་པས་བསྟོད་པར་བསམ་མོ། །དེ་ནས་མཆོག་གི་བཟླས་པའི་ཕྲ་

(༢༣༡)ཐིག་གི་རྣལ་འབྱོར་ཏེ་བདེ་བ་ཆེན་པོ་ཉམས་སུ་མྱང་བ་གཏུམ་མོ་འཁོར་ལོ་བཞི་པ་སྒོམ་པ་ནི། འདིར་རྫོགས་རིམ་ཡེ་ཤེས་རྒྱུ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་ཁྱད་པར་ཅན་བྱེད་པའི་ཕྱིར། རྫོགས་རིམ་ཞེས་མིང་འདོགས་ཀྱང་། དངོས་ནི་བསྐྱེད་རིམ་གྱི་ཕྲ་ཐིག་གོ །དེ་ལ་དང་པོ་བདེ་བ་ཆེན་པོ་དཔྱིད་གྱི་ཐིག་ལེ་ངོས་བཟུང་བ་ནི། སྙིང་ཁ་ཆོས་ཀྱི་འཁོར་ལོའི་ནང་དུ་སོང་བ་སྟེ། དབུས་སུ་གནས་པའི་རྩ་པདྨ་འདབས་བརྒྱད་ལྟ་བུ་གེ་སར་ལྟེ་བ་དང་བཅས་པ་སྟེ། དེའི་ལྟེ་བ་ནི་དབུ་མའི་ཆ་ཤས་ཡིན་ལ། དབུ་མ་དེའི་ནང་ནས་སོན་པའི་རྩ་མར་མེ་ལྟ་བུ་རང་འོད་འཕྲོ་བའི་རང་བཞིན་ཏེ། དབྱིབས་ནི་ཆུ་ཤིང་མེ་ཏོག་ལྟར་འཕྱངས་ཞིང་ཁ་དོག་ཏུ་བལྟ་བའོ། རྩ་བ་ན་འདབས་བརྒྱད་ཀྱི་རྣམ་པ་ཐུང་ངུ་དང་། དབུས་ཀྱི་ཟེའུ་འབྲུ་ཟང་རུང་ཁ་ཐུར་དུ་བསྟན་པ་ལྟ་བུ་མཐེ་བོའི་ལྟོ་གང་གི་དཀྱུས་ཙམ་པ། དེ་ཡི་ནང་དུ་སོན་པའི་དཔའ་བོ་སྟེ། དཔལ་ཧེ་རུ་ཀའི་བྱིན་རླབས་འཇུག་པའི་གཞི་བྱང་ཆུབ་ཀྱི་སེམས་དཔྱིད་ཅེས་པ། དོང་བོ་ཁུ་ཁྲག་འདྲེས་པ་ལ་དཀར་པོ་དབང་བསྒྱུར་བ། རླུང་སྲོད་ཀྱི་རང་བཞིན་ཅན་གྱིས་ཁྱབ་པའི་

(༢༣༢)ཁམས་ཡུངས་དཀར་སྦོམ་པོའི་ཚད་ཙམ་པ་ཉིད་དེ་འཁོར་འདས་ཀུན་གྱི་སྣང་བར་འཆར་བའི་ནུས་པ་ཅན། གསོན་པོའི་ཚེ་ན་གནས་གཞན་དུ་འཕོ་འཇུག་མི་བྱེད་པ་དང་ཐིག་ལེ་དེའི་བག་ཆགས་སྒྲིབ་པ་སྤང་བར་དཀའ་བས་གཞོམ་དུ་མེད་པ། ཧཱུྃ་གི་ས་བོན་གྱི་མཚོན་པར་བྱེད་པ་དེ་ནི་ཁ་བའམ། བ་མོ་ལྟ་བུའི་མདོག་ཅན། ཐིག་ལེ་གཞན་རྣམས་དེ་ལས་སྤྲོས་པའི་ཕྱིར་འཛག་པའི་དང་ཚུལ་ཅན་ཉིད་དེ། ལུས་ཅན་རྣམས་ཀྱི་སྙིང་དགའ་བར་བྱེད་པས་ན་དེ་ནི་བཅུད་ཅེས་བྱ་བར་རྣམ་པར་བཤད་དོ། དགའ་བ་དང་། བདེ་བ་དང་། ཚིམ་པ་དང་། སྐྲག་མདངས་སྟོབས་ནུས་དང་། ལྡང་བ་དང་ཡང་པ་དང་། ཟོ་མདོག་བདེ་བར་བྱེད་པ་སོགས་ལས་ཐམས་ཅད་འདིས་བྱེད་པས། དཔེར་ན་དཔྱིད་ཀྱི་དུས་སུ། རྩ་ཤིང་སྨན་རྣམས་ཁ་འབུས་པས་སྐྱེ་བོ་ཐམས་ཅད་ཡིད་དགའ་བར་གྱུར་པ་དང་འདྲའོ། ལྟེ་བའི་ཨཾ་ཡིག་ནི་རྡོ་རྗེ་ཕག་མོའི་བྱིན་རླབས་འཇུག་པའི་གཞི་སྟེ་འདི་ལ་ཐིག་ལེ་ཞེས་བྱ་སྟེ། ཁམས་དངས་སྙིགས་འབྱེད་པ་དང་། དངས་མ་ཁྱབ་པར་བྱེད་པ་དང་། བདེ་བ་སྐུལ་བྱེད་ཡིན་པའི་ཕྱིར་རོ། །དཔེར་ན་མེ་ཆེན་པོ་

(༢༣༣)ཁོར་ཡུག་གི་རྟ་གདོང་གི་མེས་རྒྱ་མཚོ་ཆེན་པོར་སྐམ་པར་བྱེད། སྨིན་ཅིང་སྐ་བ་བྱེད་པ་དེ་བཞིན་དུ་ལྟེ་བའི་དམར་ཆ་ཡང་ལུས་ཀྱི་ཁམས་རྣམ་པར་སྐ་བར་བྱེད་པ་སྟེ། ལམ་དུ་མ་བྱས་ན་རྒས་པ་དང་འཆི་བར་བྱེད་ལ། ལམ་དུ་བྱེད་ན་ཡེ་ཤེས་ཀྱི་སྣང་བ་བསྐྱེད་ཅིང་། སྙིགས་མ་མཐའ་དག་སྲེག་པར་བྱེད་པས་མེ་དེ་དང་འདྲ་བའི་གཟུགས་ཅན་ཉིད་དོ། །དེ་དག་ནི་ལུས་ལ་ཇི་ཙམ་གནས་པའི་དཔྱིད་ཐིག་གཉིས་ཀྱི་རང་བཞིན་ངོས་བཟུང་བ་ཡིན་ལ། བསྒོམ་པའི་སྟོབས་མེ་སྦར་ལས་ལྟེ་བ་དང་གསང་བའི་བར་གྱི་རྩ་དབུ་མ་སྦུབས། སྟོང་དུ་རྒྱས་པར་འགྱུར་ཞིང་། དེར་བདེ་བར་བསྐུལ་ནུས་པའི་ལས་ཀྱི་རླུང་གསར་དུ་སྐྱེ་སྟེ་དེས་དབུ་མའི་མར་སྣེའི་ཚངས་པའི་མེ་རླུང་ལྷན་གཅིག་འདྲེས་པས་ལྟེ་བའི་དཀྱིལ་འཁོར་དུ་ནི། ཨཾ་ཡིག་འབར་བར་བྱེད་ཅིང་། ལྟེ་བའི་ཕག་མོ་གཉིས་དཀར་དམར་གཉིས་དཀར་དམར་གཉིས་ཀར་འདྲེས་པ་ཡིན་པ་ལས། དམར་ཆ་གཙོ་ཆེ་ཞིང་དེ་དབང་དུ་བསྒྱུར་བ་ཡིན་ལ། དེ་ཉིད་རིམ་གྱིས་འབར་བ་ལས། སྤྱི་མགྲིན་གྱི་འཁོར་ལོ་གཉིས་ཀྱི་ཐིག་ལེ་ཡང་

(༢༣༤)ཞུ་བར་སྙིང་གར་འདྲེས་ཤིང་། སྙིང་གའི་དཔྱིད་དེ་ཞུ་བ་ལྟེ་བའི་མེས་ཐོབ་ཅིང་ཕྲད་པའི་བདེ་བ་དམ་པས་ཡིད་མཉེས་པར་གྱུར་ཅིང་། དཔྱིད་དང་ཐིག་ལེ་གཉིས་པོ་མཉམ་དུ་འདྲེས་ཤིང་སྙོམ་པར་འཇུག་པས་གནས་པ་འདི་ནི། ལྷན་སྐྱེས་ཀྱི་ཡེ་ཤེས་དཔལ་ཧེ་རུ་ཀ་དཔའ་བོ་ཆེན་པོ་དཔྱིད་ཀྱང་ཡིན་ལ་ཕག་མོ་ཡང་ཡིན་པས་དཔྱིད་ཀྱི་ཐིག་ལེ་སྟེ། དབྱེར་མེད་དུ་བརྗོད་པའོ། བདེ་སྟོང་གི་ཉམས་མྱོང་དེས་གནས་ལུགས་སྟོང་པ་ཉིད་ཀྱི་ཚུལ་རྟོགས་པར་འགྱུར་ཞིང་། རྒྱུ་བ་སྣོད་དང་། མི་རྒྱུ་བ་བཅུད་ཀྱི་སྣང་བར་ཤར་བ་ཐམས་ཅད་ཀྱང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཡི་རྒྱས་ཐེབ་པའི་ཡང་དག་པར་གནས་པའོ། དེ་དག་ནི་ལམ་ཉམས་སུ་བླང་བའི་དཔྱིད་ཐིག་ཁ་སྦྱོར་གྱི་ཡེ་ཤེས་བསྟན་པ་ཡིན་ལ། རླུང་ནང་དུ་འོང་བ་དང་སྐུ་དང་རྐྱང་མ་སྦྱོར། ཕྱི་འགྲོ་བ་གསུང་དང་རོ་མ་སྦྱོར། གནས་པ་འདི་ནི་ཐམས་ཅད་ཀྱི་ལུས་ནང་དུ་གནས་པ་ཐུགས་ཀྱི་བཟླས་པ་སྟེ། དབུ་མ་དང་སྦྱོར་ལ། གཞི་འཁོར་བའི་གནས་སྐབས་སུ་དེ་ལྟར་གནས་ལ། ལམ་བསྒོམ་པས་རོ་རྐྱང་གཉིས་ཀྱང་དབུ་མས་དབང་བྱེད་རྩ་གསུམ་གྱི་སྒོ་ནི་རྣམ་པ་གསུམ་

(༢༣༥)ནས་སྐུ་གསུང་ཐུགས་ཀྱི་དབྱེ་བས་འབྱུང་ངོ་། །དེ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་སྐྱེས་པ་ན། རླུང་ཐམས་ཅད་རྡོ་རྗེའི་བཟླས་པར་འགྱུར་བའི་ཕན་ཡོན་བསྟན་པ་ཡིན་ནོ། །ལྟེ་བར་གནས་པའི་ཡི་གེ་ཨ་ཐུང་གི་ཚུལ་གཟུགས་ཅན་ནོ། །ཚད་གཅིག་པ་ཡིན་པས་ཐུང་ངུར་གྲགས་པ་དང་། སྙིང་གའི་འཁོར་ལོའི་དབུས་ཀྱི་ཡི་གེ་ནི་ཧ་དང་ཨུ་གཉིས་འདུས་ཤིང་རིང་པོ་ཡིན་པས་ཚད་གཉིས་པ་དང་། མགྲིན་པའི་འཁོར་ལོའི་ལྟེ་བར་གནས་པའི་ཨོཾ་གྱི་གཟུགས་ཅན་ནི། ཨ་ཨུ་མ་གསུམ་འདུས་པ་དང་ཤིན་ཏུ་ས་ལུ་ཏ་ཅན་ཡིན་པས་ཚད་གསུམ་པ་དང་། དཔྲལ་བ་ཧཾ་ཅེས་བྱ་བའི་ཡི་གེ་ཐིག་ལེ་ཀླད་ཀོར་དང་། མི་ཤིག་པ་ཚེག་དྲག་སྟེ། ཟླ་ཚེས་དང་ཧ་ཡིག་དང་ནས་སྟེ་བཞི་པོ་དེ་འདྲེས་པས་ཤིན་ཏུ་ཆེས་རིང་པོ་ཚད་བཞི་པོ་སྟེ། འདིར་སྒྲ་དང་ཐིག་ལེ་མི་ཤིག་པའོ། །དེ་ཡང་གཞི་དུས་ན་ལྟེ་བའི་རླུང་དང་དབྱངས་ཀྱི་རང་བཞིན་ཅན་གྱེན་དུ་འོང་པས་སྙིང་གར་རིང་པོ་དང་། མགྲིན་པ་ཤིན་ཏུ་རིང་པོ་དང་། དཔྲལ་བ་སྟེ་སྤྱི་བོའི་འཁོར་ལོ་རུ་ཆེས་རིང་པོར་ཏུ་གྱུར་ལ། དེ་རྣམས་བསྡོམ་པས་ངག་གི་

(༢༣༦)བརྗོད་པ་སྣ་ཚོགས་པར་འབྱུང་ལ། ཐིག་ལེའི་དབང་དུ་བྱས་ན་སྤྱི་བོ་བཞི་ཆ། མགྲིན་པར་ཆ་གསུམ། སྙིང་གར་ཆ་གཉིས། ལྟེ་བར་ཆ་གཅིག་སྟེ། གཞི་དུས་ལ་གཏུམ་མོའི་མེ་དང་ཐག་ཉེ་བས་དཀར་ཆ་སྙམས་པའི་ཚུལ་ཡིན་ལ། དེ་ཉིད་ལམ་དུ་བྱས་ན་ཕན་ཚུན་གཅིག་གྲོགས་གཅིག་གི་བྱས་སྟེ་འཕེལ་བར་འགྱུར་ཞིང་། དེ་བཞིན་ཏུ་རྩ་འཁོར་ལོ་བཞི་པོ་སོ་སོར་དབྱེ་བ་ལས། ས་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་རྣམས་ཐིག་ལེ་དང་ཐུན་ཚོད་བཞིར་བྱིན་གྱིས་བརླབས་པ་སྟེ་རྟག་ཏུ་འབྱུང་བ་བཞིའི་རླུང་རྒྱུ་བ་རྣམས་དང་། སྐད་ཅིག་མ་བཞི་དང་། དགའ་བ་བཞི་དང་། རྣལ་འབྱོར་བཞི་རྣམས་འབྱུང་ངོ་། །དེ་ཡང་ལྟེ་བར་ས། སྙིང་གར་ཆུ། མགྲིན་པར་མེ། སྤྱི་བོར་རླུང་སྟེ་འབྱུང་བའི་ཐིག་ལེ་གནས་ཤིང་རླུང་རྣམས་རྒྱུ་ལ། ཐུན་བཞིར་ལྟེ་བ་ནས་དབྱུག་གུ་དྲུག་ཅུ་རྩ་བཞི་དང་། སྙིང་ག་ནས་ཐུན་ཚོད་བརྒྱད་དང་། མགྲིན་པ་ནས་འཕོ་བ་བཅུ་དྲུག་དང་། སྤྱི་བོ་ནས་ཆུ་ཚོད་སོ་གཉིས་ཀྱི་རླུང་རྣམས་འབབ་ལ། དེ་བཞིན་དུ་སྐད་ཅིག་མ་བཞི་འབྱུང་བ་ནི། ལྟེ་བ་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་

(༢༣༧)སྙིང་གར་རྣམ་པར་སྨིན་པའི་སྐད་ཅིག་མ། མགྲིན་པར་རྣམ་པར་ཉེད་བའི་སྐད་ཅིག་མ། སྤྱི་བོར་མཚན་ཉིད་དང་བྲལ་བའི་སྐད་ཅིག་མའོ། དགའ་བཞི་ནི། ལྟེ་བར་དགའ་བ། སྙིང་གར་མཆོག་དགའ། མགྲིན་པར་དགའ་བྲལ། སྤྱི་བོར་ལྷན་སྐྱེས་སོ། །དེ་ཡང་སེམས་དོན་དམ་གྱི་རང་བཞིན་བདེ་བ་དང་ཀུན་རྫོབ་མཚན་ཉིད་བདེ་བ་དེ་ཡང་། དགའ་བ་བཞི་པོ་དེ་ཡི་རང་བཞིན་ཏེ། གཟུགས་སམ་ཚུལ་གྱིས་འཁོར་ལོ་བཞིར་གནས་ལ། ལྟེ་བར་རྣལ་འབྱོར། སྙིང་གར་རྗེས་སུ་རྣལ་འབྱོར། མགྲིན་པ་ཤིན་ཏུ་རྣལ་འབྱོར། སྤྱི་བོ་རྣལ་འབྱོར་ཆེན་པོའོ། དགའ་བའི་མཆོག་ལྷན་སྐྱེས་ཀྱི་ངོ་བོའི་མཚན་ཉིད་དུ་བྱ་བ་འབྲུའི་ཡོན་ཏན་དང་། བྱེད་པ་ལམ་དང་བཞིའི་དངོས་པོར་རྣམས་འདྲེས་པར་འགྱུར་བ་ཡིན་ལ། དཔལ་རྡོ་རྗེ་སེམས་དའ་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ཀྱི་རང་བཞིན་གྱིས་ནི་ཇི་ལྟར་བདེ་བ་འབད་རྩོལ་མེད་པར་རོལ་བར་བྱེད་དོ། རྩ་འཁོར་ལོ་བཞི་ལ་བཞི་ཚན་གྱི་ཆོས་དེ་རྣམས། རང་བཞིན་གྱི་ཚུལ་གྱིས་འཇུག་པས། ལམ་བསྒོམ་པའི་ཚེ་རང་བཞིན་དེ་དང་མཚུངས་པར་དེ་དག་རྣམ་པར་དག་པའི་ཡེ་ཤེས་ཐོབ་པ་གསང་རིམ་འབྲས་བུ་

(༢༣༨)སྤྱོད་པ་དང་བཅས་པ་གསལ་བར་བསྟན་པ་ཡིན་ནོ། །དཔྱིད་ཀྱི་རྒྱལ་པོའི་རྩ་ཡི་ཕོགས་བཞིར་སྙིང་གའི་པདྨའི་འདབ་མ་བཞི་གནས་པ་ནི། འབྱུང་བ་བཞིའི་རྩ་སྟེ་མར་མེ་ལྟ་བུ་མྱུར་དུ་གསལ་བའོ། དེ་ཡང་ཤར་དུ་སུམ་སྐོར་མར་ཆུ་རླུང་། བྱང་དུ་འདོད་མ་རླུང་གི་རླུང་། ནུབ་ཏུ་ཁྱིལ་ས་མེ་རླུང་། ལྷོར་གཏུམ་མེ་ས་རླུང་རྒྱུ་བ་རྣམས་སོ། །མཚམས་ཀྱི་རྩ་བཞི་པོ་ཡང་ཕྱོགས་ཀྱི་བཞི་པའི་ནང་དུ་བསྡུས་པས་ཆོག་གོ །དེ་དག་གི་ནང་ནས་བདུད་རྩི་རྣམ་ལྔའི་དངས་མ་འབབས་ཅིང་། བསྐྱེད་རིམ་སྐབས་འདིར་ནི། ཐོད་པ་བདུད་རྩིས་གང་བ་མཆོད་པའི་ཚུལ་དུ་གནས་པར་བསྒོམ་ལ། ལུས་ཀྱི་གནས་སྐབས་ལ་ཡང་། ཕུང་ཁམས་ཐམས་ཅད་ལ་བདེ་བས་མཆོད་པ་བྱས་པ་བཞིན་དུ་ཚིམ་པར་བྱེད་པ་ཡང་དག་པ་ཡིན་ནོ། །དེ་ལྟར་ན་ལུས་རྣམས་ཀྱི་སྙིང་གར་ཆོས་འཁོར་ནང་ན་ནི་འབྱུང་བ་བཞི་དང་། མཆོད་པ་བཞིའི་རྩ་རྣམ་པ་བརྒྱད་གནས་པའམ། གཞན་ཡང་ལྟག་སོགས་ལ་གནས་པ་ཤིན་ཏུ་གཟུགས་ཅན་མ་སོགས་སྐུ་ཡི་རྩ་བརྒྱད། མཆན་ཁུང་སོགས་ལ༴ གནས་པའི་སྐྱོན་

(༢༣༩)མ་སོགས་གསུང་གི་རྩ་བརྒྱད། སྤྱི་བོ་སོགས་ལ་གནས་པའི་མི་ཕྱེད་མ་སོགས་ཐུགས་ཀྱི་རྩ་བརྒྱད་ཀྱི་དབྱེ་བས། རྩ་ཉེར་བཞིར་བཤད་ལ། དེ་དག་ཀྱང་གནས་ཉེ་གནས་ཞིང་ཉེ་ཞིང་། ཚནྡྷེ་ཉེ་བའི་ཚནྡྷེ། འདུ་བ་ཉེ་འདུ། དུར་ཁྲོད་ཉེ་བའི་དུར་ཁྲོད་རྣམས་ཀྱི་དབྱེ་བ་ལ་བརྟེན་ནས་གནས་ཆེན་དང་གནས་ཆེན་ཅེས་མང་ཚིག་སྦྱར་བ་སྟེ། ཡུལ་ཉི་ཤུ་རྩ་བཞི་ལ་དེ་རྣམས་ངོ་བོ་ཉིད་ཀྱི་གནས་པའོ། ཉེར་བཞིའི་སྟེང་དུ་ལྟུང་བྱེད་མ། གསོད་བྱེད་མ། འགུགས་བྱེད་མ། གར་དབང་མ་པདྨ་དྲྭ་བ་ཅན་མ་རྣམས་ཏེ་མཁའ་འགྲོ་མ་ལཱ་མ་དུམ་སྐྱེས་མ། གཟུགས་ཅན་མ། རྡོ་རྗེ་ཕག་མོ་རྣམས་སོ། །དེ་རྣམས་དག་པ་སྙིང་གི་རྩ་ལྔ་པོ་སྟེ། དེ་དག་བསྣན་པས་ཉི་ཤུ་རྩ་དགུ་ཡིན་ལ། ལུས་ཀྱི་དབུ་མ་བརྒྱད་ལ་གནས་པའི་རྩ་བརྒྱད་ནི། དུར་ཁྲོད་ཆེན་པོ་བརྒྱད་དུ་ཀུན་ཏུ་སྤྱོད་པར་བཤད་པའི་སྒོ་མཚམས་མ་བརྒྱད་ཉིད་དེ། དེས་ནས་ཉེ་དགུའི་སྟེང་དུ་བསྣན་པས་རྩ་སུམ་ཅུ་སོ་བདུན་ནོ། །རོ་རྐྱང་དབུ་མ་བདུད་བྲལ་མ་བཞི་ནི་རྡོ་རྗེ་ཕག་མོའི་ངོ་བོར་གཅིག་ཏུ་སྡོམ་ཤིང་། དཔྱིད་ཀྱི་རྩ་

(༢༤༠)དཔལ་ཧེ་རུ་ཀའི་རྗེས་འབྲང་ཡིན་པས་ལོགས་སུ་མི་འབྲང་ངོ་། །དེས་ན་གཞི་ལམ་དེ་དག་དང་རྣམ་པ་མཐུན་པར་དམིགས་པས་གསར་དུ་བསྒོམ་པས་གཏུམ་མོ་འཁོར་ལོ་བཞི་པ་འདི་ཉིད་སྟོན་པའོ། བདེ་སྟོང་གི་རྒྱས་འདེབས་འདི་ཉིད། བླ་མ་གོང་མ་འགའ་ཞིག་གི་ཕལ་ཆེར་བསྡུས་ནས་བསྒོམ་པར་མཛད་དེ། ལག་ལེན་གྱི་ཚེ་ན་དེ་ལྟར་རུང་བ་ཡིན་ཡང་གཞུང་རྣམས་ཀྱི་དགོངས་པ་ནི། བཟླས་པའི་གོང་འདི་ཉིད་དམ་འཇུག་ཏུ་ཡང་རུང་སྟེ། དཀྱིལ་འཁོར་མ་བསྡུས་པར་བསྒོམ་པ་ཉིད་ཡིན་ཏེ། གཙོ་བོར་དེ་རྣམས་ལ་བདེ་སྟོང་གི་རྒྱས་འདེབས་པའི་ཆེད་ཡིན་པས་སོ། །འོན་ཏང་ལས་དང་པོ་པས་མོས་སྒོམ་ཙམ་གྱིས་སྒོ་ནས་བདེ་སྟོང་གི་རྒྱས་འདེབས་པ་ནི། གསང་མཆོད་ཀྱི་སྐབས་སུ་ཡང་ཡོད་ལ། དཀྱིལ་འཁོར་ཡང་རྫོགས་ལ་བདེ་སྟོང་གི་རྒྱས་འདེབས་གསལ་པོར་མི་ནུས་ན། གཞན་རྣམས་བསྡུས་ཏེ་རང་ཉིད་གཙོ་བོ་རྐྱང་བར་བདེ་སྟོང་གི་རྒྱས་འདེབས་ཤིང་། དེར་གོམ་ནས་ཕྱིས་དམིགས་པའི་ཡུལ་རྒྱ་ཇེ་ཆེ་ལ་སློབ་པ་ཡིན་པས་བླ་མ་རྣམས་ཀྱི་བཞེད་པ་དེ་ཡང་དེར་དགོངས་པའོ། །དེ་ཡང་རང་ཉིད་འཁོར་ལོའི་དབང་ཕྱུག་དཔལ་ཧེ་རུ་ཀ་ཡབ་ཡུམ་དུ་གསལ་བའི་

(༢༤༡)ལྟེ་འོག་སོར་བཞི་ནས་ཡར་རྩེ་སྣ་སྒོར་ཟུགས་པའི་གཡས་སུ་རེ་མ་དང་གཡོན་དུ་རྐྱང་མ་དབུས་སུ་ཡར་རྩེ་ཚངས་བུག་དང་དམར་སྣེ་གསང་གནས་ཟུགས་པའི་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་ལྟེ་བ་རྩ་འཁོར་དམར་སེར་ནང་སྐོར་འདབ་བརྒྱད་ཕྱི་སྐོར་ལྔ་བཅུ་ང་དྲུག །སྙིང་གའི་འཁོར་ལོ་སྔོན་པོ་རྩ་འདབ་བརྒྱད་པ། མགྲིན་པའི་འཁོར་ལོ་དམར་པོ་ནང་སྐོར་འདབ་བཞི་ཕྱི་རོལ་འདབ་མ་བཅུ་གཉིས། སྤྱི་བོའི་འཁོར་ལོ་དཀར་པོ་འདབ་མ་སུམ་ཅུ་རྩ་གཉིས་ལྡན་པའོ། །སྤྱི་བོའི་འཁོར་ལོ་དེའི་ལྟེ་བར་ཧྃ་ཡིག་དཀར་པོ་མགོ་ཐུར་དུ་བསྟན་པའོ། མགྲིན་པའི་འཁོར་ལོའི་ལྟེ་བར་ཨོཾ་ཡིག་དཀར་པོ་གྱེན་དུ་བསྟན་པ། སྙིང་གའི་འཁོར་ལོའི་ལྟེ་བ་ཧཱུྃ་ཡིག་སྔོན་པོ་མགོ་ཐུར་དུ་བསྟན་པ། ལྟེ་བའི་འཁོར་ལོའི་དབུས་སུ་ཡི་གེ་ཨཱདམར་པོ་མགོ་བོ་གྱེན་དུ་བསྟན་པ་རྣམས་སུ་བསྒོམ། དཔྱིད་ཐིག་དངོས་ཀྱི་ཚེ་རེ་རྐྱང་གི་ནང་དུ་ཡི་གེ་འགོད་པ་དགོས་མདོ། ད་ལྟ་དེ་ཙམ་མི་དགོས་སོ། །དེ་ནས་རླུང་རོ་ལན་གསུམ་འབུད། རླུང་ཚུར་རྔུབས་ནས་ཁ་སྦྱོར་དུ་བཟུང་བའི་ཚེ་རེ་རྐྱང་ནས་རླུང་བརྒྱུད། ལྟེ་བའི་ཨ་གཏུམ་

(༢༤༢)མོའི་རང་བཞིན་ཅན་ལ་ཕོག་པས་སོལ་མེ་ལ་སྦུད་པ་རྒྱབ་པ་བཞིན་ཚ་ལ་རྩུབ་པའི་ཡེ་ཤེས་ཀྱི་མེ་ཕྲ་ཞིང་རྣོ་བར་འབར་ལྟེ་བའི་རྩ་གནས་གང་། སྙིང་གའི་ཧཱུྃ་གི་མ་དག་པའི་ཆ་བསྲེག་རྩ་འདབས་མེའི་ཧཱུྃ་ཕུག་སྟེ་མགྲིན་པར་ཨོཾ་གྱི་མ་དག་པར་བསྲེག་རྩ་འཁོར་གང་། ཨོཾ་ཡིག་ཕུག་སྟེ་སྤྱི་བོ་འབར་ཧཱུྃ་ཡིག་ལ་རེག་ཙམ་གྱི་ཧཾ་ཡིག་ལས་བདུད་རྩི་བྱང་སེམས་དཀར་པོའི་རྒྱུན་བབས་སངས་རྒྱས་ཐམས་ཅད་བྱང་སེམས་དཀར་པོའི་རྣམ་པར་ཞུ་ནས་བཀུགས་སྨིན་མཚམས་ནས་ཞུགས་བདུད་རྩི་དང་འདྲེས། དེ་ལས་བྱང་སེམས་ཀྱི་ཐིག་པ་ཕྲ་ལམ་ནར་གྱིས་བབས་པས་མགྲིན་པའི་ཨོཾ་དང་སྙིང་གའི་ཧཱུྃ་གསོས། ལྟེ་བའི་ཨ་ལ་ཕོག་པས་བདེ་བ་ཆེན་པོའི་རྒྱས་པར་ཡང་དང་ཡང་དུ་བསྒོམ། དེ་ལྟར་ན་ཚུལ་འདི་བསྒོམ་པས་ཅུང་ཟད་འགགས་པ་ནི་ཕྲ་མོའི་རྣལ་འབྱོར་དང་། དེ་ལས་བདེ་བ་སྐྱེ་བ་ནི་ཐིག་ལེའི་རྣལ་འབྱོར་རོ། །དེས་དཀྱིལ་འཁོར་གྱི་ལྷ་ལ་རྒྱས་གདབ་ཅིང་གོམ་ན་རྟགས་བཅུ་སོགས་འཆར་བར་འགྱུར་རོ། །ཡང་ན་ལྟེ་བའི་ཨཱལ་མེ་འབར་ཧཱུྃ་དང་ཨོཾ་བསྲེག །སྤྱི་བོའི་ཧཾ་ལས་བྱང་སེམས་བབ་ཡི་གེ་གཉིས་

(༢༤༣)གསོས། ཨཡིག་ལ་བྱང་སེམས་ཀྱི་ཐིག་པས་བྲན་པས་མེ་ཆེར་འབར་བས་སླར་ཡང་ཡི་གེ་གཉིས་བསྲེག་པར་བསྒོམ་ཀྱང་མཚུངས་སོ། །འདིར་སྨྲས་པ། ཆོས་སྤྱོད་ཕྲན་ཚེག་ཙམ་གྱིས་ཀྱང་། བྱང་ཆུབ་རིང་རྒྱུ་འགྱུར་བྱེད་ན། ཐུན་མོངས་མིན་པའི་ཐབས་ཆེན་པོ། ཡེ་ཤེས་སྐད་ཅིག་སྟེར་བྱེད་པ། ཐབས་ཚུལ་འདི་ལ་སུ་མི་འབད། གང་ཚེ་འདོད་པའི་ལྷར་སྣང་བ། བདེ་ཆེན་ངོ་བོར་རབ་གསལ་བ། རྣམ་ཀུན་མཆོག་ལྡན་མི་འགྱུར་བདེ། བྱང་ཆུབ་ལམ་མཆོག་འདིས་ཐོབ་ངེས། དེས་ན་འདི་དོན་སེམས་པ་ཀུན། དབུལ་པོའི་གཏེར་ཆེན་རྙེད་ཇི་བཞིན། ལེགས་པ་ཀུན་གྱི་དཔལ་དུ་ངེས། ༈ དེ་ནས་མཉམ་ལོངས་ཀྱི་རྣལ་འབྱོར་ལ། བཟླས་པའི་རྣལ་འབྱོར་དང་། ཐུན་མཚམས་ཉེར་བསྡུའི་རྣལ་འབྱོར། གཏོར་མའི་རྣལ་འབྱོར་དང་། །ཐུན་མཚམས་ཀྱི་རྣལ་འབྱོར་རོ། །དང་པོ་སྔགས་བཟླས་ཀྱི་རྣལ་འབྱོར་ནི། དེ་ལ་ཡང་སྤྱི་ཡི་རྣམ་བཞག་དང་། བཟླས་པ་དངོས་ཀྱི་རྣམ་བཞག་གཉིས་ལས། དང་པོ་ནི། སྤྱིར་བཟླས་པ་ལ་ཡང་རྣམ་པ་གཉིས་ཏེ། ཀུན་རྫོབ་དང་། དོན་དམ་པའི་བཟླས་པའོ། ཡང་ན་བསྐྱེད་རིམ་དང་། རྫོགས་རིམ་གྱི་

(༢༤༤)བཟླས་པ་གཉིས་སོ། །དེ་ལ་དོན་དམ་པ་རྫོགས་རིམ་གྱི་བཟླས་པ་ནི་འདིར་མི་འཆད་ལ། བསྐྱེད་རིམ་གྱི་བཟླས་པའི་དབང་དུ་བྱས་ན། བཟླས་པ་པོའི་མཚན་ཉིད། བཟླས་པའི་དགོས་པ་བཟླས་པའི་ངོ་བོ། བཟླས་པའི་དབྱེ་བ། ལས་བཞིའི་མན་ངག །བཟླས་པའི་གྲངས། བཟླས་པའི་ཡན་ལག་སྟེ། དོན་ཚན་བདུན་གྱིས་འཆད་དེ། དང་པོ་བཟླས་པ་པོའི་མཚན་ཉིད་ནི། དམ་ཚིག་དང་ལྡན་ཞིང་བཟླས་པ་ལ་མངོན་པར་དགའ་བའོ། །གཉིས་པ་བཟླས་པའི་དགོས་པ་ནི། །སེམས་ཀྱི་དྲི་མ་སྦྱངས་བའི་ཕྱིར་དང་། ངག་གི་ནུས་པ་རྙེད་པའི་ཕྱིར་དང་། རང་ལས་རྒྱུད་གཞན་དུ་གཏོགས་ཤིང་གྲགས་པའི་ཡེ་ཤེས་ཀྱི་ལྷ་དང་དེའི་འཁོར་དུ་གཏོགས་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བའི་ཕྱིར་ཏེ། རྡོ་རྗེ་གུར་ལས་སངས་རྒྱས་བྱང་ཆུབ་སེམས་དཔའི་དང་། མཁའ་འགྲོ་མ་དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། སྔགས་ནི་སྙན་གསན་འབེབས་པར་བརྗོད། ཅེས་ལྷ་སོ་སོའི་མཚན་ནས་བརྗོད་པ་ཉིད་ཀྱི་ཕྱིར་ལྷ་བོད་བའི་དོན་དུའང་འཆད་ལ། དེ་ཡང་ཡེ་ཤེས་ལྷ་ལ་བསོ་བས་གསན་པ་དང་མ་བོས་པས་མི་གསན་པ་སོགས་ཉེ་རིང་གི་དབྱེ་བ་མེད་མདོ་

(༢༤༥)སྔགས་ཀྱི་ལྷ་ནི་སྔགས་ལས་བྱུང་བ་ཡིན་ཏེ། རྒྱུ་སྔགས་བསྒྲུབ་པས་འབྲས་བུ་ལྷ་ཉེ་བར་འགྱུར་ཞིང་། གསུང་རྡོ་རྗེའི་རྒྱུ་མཐུན་པའི་བཟླས་པས་སྒྲིབ་པའི་གཉེན་པོ་བྱེད་པ་དང་། ཆོས་ཉིད་ཀྱི་བཟླས་པས་སྒྲིབ་པ་ཅུང་ཟད་ན། ཡེ་ཤེས་ལྷའང་ཇེ་ཉེ་ཇེ་ཉེར་འགྱུར་ཡང་དངོས་པོའི་ཆོས་སོ། །གསུམ་པ་བཟླས་པའི་ངོ་བོ་ནི། སངས་རྒྱས་རྣམས་ཀྱི་གསུང་ཆོས་ཀྱི་སྐུའི་རང་བཞིན་ཡེ་ཤེས་ཀྱི་རིགས་སྔགས་དེ་དང་རྣམ་པ་མཐུན་པ་ཞིག་སྙིང་ག་སོགས་སུ་ཡིད་ཀྱིས་བསམ། ངག་གིས་བཟླས་ནས་ཡེ་ཤེས་ཀྱི་རིགས་སྔགས་དེའི་ངོ་བོར་མོས་པ་བརྟན་པོར་བྱས་པ་དེའི་ཚེ་ཞེན་པས་ཞུགས་ན་འབྲེལ་པས་མི་སླུ་བ་ཡིན་ཏེ། འབྲས་བུ་རིགས་སྔགས་དེ་མངོན་དུ་བྱེད་པའི་རྒྱུ་ཐ་མལ་པའི་ཡིག་འབྲུ་དེ་ཡང་རྣམ་པ་དེ་དང་མོས་པ་དེ་ལན་གཅིག་གིས་ཆོག་པ་མ་ཡིན་མདོ། རྟག་ཏུ་ཡང་ངང་བསྐྱར་བཟློས་བྱས་པས་འགྲུབ་པ་ནི་ཟླས་པའི་དོན་ནོ། །དེས་འགྲུབ་ཚུལ་ཀྱང་གཉིས་ཡོད་དེ། སྔགས་དེས་ཐུན་མོང་གི་དངོས་གྲུབ་རྣམས་དང་ལས་རབ་འབྱམས་རྣམས་སྒྲུབ་ནུས་པ་དེའི་ཚེ་རིང་སྔགས་གྲུབ་པ་ཡིན་ལ། ནུས་པ་དེ་ཡོད་ཀྱི་སྟེང་དུ་སྒྲ་ཐམས་ཅད་སྔགས་ཀྱི་དེ་ཉིད་དུ་རྟོགས་པ་དེའི་ཚེ་ཡེ་ཤེས་སུ་གྲུབ་

(༢༤༦)པ་ཡིན་ལ། དེ་ཉིད་སྒྲིབ་པ་ཐམས་ཅད་དང་བྲལ་བ་ན། སངས་རྒྱས་ཀྱི་གསུང་རྡོ་རྗེ་དེའི་སྔགས་སུ་གྱུར་པ་ཡིན་ནོ། །ཚུལ་དེ་ནི་སྔགས་གཅིག་པུ་མ་ཟད་དེ། ཇི་སྐད་དུ། བསམ་པ་གང་དང་གང་གིས་ནི། མི་རྣམས་ཡིད་ནི་ཡང་དག་སྦྱོར། དེ་དེའི་རང་བཞིན་འགྱུར་ལྷ་མོ། སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན། ཞེས་གསུང་པ་ལྟར། ཡིད་ཀྱི་བསྒོམ་པའི་ལྷ་ལ་འབྲས་བུའི་སྐུར་མོས་ཏེ་རྟག་ཏུ་བསྒོམ་ན། གནས་སྐབས་སུ་ལྷ་ཡི་བྱ་བ་བྱེད་ནུས་པ་དང་། དེ་ཉིད་ཆོས་གཞན་དུ་གནས་འགྱུར་ནས། འབྲས་བུ་སངས་རྒྱས་ཀྱི་སྐུ་ཐོབ་པའི་དངོས་རྒྱུར་གྱུར་པ་ཡིན་ནོ། །སྐུ་གཟུགས་དང་དངོས་གྲུབ་ཀྱི་རྫས་ལ་སོགས་པའང་བྱིན་རླབས་འཇུག་ཚུལ་རྣམས་དེ་དང་འདྲ་བར་ཤེས་པར་བྱ་དགོས་སོ། །དེ་ལྟར་ན་ཡེ་ཤེས་ཀྱི་རིགས་སྔགས་དེ་དང་རྣམ་པ་མཐུན་པ་དག་དེར་མོས་དང་འབྲེལ་བས་ཡང་ངང་བསྐྱར་ཞིང་བཟློས་པ་ནི་བཟླས་པའི་ངོ་བོ་འོ། བཞི་པ་བཟླས་པའི་དབྱེ་བ་ནི་རྡོ་རྗེའི་བཟླས་པ་དང་། དམ་ཚིག་གི་བཟླས་པ་དང་། ཕྱོགས་ཀྱི་བཟླས་པ་དང་། ཡེ་ཤེས་ཀྱི་བཟླས་པ་སོགས་མང་དུ་ཡོད་ཅིང་། ལྔ་པ་ལས་བཞིའི་མན་ངག་ནི་ལས་སོ་སོའི་ཁ་བསྒྱུར་ཏེ་ས་བཅད་དེ་གཉིས་ཀྱི་རྣམ་བཞག་ཞིབ་

(༢༤༧)པར་འོག་ཏུ་འཆད་དོ། །དྲུག་པ་བཟླས་པའི་གྲངས་ནི། དངོས་གྲུབ་སྒྲུབ་པ་ལ་དེ་མ་འགྲུབ་པའི་བར་ཏེ་ཚད་མེད་པ་འདོད་ལ། འོན་ཀྱང་དེ་ནི་ལྷ་སྐུའི་བསམ་གཏན་ཤིན་ཏུ་གོམ་པས་བསྒྲུབ་པའི་ཕྱིར། རྒྱུད་ལས་གསལ་ལྟར་བཟླས་པ་ཁྲི་སོགས་ཉུང་ངུའི་འགྲུབ་པའང་ཡོད་དེ། གལ་ཏེ་དམིགས་པ་མི་བརྟན་ན། ངག་བཟླས་ཁོ་ནས་དངོས་གྲུབ་འགྲུབ་པ་ནི་དཀོན་ནོ། །སློབ་དཔོན་ཕལ་པའི་ཕལ་པ་འགའ་ཞིག་སྒྲུབ་པར་འདོད་པས་གྲངས་བསྙེན་ཙམ་བྱེད་པ་ནི་སྤྱི་དང་མཚུངས་ཏེ། ཡབ་ཡུམ་གྱི་ཉེ་སྙིང་ལ་ནི་འབུམ་ཕྲག་བདུན་ལ་སོགས་པ་ཡབ་ཡུམ་གང་གཙོ་བོར་བྱེད་པའི་དེའི་འབྲུ་འབུམ་མོ། །སྙིང་པོ་ལ་ནི་འབུམ་ཕྲག་བཞིའོ། །རྩ་སྔགས་ལ་ནི་སྟོང་ཕྲག་བརྒྱད་དོ། །འཁོར་བཞི་ལ་ཁྲི་ཕྲག་རེའོ། །རྩ་སྔགས་སྙིང་པོ་ཉེ་སྙིང་གསུམ་ལ་ནི་རེ་རེའི་གྲངས་ཚད་འཁྱོལ་བས་ཀྱང་ཆོག་པར་གྲགས་ལ། དབང་བསྐུར་དང་རབ་གནས་ལ་སོགས་པ་ལ་གནང་བར་ཞུ་བའི་བསྙེན་པ་དང་པོ་སོང་བསྙེན་པ་ཁ་གསེར་གྲགས་པ་ནི། གཙོ་བོའི་སྙིང་པོ་ཁྲི་ཁྲག་གསུམ། མཁའ་འགྲོ་མ་བཞི་ལ་ཁྲི་ཁྲག་གཉིས་རེ་བཟླ་བར་བྱ་ལ། བསྡུས་པ་ན་གཙོ་བོའི་སྙིང་པོ་

(༢༤༨)ཁོ་ནས་ཆོག་གོ །མངོན་བརྗོད་ལས། དོན་དུ་བསྙེན་པ་བྱ་བ་ནི། ཆོ་ག་བཞིན་དུ་འབུམ་དུ་བཟླས། འཁོར་ལོའི་གསང་སྔགས་འབུམ་བཟླས་ཤིང་། གཞན་ནི་ཁྲི་རུ་བཟླས་པར་བྱ། ཅེས་པ་རྩ་བའི་བསྙེན་པ་སྟེ། ད་ལྟ་བཞི་འགྱུར་དུ་བཟླ་བར་འདོད་དོ། །བདུན་པ་བཟླས་པའི་ཡན་ལག་ལ་གསུམ་གྱི། དང་པོ། དང་པོ་སྔགས་ཀྱི་ཡན་ལག་མ་ཉམས་པར་བཟླ་བར་གསུང་པའི་ཡན་ལག་སྟེ། སྔགས་རང་ཉིད་ལ་གནས་པའི་ཡན་ལག་ནི། རིང་ཐུང་གུག་སྐྱེད་ཡིག་འབྲུ་ལྷག་ཆད་ནོར་གསུམ་སྤངས་པ་དང་། མཐུན་པའི་རྐྱེན་གྱི་ཡན་ལག་ལས་བཞི་སོ་སོར་སྒྲུབ་པ་ལ་ཕྱོགས་དུས་བསམ་པ་ཚ་བྱད་སྔགས་ཀྱི་མཐའ་བསྒྱུར་སོང་དགོས་ལ། རྒྱུན་གྱི་རྣལ་འབྱོར་ལ་དེ་ལྟར་མི་དགོས་ཀྱང་སྔགས་ཀྱི་ཡིག་འབྲས་བུའི་རྣམ་པ་དང་། སྒྲ་ཡི་རྣམ་པ་གསལ་བ་སྔགས་ཀྱི་བཟླས་པ་དང་། ལྷ་ཡི་རྣམ་པ་གསལ་བ་ཡང་ཡང་བསྒོམ་པ་གཟུགས་ཀྱི་བཟླས་པ་དང་། དེ་དག་ཀྱང་སྟོང་པ་ཉིད་དུ་རྗེས་སུ་དྲན་པ་ཡང་ང་བསྒོམ་པ་ནི་རྣལ་འབྱོར་གྱི་བཟླས་པ་སྟེ་ཐུན་རེ་རེ་བཞིན་དེ་དག་ཚངས་བ་ནི་དགོས་ལ། གནས་སྐབས་སོ་སོར་གསུམ་ཀ་འཛོམ་པ་ངེས་པར་དགོས་

(༢༤༩)པའང་ཡོད། རེ་རེ་ཁོ་ན་ངེས་པ་དགོས་པའང་ཡོད། གཉིས་འདུས་སམ། གསུམ་འདུས་སམ། རེ་རེ་ཇི་ལྟར་འོས་པ་ཆོག་པའང་ཡོད་དེ། བླ་མའི་མན་ངག་བཞིན་ཇི་ལྟར་འོས་པ་སྦྱར་བར་བྱའོ། །གཉིས་པ་བཟླ་ཚུལ་ནི། སྔགས་རིགས་རེ་རེ་ལས་མི་བཟླ་ན། སྐབས་སུ་གང་བབ་པ་དེ་ཉིད་བཟླ་ལ། སྔགས་ཕྲེང་ཡོངས་རྫོགས་བཟླ་ན། དང་པོ་ཡབ་ཀྱི་སྙིང་པོ་དང་ཉེ་སྙིང་། དེ་ནས་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་དང་། དེ་ནས་སྙིང་པོའི་རྣལ་འབྱོར་མ་བཞིའི་སྔགས་འདོན་ཏེ། གང་བཟླས་པ་མང་དུ་བྱེད་འདོད་པ་དེ་སོ་སོའི་སྐབས་དེ་ཉིད་དུ་བཟླ་བ་ཡིན་ནོ། །ཡབ་ཡུམ་གཉིས་མེད་དུ་བཟླ་བའི་མན་ངག་ནི་ཕ་མ་ཐིང་པ་རྗེས་འབྲང་དང་བཅས་པའི་ཕྱག་ལེན་ཡིན་ཏེ། རྒྱུད་འདི་ལ་རྣལ་འབྱོར་མའི་སྔ་གཙོ་བོ་ཡིན་པའི་ཕྱིར་དང་། ཕན་ཚུན་འདུད་པའི་གསང་སྔགས་ཅེས་པ་དང་། ཁ་སྦྱོར་སྦྱོར་བར་གྱུར་པ་ཅེས་སོགས་ཀྱི་རྒྱུད་ཚིག་གིས་ཀྱང་གསལ་བར་བསྟན་པ་ཡིན་པས་བཟླས་པ་བྱེད་ཚུལ་མཆོག་ཏུ་སྣང་ངོ་། །གསུམ་པ་བགྲང་ཕྲེང་གི་ཡན་ལག །གྲངས་དང་བགྲང་ཚུལ་བྱིན་རླབས་ཀྱི་རིམ་པ་མི་འདྲ་བ་རྣམས་ནི་སྤྱི་དང་འདྲ་ཞིང་། དེས་

(༢༥༠)ན་གཞན་དུ་ཤེས་པར་བྱ་ལ། འདིར་ནི་མངོན་བརྗོད་ལས། དུང་ཆེན་ཕྲེང་བ་བླང་ནས་ནི། ཞེས་གསུང་ལྟར་མི་ཐོད་ལས་གྲུབ་པའི་ཕྲེང་བ་གྲངས་བརྒྱ་དང་བརྒྱད་པ་གཞོན་ནུ་མས་བཀལ་པའི་སྲད་བུ་ལ་བརྒྱུས་པ་གཡོན་གྱི་སྙིམ་པར་བཅུག་ལ་བྱིན་གྱིས་བརླབས་པའི་བདུད་རྩིའི་བསངས་ནས་པད་ཉིའི་སྟེང་དུ་བགྲང་ཕྲེང་ཧྲཱིཡིག་ལས་བྱུང་བའི་པདྨ་གར་གྱི་དབང་ཕྱུག་སྟེ། གསུང་རྡོ་རྗེ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་ཀྱི་དང་པོ་པདྨ་དམར་པོའི་ཡུ་བ་ནས་འཛིན་པ། གཉིས་པས་ཌཱ་མ་རུ་དྲྭ་བ་དང་ཡུ་བ་ཅན་འཁྲོལ་བ། གཡོན་དང་པོས་པདྨས་མཚན་པའི་དྲིལ་བུ་དང་། གཉིས་པར་ཐོད་ཁྲག་དང་རྡོ་རྗེའི་ཁ་ཊཱྃྭ་ག་ལྷན་གཅིག་འཛིན་པ་སྒེགས་པ་ལ་སོགས་པའི་ཉམས་དང་ལྡན་པ་དམར་ལ་ཟླུམ་པའི་སྤྱན་གསུམ་པ་མཆེ་བ་བཞི་གཙིགས་པ་རལ་པ་རལ་པ་ཅོད་པན་ཅན་ཐོད་སྐམ་ལྔ་ཡི་བརྒྱན་པ། ཐོད་རློན་ལྔ་བཅུའི་དོ་ཤལ་དང་ལྡན་པ། སྟག་གི་ལྤགས་པའི་ཤམས་ཐབས་སྨད་དཀྲིས་གྲོལ་བ། ཕྱག་རྒྱ་དྲུག་གི་བརྒྱན་པ། ཐོད་རློན་ལྔ་བཅུའི་དོ་

(༢༥༡)ཤལ་དང་ལྡན་པ། སྟག་གི་ལྤགས་པའི་ཤམས་ཐབས་སྨད་དཀྲིས་གྲོལ་བ། ཕྱག་རྒྱ་དྲུག་གི་བརྒྱན་ཅིང་འོད་ཟེར་དུ་མ་འཕྲོ་བ་དང་བཅས་པས་གཡས་བརྐྱང་གི་སྟབས་ཀྱི་ཉི་མ་དང་རོ་ཡི་གདན་ལ་བཞུགས་པ། སྤྱི་མགྲིན་སྙིང་གའི་གནས་གསུམ་དུ་ཨོཾ་ཨཱཧཱུྃ་གི་ཡི་གེས་མཚན་པ། ཐུགས་ཀའི་ས་བོན་ཧཱུྃ་གི་འོད་ཀྱི་ཡེ་ཤེས་པ་རྣམས་བཀུག་ནས་ཛཧཱུྃ་བྃ་ཧོའི་སྔགས་ཀྱི་དམ་ཚིག་པའི་ལྷ་དེ་ལ་དབྱེར་མེད་དུ་བཞུགས་པ་ལ་མཆོད་སྤྲིན་སྣ་ཚོགས་སྤྲོས་པས་མཆོད་པར་བསམ་ལ་ཉེར་སྤྱོད་ཀྱི་སྔགས་བརྗོད་ཨོཾ་པདྨ་ནནྟེ་ཤྭ་ར་ཧཱུྃ་ཧཱུྃ་ཕཊ། ཞེས་པའི་སྔགས་བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས་ནས་པདྨ་གར་དབང་ཞུ་བ་ལས་བགྲང་ཕྲེང་དུ་གྱུར་པར་བསམ་ལ། གཡོན་པའི་མཐེ་བོང་དང་སྲིན་ལག་གི་བགྲངས་བར་བྱ་ཞིང་མཐེ་བོང་རྡོ་རྗེ་ལྕགས་ཀྱུར་བྱས་ནས་ཡེ་ཤེས་ས་འགུགས་པར་བསམ་མོ། མངོན་བརྗོད་ཀྱི་གོང་གི་ལུང་འཕྲོར། ལག་གཡོན་མཐེ་བོང་སྲིན་ལག་གིས། གསང་སྔགས་དག་གིས་བཟླ་བར་བྱ། ཞེས་གསུངས་པ་ལྟར། དེ་ལྟར་བཟླས་ན་གཡོན་པའི་ཀུན་སྤྱོད་ཀྱི་འང་ཆ་ཤས་སུ་འགྱུར་ལ། སྲིན་ལག་རླུང་ཡིན་

(༢༥༢)ཞིང་ཆེ་ཡང་དེ་ལ་འདུས་པ་དང་། མཐེ་བོང་ས་ཡིན་ཞིང་ཆུ་ཡང་དེ་ལ་འདུས་པ་དང་། ལས་ཀྱི་རླུང་གི་ལྟེ་བའི་མེ་སྦར་བས་ཁམས་སྙི་བ་ཆུ་དང་སྲ་བ་ས་ཡི་ཐིག་ལེ་ཞུ་ཞིང་ཞུ་བདེ་དེ་ལས་བདེ་བ་ཆེན་པོ་ཐོད་པའི་ཕྲེང་བ་ལས་མཚོན་པ་དེ་འབྱུང་ལ། བདེ་ཆེན་དེས་གཞི་མེད་ཀྱི་སྒྲ་སྔགས་ལ་ཚད་འཇོག་པར་བྱེད་དེ་མཚོན་དོན་དེ་ལྟར་ཤེས་པར་བྱའོ། །གཉིས་པ་བཟླས་པ་དངོས་ཀྱི་རྣམ་བཞག་ལ་བཟླས་བརྗོད་བྱ་བའི་ཐབས་དང་བཟླས་བྱའི་སྔགས་སོ། །དང་པོ་ནི་མངོན་བརྗོད་ལས། སྲོག་རྩོལ་ལས་དང་ཆོ་ག་བཞིན། ཡེ་ཤེས་ཀྱི་ནི་བཟླས་པར་བྱ། སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། མྱུར་བ་དངོས་གྲུབ་ཐོབ་པར་འགྱུར། བདུད་རྩི་ལྔ་དང་ལྡན་བྱས་ནས། འཁོར་ལོའི་དམ་ཚིག་བཟླས་པ་ནི། ཁྲོ་བོའི་ཚིག་གི་བཟླས་བྱས་ནས། དངོས་གྲུབ་ཐམས་ཅད་བདེ་བས་ཐོབ། དཀྱིལ་འཁོར་པ་ནི་ཐམས་ཅད་ཀྱི། བཟླས་པའང་མཉམ་པ་བཞག་པར་བྱ། ཤེས་རབ་ཐབས་ཀྱི་ཆོ་ག་བཞིན། བཟླས་པས་རྣལ་འབྱོར་དོན་ཆེན་སྟེར། རྣལ་འབྱོར་མ་དང་མཁའ་འགྲོ་དཔའ། མངོན་སུམ་དུ་ནི་མཆོག་ཀྱང་རྩོལ། ཞེས་གསུང་སྟེ། སྲོག་རྩོལ་ཞེས་སོགས་ནི། རྡོ་རྗེའི་བཟླས་པ་སྟེ་

(༢༥༣)མཉམ་བཞག་ལ་སྐྱོང་བར་གྱུར་ན། ལུས་དཀྱིལ་བསྒོམ་པའི་དེའི་གཙོ་བོའི་ཐུགས་ཀའི་སྔགས་ཕྲེང་བཀོད་པ་སེམས་དཔའ་སུམ་བརྩེགས་ཅན་ནི། ཡང་ན་ལུས་དཀྱིལ་གཙོ་བོའི་མདུན་ཕྱོགས་སུ་བསྒོམ་པར་བྱ་ལ་ལུས་དཀྱིལ་མེད་པ་ལ་ནི་རང་གི་སྙིང་གའི་ནཱ་ད་ལས་རླུང་ཕྱིར་འབྱུང་བ་དང་ལྷན་ཅིག་ཧཱུྃ་གི་སྒྲས་ལྷ་ཚོགས་སྤྲོ་ཞིང་དོན་གཉིས་བྱས། རླུང་ནང་དུ་འཇུག་པ་དང་ཨོཾ་གྱི་སྒྲས་ལྷ་ཚོགས་རྣམས་བསྡུས་ཏེ། གནས་པ་ན་ཨཱཡིག་གི་སྒྲས་ནཱ་ད་ལ་ཐིམ་པར་བསམ་མོ། །སེམས་དཔའི་ཆེན་པོ་རང་བྱུང་ཞབས་ཀྱིས་ནང་དུ་རྔུབ་པ་ཨོཾ་གནས་པ་ཨཱ ཕྱིར་འཕྲོ་བ་ཧཱུྃ་ངོ་། དེ་ལྟར་བསྒོམ་ཏེ་རླུང་ཅུང་ཟད་བཟུང་བས། ཡིད་ཀྱི་ཡི་གེ་གསུམ་ལྕེ་རྩེ་གཡོ་བ་ཙམ་བགྲང་ངོ་། །དེས་སེམས་ཟིན། སེམས་ཟིན་པས་རླུང་བཞི་འགག །དེས་འོད་གསལ་གྱི་ཉི་སྐྱེ། ཞེས་རྡོར་བཟླས་ལ། རླུང་རྡོ་རྗེའི་བཟླས་པ་དང་། ཕྲ་བ་འོད་གསལ་གྱི་ཟླས་པ་གཉིས་སུ་གསུངས་པའི་སྔ་མ་སྟེ་ཕྱི་མ་ནི་རྫོགས་རིམ་སྐབས་སུ་བསྟན་ནོ། །ཡང་ལྷ་རྣམས་ཀྱི་གནས་གསུམ་དུ་འབྲུ་གསུམ་བཀོད་ནས་ཐུགས་རྒྱུད་བསྐུལ་བའི་ཚུལ་དུ་འབྲུ་གསུམ་བཟླ་

(༢༥༤)བའང་ཡོད་དོ། །སྤྲོ་དང་བསྡུ་བ་སོགས་ནི་དམ་ཚིག་གི་བཟླས་པ་ནི། ལྟེ་བ་སྤྲུལ་པའི་འཁོར་ལོ་པདྨའི་ལྟེ་བར་ན་དཱའི་རྩེ་མོ་ནས། གང་བཟློ་བའི་སྔགས་ཕྲེང་དེ་འཕྲོས་སྣ་བུག་གཡོན་ནས་ཐོན། དཀྱིལ་འཁོར་གྱི་ལྷ་ཚོགས་ཏེ་དཔའ་བོ་དང་རྣལ་འབྱོར་མ་རྣམས་སུ་གྱུར་དོན་གཉིས་བྱས། སྔགས་ཕྲེང་གི་གཟུགས་སུ་གྱུར་ཏེ། ཚུར་འདུས་ཏེ་དང་པོ་གང་ལས་སྤྲོས་པ་དེ་ལ་བསྡུས་ནས་སྙིང་གའི་ན་དཱ་ལ་ཐིམ་པར་བསམ་མོ། །ཡང་ན། སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། ནམ་མཁའི་ཁམས་ཁྱབ་སེམས་ཅན་ཐམས་ཅད་འཁོར་ལོ་སྡོམ་པའི་གོ་འཕང་ལ་བཀོད་ཚུར་འདུས་སྔགས་ཕྲེང་ལ་ཐིམ་པར་བསམ་མོ། །འཁོར་ལོའི་སོགས་ཀྱི་དེ་ལམ་དང་ཡེ་ཤེས་ཀྱི་བཟླས་པ་ཉིད་སྟོན་ཏེ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ང་རྒྱལ་གནས་པས་སྔགས་ཕྲེང་ལ་ཐིམ་པར་བསམ་མོ། རྣམས་ཕྱི་རོལ་ནས་རང་གི་ཞལ་དུ་ཞུགས་སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ལྷ་མོའི་པདྨར་སོན། ཨ་ཝ་དྷཱུ་ཏའི་ལམ་ནས་སྟེང་དུ་བྱུང་སྟེ་ཡུམ་གྱི་ཞལ་ནས་ཐོན། རང་གི་ཞལ་དུ་ཞུགས་སྙིང་གའི་ན་དཱའི་ས་བོན་ལ་ཐིམ། ཡང་དེ་ལས་སྔགས་ཕྲེང་བྱུང་ལྷ་མོའི་པདྨར་ཞུགས་ཤིང་འཁོར་བ་སོགས་གོང་བཞིན་

(༢༥༥)བསྒོམ་པ་ནི། དེ་ལི་སྟེ་བོད་སྐད་ཕྱོགས་ཀྱི་བཟླས་པ་དང་། གཞན་དེ་དང་འདྲ་བ་ལས། ཡབ་ཡུམ་གཉིས་ཀར་གྱི་སྐུའི་དབྱིབས་བརྒྱུད་པ་དང་། རང་གི་སྙིང་གའི་ཏིང་ངེ་འཛིན་སེམས་དཔའ་ལས་ལངས་ནས་འཁོར་ཚུལ་ཕར་འཁོར་བར་བྱེད་པ་ཡིན་པས་རང་གི་ཞལ་ནས་འཐོན་ཡུམ་གྱི་ཞལ་དུ་ཞུགས་པ་སོགས་ཏེ། ཡེ་ཤེས་བཟླས་པར་འདོད་དེ། དེ་གཉིས་ཀ་འཁོར་ལོའི་བཟླས་པའོ། །ཤེས་རབ་ཐབས་ཀྱིས་སོགས་ཀྱིས་ནི། སྤྱི་བོའི་ཧཾ་དང་ལྟེ་བའི་ཨོཾ་གདོད་ནས་གྲུབ་པ་དེ་ལས་སྔགས་ཀྱི་སྒྲར་འབྱུང་བར་མོས་པ་རང་བཞིན་གྱི་བཟླས་པའོ། དཀྱིལ་འཁོར་པ་སོགས་ནི་འཁོར་གྱི་བཟླས་པ་བྱེད་ཚུལ་ལོ། བདུད་རྩི་ལྔ་དང་ཅེས་པ་ནི། བཟླས་པའི་དུས་སུ་བདུད་རྩི་ལྔའི་རིལ་བུ་ཁ་ནང་དུ་བཅུག་སྟེ་བཟླ་བའི་དོན་ཡིན་ལ། དེ་ཡང་སྒྲུབ་པའི་སྐབས་སྟེ་བསྙེན་པ་ལ་ནི་མི་དགོས་སོ། །ཁྲོ་བོའི་ཚིག་གིས་ཅེས་པས་ངག་བཟླས་ཤུགས་དྲག་པོ་ཁྲོ་བཟླས་སུ་གྲགས་པ་ཡང་བསྟན་པར་མངོན་ལ་དངོས་སུ་ནི་དྲག་པོ་ཧེ་རུ་ཀའི་བཟླས་པ་ཞེས་པའི་དོན་ནོ། །བཀོད་པའི་བཟླས་པ་ཅེས་པ་སྙིང་གར་ས་བོན་གྱི་མཐར་སྔགས་ཕྲེང་བཀོད་

(༢༥༦)ནས་ཀློག་པའི་ཚུལ་དུ་བྱེད་པ་ཡང་སྤྱི་ལ་གྲགས་པ་བཞིན་འདི་ཡང་སྦྱར་རོ། །འགོགས་བཟླས་དང་། ཡིད་བཟླས་དང་། ཤུབ་བུའི་བཟླས་པ་དང་། ངག་བཟླས་དང་། ཁྲོ་བོའི་བཟླས་པ་དང་། སྔགས་དང་གཟུགས་དང་རྣལ་འབྱོར་གྱི་བཟླས་པ་སོགས་ཀྱང་བཟླས་པའི་དབྱེ་བར་འགྱུར་ཞིང་། ཨ་རཱ་གས་ཀྱང་། དེ་ནས་བསྙེན་པ་བྱེད་ཚེ་དམིགས་རིམ་ནི། རང་གི་ཐུགས་ཀར་སྣ་ཚོགས་པདྨ་དང་། ཟླ་བའི་སྟེང་དུ་སྣ་ཚོགས་རྡོ་རྗེ་ནི། ཉལ་ཐབས་གནས་པའི་ལྟེ་བ་ཡངས་པའི་སྟེང་། ཉི་མའི་སྟེང་དུ་ཧཱུྃ་མཐིང་འགྲེངས་ཏེ་གནས། དེ་མཐར་སྔགས་ཕྲེང་ཡི་གེ་བདུན་པ་དང་། དེ་རྒྱབ་ཡི་གེ་ཉེར་གཉིས་པོ་གཉིས་སོ། །ཡིག་ངོ་ནང་བསྟན་གཡས་སུ་བསྐོར་ཏེ་གནས། ཡུམ་གྱི་ཐུགས་ཀར་ཆོས་འབྱུང་གདན་ཐབས་གནས། བམ་གྱི་མཐའ་མར་ཡུམ་སྔགས་གནས་པ་དང་། རྣལ་འབྱོར་མ་བཞིའི་ཐུགས་ཀར་ཉི་མའི་སྟེང་། རང་ངང་ས་བོན་མཐའ་མར་རང་སྔགས་བསྐོར། དང་པོ་དེ་དག་གསལ་བཏབ་ཅུང་ཞིག་བཟླས། དེ་ནས་སྔགས་རྣམས་ཀློག་པའི་ཚུལ་དུ་བཟླས། དེ་ནས་ཡིག་འབྲུ་མི་འཁོར་སྔགས་ཕྲེང་ལས། འོད་ཟེར་རང་མདོག་

(༢༥༧)གཡོན་དུ་འཁོར་བར་དམིགས། དེ་ནས་སྔགས་ཕྲེང་དལ་བུ་འཁོར་བ་ལས། དེ་ནས་ཇེ་མགྱོགས་ཤིན་ཏུ་མགྱོགས་པ་ལས། སྔོ་དྲོ་འོད་ཟེར་དཀར་པོ་བྱུང་བ་སྟེ། ཡབ་ཞལ་ནས་ཐོན་ཡུམ་གྱི་ཞལ་དུ་ཞུགས། ཡུམ་གྱི་ཐུགས་ཀའི་སྔགས་འཁོར་ལ་ཕོག་པས། སྔགས་ཕྲེང་དྲག་པོ་ཡུམ་གྱི་ཐུགས་བརྒྱུད་བསྐུལ། ཡུམ་གྱི་སྔགས་ལས་འོད་ཟེར་དཀར་པོ་བྱུང་། བྷ་ག་ནས་ཐོན་རང་གི་གསང་སྦུབ་ཞུགས། ཐུགས་ཀའི་ཧཱུྃ་ཐིམ་ནད་གདོན་བར་ཆད་ཞི། རང་གི་སྤྱི་བོའི་ཨོཾ་ཡིག་དཀར་པོ་ལས། འོད་ཟེར་དཀར་པོ་དཔག་མེད་འཕྲོས་པ་ཡི། ས་འོག་ས་སྟེང་ས་བླ་མན་ཆད་ཀྱི། སེམས་ཅན་ཐམས་ཅད་དཔའ་བོ་མཁའ་འགྲོ་གྱུར། ས་འོག་སྐུ་ཡི་དཀྱིལ་འཁོར་ལྷ་ཚོགས་ཀུན། འོད་དེས་རེག་པས་ཐུགས་རྒྱུད་བདེ་བས་ཚིམ། ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་བསྡུས། རང་གི་སྤྱི་གཙུག་ཨོཾ་ཡིག་ལ་ཐིམ་པས། སྐུ་ཡི་འཁོར་ལོའི་ལྷ་ཚོགས་འགྲུབ་པར་འགྱུར། དེ་ནས་སྐད་ཅིག་རང་གི་ཐུགས་ཀ་རུ། ཡེ་ཤེས་སེམས་དཔའ་རང་འདྲ་གཅིག་བསྒོམ་ཏེ། དེ་ཡི་ཐུགས་ཀར་འཁོར་ལོ་རྩིབས་བཞི་པ། དེ་དབུས་མ་རེག་ཙམ་དུ་ཟླ་བའི་སྟེང་། ཧཱུྃ་མཐར་སྔགས་ཕྲེང་གཡོན་དུ་འཁོར་བར་བསྒོམ། འཁོར་ལོ་

(༢༥༨)རྩིབས་བཞིའི་རྩིབས་འཚམས་རྩིབས་རྩེའི་ཐད། ལྷ་བུའི་བདུད་ཀྱི་ངོ་བོ་བཾ་ནག་བཞི། དེ་ལ་རང་ཉིད་བྱང་ཆུབ་མ་ཐོབ་པར། བདུད་ཀྱི་བསླུ་བ་གེགས་དང་གོལ་ས་དང་ང་རྒྱལ་ཞེན་ཆགས་ཐམས་ཅད་ཐིམ་པར་བསམ། འཁོར་ལོའི་རྩེ་མོ་སྤུ་གྲིའི་སོ་འདྲ་བས། བཾ་ཡིག་ཐུལ་ཐུལ་བཅད་པས་རྗེས་མེད་སོང་། ལྷ་བུའི་བདུད་བཅོམ་ང་རྒྱལ་མེད་པར་བསྒོམ། དེ་རྗེས་འཁོར་ལོ་ཡེ་ཤེས་སེམས་དཔའ་རྣམས། གནས་འགྱུར་སྔར་ལྟར་སྣ་ཚོགས་རྡོ་རྗེ་དང་། སྔགས་ཕྲེང་རྣམས་ལས་འོད་ཟེར་དཀར་པོ་བྱུང་། མཐུར་དུ་སོང་བས་རང་གི་གསང་སྦུག་ནས། ཡུམ་གྱི་བྷ་ག་ཞུགས་ཅིང་སྐུ་ལུས་བརྒྱུད། ཡུམ་ཞལ་ནས་ཐོན་ཡབ་ཀྱི་ཞལ་དུ་ཞུགས། གསལ་ཞིང་བདེ་བའི་ཉམས་རྟོགས་འཆར་བར་བསྒོམ། དེ་ནི་སྔ་འགྲོའི་ཐུན་ཀྱི་དམིགས་པའོ། ཉིན་གུང་སྔགས་ཕྲེང་སྔོན་དུ་འགྲོ་བ་ལ། འོད་ཟེར་སེར་པོ་འཁོར་བས་ཚེ་བསོད་རྒྱས། ཡང་ན་སྔོན་ལྟར་ཡེ་ཤེས་སེམས་དཔའ་དང་། རྩིབས་བཞིའི་རྩིབས་སྣེར་བཾ་ཡིག་ནག་པོ་བཞི། ཕུང་པོའི་བདུད་ཀྱི་ངོ་བོ་དམིགས་བྱས་ལ། ལུས་ཀྱི་ནད་གདོན་ཐམས་ཅད་དེ་ལ་ཐིམ། འཁོར་ལོས་བཏུབ་ཅིང་རྗེས་མེད་སྟོང་

(༢༥༩)པར་ཡལ། ཕུང་པོའི་བདུད་བཅོད་ན་ཚ་མེད་པར་བསྒོམ། དེ་ལྟར་སྔོན་ལྟར་སྔགས་ཕྲེང་གསལ་བྱས་ལ། འོད་ཟེར་སེར་པོ་མཐུར་སོང་གསང་སྦུག་ནས། ཡུམ་ཞུགས་ཞལ་བརྒྱུད་རང་གི་ཐུགས་ཀར་ཐིམ། རྟོག་མེད་བདེ་བའི་ཏིང་འཛིན་འཆར་བར་བསྒོམ། རང་གི་མགྲིན་པའི་ཨ་ཡིག་དམར་པོ་ལས། འོད་ཟེར་དམར་པོ་ས་སྟེང་ཁྱབ་པར་འཕྲོས། ས་སྟེང་གནས་པའི་སེམས་ཅན་ཐམས་ཅད་ཀུན། དཔའ་བོ་རྣལ་འབྱོར་མ་ཡི་ངོ་བོར་གྱུར། ས་སྤྱོད་གསུང་གི་འཁོར་ལོའི་ལྷ་ཚོགས་ཀུན། འོད་དེས་རེག་པས་བདེ་བར་ཆེན་པོ་མཉེས། ཐམས་ཅད་ཚུར་འདུས་མགྲིན་པའི་ཨཱལ་ཐིམ། གསུང་གི་འཁོར་ལོའི་ལྷ་ཚོགས་འགྲུབ་པར་བསྒོམ། དེ་ནས་དགོངས་མོའི་ཐུན་གྱི་དམིགས་པ་ནི། སྔགས་ཕྲེང་བཀོད་ལུགས་འཁོར་ལུགས་སྔོན་ལྟར་ལས། འོད་ཟེར་དམར་པོ་ཡབ་ཞལ་ཡུམ་ཞལ་ཞུགས། རླུང་སེམས་སྣང་སྲིད་དབང་དུ་འདུས་པར་བསྒོམ། རང་གི་ཐུགས་ཀའི་ཧཱུྃ་ཡིག་མཐིང་ཀ་ལས། འོད་ཟེར་མཐིང་ཀར་ནམ་མཁར་ཁྱབ་པར་འཕྲོས། བར་སྣང་ཡན་ཆད་གནས་པའི་སེམས་ཅན་ཀུན། ཐམས་ཅད་དཔའ་བོ་མཁའ་འགྲོའི་རྣམ་པར་གྱུར། མཁའ་སྤྱོད་ཐུགས་ཀྱི་འཁོར་ལོའི་ལྷ་ཚོགས་ཀུན།

(༢༦༠)འོད་དེས་རེག་པས་བདེ་སྟོང་མཆོད་པར་གྱུར། ཐམས་ཅད་ཚུར་བསྡུས་ཐུགས་ཀའི་ཧཱུྃ་ལ་ཐིམ། ཐུགས་ཀྱི་འཁོར་ལོའི་ལྷ་ཚོགས་འགྲུབ་པར་བསྒོམ། དེ་ཡང་གནས་འགྱུར་ཡེ་ཤེས་སེམས་དཔའ་བསྒོམ། འཁོར་འདས་པ་གསལ་བའི་རྩིབ་རྩེ་རུ། ཉོན་མོངས་བདུད་ཀྱི་ངོ་བོ་ཀྵ་དམར་ནག །དེ་ལ་དུག་ལྔ་སེར་སྣ་བཅས་ པ་ཐིམ། འཁོར་ལོའི་རྩིབས་ཅེས་གཏུབ་ཅིང་སྟོང་པར་ཡལ། ཉོན་མོངས་བདུད་བཅོམ་དུག་ལྔ་མི་སྐྱེ་བསམ། སླར་ཡང་གནས་འགྱུར་སྔགས་ཕྲེང་སྔོན་ལྟར་ལས། འོད་ཟེར་དམར་པོ་གསང་སྦུག་ནས་སོང་འཁོར། བདེ་བ་ཆེན་པོའི་ཏིང་འཛིན་འཆར་བར་བསྒོམ། དེ་ནས་མཚན་མོའི་ཐུན་གྱི་དམིགས་པ་ནི། ས་བོན་སྔགས་ཕྲེང་ལ་སོགས་སྔོན་ལྟར་ལས། འོད་ཟེར་མཐིང་ཀ་ཡབ་ཞལ་ཡུམ་ཞལ་བརྒྱུད། ཕྱི་ནང་བར་ཆད་ཐམས་ཅད་ཚར་གཅོད་བསམ། རང་གི་གསང་གནས་ཀྵ་ཡིག་ལྗང་གུ་ལས། འོད་ཟེར་ལྗང་གུ་ཕྱོགས་མཚམས་བརྒྱད་དུ་འཕྲོས། ཕྱོགས་མཚམས་འགྲོ་ཀུན་དཔའ་བོ་ཌ་ཀིར་གྱུར། འོད་དེས་སྒོམ་མཚམས་ལྷ་མོ་བརྒྱད་ལ་མཆོད། ཐམས་ཅད་མཉེས་ནས་ཚུར་འདུས་གསང་བར་ཐིམ།

(༢༦༡)དམ་ཚིག་འཁོར་ལོའི་ལྷ་ཚོགས་འགྲུབ་པར་བསྒོམ། སླར་ཡང་ཡེ་ཤེས་སེམས་དཔའ་འཁོར་ལོ་བཅས། འཆི་བདག་བདུད་ནི་ཆ་ཡིག་དམར་ནག་གཟུགས། དེ་ལ་ཚེ་སྲོག་ལ་གནོད་ཐམས་ཅད་བསྟིམ། འཁོར་ལོ་འཁོར་ཞིང་གཏུབ་པས་སྟོང་པར་བསམ། འཆི་བདག་བདུད་བཅོམ་འཆི་མེད་འགྲུབ་པར་བསམ། དེ་ནས་སྔགས་ཕྲེང་སྔོན་ལྟར་དམིགས་བྱས་ལ། འོད་ཟེར་མཐིང་ཀ་རྡོ་རྗེའི་སྦུག་ནས་ཐོན། ཡུམ་བརྒྱུད་རང་གི་ཞལ་ཞུགས་ཐུགས་ཀར་ཐིམ། གསལ་སྟོང་ཕྱག་རྒྱ་ཆེན་པོ་འབར་བར་བསྒོམ། དེ་ནས་ཐུན་བཞིར་རྫོགས་པའི་དམིགས་པ་ནི། ཐུགས་ཀའི་ས་བོན་སྔགས་འཁོར་སྔོན་བཞིན་ལས། འོད་ཟེར་ཁ་དོག་ལྔ་ལྡན་ཡབ་ཞལ་ནས། ཡུམ་ཞལ་ཞུགས་པས་ཡུམ་ལས་འོད་ཟེར་འཕྲོས། འཁོར་གྱི་རྣལ་འབྱོར་མ་བཞིའི་ཐུགས་བརྒྱུད་བསྐུལ། བྱིན་རླབས་བསྡུས་ནས་ཡུམ་གྱི་ཐུགས་ཀ་ནས། འོད་ཟེར་སྐུ་བརྒྱུད་བྷ་ག་ནས་བྱུང་སྟེ། ནོར་བུ་ནས་ཞུགས་ཐུགས་ཀའི་ཧཱུྃ་ལ་ཐིམ། བདེ་ཆེན་ཡེ་ཤེས་འཁོར་ལོ་འགྲུབ་པར་བསྒོམ། ཞེས་གསུངས་ལ། འོན་ཏང་སྐབས་འདིར་རྒྱུན་དུ་ཉམས་སུ་ལེན་བྱ་དངོས་ནི། ཀུན་མཁྱེན་ཆེན་པོས་

(༢༦༢)ཡབ་ཀྱི་ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟར་རོ། །ཧཱུྃ་མཐིང་གསལ་ལ་སྣ་ཚོགས་འོད་ཟེར་བྱུང་། ཡབ་ཞལ་ནས་ཐོན་ཡུམ་ཞལ་དུ་ཞུགས་ཤིང་། སྐུ་ཡི་དབྱིབས་དང་སྦྱོར་མཚམས་ནས་བརྒྱུད་དེ། ཧཱུྃ་མ་ཐིམ་པས་དེ་བཞིན་བར་མེད་དུ། འཁོར་བས་ཕྲིན་ལས་མཐའ་དག་འགྲུབ་པར་འགྱུར། ཞེས་གསུངས་བཞིན། གཙོ་བོར་དཔལ་ཧེ་རུ་ཀ་ཁྲོ་བོ་ཐམས་ཅད་ཀྱི་རབ་མཆོག་ཡིན་པའི་ཕྱིར་འཁོར་ལོའི་བཟླས་པ་ཉིད་ཤིན་ཏུ་བཟང་བ་ཡིན་པས། དེ་ཡང་གཙོ་བོའི་ཐུགས་ཀར་སོགས་བཞིན། དཔལ་ཧེ་རུ་ཀའི་ཐུགས་ཀར་སྣ་ཚོགས་རྡོ་རྗེ་ལེབ་ཆགས་ལྟེ་བར་ཉི་མ་ལ་ས་བོན་ཧཱུྃ་ཡིག་མཐིང་ག་ལས་རྒྱུན་བཟླས་ཀྱི་ཚེ་ལྷ་ཡི་ཁ་དོག་གི་མདོག་སྟེ་སྔོན་པོ་མྱུར་དལ་རན་པོ་དང་། ཞི་སོགས་ལས་སོ་སོ་ལ་དཀར་པོ་སོགས་བྱུང་། ཡབ་ཀྱི་ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས། སྐུ་ཡི་དབྱིབས་བརྒྱུད་ནས་ཡུམ་གྱི་པདྨར་སོན། ཡབ་ཀྱི་རྡོ་རྗེར་ཞུགས། སྐུའི་དབྱིབས་རྒྱུད། ཐུགས་ཀའི་ས་བོན་ཧཱུྃ་ལ་ཐིམ་པ་སོགས་གོང་བཤད་བཞིན་ནོ། །ཕྱིས་ནས་འོད་ཟེར་སྔགས་ཕྲེང་དུ་བསྒྱུར་བར་བྱའོ། །དེ་ནི་རང་བྱུང་རྒྱལ་བས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་བདག་གི་སྐུའི་དབྱིབས་བརྒྱུད་ནས་ཡུམ་གྱི་མཁའ་བྱུང་ཏེ།

(༢༦༣)སྐུའི་དབྱིབས་བརྒྱུད་ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཞུགས་ཅིང་། ཐུགས་ཀའི་ཧཱུྃ་ལ་ཐིམ་པས་བདེ་སྟོང་མི་རྟོག་པ་རྒྱུད་ལ་སྐྱེས་པར་བསམ་ཞིང་བཟླའོ། །ཞེས་བདེ་བ་ཆེན་པོའི་སྤྲོ་བསྡུས་བཟླས་པ་གསུངས་པ་དེའོ། ཡང་ན་གོང་བཤད་དེ་ལའི་བཟླས་པར་བྱ་ཞིང་། དེ་ཡང་སྔ་མས་བྱིང་བར་སེལ་ཞིང་ཐིག་ལེ་བརྟན་པ་དང་གསལ་བའི་ཉམས་སྐྱེད་ཐུར་སེལ་ནང་དུ་ཐིམ་གྱུར་གྱི་ཕན་ཡོན་ཡོད་ལ། འོན་ཀྱང་རླུང་སྟོང་དུ་འཆུགས་པའི་གེགས་འབྱུང་བར་སྲིད་དོ། ཕྱི་མས་རྒོད་པ་སེལ་ཞིང་། མི་རྟོག་པའི་ཉམས་སྐྱེ་སྲོག་རླུང་དབུ་མར་ཐིམ་པར་བྱེད། རླུང་སྟོད་དུ་འཚངས་པའི་གེགས་སེལ། འོན་ཀྱང་དམིགས་པ་མི་གསལ་བར་འགྱུར་ཉེན་ཡོད་པས་དེས་ན་སྔ་མ་བསྒོམ་པས་རོ་སྟོད་ན་བ་དང་། དབུགས་འཚངས་བ་དང་ཤེས་པ་འཕྱོ་བ་སོགས་བྱུང་ན་ཕྱི་མ་འདི་རྣམས་བསྒོམ་པས་གེགས་སེལ་དུ་ཡང་འགྱུར་བས་གཉིས་ཀ་ཐུན་སོ་སོར་སྤེལ་ཞིང་བསྒོམ་པར་བྱའོ། དེ་ཡང་སྔ་དྲོ་དང་སྲོད་ལ་ཚུར་འཁོར་བ་དང་། ཉིན་གུང་དང་ཕྱི་དྲོ་ཕར་འཁོར་བར་བསྒོམ་ན་ལེགས་པར་བཞེད་དོ། ཡང་ན་སྤྲུལ་པའི་འཁོར་ལོ་སོགས་གསུང་བཞིན་

(༢༦༤)གོང་བསྟན་དམ་ཚིག་བཟླས་པ་ཡང་བྱའོ། བཅོམ་ལྡན་འདས་འཁོར་འདས་པ་ཐམས་ཅད་ཀྱང་སྔགས་བཟླ་གྲོགས་མཛད་པ་དང་། ཕྱོགས་བཅུའི་སངས་རྒྱས་བྱང་སེམས། ཡུལ་ཉེར་བཞིའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱང་། རང་ལ་བྱིན་གྱིས་བརླབས་པའི་དོན་དུ། ཐམས་ཅད་ཀྱང་མདུན་གྱི་ནམ་མཁའ་གང་བར་བཞུགས་ཏེ། སྔགས་བཟླ་གྲོགས་མཛད་ཅིང་བྱིན་གྱིས་བརླབས་པར་བསམ། དམིགས་པ་རྒྱ་ཆེ་བ་ནི། སེམས་ཅན་ཐམས་ཅད་ཧེ་རུ་ཀའི་གོ་འཕང་ལ་བཀོད། དེ་ཐམས་ཅད་ཀྱིས་ཀྱང་སྔགས་བཟླས་པར་བསམ། ལས་བཞི་སོ་སོར་བསྒྲུབ་པའི་སྐབས་ནི། རྩ་རྒྱུད་ལས། གང་ཡང་རབ་ཏུ་གྲགས་པའི་སྔགས། དེ་ཡི་དབྱེ་བ་རིམ་ཇི་བཞིན། ཁ་དོག་ཕོ་ཉ་ལ་སོགས་སྔགས། མདའ་ཡི་ཤུགས་བཞིན་ཡོངས་སུ་འཁོར། ཕན་ཚུན་འདུད་པའི་གསང་སྔགས་ནི། ཡུམ་ཉིད་ཀྱིས་ནི་ཕྱེ་བ་ཡིན། ཞི་བ་ལ་ནི་ལྷོད་པ་སྟེ། དྲག་ཅིང་རྩུབ་པ་མ་ཡིན་ནོ། །ས་བོན་ཕྲེང་བ་དེ་ནས་འཛིན། ཧཱུྃ་གི་མཐའ་རུ་གནས་པ་ཡིན། བསྒྲུབ་བྱ་འགོགས་པར་གྱུར་ནས་ནི། གོམ་པ་གཅིག་ཀྱང་མི་འགྲོས་སོ། །ཁ་སྦྱོར་སྦྱོར་བ་གྱུར་པ་དང་། རྡོ་རྗེ་ལུ་གུ་བརྒྱུད་བཅིངས་ནས། རྡོ་རྗེའི་ཕྱེ་བ་ཉིད་དང་ནི། དེ་བཞིན་སྒྲོ་

(༢༦༥)ཡི་ཆུན་པོས་བསྐོར། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་ཀྱི་རྡོ་རྗེའི་ཚིག་འདི་དག་ལ་དོན་གྱི་རྣམ་གྲངས་གཞན་དང་གཞན་ལ་སྦྱོར་དུ་མང་མདོ་ཀྱི། སྐབས་འདིར་ལས་བཞིའི་བཟླས་པ་དང་སྦྱར་བ་ནི། ཁ་དོག་ཅེས་པས། ཞི་བ་ལ་སྔགས་ཕྲེང་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོའི་ལས་ལ་ནག་པོ་སྟེ། སྔགས་ལས་སྤྲོས་པའི་ཕོ་ཉ་བ་ཡང་སོ་སོར་ཡིན་ནོ། །ཡབ་ཡུམ་སྔགས་ཁ་སྦྱོར་དུ་བཟླ་བའི་ལུགས་ལ། ཡབ་ཀྱི་སྔགས་རྫོགས་པའི་རྗེས་སུ་ཡུམ་གྱི་སྔགས་ཀྱི་ཡིག་འབྲུ་འབྱུང་བ་མི་བྱེད་པར་ཡབ་ཡུམ་གྱི་སྔགས་ཕྲེང་ཡིག་འབྲུ་ཕན་ཚུན་ཁ་སྦྱོར་གནས་པའི། ཕྲེང་བར་གཉིས་བསྒྲིགས་པར་བཞིན་དུ་བྱུང་བར་བསམ། གལ་ཏེ་ཡབ་རྐྱང་སོགས་ལ་བཟླས་ན་སྔགས་གཅིག་པ་ཉིད་ལ་ཡིག་འབྲུ་གཉིས་རེ་གའུ་ཁ་སྦྱོར་གྱི་ཚུལ་གྱིས་སྒོམ་པར་བྱ་སྟེ་ཁ་སྦྱོར་སྦྱོར་བ་སོགས་ཀྱི་དོན་ནོ། །སྤྲོ་བསྡུ་དང་བཀོད་པ་དང་འཁོར་ལོའི་བཟླས་པ་གསུམ་ཆར་ལ་ལས་བཞིའི་དམིགས་པ་འཇུག་ཀྱང་གཙོ་བོར་འཁོར་ལོའི་བཟླས་པ་ཉིད་མཆོག་ཏུ་བསྔགས་པས་དེ་དང་སྦྱར་ན། ཞི་བ་སྔགས་ཀྱི་ཡིག་འབྲུ་རྣམས་ཅུང་ཟད་མ་རེག་པ། ཡིག་འབྲུ་རེ་རེ་བཞིན་འོད་ཟེར་

(༢༦༦)དཀར་པོ་འཕྲོ་བ། དལ་གྱིས་འཁོར་བ་ལྷོད་ཅིང་དལ་གྱིས་འགྲོ་བ་དང་། དབང་ལ་ཡིག་འབྲུ་དམར་པོ་འོད་ཟེར་དམར་པོ་ཅན་ཡི་གེ་སྔ་མའི་ཞབས་ལ་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཡོད་ཅིང་། ཕྱི་མའི་མགོ་ལ་འོད་ཟེར་ཞགས་མིག་ལྟ་བུ་ཡོད་པ། དེ་ལ་ལྕགས་ཀྱུ་ལྟ་བུ་དེ་བཏབ་ནས། སྔ་མས་ཕྱི་མ་དྲངས་པའི་ཚུལ་གྱི་འགྲོ་བ་ནི་ལུ་གུ་རྒྱུད་ལྟ་བུའི་འགྲོས་སོ། །དྲག་པོ་ལ་ནི་རྡོ་རྗེས་དབྱེ་བའི་འགྲོས་ཏེ། ཡི་གེ་སྔ་མ་སྔ་མ་ཕྱི་མ་ཕྱི་མས་ཕུལ་ནས་ཤིན་ཏུ་མྱུར་བ་མདའ་ཡི་ཤུགས་ལྟར་འགྲོ་བའོ། རྒྱས་པ་ལ་སྔགས་འབྲུ་རེ་རེ་ལ་འོད་ཟེར་ཡི་གེའི་སྨད་ཀྱི་ཕྱོགས་ལ་ཇེ་རྒྱས་རྩེ་མོ་ཅུང་ཟད་འཁྱིལ་བའི་རྣམ་པ་ཅན་མང་པོ་གཤིབ་པས་རྨ་བྱའི་སྒྲོ་ཕན་ཡོན་འདྲ་བར་བསྒོམ་པ་སྟེ། ཐམས་ཅད་ལ་མཚུངས་པར་ཡིག་འབྲུ་སྔ་མ་སྔ་མའི་ཞབས་ཀྱི་ཕྱོགས་ལ་ཕྱི་མ་ཕྱི་མའི་མགོ་མཐུད་དེ། ཡིག་འབྲུ་མ་རེག་ཅིང་འོད་ཟེར་འབྲེལ་བའི་ཚུལ་གྱིས་འཁོར་བར་བསྒོམ་པ་ཡིན་ནོ། །དངོས་གྲུབ་ཀྱི་དོན་དུ་བཟླས་པ་ལ་ནི། སྔགས་འབྲུ་ལྷ་ཡི་སྐུ་མདོག་དང་མཚུངས་པ་དང་། འོད་ཟེར་ཁ་དོག་སྣ་ལྔའམ། ལྷ་དབང་དུ་བྱ་བའི་ཕྱིར་དམར་པོ་བྱ་བར་བཞེད་ལ། འགྲོས་ནི་ཞི་བ་

(༢༦༧)དང་མཚུངས་པའོ། འཁོར་རྣམས་ཀྱི་བཟླས་པ་ནི། སྤྲོས་བསྡུས་བཟླས་པ་ཉིད་བྱ་ལ། དེ་ཡང་གཙོ་བོའི་ཐུགས་ཀར་དེ་དང་དེའི་སྔགས་བཀོད་ཅིང་འཁོར་དེ་ཉིད་ཀྱི་སྔགས་བཟླ་བའི་གྲོགས་ཀྱི་གཙོ་བོར་མཛད་པར་བསམ་ལ་དེ་དང་དེའི་སྔགས་བཟླ་བར་བྱའོ། །བཟླས་པའི་དམིགས་པ་འདི་དག་ཀྱང་། བླ་མ་དམ་པ་དག་གི་མན་ངག་གཅིག་ནས་གཅིག་ཏུ་བརྒྱུད་པ་ཉིད་ཡིན་ཕྱིར། འབད་པས་ཉམས་ལེན་གཅེས་སྤྲས་སུ་བྱ་བ་ལས། རང་བཞིན་ཆོས་སྐད་ཁ་རྒྱུག་དགག་སྒྲུབ་རྩོད་ཆོས་ཀྱི་ངོ་སོགས་གར་ཐོད་ཐོད་དུ་འཆད་རྒྱུ་ཞིག་མིན་ནོ། །གཉིས་པ་བཟླ་བྱའི་སྔགས་ནི། རྒྱུད་ལས། རང་མིང་བརྗོད་པའི་སྔགས་ལ་ནི། མཐར་ནི་ཧཱུྃ་ཧཱུྃ་ཕཊ་དང་སྦྱར། ཞེས་གསུངས་པས། མིང་སོ་སོའི་དང་པོར་ཨོཾ་གྱི་ཡི་གེ་དང་མཐར་ཧཱུྃ་གཉིས་དང་ཕཊ་ཅིག་སྦྱར་བ་སྟེ། ཨོཾ་ཤྲཱིར་སོགས་ཡི་གེ་ཉེར་གཉིས་པ་ནི་སྙིང་པོ་ཡིན་ལ་སྔགས་ཀྱི་དོན་ཡང་། བོད་སྐད་ནི། ཨོཾ་དཔལ་རྡོ་རྗེ་ཀྱཻ་སྒྲ་སྒྲོགས་བདེ་བ་ཆེན་པོ་ཧཱུྃ་ཧཱུྃ་ཕཊ། མཁའ་འགྲོ་མའི་དྲྭ་བ་སྡོམ་སྭཱ་ཧཱ། ཞེས་པ་ཡིན་ལ། རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བཤད། མཆོག་དང་ནོར་གཏེར་དཔལ་དང་

(༢༦༨)དབྱངས། སྐལ་བཟང་རྣམ་པ་དང་ལྡན་ཞིང་། དམ་འཆའ་བ་དང་བཀྲ་ཤིས་དོན། ནོར་བུ་འཛིན་པའི་སྙིང་པོ་ཡིན། ཡི་གེ་ཧཱུྃ་ནི་ཅི་ཡིན་བརྗོད། སྡུག་བསྔལ་བཅོམ་ཞིང་འཇོམ་པར་བྱེད། སྲིད་པའི་ཞགས་པ་གཅོད་བྱེད་ཅིང་། སྡུག་པ་སྔགས་ཞིང་བསོད་པར་བྱེད། ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། ཡི་གེ་ཕཊ་ནི་ཅི་ཡིན་བརྗོད། བདུད་དང་སྡུག་བསྔལ་འཇོམ་བྱེད་ཅིང་། བདེ་བ་དག་ནི་འགུགས་པར་བྱེད། ཕཊ་ནི་འཇོམ་བྱེད་སྒྲ་ཡིན་ཏེ། གྲོགས་དང་བཅས་པ་འཇོམ་པར་བྱེད། སྭཱ་ཧཱ་ཞེས་པ་ཅི་ཡིན་བརྗོད། སྡིག་པ་ཐམས་ཅད་ཞི་བྱེད་ཅིང་། དགེ་བའི་ཚོགས་ནི་འཕེལ་བར་བྱེད། ཉེས་པ་བྱས་པ་ཕྲོག་བྱེད་ཅིང་། སྡུག་བསྔལ་ཐམས་ཅད་འཇོམས་པའི་མཆོག །ཅེས་གསུངས་སོ། །ཨོཾ་ཧྲཱིསོགས་ཡི་གེ་བདུན་པ་ནི་ཉེ་བའི་སྙིང་པོ་སྟེ། ས་བོན་གྱི་རིགས་ཡིན་པས་དངོས་སུ་འགྱུར་དུ་མེད་ལ། འོན་ཀྱང་ཏྲཱིནི་ཕ་རོལ་ཐམས་ཅད་འཇོམ་པའི་དོན་དང་། ཧ་གཉིས་ནི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་རང་བཞིན་ཆོས་ཉིད་དང་ལམ་གྱི་བསྡུས་པ་གཉིས་སོ། །ཨོཾ་བཛྲ་བཻ་རོ་སོགས་ནི། ཨོཾ་རྣམ་པར་སྣང་མཛད་མ་ལ་ཧཱུྃ་ཧཱུྃ་ཕཊ། ཞེས་

(༢༦༩)པ་ཡུམ་གྱི་སྙིང་པོའོ། །ཨོཾ་སརྦ་བུདྡྷ་ཊ་ཀི་སོགས་ནི། ཨོཾ་སངས་རྒྱས་ཐམས་ཅད་ཀྱི་མཁའ་འགྲོ་མ་ལ། རྡོ་རྗེ་རིགས་ཅན་མ་ཧཱུྃ་ཕཊ། ཞེས་པ་ཡུམ་གྱི་ཉེ་བའི་སྙིང་པོའོ། དེ་ལྟར་སྙིང་པོའི་ཉེ་སྙིང་སོགས་ནི་འབྲུ་མང་ཉུང་གི་མ་ཡིན་ཏེ། ཤིན་ཏུ་རྣོ་ཞིང་མྱུར་བའི་སྒོ་ནས་འཇོག་པ་ཡིན་ལ། རྩ་སྔགས་སྐུ་སྙིང་པོ་གསུང་། ཉེ་སྙིང་ཐུགས་ཀྱི་སྔགས་སོ། །དེས་སྦྱང་བྱ་འཁོར་བ་སྒྲ་དོན་འདྲེས་འཛིན་གྱི་རྣམ་རྟོག་དང་ཐ་མལ་པའི་ངག་མིང་ཚིག་ཡི་གེའི་བརྗོད་པ་དུ་མ་འབྱུང་བ་རྣམས་སྦྱངས། འབྲས་བུ་དོན་དམ་པའི་ཡི་གེའི་རང་བཞིན་གསུང་རྡོ་རྗེ་རྣམ་པ་ཐམས་ཅད་པའི་སྒོ་ནས་བསྟོད་པའི་དོན་སྤྱོད་པའི་བྱེད་རྒྱུའོ། གནས་སྐབས་སུ་ལྷ་ཡི་བརྒྱུད་བསྐུལ་ཏེ་བདག་ལ་ཐུགས་མཉེས་ནས་ཐུན་མོང་གི་ལས་དང་དངོས་གྲུབ་སྩལ་བ་ཡིན་ནོ། །དེ་ནས་གཉིས་པ་ཉེ་བསྡུས་རྣལ་འབྱོར་ཐུན་མཚམས་ལ་འཇུག་པ། དཀྱིལ་འཁོར་ཉེ་བ་བསྡུ་བ་ནི། བདག་ཉིད་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས། ཆོས་སྐུ་སྣང་བ་རབ་འབྱམས་མཐའ་ཡས་པ། ཕྲིན་ལས་ཐམས་ཅད་འདུས་པ་ནི། སྣོད་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་ལྷར་གྱུར་པའི་དེ་ཐམས་ཅད་བསྲུང་འཁོར་ལ་ཐིམ་པ་དང་། སྣང་བ་རབ་འབྱམས་རྣམས་ཐུགས་རྗེ་ཆེན་པོར་འདུས་པ་ནི་

(༢༧༠)དུར་ཁྲོད་བསྲུང་འཁོར་སོགས་ཐམས་ཅད་གཞལ་ཡས་ཁང་ལ་ཐིམ། དེ་ཉིད་འོད་དུ་ཞུ་ནས་སྐུ་གཟུགས་བདེ་བ་ཆེན་པོའི་ངོ་བོ་ཉིད་ཀྱི་ཕྱིར་འཁོར་རྣམས་ལ་ཐིམ། ཐམས་ཅད་ངོ་བོ་ཉིད་ཀྱི་སྐུར་མཉམ་པའི་ཕྱིར་འཁོར་རྣམས་ཀྱང་ཡུམ་ལ་ཐིམ་པ་དང་། རྣམ་ཀུན་གྱི་སྟོང་པ་ཉིད་ཀྱང་བདེ་ཆེན་གྱི་ངོ་བོ་ཡིན་པའི་ཕྱིར་ཡུམ་ཡང་ཡབ་ལ་ཐིམ་ཞིང་། ཡེ་ཤེས་ཀྱང་དབྱིངས་ཀྱི་ངོ་བོ་ཡིན་པའི་ཕྱིར་ཡབ་ཀྱང་ཐུགས་ཀའི་ཧཱུྃ་ལ་ཐིམ་ཞིང་དེ་ཡང་ཞབས་ཀྱུ་ཁ་དོག་པ་མགོ་བོ་ཟླ་ཚེས་ཐིག་ལེ་ན་དཱ་རྣམས་གཅིག་ལ་གཅིག་ཐིམ་པར་གྱེན་རྫོགས་སུ་ཡལ་བར་བསམ་ལ་མཐར་འོད་གསལ་དུ་མཉམ་པར་བཞག་གོ །དེ་ལས་གཟུགས་སྐུའི་སྣང་བ་རྒྱུན་མི་འཆད་དུ་འབྱུང་བ་ནི། སླར་ཡང་དེ་ཡི་ངང་ལས་བདག་ཉིད་ཧེ་རུ་ཀ་གཙོ་བོ་ལྷན་སྐྱེས་ཡབ་ཡུམ་དཔའ་བོ་གཅིག་པའི་རྣམ་པར་གསལ་ཞིང་ལྷ་སྔགས་ཏིང་འཛིན་གྱི་རོལ་པས་ཐུན་མཚམས་ཀྱི་སྤྱོད་ལམ་ལ་འཇུག་གོ །དེས་སྦྱང་བྱ་འཇིག་རྟེན་གྱི་ཞེན་པའི་ལྷག་མ་བག་ཆགས་ཀྱི་ཆ་རྣམས་དང་། ཁྱད་པར་རྩ་ཁམས་རླུང་གི་ནུབ་པ་སྣ་ཚོགས་པ་དང་། ཕུང་ཁམས་ཉེ་ཤུར་གྲགས་པ་ཚུན་ཆད་ཐིམ་པ་ནི། སྣོད་བཅུད་ནས་གཞལ་ཡས་ཁང་དུ་བསྡུ་བའི་བར་དང་

(༢༧༡)ས་ཆུ་ཆུ་མེ་མེ་རླུང་རླུང་ནམ་མཁར་ཐིམ་པ་རྣམས་ནི་བདེ་ཆེན་འཁོར་ལོ་བསྡུ་བའི་བར་དང་། ལྷ་ཚོགས་རྣམས་ཕྱོགས་གཡོན་བསྐོར་གྱི་ཐིམ་པས་སྣང་བ་དང་། མཚམས་གཡས་སྐོར་གྱིས་ཐིམ་པས་འཆེད་པ་དང་། ཡུམ་དང་ཞལ་ཕྱག་མཐིལ་པས་ཐོབ་པ། ཐམས་ཅད་སྙིང་ཁར་ཐིམ་པའི་བར་འོད་གསལ་ཏེ་འཆི་བའི་བར་དང་། གཉིད་འཐུག་པོའི་བར་དུ་སྦྱོང་ཞིང་། དེ་ནས་རྨི་ལམ་དང་བར་དོར་སྦྱངས་བ་ནི། ཐུན་མཚམས་ཀྱི་ལྷ་སྐུའོ། །ལམ་དུས་སུ་རིམ་བཞིན་ལ་བརྟེན་ནས་རིམ་པས་རག་པའི་ལུས་དག་པའི་སྒྱུ་ལུས་སུ་ལྡང་བ་དང་། འབྲས་བུ་ཆོས་སྐུའི་ངོ་བོ་སྣང་བ་རབ་འབྱམས་མཐའ་ཡས་པ་ཕྲིན་ལས་ཐམས་ཅད་འདུས་པ་ནི། སྣོད་བཅུད་བསྲུང་འཁོར་ལ་ཐིམ་པ་དང་། སྣང་བ་རབ་འབྱམས་རྣམས་ཐུགས་རྗེ་ཆེན་པོར་འདུས་པ་ནི། དུར་ཁྲོད་བསྲུང་འཁོར་སོགས་གཞལ་མེད་ཁང་ལ་ཐིམ་པ་དང་། སྐུ་གསུང་ཐུགས་ཐམས་ཅད་ཀྱང་བདེ་ཆེན་ཡེ་ཤེས་ཀྱི་ངོ་བོ་གཅིག་པུ་ལས་མ་འདས་པའི་ཕྱིར་བདེ་ཆེན་འཁོར་ལོ་ཐིམ་པ་དང་། ལྷ་རྣམས་བདེ་སྟོང་གཉིས་སུ་འདུས་པའི་ཕྱིར། གཡས་སྐོར་གཡོན་སྐོར་གྱི་རིམ་པས་སྣ་བུག་གཉིས་སུ་བསྡུ་བ་དང་། ཐམས་ཅད་ངོ་བོ་ཉིད་ཀྱི་སྐུར་མཉམ་པའི་ཕྱིར་གཙོ་བོ་

(༢༧༢)ལ་བསྡུ་ཞིང་། རྣམ་ཀུན་གྱི་སྟོང་ཉིད་ཀྱང་བདེ་ཆེན་གྱི་ངོ་བོ་ཉིད་ཡིན་ཕྱིར། ཡུམ་ཡབ་ལ་ཐིམ་པ་དང་། ཡེ་ཤེས་ཀྱང་དབྱིངས་ཀྱི་ངོ་བོ་ཉིད་ཕྱིར་འོད་གསལ་དུ་བསྡུ་བ་དང་། དེ་ལས་གཞན་དོན་དུ་གཟུགས་ཀྱི་སྐུ་ཡི་སྣང་བ་རྒྱུན་མི་ཆད་པ་འབྱུང་བ་ནི། ཐུན་མཚམས་ཀྱི་ལྷ་སྐུ་གཞེང་པས་མཚོན་ནོ། ༈ གསུམ་པ་གཏོར་མའི་ཆོ་ག་ནི། དང་པོ་གཏོར་མ་སྦྱིན་པའི་དུས་ནི་འབྱོར་ཞིང་ནུས་ན་ཐུན་བཞིའི་མཐའ་དང་དེ་ལྟར་མ་འབྱོར་ཞིང་མ་ནུས་ན་ཐུན་ཐ་མ་ལ་ངེས་པར་དགོས་ལ། མངོན་བརྗོད་ལས། ཆོ་ག་འདི་ཡིས་རིམ་པ་ཡིས། ཐུན་མཚམས་བཞི་རུ་སྦྱིན་པར་བྱ། ཞེས་དང་། ལྷོ་ཕྱོགས་ཁ་བལྟས་གནས་པ་ཡིན། མཚན་ཕྱེད་དུས་སུ་གཏོར་མ་སྦྱིན། ཅེས་གསུངས་ཤིང་། དེ་ལྟར་བུ་ཡི་དུར་ཁྲོད་དུ། གནོད་སྦྱིན་རོ་ལངས་སྲིན་པོ་ལ། ཧེ་རུ་ཀ་ཡི་གཟུགས་བསྒོམས་ནས། དེར་ནི་གཏོར་མ་སྦྱིན་བྱ་སྟེ། ཅང་ཏེ་རྡོ་རྗེ་དྲིལ་བུ་དང་། སིལ་སྙན་གར་རྣམས་རབ་ཏུ་བྱ། ཕྱོགས་ཀྱི་གོས་ཅན་ཕྱག་རྒྱ་སྦྱོར། ཧཱུྃ་ཕཊ་ཅ་ཅོའི་སྒྲ་འབྱིན་ཞིང་། ཞབས་གཡས་བརྐྱང་བའི་སྦྱོར་བ་ཡིས། འབར་བའི་ཕྱག་རྒྱ་བཅིངས་ནས་

(༢༧༣)སུ། ཁ་ནི་དམ་ཚིག་གིས་བསྐང་ནས། གསང་སྔགས་འདི་ནི་རྗེས་དྲན་བྱ། ཞེས་སོགས་གསུངས་པ་ལྟར། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་ཡང་དགོས་པ་ཡིན་ནོ། །དེས་ན་དུར་ཁྲོད་ལ་སོགས་པ་དངོས་སམ། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ས་གཞི་ལ་འཇུག་པར་མོས་ལ། བདག་བསྐྱེད་དཀྱིལ་འཁོར་མ་བསྡུས་པའི་སྐབས་སུ་སམ། དཀྱིལ་འཁོར་སྒྲུབ་མཆོད་ལྟ་བུར་བདག་མདུན་གཉིས་གྲུབ་པའི་སྐབས་ཡིན་ན། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་ལས་ཀྱི་ཧེ་རུ་ཀ་ཞིག་བྱེ་བར་མོས། དེ་ལ་ང་རྒྱལ་གཙོ་བོ་འཇུག་ཅིང་དུར་ཁྲོད་དུ་སོང་བར་མོས་པ་ཡིན་ཞིང་ཐུན་བར་དུ་འབུལ་བ་ཡིན་ན་ཐུན་མཚམས་ཀྱི་ལྷ་ཡི་ང་རྒྱལ་ལ་གནས་པ་ཉིད་ཀྱིས་སོ། །གོང་ལྟར་ཡང་གཅེར་བུ་སྐྲ་གྲོལ་བ་ཁ་ཕྱོགས་སུ་བལྟ་ཞིང་། རིག་མས་འཁྱུད་པའི་ལུས་ཅན་དུ་བསམ་ལ། སླར་ཡང་ཧེ་རུ་ཀ་ཕྱག་གཉིས་པའི་ང་རྒྱལ་གསལ་བཏབ་ནས་བདུད་རྩི་རིལ་བུའི་ཤ་ཆེན་མུར་བཞིན་པའམ། མེད་ན་མོས་པ་བྱེད་བཞིན་པས་གཏོར་མ་ལ་འཇུག་གོ །གཏོར་མའི་སྣོད་ནི། མངོན་བརྗོད་ལས། ཐོད་པ་དེ་རྣམས་ལ་ཡང་སྦྱིན། ཞེས་དང་། སྡོམ་འབྱུང་

(༢༧༤)ལས། དུས་གསུམ་སྒྲུབ་པོའི་དངོས་གྲུབ་མཆོག །ཅེས་གསུངས་པས། རབ་དངོས་སུ་ཐོད་པ་དུམ་བུ་གསུམ་པ་བཤམ་པའམ། མ་རྙེད་ན་སྣོད་གང་ཡང་རུང་བར་བཤམས་ཤིང་དམིགས་པས་ཐོད་པའི་སྣོད་དུ་བསམ་པར་བྱའོ། ཁ་ཅིག་ལྕགས་སྣོད་དང་བསེ་སྣོད་དུ་མི་བྱ་ཟེར་བ་ནི་ཕྱི་གཏོར་ལ་དེ་ལྟར་གྲགས་ཀྱང་། འདི་དག་ནང་གཏོར་ཡིན་པས་ངེས་པ་མི་དགོས་སོ། །གཏོར་མའི་རྫས་ནི་ཁ་ཟས་བཟང་དགུ་སྣ་ཚོགས་དང་། ཁྱད་པར་ཤ་དང་། ཁྲག་དང་། ཉ་ཤ །སྒོགས་གཙོང་། ཆུ་ཆང་ལ་སོགས་པ་དང་ལྡན་པའི་ཟན་ནམ་འཁུར་བ་ལ་སོགས་པ་བཟའ་བ་དང་བཅའ་བ་ཐམས་ཅད་ཀྱི་བྱ་ཞིང་། མདུན་དུ་མཆོད་ཡོན་དང་། གཡས་སུ་ཆུ་གཞན་དང་ཉེར་སྤྱོད་ལ་སོགས་བཤམས་ཞིང་། གཡོན་དུ་ཉེ་བར་དགོས་པའི་སོ་རྩི་དང་ན་བཟའ་སོགས་པའང་ཇི་ལྟར་རིགས་པར་བཤམ་མོ། །གཏོར་མའི་དབྱིབས་ཀྱི་ཁྱད་པར་ནི། འཕགས་ཡུལ་དུ་ངེས་ཅན་མི་བྱེད་ཀྱང་། ཕྱོགས་འདིར་སྔོན་བྱོན་རིགས་སྔགས་གྲུབ་པའི་རྡོ་རྗེ་འཛིན་པ་རྣམས་ཀྱི་ཕྱག་ལེན་གང་ཡིན་པ་དེ་ལྟར་ཉམས་མེད་བྱ་དགོས་པ། འདི་ནི་ཡི་དམ་གྱི་གཏོར་མ་འཁོར་བཞི་ཅན་མཐོང་བརྒྱུད་ལྟར་བྱའོ། དེ་ལ་བྱིན་གྱིས་བརླབས་

(༢༧༥)པའི་བདུད་རྩི་ལྔས་སྦགས་པར་བྱ་དགོས་ཏེ། སམྦུ་ཊ་ལས། མཆོད་ཡོན་མཆོད་སོགས་རིམ་གྲོ་དང་། ཉ་དང་ཤ་སོགས་ཟ་བ་དང་། ཆང་དང་མྱོས་བྱེད་སྤྲོ་བ་ཡང་། གཡོན་དུ་ཉེ་བར་དགོས་པ་ཀུན། གཡས་པ་དག་ཏུ་ཆུ་ཡི་སྣོད། རྫས་ནི་འདི་དག་ཐམས་ཅད་རྣམས། བདུད་རྩི་ལྔ་ཡིས་སྦྱང་བར་བྱ། ཅེས་གསུངས་སོ། །དེས་ནི་བདུད་རྩི་ནི་སྦྱང་བྱེད་ཡིན་གྱི་གཏོར་མའི་རྒྱུ་མ་ཡིན་ལ། བདུད་རྩིའི་བསང་གཏོར་བྱས་པའི་རྗེས་སུ་བྱིན་རླབས་བྱ་བ་ཡིན་ནོ། །ཕྱོགས་འདིར་གཏེར་ཆབ་དྲན་པ་ཞེས། ཆང་གཉིས་བར་དུ་ཆུ་ཡིས་སྦྱངས་ཟེར་བ་སོགས་ལག་ལེན་ཙམ་ཆང་ཆུ་ནང་མཆོད་ཀྱི་སྦྲན་པ་སྟེ། འོན་ཏང་ཆང་ཕལ་པས་སྦྲན་པ་ནི་གཏོར་མའི་རྒྱུ་ཡིན་གྱི་སྦྱངས་བྱེད་མིན་ལ། ཆུ་ཡང་བསྒྲུབ་པའི་གསང་ཆུ་དང་བར་ཆད་བསྲུང་བའི་དོན་དུ་ཁྲོ་བོའི་སྔགས་བཟླས་ཀྱི་ཆུ་སོགས་འཐོར་བ་རྣམས་མ་གཏོགས། ཆུ་ཕལ་པ་ལྷུག་པ་ནི་སྐོམ་མཚོན་བྱེད་ཙམ་ལས་སྦྱོང་བྱེད་དམ་གསང་བྱེད་མ་ཡིན་ནོ། །དེས་ན་གསང་བྱེད་དངོས་ནི་ནང་མཆོད་ཉིད་དོ། །ཡང་ཁ་གཅིག་ནང་མཆོད་འཐོར་བ་གཏོར་མའི་རྒྱུ་ཤ་ལྔ་བདུད་རྩི་ལྔ་མཚོན་བྱེད་དེ་

(༢༧༦)ཟེར་བ་ཡང་དོན་དང་བྲལ་བ་སྟེ། ཇི་སྐད་དུ། སྔགས་རྣམས་ཐམས་ཅད་ཉིད་ལ་ནི། རྨད་དུ་བྱུང་བའི་གཏོར་མ་འབུལ། ཞེས་པ་ལྟ་བུ་དོན་ཁྱད་པར་ཅན་འགའ་ཞིག་མ་གཏོགས་གཏོར་མའི་རྒྱུ་ནི་གོང་དུ་བསྟན་པ་དེ་རྣམས་ཡིན་ལ། ཤ་ལྔ་བདུད་རྩི་ལྔ་ནི། གཏོར་མ་དེ་བྱིན་གྱིས་རློབས་བྱེད་ཀྱི་རྫས་དང་ཏིང་ངེ་འཛིན་ལ་དགོས་པ་ཉིད་ལས། དང་པོར་རྒྱུ་ལ་དགོས་པ་མིན་ནོ། །དེ་ནས་གཏོར་མའི་ཡོ་བྱད་ལ་གཡོན་པའི་ཐེབ་སྲིན་གྱིས་བདུད་རྩི་རིལ་བུའི་ཆུའམ། ནང་མཆོད་འཐོར་ཞིང་བྱིན་རླབས་ཀྱི་ཏིང་ངེ་འཛིན་སོགས་གོང་བསྟན་ནང་མཆོད་ཀྱི་སྐབས་ལྟར་བྱའོ། །དེ་ཡང་བདག་བསྐྱེད་ལ་གཏོར་མ་འབུལ་བ་ཡིན་ན། རང་ཉིད་ལས་ཀྱི་རྡོ་རྗེ་ཕྱག་གཉིས་པ་དུར་ཁྲོད་ལ་གནས་པས་གཏོར་མ་བྱིན་གྱིས་རླབས་ཏེ་གཏོར་མགྲོན་སྤྱན་དྲངས། ཤར་སྒོ་གཏོར་མའི་སྤྱི་བུང་ཆེན་པོ་བཞག་ནས་འབུལ་བར་བསམ་སྟེ། འདི་ལ་དམ་ཚིག་པ་བསྐྱེད་པ་མི་དགོས་སོ། །མདུན་བསྐྱེད་དཀྱིལ་འཁོར་མཆོད་པ་སོགས་ནི་དཀྱིལ་ཆོག་ཏུ་འཆད་པར་འགྱུར་ཞིང་། རྒྱུན་གྱི་རྣལ་འབྱོར་ལ་ཐུན་མཚམས་སུ་འབུལ་ཏེ། བདག་ཉིད་དཔའ་བོ་གཅིག་པ་དུར་ཁྲོད་དུ་བཞུགས་ནས་

(༢༧༧)གཏོར་མ་ནང་མཆོད་བྱིན་རླབས་སྐབས་འཆད་ལྟར་བྱིན་གྱིས་བརླབས་ལ། དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དབུས་མདུན་གྱི་ནམ་མཁར་དཔལ་འཁོར་ལོ་སྡོམ་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་འཁོར་ལོ་དམ་ཚིག་པ་བསྒོམ་ལ། ཕཻ༚་ཞེས་ལན་གཉིས་བརྗོད་པས་སྔོན་མས་མཁའ་འགྲོ་མ་ཉིད་བསྐུལ་བ་དང་། རྗེས་མས་མཁའ་འགྲོ་མས་དཔའ་བོ་དག་བསྐུལ་བའི་ཕྱིར་རོ། །དེ་ཡིས་གཏོར་མགྲོན་སོགས་ཀྱི་ཡེ་ཤེས་པ་ཡན་དྲངས་པ་སྟེ། དེ་ཡང་ཕྱོགས་སྐྱོང་ཐམས་ཅད་ཀྱང་གདོད་ནས་དག་པ་ཆེན་པོའི་ལྷ་འཁོར་ལོ་སྡོམ་པའི་རྣམ་པ་ཉིད་དུ་བསམ་ལ་སྙིང་ཀ་ནས། མཆོད་པའི་སྤྲིན་རབ་འབྱམས་སྤྲོས་ནས་མཆོད་པར་བསམ་ལ་ཉེར་སྤྱོད་ཀྱི་སྔགས་བརྗོད། པད་སྐོར་དང་བཅས་ས་མ་ཡ་སྟྃྭ་ས་མ་ཡ་ཧོ་ཞེས་པ་ལན་གསུམ་བརྗོད་ནས་དམ་ཡེ་གཉིས་མེད་དུ་བསྟིམ་པར་བསམ་ནས་ཤར་སྒོའི་ནང་ན་གཏེར་མའི་སྤྱི་བུང་ཆེན་པོ་ལ་གསོལ་བར་བསམ་པའམ། ཡང་ན་ལག་གཡོན་མཐིལ་དུ་ཨ་ལི་བཅུ་དྲུག་འོད་དུ་ཞུ་བས་ཟླ་བ་དང་། གཡོན་པར་ཀ་ལི་འོད་དུ་ཞུ་བ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ཧཱུྃ་གིས་མཚན་པར་གྱུར་པས། ཇི་སྐད་དུ།

(༢༧༨)མཐེ་བོང་རྡོ་རྗེ་སྐྱིལ་མོ་ཀྲུང་། མཛུབ་མོ་སྲིན་ལག་རྒུ་པོ་འདི། གུང་མོ་མཉམ་པ་རྩེ་སྦྱར་བ། རྡོ་རྗེ་ཐལ་མོའི་མཚན་ཉིད་དོ། །ཞེས་པ་ལྟར་རྡོ་རྗེའི་ཐལ་མོས་གཏོར་མ་བཏེགས་པར་མོས་ལ། ལྷ་མོ་ཚད་མ་སོགས་ཀྱིས་སྨོན་ལམ་བཅས་བརྗོད་པས། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་དཀར་པོའམ་དཀར་ལ་དམར་མདངས་ཆགས་པའི་ལས་དང་རྗེས་མཐུན་གྱི་ཁ་དོག་ཅན་རྩེ་གསུམ་པ་དེ་ལས་འོད་ཟེར་གྱི་རང་བཞིན་དབྱིབས་སྦུ་གུ་ཅན་བྱུང་ནས་གཏོར་མ་ལ་བཙུག་ཏེ་གསོལ་བར་བསམ་པར་བྱ་ལ། བསད་པའི་ལས་སོགས་ལ་ནི་བླ་མ་མཉེས་པའི་ཞལ་ལས་ཤེས་པར་བྱའོ། དེ་ནས་ཨོཾ་ཨཱ་ར་ལླི་སོགས་ལན་གསུམ་མི་བདུན་གྱིས་གཙོ་བོ་ཡབ་ཡུམ་དང་འཁོར་བཞི་ལ་འབུལ་ལོ། །དེ་ལ་ཨོཾ་ནི་བདུད་རྩི་སྐྱེད་པར་བྱེད་པའོ། ཨཱ་རལླི་ནི་རོལ་པ་སྟེ། ཧོ་ནི་དངོས་སུ་བསྒྱུར་དུ་མེད་ཀྱང་བསྐུལ་ཚིག་ཡིན་པས་རོལ་པར་མཛོད་ཞེས་པའོ། ཛཧཱུྃ་བྃ་ཧོ་ནི་འགུགས་གཞུག་བཅིངས་མཉེས་ཏེ། དེ་ཡང་དངོས་སུ་དགུག་གཞུག་བྱེད་པ་མིན་ཡང་། དེ་མཚུངས་གསོལ་

(༢༧༩)བ་འདེབས་པ་སྟེ། ཚུར་བྱོན་ཅིག་བཞུགས་ཤིག །བྱ་བ་མ་ཟིན་བར་དུ་མ་གཤེགས་ཅིག །དགྱེས་བཞིན་དུ་བཞུགས་ཤིག་ཅེས་བསྐུལ་བའི་དོན་ཡིན་ལ། བཛྲ་ནི་རྡོ་རྗེ་སྟེ་དཔལ་ཧེ་རུ་ཀའོ། ཌཱ་ཀི་ནི་མཁའ་འགྲོ་སྟེ། མཁའ་འགྲོ་མ་ཡི་དྲྭ་བ་ཅེས་པ་འཁོར་གྱི་ཚོགས་མཐའ་དག་གོ །ས་མ་ཡ་དམ་ཚིག་སྟྃྭ་ནི་ཁྱོད་སྟེ་འགྲོ་བའི་དོན་སྤྱོད་པར་དམ་བཅས་པའི་ལྷ་ཚོགས་ཁྱོད་ཅེས་སོ། དྲྀ་ཤྱ་ནི་སྤྱན་གཟིགས། ཧོ་ནི་དགྱེས་པའི་དོན་ནི། གཟིགས་པ་དང་དགོངས་པ་དོན་གཅིག་པས་དགོངས་པར་གསོལ་བ་དང་། དགྱེས་པར་གསོལ་བ་འདེབས་པ་ཡིན་ནོ། །དེའི་རྗེས་སུ་ཕྱི་མཆོད་ཀྱི་མཆོད་ནས། ཧེ་རུ་ཀ་དཔལ་སོགས་ཀྱི་བསྟོད་པའམ། ཡང་ན་ཌཱ་མ་རུའི་སྒྲ་དང་བཅས་རྐང་བརྒྱད་གཉིས་ཀྱི་བསྟོད་ཀྱང་ཆོག་ལ། སྲིད་དང་ཞི་བ་མཉམ་པར་སོགས་ཀྱི་གསོལ་བ་བཏབ་པ་སྟེ། སྲིད་པའི་འཁོར་བ་དང་ཞི་བ་མྱ་ངན་ལས་འདས་པ་དེ་གཉིས་མཉམ་པར་ཆགས་པ་བཅོམ་པའི་དོན་དམ་པའི་འཁོར་ལོ་བདེ་མཆོག་བདེ་བ་ཆེན་པོས་འཇིག་རྟེན་པའི་ཀུན་རྟོག་ཐམས་ཅད་འཇོམས་ཤིང་། ཧེ་རུ་ཀ་དཔལ་ཁྱོད་ཀྱིས་དངོས་པོ་ཐམས་ཅད་སྤྲོས་བྲལ་ནམ་མཁའ་དང་

(༢༨༠)མཉམ་པའི་བདག་ཉིད་ཀྱི་གཟིགས་པར་ལྡན་པའི། མགོན་པོ་ཁྱོད་ཀྱིས་ཐུགས་རྗེ་ཆེན་པོའི་ཆུ་ཡི་ལྕིད་ཀྱིས་བརླན་པར་གྱུར་པའི་ཡང་དག་པའི་ཐུགས་ཀྱི་ཆུ་ཡིས་བདག་ལའང་ཤིན་ཏུ་གང་བར་མཛོད་ཅིག །ལྷ་མོ་རྣམས་ཀྱིའང་ཐུགས་རྗེས་བདག་ལ་ཤིན་ཏུ་བརྩེ་བར་མཛད་དུ་གསོལ། ཞེས་སོ། དེ་ནས་འཇིག་རྟེན་པའི་གཏོར་མ་ནི་གཏོར་མ་དུར་ཁྲོད་གནས་པ་རྣམས་པ་ཁོ་ན་གནད་ཆེ་བར་བཞེད་དོ། །དགྱེས་རྡོར་ལས། སེམས་ཅན་རྣམས་ཀྱི་སྲོག་སྲུང་ཕྱིར། རྡོ་རྗེ་སེམས་དཔས་གཏོར་མ་བསྟན། ཞེས་འཇིག་རྟེན་ལས་འདས་པའི་འབྱུང་པོ་རྣམས་ཚིམ་པར་བྱས་ན། མི་ཕྱུགས་སོགས་སྐྱེ་བོ་དུ་མའི་སྲོག་ལ་གནོད་པ་བསྲུང་ནུས་པ་ཡིན་ནོ། །དེས་ན་རྡོ་རྗེ་ཐལ་མོ་ཁ་ཕྱེ་བས་མཁའ་འགྲོ་མ་དང་འབྱུང་པོའི་ཚོགས་ཐམས་ཅད་ཕུལ་བར་བསམ་ལ། ཨོཾ་ཁ་ཁ་ཁཱ་ཧི་སོགས་ཀྱི་སྔགས་ལན་གསུམ་གྱི་ཕུལ་བར་བྱ་སྟེ། དེ་ཡང་ཨོཾ་ནི་སྤྱིར་སྔགས་ཀྱི་མགོ་འདྲེན་པ་ཡིན་ལ། འདིར་ནི་བདུད་རྩིའི་ས་བོན་ཏེ་གཏོར་མ་གསོལ་བས་སྟོབས་དང་བདེ་བ་སྐྱེད་པའི་དོན་ནོ། །ཁ་ཁ་ནི་ཟོ་ཟོ། ཁཱ་ཧི་ཁཱ་ཧི་ནི་གསོལ་བར་མཛོད་གསོལ་བར་མཛོད་

(༢༨༡)དངོས་སུ་ན་གཏེར་མ་བཟའ་བ་དང་། དེ་ལས་བྱུང་བའི་བདེ་བ་མྱོང་བར་མཛོད་ཅིག་པར་ཡིན་ལ། དོན་དམ་པར་ན་བདག་ཅག་འཁོར་བ་ས་ཐམས་ཅད་ཁྱེད་ཀྱི་ཡེ་ཤེས་ཆེན་པོར་བཟའ་ཞིང་ཐིམ་པ་དང་། ཡེ་ཤེས་ཆེན་པོའི་བདེ་བ་མྱང་བར་མཛོད་ཅིག་པའོ། སརྦ་ནི་ཐམས་ཅད། ཡཀྵ་ནི་གནོད་སྦྱིན། རཀྵ་ནི་སྲིན་པོ། བྷུ་ཏ་ནི་འབྱུང་པོ། པྲེ་ཏ་ནི་ཡི་དྭགས། བི་ཤ་ཙི་ནི་ཤ་ཟ། ཨོནྨ་དཱ་ནི་སྨྱོ་བྱེད། ཨ་པདྨ་ར་ནི་བརྗོད་བྱེད། ཌཱ་ཀ་ཌཱ་ཀི་ནྱ་ད་ཡནི་མཁའ་འགྲོ་མཁའ་འགྲོ་མ་ལ་སོགས་པ་རྣམས། ཨི་དམ་ནི་འདི། བ་ལིང་ནི་གཏོར་མ་སྟེ། ཤ་ཁྲག་དང་དྲོད་དང་དབུགས་ཀྱི་སྟོབས་སོ། །དེ་ནི་བདུད་རྩི་ལྔ་དང་ཤ་ལྔར་བྱིན་གྱིས་བརླབས་པ་དང་། དུད་འགྲོ་དང་ཕྱུག་སྒྲུབ་པའི་བསམ་གཏན་ཉིད་ཀྱིས་སོ། །གྲྀཧྣནྟུ་ནི་བཟུང་དུ་གསོལ་ཞེས་པའོ། ས་མ་ཡ་རཀྵནྟུ་ནི་དམ་ཚིག་བསྲུང་དུ་གསོལ། སརྦ་སིདྡྷི་མྨེ་པྲ་ཡཙྪན་ཏུ་ནི་དངོས་གྲུབ་ཐམས་ཅད་བདག་ལ་སྩོལ། ཡ་ཐཻ་བཾ་ནི་ཇི་ལྟར་འདོད་པ། བྷུཉྫ་ནི་བཟའ་བའམ། པི་བ་ཐ་ནི་འཐུང་བ་འཐུང་ཞིག །ཛི་ནྣྲ་ཐ་ནི་དྲི་བསྣོམ་ཤིག །མ་ཏི་ཀྲ་མ་ཐཱ་ནི་རིམ་པ་ལས་མ་འདའ་

(༢༨༢)དེ་རྣམས་ངེས་པར་ན་ཀུན་རྟོག་བསད་པའི་གཏོར་མ་དང་། ཡུམ་ལྔའི་བཟའ་བ་དང་། རྣམ་པར་ཤེས་པའི་བཏུང་བ་རྣམས་འོད་གསལ་དུ་གསོལ་ཏེ་ཐིམ་པར་མཛོད་ཅིག་ཅེས་པའོ། གཏོར་མ་གསོལ་ནས་ཅི་བྱ་ན། མ་མ་སརྦཱ་ཀཱ་ར་ཏ་ཡ་སཏྤུ་ཁཾ་བི་ཤུདྡྷ་ཡེ་ས་ཧཱ་ཡི་ཀཱཾ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ནི་བདག་ལ་རྣམ་པ་ཐམས་ཅད་ཀྱིས་དམ་པའི་བདེ་བ་རྣམ་པར་དག་པའི་ཆེད་དུ་སྟོང་གྲོགས་མཛོད། ཅེས་པའོ། དེ་ནས་གནས་སྐབས་དང་མཐའ་ཐུག་གི་ཕྲིན་ལས་བཅོལ་བར་བྱ་ཞིང་། དབང་བསྐུར་དང་རྒྱལ་པོའི་དོན་དང་། ཡུམ་འཁོར་གྱི་དོན་དང་། འཁོར་ལོའི་མཆོད་པ་དང་། རབ་གནས་སོགས་དང་འབྲེལ་བ་ལ་ནི་རོལ་མོའི་རྣམ་པ་དུ་མ་དག་འབུད་བཀྲོལ་དང་བརྡུང་བར་བྱའོ། གནས་སྐབས་གཞན་དུ་ཇི་ལྟར་བདེ་བ་སྟེ། སྒྲུབ་པོ་ཉིད་ཀྱི་རྡོ་རྗེ་གསེར་ཞིང་དྲིལ་བུ་འཁྲོལ་ལ། སྒྲུབ་གྲོགས་གི་ཁ་ཊཱྃྭ་ག་དང་ཐོད་པ་འཛིན་པས་ཅང་ཏེའུ་འཁྲོལ་བའམ། སྒྲུབ་གྲོགས་མེད་ན་ཇི་ལྟར་འདོད་པར་བྱའོ། །མཐར་རྡོ་རྗེ་བཟུང་དྲིལ་བུ་གནས་བརྒྱད་དུ་བསྐྱོད་ཅིང་ཧེ་རུ་ཀ་ཡི་ཡི་གེ་བརྒྱ་པས་ལྷག་ཆད་

(༢༨༣)ཁ་བསྐང་ཞིང་བཟོད་པར་གསོལ་ནས། དུར་ཁྲོད་དུ་གནས་པ་རྣམས་དང་། ཞོར་ལ་འོང་བའི་མགྲོན་རྣམས་གཤེགས་སུ་གསོལ། ཡེ་ཤེས་འཁོར་ལོ་རང་ལུས་ལ་བསྡུ་བའོ། གཏོར་མའི་ཆོ་ག་རྒྱས་པ་ནི་གཞན་དུ་ཤེས་པར་བྱ་ལ། དེ་ནས་བཞི་པ་ལ་ཐུན་མཚམས་ཀྱི་ལྷ་ཡི་སྐུ་ལ་གོ་ཆས་རྒྱས་བཏབ་པར་བྱ་ཞིང་། དེ་ལ་གོ་ཆ་གཉིས་ནི་མེད་དུ་མི་རུང་ལ། གོ་ཆ་ཆེན་པོ་ལེགས་པའི་ཡན་ལག་གོ །དེ་ནས་ཞལ་བཞི་པའི་སྔགས་ལན་གཉིས་ཀྱི་ཚམ་རྔམ་དང་བཅས་པས་ཕྱོགས་བཅིངས་ཤིང་ཐུན་མཚམས་ཀུན་ཏུ་འཁོར་ལོའི་དབང་ཕྱུག་གི་སྐུ་གསུང་ཐུགས་ཀྱི་སྣང་བ་དང་། མི་འབྲལ་བར་དགོས་ལ། དེ་ཡང་སྣང་བ་ལྷ། གྲགས་པ་སྔགས། དྲན་རྟོག་ཐུགས་སུ་མོས་པར་བྱའོ། གོ་ཆ་བགོ་བ་ནི་བདག་བསྲུང་བ། ཚམ་རྔམ་ནི་གནས་བསྲུང་བ་དག་པ། གསུམ་དྲན་པ་ནི་རྣལ་འབྱོར་བསྲུང་བ་སྟེ། ཐུན་མཚམས་ལ་སྤྲོས་པའི་བསྲུང་བ་གསུམ་ཡིན་ནོ། །གཞན་ཡང་རྩ་རྒྱུད་ལས། གཉིད་ལོག་མ་ལོག་ལངས་པ་དང་། བཟའ་བའམ་གྲོང་གི་ཆོས་སྤྱོད་པ། སྔགས་པས་རྟག་ཏུ་ཟློས་བྱེད་དེ། དེ་ལ་བདུད་ནི་ཡོད་མ་ཡིན། ཞེས་ཉལ་བའི་རྣལ་འབྱོར་དང་། སྤྱོད་ལམ་གྱི་རྣལ་འབྱོར་དང་། ལྡང་

(༢༨༤)བའི་རྣལ་འབྱོར་དང་། བཟའ་བའི་རྣལ་འབྱོར་དང་། རྗེས་ཆགས་ཀྱི་རྣལ་འབྱོར་དང་། བཟླས་པའི་རྣལ་འབྱོར་རོ། །ཡང་འགྱུར་ཁ་ཅིག་ལས། ཟས་ལ་སྤྱོད་སོགས་མི་ཐུ་ན། ཞེས་པའི་སོགས་ཁོངས་ནས་བཟླས་པ་ཉེར་བསྡུ། གཏོར་མ་སོགས་ཀྱང་བསྟན་པར་འདོད་ལ། དེ་དག་ལས་བཟླས་པ། གཏོར་མ་ཉེར་བསྡུ་རྣམས་ནི་སྔར་བསྟན་ཟིན་ལ། འདིར་རྣལ་འབྱོར་དྲུག་དང་དང་པོ་ཁ་ཟས་ཀྱི་རྣལ་འབྱོར་ནི་ཟས་ཟ་བའི་དུས་སུ་སྐད་ཅིག་རྣམ་པའི་སྔགས་བརྗོད་པས་ལུས་དཀྱིལ་གསལ་གདབ། ཁ་ཟས་གཏོར་མ་ལྟར་བྱིན་གྱིས་བརླབས་པའམ་བསྡུ་ན། ཨོཾ་གྱིས་སྦྱངས། ཨཱཡིས་རྟོགས་ཧཱུྃ་གིས་མང་པོ་སྦར། ཧས་ཁ་དོག །ཧོས་དྲི། ཏྲིས་རོ་ནུས་ཕུན་སུམ་ཚོགས་པར་བྱས་པར་བསམ། ཨོཾ་ས་མ་ཡ་ཤུདྡྷ་སརྦ་དྷརྨ་ས་མ་ཡ་ཤུདྡྷོ྅ཧཾ། ཞེས་པས། སྔགས་ཏེ་ལྕེ་ཧཱུྃ་ལས་རྡོ་རྗེ་དཀར་པོར་གྱུར། ཨོཾ་ཨཱ་མྲྀ་ཏ་ཨུཏ་ཏ་ཀ་ཧཱུྃ་ཧཱུྃ་ཋ་ཋ་ཏྲཾ་ཨཾ་ཁཾ་ཧཱུྃ། ཞེས་པས་བྱིན་གྱིས་བརླབས་ཏེ། ལྟེ་བའི་ཐབ་ཁུང་ནས་གཏུམ་མོ་འབར་བའི་དབུས་ན། ལྷ་ཐམས་ཅད་འདུས་པའི་བདག་ཉིད་ཀྱི་ཧཱུྃ་ལ་ཕུལ་བར་མོས་ཏེ། ཨོཾ་ཨཱཧཱུྃ་བཟླས་ཤིང་། ལག་པ་གཡོན་པས་བཟའ་གཏན་དུ་གཡོན་

(༢༨༥)པས་མི་ལྕོགས་ན་ཁམས་དང་པོ་གཡོན་པས་བཟའ་འོ། །ཟོས་པས་ལུས་དཀྱིལ་གྱི་ལྷ་ཐམས་ཅད་ཚིམ་པར་མོས། བཟའ་བའི་དང་པོར་ཕུད་འབུལ་བ་དང་། ཆང་བུ་སྦྱིན་པ་དང་། ལྷག་མ་བསྔོ་བ་སོགས་སྤྱི་དང་འདྲའོ། བཏུང་བའི་ཁྱད་པར་རྣམས་ཀྱང་ཆོ་ག་དེ་དང་འདྲ་ཞིང་ཕུད་ཐིག་གཏེར་ཚུལ་གྱིས་འབུལ། ལག་པ་གཡོན་པས་སྣོད་བཟུང་སྟེ་བཏུང་ངོ་། །གཉིས་པ་བྱ་སྤྱོད་གྱི་རྣལ་འབྱོར་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཟིན་པར་བྱ་ཞིང་། དངོས་པོ་ཐམས་ཅད་དཔལ་ཧེ་རུ་ཀའི་ཡེ་ཤེས་ཀྱི་རྣམ་རོལ་དུ་ཤེས་པར་བྱས་ལ། བླ་མ་དང་སངས་རྒྱས་བྱང་སེམས་དང་། བདག་ཉིད་ཧེ་རུ་ཀར་ཤེས་པའི་སྒོ་ནས་རྐང་པ་བརྒྱད་པ་དང་རྩ་སྔགས་ཀྱིས་བསྟོད། རང་ཧེ་རུ་ཀའི་ང་རྒྱལ་གྱིས་སྐྲག་པ་དང་དེ་དག་པ་སྤངས་ཏེ། འཁོར་གསུམ་རྣམ་པར་མི་རྟོག་པའི་ལྟ་བས་ཟིན་པའི་སྒོ་ནས་འདོད་པའི་ཡོན་ཏན་རྣམས་བདེ་ཆེན་ལྷན་ཅིག་སྐྱེས་པའི་གྲོགས་སུ་ཁྱེར་ཞིང་ལོངས་སྤྱོད། གོང་དུ་བཤད་པ་ལྟར་ཐུན་མཚམས་བྱིན་གྱིས་རློབས་པའི་རྒྱུན་དེ་ལས་སྣང་བ་ལྷ་གྲགས་པ་སྔགས། དྲན་རྟོག་ཐུགས་སུ་ཡང་ངང་ཤེས་པ་དང་། སེམས་ཅན་གང་མཐོང་ཞིང་ཐོས་པ་ཐམས་ཅད་འཁོར་ལོ་བདེ་མཆོག་དང་རྡོ་རྗེ་ཕག་

(༢༨༦)མོར་མོས། ཨཱ་ལི་ཀཱ་ལིའི་མགོ་བོར་ཨོཾ་དང་། གཞུག་ཏུ་ཧཱུྃ་ཧཱུྃ་ཕཊ་སྦྱར་བ་ལན་ཅིག་གམ་གསུམ་རེ་བརྗོད་དེ། རང་གཞན་གྱི་ངག་དང་བརྟན་གཡོའི་སྒྲ་སྐད་ཐམས་ཅད་སྔགས་སུ་བྱིན་གྱིས་བརླབས། ཇི་ལྟར་འོས་པར་ཡི་གེ་བརྒྱ་པར་བཟླ་བས་ཀྱང་ཉམས་ཆགས་བསྐང་ཞིང་ལྷའི་ཐུགས་བརྒྱུད་བསྐུལ་བར་བྱའོ། །གསུམ་པ་རྗེས་ཆགས་ཀྱི་རྣལ་འབྱོར་ནི། སྐད་ཅིག་རྣམ་པའི་སྔགས་ཀྱིས་བདག་དང་རིག་མ་ལུས་ཀྱི་དཀྱིལ་འཁོར་མ་ལུས་པ་གསལ་བཏབ་ཅིང་། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས། རྒྱས་པར་ན་རྡོ་རྗེ་ཕག་མོ་ཀཾ་ཀཱ་ལ་ཏཱ་ར་ཎའི་སྒྲུབ་ཐབས་ནས་བཤད་པ་ལྟར། མཁའ་གསང་གི་དཀྱིལ་འཁོར་གསལ་འདེབས་སོ། །གཞན་ཡང་སྒྲུབ་ཐབས་སུ་བཤད་པ་ལྟར་ཡབ་ཡུམ་གྱི་གནས་གསུམ་དང་གནས་ལྔ་བྱིན་གྱིས་བརླབས། ཡང་ན་ཀུན་སྤྱོད་དང་མངོན་སྤྱོད་ལས་འབྱུང་བ་ལྟར། སྙིང་པོ་ཉེ་སྙིང་གི་གནས་བཞི་བྱིན་གྱིས་བརླབས་ཀྱང་རུང་། གོ་ཆ་གཉིས་ཀྱང་སོ་སོར་བསྒོ། སྐད་ཅིག་མ་བཞི་དང་། དགའ་བཞིའི་ཡེ་ཤེས་ངོས་ཟིན་པར་བྱས་ནས། རྗེས་སུ་ཆགས་པ་སྙོམས་པར་འཇུག་པའི་དགའ་བ་བརྩམ་པར་བྱ་སྟེ། རྗེས་ཆགས་ཀྱི་ང་རྒྱལ་བཟུང་བའི་སྔགས་ཀྱང་བརྗོད་ལ། ནུས་པ་དང་ལྡན་ན་ཀུནྡྷ་ལྟ་བུ་ཡུན་རིང་དུ་

(༢༨༧)བཀག་ཅིང་། ཟློག་པ་དང་གནས་སུ་བསྐྱལ་བས་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་རྣམས་བདེ་བས་ཚིམ་པར་བྱ་ལ། ཅི་སྟེ་དེ་ལྟར་མི་ནུས་ན་རྗེས་ཆགས་ཀྱིས་བསམ་པ་ཡིན་ལ། ཅི་སྟེ་ཆགས་བྲལ་གྱི་བསླབ་པས་མ་བཅིང་པ་གང་དག་ནུས་པ་དང་མི་ལྡན་ན་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་ནོར་བུའི་བར་དུ་བསྒྲོད་པའི་འོད་ཟེར་ལས་མཆོད་པ་མཐའ་ཡས་པ་སྤྲུལ་པས། རང་གི་ལུས་ཀྱི་དཀྱིལ་འཁོར་མཉེས་པར་བྱས་ཞིང་། སླར་ཡང་བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་རབ་མཆོད་པའི་སྤྲིན་གྱི་ཕུང་པོ་དང་། སྲེག་རྫས་སུ་གྱུར་པར་སྤྲོས་ཏེ་ཤེས་རབ་མའི་ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་པ་སྣ་ཚོགས་པས་མཆོད་ཅིང་། མེ་འོད་རབ་ཏུ་འབར་བའི་ལྷ་ཚོགས་ལ་སྲེག་བླུགས་སུ་འབུལ་ཞིང་། ལྷན་ཅིག་སྐྱེས་པའི་སྐད་ཅིག་ངོས་བཟུང་སྟེ། ཕཊ་ཀྱི་སྒྲས་ཕྱུང་ནས། མཐར་ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཅེས་པས་མཆོད་པའི་ང་རྒྱལ་བཟུང་བར་བྱའོ། བཞི་པ་གཉིད་ཀྱི་རྣལ་འབྱོར་ནི། ཉལ་བའི་ཚེ་སྲིད་པ་གསུམ་པོ་ནས། བདག་ཉིད་ཕྱག་གཉིས་པའི་བར་དུ་བསྡུ་བ་ཉེར་བསྡུ་བའི་སྐབས་བཞི་ལས། གདན་པད་ཉི་འཇིགས་དུས་རྣམས་ཀྱང་རིམ་

(༢༨༨)པས་བདག་ལ་བསྡུ། རང་དམ་ཚིག་སེམས་དཔའ་ཐུགས་ཀའི་ལུས་དཀྱིལ་གྱི་གཙོ་བོ་ཡེ་ཤེས་སེམས་དཔའ་ལ་བསྟིམ། དེའི་ཡང་ཡུམ་ཡབ་ལ་ཐིམ། ཡབ་ཐུགས་ཀའི་པད་ཉིའི་པད་ཟླ་ལ་ཐིམ། དེ་ལ་ཉི་མ་ལ། དེ་ཧཱུྃ་ལ། དེ་ལ་ཡུན་རིང་དུ་སེམས་བཟུང་། དེ་ནས་དེའི་ཞབས་ཀྱུ་ཁ་དོག་པ་མགོ་བོ་ཟླ་ཕྱེད་ཐིག་ལེ་ནཱ་དའི་བར་དུ་རིམ་གྱིས་བསྡུས་ནས། ནཱ་ད་མཐིང་ཀ་ལ་ཡུན་རིང་དུ་སེམས་བཟུང་། དེ་ཡང་ཡལ་བར་བསམ་སྟེ་མི་རྟོག་པ་ལ་བཞག་པའི་ངང་ནས་གཉིད་དུ་འགྲོ་བར་བྱའོ། །བར་དོར་རྣམ་རྟོག་རགས་པ་སྐྱེས་ནས་བར་ཆོད་པས། ཚར་གཅིག་པོ་དེ་ལ་གཉིད་དང་མ་འགྲིགས་ན་ཡང་ཡང་བསྐྱར་བས་རུང་ལ། འདི་བསྒོམ་པ་ཁོ་ནས་གཉིད་འཐུན་པོའི་འོད་གསལ་རང་བྱུང་ལ་ཟིན་པར་འགྱུར་རོ། །ལྔ་པ་ལྡང་བའི་རྣལ་འབྱོར་ནི། རྣལ་འབྱོར་མ་རྣམས་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། ཨོཾ་མ་ཧཱ་པུ་ཁ་སོགས་སྔགས་ཀྱི་སྒྲས་བསྐུལ་བ་དང་། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་ཌཱ་མ་རུའི་སྒྲ་དང་། ཀ་ར་ཀ་ར་ལ་སོགས་པ་རྩ་སྔགས་ཀྱི་སྒྲས་བསྐུལ་སྟེ་གཉིད་སད་པར་བྱེད་པ་ཡིན་ལ། དེ་ཡང་གཉིད་ཀྱི་རྣལ་འབྱོར་ལ་གོམས་པ་ཡིན་ན། གཉིད་ད་ལྟ་ནི་མ་སད། སད་དུ་ཉེ་

(༢༨༩)བའི་སྐབས་དེར་སད་པར་འགྱུར་བ་ཡང་ཤེས་ཤིང་དམིགས་པ་ཡང་གསལ་ཐེབས་པར་ནུས་ན། གཉིད་ཀྱི་ནང་དུ་དམིགས་པ་དེ་བཞིན་དུ་བསྒོམས་པས་དམིགས་པ་གསལ་ཐེབ་པ་དང་གཉིད་སད་པ་དང་མཉམ་པོར་འགྱུར་ལ་སད་མ་ཐག་ཏུ་སྣང་བ་ཐམས་ཅད་དཀྱིལ་འཁོར་དུ་གསལ་གདབས་སོ། །གཉིད་ཀྱི་སྒོམ་ལ་དབང་མ་འབྱོར་བ་རྣམས་ཀྱིས་ཐོག་མར་རང་ཤུགས་ལ་གཉིད་སད་པ་ལས་འོས་མེད་ཀྱང་། ད་དུང་འོད་གསལ་ལས་མ་ལངས་པའི་མོས་པ་བྱ། དེ་རྗེས་གོང་བཞིན་བསྐུལ་བས་གཉིད་སད་པར་ཡང་མོས་ཤིང་། དེ་ནས་སྣང་བ་ཐམས་ཅད་ལྷར་བསྒོམ་པའོ། དྲུག་པ་ཁྲུས་ཀྱི་རྣལ་འབྱོར་ནི། གོང་དུའང་སྨོས་མེད་ཀྱིས་ལྷ་དབང་བསྐུར་བའི་དམིགས་པ་ཁོ་ནས་ཁྲུས་བྱ་བ་ལས། རིགས་བདག་གིས་རྒྱས་འདེབས་མི་དགོས་སོ། །དངོས་སུ་ཁྲུས་མི་བྱེད་ནའང་ཁྲུས་ཀྱི་རྣལ་འབྱོར་གྱི་དམིགས་པ་བསྒོམ་པ་མཆོག་ནི་ལེགས་ཤིང་། སྤྱིར་ཐུན་མཚམས་ཀྱི་སྤྱོད་པ་ཕྱི་མའང་དེ་རྣམས་རེ་རེ་ནས་མ་གྲུབ་ཀྱང་མངོན་རྟོགས་ཀྱི་ཆོ་ག་མ་ཚངས་བར་མི་འགྱུར་ཡང་། ཏིང་ངེ་འཛིན་མྱུར་དུ་སྐྱེ་བ་དང་། བསྒྲུབ་པར་བྱ་བའི་དམ་ཚིག་སྲུང་བ་དང་། སྔགས་ཀྱི་སྤྱོད་པ་ལ་གནས་

(༢༩༠)པ་དང་། བྱིན་རླབས་ཁྱད་པར་ཅན་འཇུག་པ་ལ་མཆོག་ཏུ་གལ་ཆེ་བའི་ཡན་ལག་ཡིན་ནོ། །ཁྱད་པར་གྱི་དུས་སུ་སྤྱོད་པའི་རྣལ་འབྱོར་ནི། ལག་མཆོད་དང་། ཕྱི་རོལ་མཆོད་པ་དང་། ཚོགས་ཀྱི་མཆོད་པ་དང་གསུམ་ཡིན་པས་དེ་རྣམས་ནི་མཆོག་ཏུ་མཆོད་པར་བྱའོ། ༈ དེ་ལྟར་བསྐྱེད་རིམ་གྱི་རྣམ་བཞག་ལེགས་པར་བསྟན་ནས། འདི་ཡི་བསྙེན་པ་བྱེད་ཚུལ་གཞུང་གི་དངོས་བསྟན་ལྟར་ན། གོང་བཤད་ཡིད་མཐུན་གྱི་གནས། ཁྱད་པར་ཇི་སྲིད་མཚམས་ཀྱི་བྱ་བ་མ་རྫོགས་ཀྱི་བར་དུ། དགྲ་ཡི་འཇིགས་པ་སོགས་རྐྱེན་གྱིས་མཚམས་གློ་བུར་དུ་འགྲོལ་དགོས་པའི་རྐྱེན་མི་འབྱུང་བའི་སར། དང་པོར་ཞག་འགར་སྐྱབས་སེམས་དང་ལྷག་པར་ཡི་གེ་བརྒྱ་པ་ཉིད་ཅི་ནུས་སུ་བགྲང་། དེ་རྣམས་སྔོན་དུ་ལེགས་པོར་སོང་བ་ཡིན་ན་དེས་ཆོག །ཕྱག་དང་བསྐོར་བ་སཙྪ་སོགས་ཆོས་སྤྱོད་འགྲུབ་ཚད་དུ་བྱ། དེ་ནས་སྐྱབས་སེམས་སྔོན་དུ་འགྲོ་བས་རང་ཉིད་བདེ་མཆོག་ཏུ་ལམ་གྱི་གསལ་བཞིན་པའི་ངང་ནས། ངག་བཅད་ཀྱིས་སུམྦྷ་ནའི་སྔགས་ཅི་འགྲུབ་བཟླ་ཞིང་། ཐུན་མཚམས་སུ་བླ་མ་ལ་ཡིད་ཁོལ་བའི་གསོལ་འདེབས་ནན་ལྟར་དུ་བྱ། རིམ་པ་དེ་ཉིད་

(༢༩༡)ཀྱིས་རབ་སུམྦྷ་འབུམ་ཕྲག་བཞི། འབྲིང་གསུམ། ཐ་མ་བཞི་ཁྲི་སོང་ནས། ཡང་ཞག་སྔ་མ་འདྲ་བ་ལས། ཕུར་གདབ་ཀྱི་སྔགས་དེ་ཁོ་ན་ཞག་བདུན་ལས་མི་ཉུང་བ་དྲག་ཏུ་བཟླ། དེ་དག་ཏུ་མཚམས་བྱ་དགོས་པའི་ངེས་པ་མེད། དེ་ཡན་ཆད་ནི་བསྙེན་པའི་དཀྱུས་ཐོག་གི་གོང་དེ་ཉིད་དུ་ཡིན་ན་ལེགས་ལ་བསྙེན་པ་དང་དེ་གཉིས་ཀྱི་བར་དུ་དུས་གཞན་གྱི་བར་ཆོད་ཀྱང་འགལ་བར་མེད། དེ་ནས་བདེ་མཆོག་གི་རྣལ་འབྱོར་རམ། མིན་ནའང་། རྣལ་འབྱོར་པ་བཞི་ལ་སོགས་པའམ། དགེ་སློང་བཞི་ལ་སོགས་པ་ལ་ཚོགས་བསགས་སྟོན་མོ་བྱ་བསྙེན་པ་མཐར་ཕྱིན་པའི་སྨོན་ལམ་བཏབ། བླ་མ་ལ་ཡོན་འབུལ་བ་དང་། ལྷ་ཁང་ལ་མཆོད་པ་འབུལ་བ་སོགས་བྱས་ནས། བར་ཆད་མི་འབྱུང་བ་དང་དངོས་གྲུབ་ཐོབ་པའི་གསོལ་བ་དང་སྨོན་ལམ་འདེབས། དེ་ནས་སྒྲུབ་ཁང་གི་ཕྱི་རོལ་དུ་མཐོ་བརྩེགས། དེ་ཡང་ཕྱོགས་བཞིར་མཐོ་དངོས་མ་གྲུབ་ན་མཚོན་བྱེད་རེ་བྱ་ཤར་གྱི་ཐེ་ཡུལ་འཁོར་སྲུང་། ལྷོར་འཕགས་སྐྱེས་སོ། །ནུབ་ཏུ་མིག་མི་བཟང་། བྱང་རྣམ་ཐོས་སྲས་རྣམས་སུ་སྐད་ཅིག་བསྐྱེད་ལ། རི་རབ་ཀྱི་བང་རིམ་ནས་རྒྱལ་ཆེན་བཞི་འཁོར་འདས་སྤྱན་དྲངས་

(༢༩༢)མཆོད་བསྟོད་བྱ། གཏོར་མ་འབུལ། སྒྲུབ་པ་མ་ཐོན་གྱི་བར་དུ་བར་ཆད་ཞི་བའི་ཕྲིན་ལས་བཅོལ་བའི་འདོད་དོན་གསོལ། བརྟན་བཞུགས་ལན་མང་དུ་བྱ། དེ་དག་གི་ངག་འདོན་ཀྱང་རྙིང་མའི་ལུགས་སོགས་མ་ཡིན་པའི་གསར་མ་རང་གི་རྒྱལ་ཆེན་གཏེར་འབུལ་གང་རེད་ཞིག་གི་བྱས་ནས་ཆོག །ཕྱིས་སུ་གཏེར་འབུལ་སྐབས་སུ་ཡང་རྒྱལ་ཆེན་བཞི་ལ་སྔགས་ཀྱི་ཟུར་སོང་ཙམ་བྱ། དེ་ཕྱིན་ཆད་ཐེ་ཡི་ཕྱིར་མི་འགྲོ་ཞག་འགའི་བར་དུ་ཡིག་བརྒྱ་ཉིད་བགྲང་ཞིང་། ཐུན་མཚམས་རྣམས་སུ་འཇིག་རྟེན་ལས་འདས་པའི་གཏོར་མ་ལན་རེ་འབུལ་ཞིང་། མཁའ་འགྲོ་སྤྱི་གཏོར་གང་ཡང་འབུལ་འབུལ་ཚུལ་ཡང་ལན་ཇི་ཙམ་འབུམ་གྲངས་དང་མཐུན་པའི་ཐེབ་ཀྱུ་བྱས་ལ། དང་པོ་ཐམས་ཅད་ཕྱོགས་གཅིག་ཏུ་བྱིན་གྱིས་བརླབས་ཏེ་འབུལ་བའི་ཚེ། ཐེབ་ཀྱུ་རེ་སྦྲན། སྔགས་རེ་ལན་རེ་འབུལ་ལ་གསོལ་གདབ་རེ་བྱ། ཐམས་ཅད་རྫོགས་པ་ན་མཆོད་བསྟོད་གསོལ་གདབ་རྒྱས་པར་བྱ། འདོན་བྱ་ཆོག་གཞུང་དེ་ག་རང་གི་མཐུས་ལ་ཡང་སྤྲོ་ཞིང་ནུས་ན་དཔལ་ཆེན་པོ་དཔའ་བོ་དོན་འགྲུབ་རྡོ་རྗེའི་རྩལ་བ་ལྟར་

(༢༩༣)གྲུབ་ན་ཤིན་ཏུ་ཡང་ལེགས་སོ། །དེ་ནས་ཞག་ཤས་ཐུན་སྐབས་རྩ་བརྒྱུད་བླ་མའི་གསོལ་འདེབས་ལ་འབད། ཐུན་མཚམས་སུ་སྔ་མ་དང་འདྲ། དེ་ནས་ཕུར་པ་ཚད་ལྡན་བཅུ་ཡོད་ན། དེ་རྣམས་ཀྱི་མཐའ་མར་མཆོད་གཏོར་གྱིས་བསྐོར། སྒོ་མཚམས་མ་བརྒྱད་དང་། སླར་ཡང་ཁ་གདོང་མ་དང་། ཁྱི་གདོང་མ་བཅས་བཅུ་པོ་ལྟེ་བ་མན་ཆད་ཕུར་བུའི་རྣམ་པ་ཅན་དུ་བསྐྱེད་ཕཻ༚་གྱིས་ཡེ་ཤེས་པ་སྤྱན་དྲངས་དབང་བསྐུར་རྒྱས་གདབ་བྱ། ཕུར་པ་རེ་རེ་བཞིན་དུ་བསྒོམ་མཚམས་མའི་སྔགས་བརྒྱ་བརྒྱད་རེ། དང་སྤྱི་ཁྱབ་ཏུ་སུམྦྷ་ནི་བརྒྱ་རྩ་བརྒྱད། ཕུར་གདབ་སྔགས་ཅི་རིགས་དང་བཅས་བཟླ་གཏོར་མ་བྱིན་གྱིས་བརླབས་ཏེ་རང་ངང་སྔགས་མཐར་ཨ་ཀཱ་རོ་བཏགས་ཏེ་ཕུལ་མཆོད་བསྟོད་བྱ། བགེགས་ཕུར་བུས་འདེབས་པ་དང་། བསྙེན་པ་མ་གྲོལ་བར་དུ་བར་གཅོད་བསྲུང་བའི་ཕྲིན་ལས་བཅོལ། དམིགས་པ་སོགས་བསྲུང་འཁོར་སྐབས་བཞིན་དུ་བགེགས་འགུགས་པ་སོགས་ནན་ཏན་བྱས་ནས། ཕུར་བུ་བརྡུང་བའི་སྔགས་ལན་གསུམ་གྱིས་ཕྱོགས་སོ་སོའི་བགེགས་ལ་ཕྱོགས་སོ་སོར་ཕུར་གདབ་བྱ། དེ་ཡང་སྒྲུབ་ཁང་གི་ཕྱོགས་བཅུར་ཕུར་བུའི་བཞུགས་

(༢༩༤)ཁང་ཡོད་ན་དེར་བཞུགས་སུ་གསོལ། མེད་ན་སྒྲུབ་ཁང་གི་ཕྱོགས་མཚམས་ཀྱི་ཐོག་གམ་ཟུར་བཏགས། ཡང་ཕུར་བུ་བརྒྱད་ལས་མེད་ན། སྒོ་མཚམས་མ་བརྒྱད་དུ་བསྐྱེད་ལ། ཤར་གྱི་དེ་སྟེང་དུ་ཡང་གདབ་པ་དང་། འོག་ཏུ་ཡང་ནུབ་ཀྱི་དེ་ཁ་གདབ། བཞི་ལས་མེད་ན། ཤར་ཤར་ལྷོ་ལྷོ་ལྷོ་ནུབ། ནུབ་ནུབ་བྱང་། བྱང་བྱང་ཤར་རྣམས་རེ་རེ་བསྡོམ་ཀྱང་ཆོག་ལ་མ ར་ཕྱོགས་བཞིར་བཞུགས། གཏན་ནས་ཕུར་བུ་གཅིག་ལས་མེད་ན་དེ་ཉིད་ཕྱོགས་མཚམས་སྟེང་འོག་ཐམས་ཅད་དུ་གདབ་ལ། མཐར་སྒྲུབ་ཁང་གི་སྒོ་གོང་ལ་བཏགས། གོང་ལྟར་ཀྱང་ཕུར་བཏབ་གྲུབ་པ་དང་། སྒྲུབ་ཁང་དཀྱིལ་དུ་མཆོད་གཏོར་བཤམ་བྱིན་རླབས་གྲུབ་པ་དང་། ཕུར་བུའི་ལྷ་རྣམས་ལ་ཕུལ་བགེགས་ཐམས་ཅད་བསྲུང་བར་གསོལ་བ་བཏབ། རྟེན་འབྲེལ་སྙིང་པོ་དང་། སུ་པྲ་ཏིཥྛས་བརྟན་བཞུགས་བྱ། ཨོཾ་མེ་དི་ནི་བཛྲ་བྷ་ཝ་སོགས། བསྲུང་བྱ་འཁོར་གྱི་སྔགས་ཚན་དྲུག་པོ་རེ་རེ་བཞིན་དུ་ལན་མང་དུ་བཟླས་པས་རྡོ་རྗེའི་ས་གཞི་སོགས་མི་ཕྱེད་ཅིང་བརྟན་པར་གྱུར་པར་བསམ། དེ་ལྟ་བུའི་ཕུར་གདབ་ཉི་མ་ཕྱི་དྲོ་ཞིག་ལ་བྱ་སྟེ། དེ་ནུབ་ནས་བཟུང་མཚམས་ཤིན་ཏུ་དམ་དུ་

(༢༩༥)བཅད་ལ། དེ་ཕྱིན་ཆད་ཉེར་འཁོ་མཚམས་འོག་ཏུ་ཚུད་དགོས་པ་ཐོག་མ་ནས་བཅུག་པ་རྣམས་མ་གཏོགས་མི་གསར་པ་དང་མི་འཕྲད། དཔྱད་གསར་ནང་དུ་མི་ལེན། ཞག་འགའི་བར་མངོན་རྟོགས་ཡོངས་རྫོགས་རྣམས་འདོན་ལ་སྔགས་ཅུང་ཟད་རེ་བཟླ། བསྲུང་འཁོར་ཚར་རེ་བསྒོམ་ལ། སུམྦྷ་ལན་བརྒྱ་སྐོར་རེ་དྲག་ཏུ་བཟླ་དེ་འདྲ་ཉིན་རེ་བཞིན་ཚར་བཅུ་དྲུག་གི་ཉི་ཤུ་ཙམ་བྱ། དེ་བར་དུ་ངག་བཅད་སོགས་དམ་པོར་མི་བྱ། དེ་ནས་བསྙེན་པ་དངོས་ལ་འཇུག་ཏེ། འཛིན་གཏེར་ནང་མཆོད་སོགས་མཐོང་བརྒྱུད་ལྟར་བཤམས། གཏོར་མ་བཤམ་མ་ཐག་ཏུ་བསྲུང་བ་བྱེད་པ་གལ་ཆེ། ཐུན་གྱི་ཐོག་མར་སྔོན་གཏེར་བཟུང་རིམ་བཞིན་མངོན་རྟོགས་ཀྱི་རིམ་པ་རྣམས་ཚིག་བཤར་དུ་མ་སོང་བར། ཚིག་འདོན་པ་དང་། དེ་དང་དེའི་དོན་བསྒོམ་པ་སྦྲག་སྟེ་བྱ། བཟླས་པའི་མན་ངག་དུས་རྒྱུན་གྱི་རྣལ་འབྱོར་ལ་དཀྱིལ་འཁོར་བསྡུས་ཏེ། རང་གཙོ་བོའི་ང་རྒྱལ་གྱི་བཟླས་པ་བྱེད་པ་ཉིད་ལག་ལེན་ཡིན་མེད་བསྙེན་པའི་སྐབས་འདིར་དཀྱིལ་འཁོར་མ་བསྡུས་པར་མཛད། ཐོག་མར་སུམ་བྷ་ནི་ལན་བདུན། དེ་ནས་རྩ་སྔགས་

(༢༩༦)སོགས་ལན་བདུན་ཙམ་བྱས་ལ། བསྙེན་པ་གང་བྱེད་དེ་འཇུག་ལ་ཅི་འགྲུབ་བཟླས། མཇུག་ཏུ་འཁོར་བཞི་ལན་རེ་དང་། སུམ་བྷ་ནི་ཅི་རིགས་བཟླས་ལ་རྗེས་བསྡུ་བྱ་བསྙེན་དམིགས་ཅི་འོས་གོང་བཤད་ལྟར་བསྒོམ་ཅིང་། སྐད་ཆེ་ཆུང་མྱུར་བུལ་སོགས་ཀྱི་སྐྱོན་མེད་པར་སེམས་གཞན་དུ་མ་ཡེངས་པར་འདོན། སེམས་འཛིན་གྱི་སྐོར་ལ་མངོན་རྟོགས་དམིགས་སྐོར་ལེགས་པར་སོང་ནས། རྣམ་པ་ལ་བསླབ་པ་ནི། ཐོག་མར་གཙུག་གི་ནོར་བུའམ། ཕྱག་སེན་དམར་པོ་འོད་འཕྲོ་བ་ལ་སེམས་འཛིན་པའི་དམིགས་སྐོར་ཅིག །དེ་ནས་ཐོར་ཚུགས་དང་བཅས་པའི་ཞལ་རས་ལ། སྐུ་བྱིངས་ལ། ཕྱག་གཉིས་ལ་ཞབས་གཡོན་གདན་དང་བཅས་ལ། ན་བཟའ་རྒྱན་དང་བཅས་པ། སྐུ་ཡོངས་རྫོགས་ལ་སེམས་འཛིན་པའི་བར་དམིགས་སྐོར་རེ་རེ་བྱ། ང་རྒྱལ་ལ་བསླབ་པ་ནི། རང་ཉིད་དཔལ་ཧེ་རུ་ཀ་དངོས་ཡིན་བསམ་པ་རགས་པ་བསླབ་པ་ལ་གཅིག །རང་གི་མིང་རུས་སོགས་ཀྱི་འཛིན་པ་ཆེད་དུ་སྤངས་ཏེ། ལྷའི་ང་རྒྱལ་ཙམ་ལ་བསླབ་པ་དང་གཉིས། སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཀྱི་ཧེ་རུ་ཀ་དེ་ང་ཡིན། ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་

(༢༩༧)ཡོན་ཏན་ཐམས་ཅད་ང་ལ་ཡོད་དེ། དེའི་ཕྱིར་ང་ཧེ་རུ་ཀའི་བསམ་པའི་ང་རྒྱལ་བརྟན་པོ་བསྐྱེད་དེ། དེ་ཉིད་ལ་ཡུན་ཅི་རིགས་སུ་བསྐྱང་བ་སྟེ་གསུམ་པོ་དེ་ལ་བསླབ་བོ། །སླར་ཡང་ང་རྒྱལ་དང་གསལ་སྣང་དེ་ཉིད་ཀྱི་སྟེང་དུ་རང་བཞིན་མ་བཅོས་པའི་ཚུལ་དུ་མཉམ་པར་འཇོག་པའང་འགྲུབ་ནའང་བྱ་སྟེ། ཟབ་གསལ་གཉིས་སུ་མེད་པའི་ཚུལ་དུ་འགྱུར་རོ། །ཡང་བསྐྱེད་རིམ་གྱི་ལྷ་སྐུ་ལ་དམིགས་ཤིང་། དེས་ཉེ་བར་མཚོན་པའི་ཆོས་ཐམས་ཅད་གཅིག་དུ་བྲལ། རྟེན་འབྱུང་གི་རིགས་པ་སོགས་ལ་བརྟེན་ནས་སྣང་བ་ལྟར་རང་བཞིན་མ་གྲུབ་པའི་ཚུལ་དམིགས་ནས་གསལ་སྟོང་དུ་བསྒོམ་མོ། །དེ་ནས་ཕྲ་ཐིག་དང་བཟླས་པའི་རྣལ་འབྱོར་གོང་དུ་བཤད་པ་ལྟར་ལས་ཁྱད་པར་སྔགས་འཁོར་བའི་ཆེ་ཡིག་འབྲུ་རེ་རེ་བཞིན་དུ་རང་གི་སྒྲ་རྒྱུན་མི་འཆད་པ་འབྱུང་བ་དང་། གཙོ་འཁོར་ཐམས་ཅད་ཀྱིས་ཀྱང་སྔགས་བཟླ་གྲོགས་མཛད་པ་དང་། ཕྱོགས་བཅུའི་སངས་རྒྱས་བྱང་སེམས། ཡུལ་ཆེན་ཉེར་བཞིའི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱང་རང་ལ་བྱིན་གྱིས་རློབས་པའི་དོན་ཐམས་ཅད་ཀྱང་མདུན་གྱི་ནམ་མཁར་གང་བར་བཞུགས་སྟེ་སྔགས་བཟླ་གྲོགས་མཛད་ཅིང་བྱིན་གྱིས་རློབས་

(༢༩༨)པར་བསམ། དམིགས་པ་རྒྱ་ཆེ་ན་སེམས་ཅན་ཐམས་ཅད་ཀྱང་ཧེ་རུ་ཀའི་གོ་འཕང་ལ་བཀོད་དེ། དེ་ཐམས་ཅད་ཀྱིས་སྔགས་བཟླ་བར་བསམ་ལ་བཟླའོ། གཞན་བཟླས་པའི་གོ་དོན་སོགས་རྒྱས་པ་ནི་སྔོན་དུ་བསྟན་པ་ཉིད་དུ་ཤེས་པར་བྱའོ། །དཀྱིལ་འཁོར་ཡོངས་རྫོགས་ཀྱི་བསྙེན་པ་བྱེད་པའི་ཚེ། གཙོ་བོའི་བཅུ་ཆ་འཁོར་བཞི་ལ་བཟླས་དགོས་ཀྱང་། དེ་ཚུལ་ཕྱག་ལེན་མི་འདྲ་བ་དུ་མ་འདུག་ནའང་། ཐོག་མར་གཙོ་བོའི་བསྙེན་པ་མ་སོང་བར་འཁོར་རྣམས་ལ་མི་བཟླ་བར་གཙོ་བོ་ཉིད་ལ་དྲིལ་འཁོར་གྱི་སྐབས་ཀྱང་། གང་ལ་བསྙེན་པ་བྱ་བ་དེ་ཉིད་ཀྱི་སྔགས་མ་སོང་བར་དུ། གཞན་རྣམས་བཟླས་པའི་སྤྲོས་པ་དོར་ཏེ། དེ་དང་དེ་ཆིག་དྲིལ་དུ་བཟླ་བར་བྱའོ། །འཁོར་གྱི་སྔགས་བཟླ་དུས་གཞན་གོང་བཤད་སྤྱིར་བཞག་ལ། རང་གི་ཐུགས་ཀ་གཙོ་བོའི་སྔགས་གཡོན་སྐོར་དུ་བཀོད་དེའི་འོད་ལྷ་དེའི་ཐུགས་ཀར་ཕོག་པས། དེའི་ཐུགས་བརྒྱུད་བསྐུལ་བར་བསམ་ལ་བཟླ། དེའི་ཐུགས་ཀར་ཡང་དེའི་སྔགས་བཀོད་ནས། དེ་ལ་འོད་ཕོག་པར་བསམ་པ་སྤྲོ་ནའང་བྱ། རྨི་ལམ་རྩུབ་པ་སོགས་རྩུབ་འགྱུར་བྱུང་ན་བསྲུང་འཁོར་དྲག་ཏུ་བསྒོམ་

(ཤོག་ལྷེ་ ༡༩༧)སུམ་བྷ་མང་དུ་བཟླ། དེས་ཀྱང་མ་སེལ་ན། ཐོ་སྒྲོན་པ་དང་མཁའ་འགྲོ་སྤྱི་གཏོར་དང་འབྱུང་པོའི་གཏོར་མ་གང་མང་འབུལ་ལ་ཕྲིན་ལས་བཅོལ། སླར་སྔར་བཞིན་ཕུར་གདབ་དངོས་སམ་དམིགས་དང་དྲག་ཏུ་བསྒོམ། བསྲུང་འཁོར་བསྒོམ་པ་སྔོན་དུ་འགྲོ་བས། སུམ་བྷའི་བསྙེན་པ་མང་དུ་བྱས་པས་སེལ་བར་འགྱུར་ཞིང་། བསྙེན་པ་གྲོལ་ནས་མཁའ་འགྲོ་མ་ལ་གཏོང་རག་གི་མཆོད་གཏོར་རྒྱ་ཆེན་འབུལ། སྦྱིན་སྲེག་ཀྱང་ཀྱུས་ཐོག་ལ་འགྲུབ་ན་ཤིན་ཏུ་ལེགས། བསྙེན་པ་མ་གྲོལ་བར་ལྷ་གང་གི་བསྙེན་པ་བྱེད་པ་ཡིན། གཞན་སུས་ཀྱང་མ་ཤེས་པར་བྱ། ཐུན་མཚམས་རེ་རེ་བཞིན་གཏོར་མ་འབུལ་གྲུབ་ན་ལེགས། མ་གྲུབ་ན་སྲོད་ཀྱི་མཐར་འབུལ། ཐུན་མཚམས་སུ་ངག་བཅད་མ་གྲུབ་ཀྱང་དགགས་བྱ་ཆུང་ཞིང་། འོན་ཏང་འཚམས་ཐམས་ཅད་དུ་དགོས་མེད་ཀྱི་གཏམ་མི་སྨྲ། ལྷ་སྐུར་ལམ་གྱི་ལྡང་བ་དང་སྔགས་ཡང་ངང་བཟླ། དེ་བར་ཉིན་རེ་བཞིན་སྔགས་འདི་ཙམ་མ་སོང་ན་རུང་བ་མེད་སྙོམས་པའི་སྡོམ་བྱ་ཆེན་པོ་བྱས་ན་དེ་བར་ཆད་དུ་འགྲོ་བས་བརྒྱ་སྟོང་ཙམ་གྱིས་མཐོ་དམན་ལ་ངོས་བཟུང་ཁྲིད་ཆོད་མི་བྱ་བའི་ངོས་ནས་འགྲོ་གང་ཆེ་བྱ་

(ཤོག་ལྷེ་ ༡༩༨)ཐུན་གྲངས་ནི་བཤད་ཚོད་ཐམས་ཅད་ལ་ཐུན་བཞིར་བཤད་ཅིང་། ནམ་གྱི་གུང་ཐུན་གྱི་མཐའ་མར་གཏོར་མར་འབུལ་བར་གསུངས། ཕྱག་ལེན་ལ་ནི་སྣ་ཚོགས་ཡོད་མེད་ཅིང་། ལར་རང་ངང་བློ་ཁམས་དང་གང་འཚམས་ཀྱི་ཐོག་གནད་དུ་སྨིན་པ་ཞིག་གལ་ཆེ་ལ། འོན་ཏང་གཙོ་བོར་ཐོ་རང་ནས་བཟུང་ཉིན་ཕྱེད་ཡན་སྔ་ཐུན་ཕྱི་དྲོ་མན་ཆད་ཕྱི་ཐུན་ཏེ། ཐུན་གཉིས་སུ་མཛད་པ་སྔགས་འགྲོ་ཆེ་བས་ལེགས། བསྙེན་པ་དངོས་གཞི་ཚུག་ནས་བཟུང་། ཐུན་དག་གི་ཁོངས་སུ་གང་སོང་དེ་བསྙེན་དྲངས་སུ་འདྲེན། ཐུན་འཚམས་སུ་བཟླ་བ་དེ། བར་ཆད་ཞི་བ་དང་། བྱིན་རླབས་རྒྱུན་མི་ཆད་པའི་ཕྱིར་ཡིན་གྱིས། བསྙེན་གྲངས་སུ་ནི་མི་འདྲེན། ཡིད་མི་བདེ་བ་སྐྱེས་ན། བློ་སྤང་བསྟོད། འཇིག་རྟེན་རྣམ་རྟོག་མ་སྤང་ན་སྙིང་པོ་མེད་ཚུལ། དེས་ན་ཡི་དམ་མྱུར་དུ་འགྲུབ་པ་གཅིག་བྱ་སྙོམས་པའི་འདུན་པ་ཤུགས་དྲག་པོ་ཅིག་ཡོད་ན་བྱིན་རླབས་མྱུར་དུ་འཇུག་པ་ཡིན་ནོ། །ཞིབ་པར་གྲུབ་པའི་དབང་ཕྱུག་རྣམས་ཀྱི་ཞལ་ལུང་ལས་ཉན་པར་བྱའོ། ༈ དེ་ལྟ་བུའི་རྣལ་འབྱོར་ཡུན་རིང་དུ་བསྒོམ་ནས་རྣམ་པ་སྔོན་དུ་གྱུར་པའི་བསྒོམ་པ་ལ་བརྟན་པ་ཐོབ་ནས། རྫོགས་རིམ་གྱི་རྣལ་འབྱོར་བསྒོམ་པའི་

(༢༩༩)ཁྲིད་ཚུལ་ནི། རྫོགས་རིམ་སྤྱི་ཡི་ཆོས་བཤད་པ་དང་། འདི་ཉིད་དང་འབྲེལ་པའི་མན་ངག་ཞིབ་མོར་བཤད་པའོ། །དང་པོ་ལ་ཡན་ལག་གི་དབྱེ་བ་དང་། ངོ་བོའི་དབྱེ་བའོ། །དང་པོ་ལ་རྒྱུ་གཙོ་ཆེ་བའི་ཡན་ལག་དང་། འབྲས་བུ་གཙོ་ཆེ་བའི་ཡན་ལག་གོ །དང་པོ་ལ། ཡན་ལག་དྲུག་བཤད་པ། རིམ་པ་ལྔ་བཤད་པ། མཆོག་གི་ཕྱག་རྒྱའི་དབྱེ་བ་བཤད་པའོ། དང་པོ་ནི། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པའི་བསྟོད་འགྲེལ་ལས་འབྱུང་བའི་ཡན་ལག་དྲུག་གི་རྣམ་བཞག་དང་། མཁའ་འགྲོ་རྒྱ་མཚོར་གསུངས་པའི་དགོངས་དོན་རྒྱ་གར་གྱི་གྲུབ་ཆེན་རྣམས་ཀྱི་བཞེད་པ་སྟེ་གཉིས་ལས། དང་པོའི་རྣམ་བཞག་ནི་རྒྱས་པར་དུས་ཀྱི་འཁོར་ལོའི་ཕྱོགས་ལས་ཤེས་དགོས་ལ། འདིར་མདོ་ཙམ་བརྗོད་ན་དོན་དངོས་དང་ལོག་རྟོག་བསལ་བ་གཉིས་ལས། དང་པོ་ནི། རྩ་བརྒྱུད་ལེའུ་དང་པོ་ལས། སྔགས་བཟླས་པ་དང་བསམ་གཏན་དང་། བདེ་བས་ཀྱང་ནི་འགྲུབ་པར་འགྱུར། ཞེས་གསུང་པའི་དོན་ལ། སྔགས་བཟླས་ཞེས་པ་སྲོག་རྩོལ་དངོས་སུ་བསྟན་དེའི་འབྲས་བུ་འཛིན་པ་ཞོར་ལ་འཕངས། བསམ་གཏན་ཞེས་པས་བསམ་གཏན་གྱི་ཡན་ལག་

(༣༠༠)དངོས་སུ་བསྟན་ཅིང་། རང་རྒྱུ་པོར་སྡུད་ཤུགས་ཀྱིས་བསྟན། བདེ་བ་ཞེས་པ་མི་འགྱུར་བའི་བདེ་བ་ཏིང་ངེ་འཛིན་བསྟན་པས། རྒྱུ་རྗེས་དྲན་ཡང་བསྟན་ཏེ་དེ་ལྟར་དྲུག་གོ །དེ་ལ་སོ་སོར་བསྡུད་པ་ནི། ཐ་མལ་གྱི་དབང་ཡུལ་གྱི་འབྲེལ་པ་གཅོད་པས་སོ་སོར་གཅོད་པའམ། ཡང་ན་ཤའི་མིག་ལ་སོགས་པའི་དབང་ཤེས་གཞན་ལྔས་སྟོང་པའི་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་ལེན་པ་ནི་སོ་སོར་སྡུད་པ་སྟེ། ཁྲལ་ལེན་པ་ལ་ཁྲལ་སྡུད་ཅེས་བྱ་བ་དང་འདྲའོ། །ངོ་བོ་ནི་རྣམ་པར་མི་རྟོག་པའི་རང་བཞིན་ལ་མཉམ་པར་བཞག་པས་སྟོང་གཟུགས་མངོན་སུམ་དུ་མཐོང་བའི་ཡེ་ཤེས་སོ། །དབྱེ་བ་ནི། དུ་བ། སྨིག་རྒྱུ། མེ་ཁྱེར། མར་མེ་འབར་བ། སེར་པོ་འབར་བ། ཟླ་བ། ཉི་མ། སྒྲ་གཅན། གློག །ཐིག་ལེ་སྟེ་རྟགས་བཅུའི་དབྱེ་བས་རྣམ་པ་བཅུའོ། །འདི་ནི་སྤྱན་ལྔ་ལས་ཤའི་མིག་དང་། རིགས་དྲུག་ལས་རྡོ་རྗེ་སེམས་དཔའི་ལམ་མོ། །བསམ་གཏན་གྱི་ངོ་བོ་ནི། སོར་སྡུད་ཀྱི་སྐབས་སུ་ཐ་མལ་གྱི་དབང་ཡུལ་གྱི་འཇུག་པ་བཀག་པ་ཙམ་ཡིན་ལ། འདིར་ནི་ཡེ་ཤེས་ཀྱི་སྟེང་དུ་སྟོང་གཟུགས་དང་ཤེས་པ་གཉིས་ཀྱི་གཉིས་སྣང་བཀག་སྟེ་རོ་གཅིག་ཏུ་བསྒོམ་པའོ། །

(༣༠༡)དབྱེ་བ་ནི། ཤེས་རབ། རྟོགས་པ། དཔྱོད་པ། དགའ་བ། བདེ་བ་སྟེ་ཡན་ལག་ལྔ། དེའི་ཡུལ་སྟོང་གཟུགས་ལྔ་སྟེ་བཅུའོ། ཁ་ཅིག་ནི་ཤའི་མིག་ལ་སོགས་པ་དབང་པོ་ལྔ་དང་ཡུམ་ལྔའི་དབྱེ་བས་བཅུ་ཞེས་ཀྱང་གསུང་ངོ་། །འདི་ནི་ལྷའི་མིག་དང་། མི་བསྐྱོད་པའི་ལམ་མོ། །དེ་ལ་ཤེས་རབ་ནི་སྟོང་གཟུགས་མཐོང་ཙམ་དེ་ཉིད་ལ་རྣམ་པར་མི་རྟོག་པའི་ཚུལ་གྱིས་བཞག་པས་སྤྲོས་པ་གང་གི་ཡང་ངོ་བོར་མ་སྐྱེས་པའི་རིག་སྟོང་ངོ་། །དེ་ཉིད་ལས་ཕྱི་ནང་གི་འཆར་སྒོ་མ་འགགས་པའི་སྣང་བ་ལམ་མེ་བ་མཐོང་བ་རྟོགས་པ་དང་། སྣང་བ་དེ་རྣམས་རང་སེམས་སུ་གསལ་བར་སྣང་ཞིང་དེ་ཡང་བརྗོད་བྲལ་གྱི་ངོ་བོར་མཐོང་བ་ནི་དཔྱོད་པ་དང་། དེ་ལྟར་ཤེས་པས་དྲངས་པའི་ཡིད་དགའ་བ་ནི་དགའ་བ་དང་། ལུས་སེམས་ཤིན་ཏུ་སྦྱང་བའི་བདེ་བ་ནི་གཡོ་མེད་ཀྱི་བདེ་བའོ། དང་པོ་གསུམ་ལ་མི་འདྲ་བ་མང་དུ་འཆད་ཀྱང་། རྗེ་བཙུན་བླ་མའི་ཞལ་ལུང་ནི་འདི་ཡིན་ཏེ། སེམས་འགྲེལ་སྐོར་གསུམ་གྱི་དགོས་པས་ངེས་དོན་མཐར་ཐུག་པའོ། །ཡན་ལག་གཉིས་པོ་འདི་སྟོང་གཟུགས་སྒྲུབ་བྱེད་ཡིན་པས་སྐུ་རྡོ་རྗེ་རྣལ་འབྱོར་དང་། བསྙེན་པ། ཐོག་མར་དགེ་

(༣༠༢)བར་གསུངས་སོ། །མངོན་སུམ་བཞི་ལས་དབང་མངོན་ནོ། །སྲོག་རྩོལ་ནི་རོ་རྐྱང་གི་རླུང་དང་སྲོག་ཐུར་དབུ་མར་འཆིང་བ་སྟེ། དགང་དབྱུང་བུམ་ཅན་སོགས་ཀྱིས་དེ་བཅིངས་པས་དབུ་མའི་རླུང་དུ་བྱས་པའི་སྐབས་ཀྱི་སྟོང་གཟུགས་མཐོང་བའི་མངོན་སུམ་ལ་ངོས་འཛིན་ལ། དབྱེ་བ་ནི། དགག་བྱ་གཡས་འབྱུང་བ་ལྔའི་རླུང་། གཡོན་ཕུང་པོ་ལྔའི་རླུང་གི་དབྱེ་བས་བཅུའོ། །འདི་དོན་གྲུབ་ཀྱི་ལམ་མོ། །འཛིན་པའི་ངོ་བོ་ནི་དབུ་མ་འབའ་ཞིག་འབབ་པའི་རླུང་དེ་ཡང་རིམ་པས་ལྟེ་སྙིང་མགྲིན་པ་དཔྲལ་བ་གཙུག་གཏོར་རྣམས་ཀྱི་ལྟེ་བར་བཀག་ནས་ཐིག་ལེར་ཐིམ་པའི་གཟུགས་བརྙན་མཐོང་བའི་མངོན་སུམ་མོ། །དབྱེ་ན་འཁོར་ལོ་ལྔར་འགྲོ་འོང་གི་དབྱེ་བས་བཅུའོ། །འདིར་རིན་འབྱུང་གི་ལམ་མེད་འདི་གཉིས་རླུང་དག་བྱེད་ཡིན་པས་གསུང་རྡོ་རྗེའི་རྣལ་འབྱོར་དང་། ཉེར་སྒྲུབ་དང་། བར་དུ་དགེ་བ་དང་། སངས་རྒྱས་ཀྱི་སྤྱན་དང་། ཡིད་ཀྱི་མངོན་སུམ་མོ། །རྗེས་དྲན་ནི་སྲོག་ཐུར་འདྲེས་པ་ཐིམ་པའི་སྟོབས་ཀྱིས་གཏུམ་མེ་འབར་བའི་སྣང་བ་ལ་ཁམས་སུམ་གྱི་གཟུགས་བརྙན་སྤྲོ་བ་དང་། རང་འདོད་པའི་ལྷ་མཐོང་བའི་མངོན་སུམ་མོ། །འདི་ཐོབ་པ་ཧཾ་ཡིག་ཞུ་བ་ནོར་བུར་

(༣༠༣)སོན་པའི་དགའ་བར་ཁྱད་པར་ཅན་རྣམས་ཐོབ་ཏེ། འཇིག་རྟེན་ན་འདོད་པ་དོན་དུ་གཉེར་བ་ན། ཆགས་ཡུལ་ཡིད་ལ་བྱེད་པ་དང་། དེ་དང་འཕྲད་འདོད་པ་དང་། དེ་ལས་ཀྱི་གཏུམ་མོ་ཅུང་ཟད་འབར་བས་ལུས་ལ་དྲོད་འབར་བ་དང་། དེས་ཁ་སྐོམ་པ་དང་། མགྲིན་པར་ཟས་མི་འཇུག་པ་དང་། ཆགས་ཡུལ་དང་ཕྲད་ནས་སེམས་བརྟན་པ་མེད་པར་གཡོ་བ་དང་། སྤྱོད་པ་རང་བཞིན་དུ་མི་གནས་པས་སྨྱོ་བ་དང་། བྱ་བ་དང་བྱ་བ་མིན་པ་ལ་རྨོང་པ་དང་། ཡིད་འཛག་བདེའི་གཞན་དབང་དུ་སོང་བ་རྣམ་པར་འཁྲུལ་དང་། བརྒྱལ་བ་ལྟར་སྨོས་པ་སྟེ་གནས་སྐབས་བཅུ་དག་པ། གནས་སྐབས་བཅུ་དང་རྣམ་པ་འདྲ་བའི་བདེ་བའི་ཡེ་ཤེས་རིམ་པ་བཞིན་དུ་རྟགས་བཅུའི་དྲངས་པའི་མཚན་མ་བཅུ་རིམ་པས་ཐིམ་པའི་དབྱེ་བས་བཅུ་སྟེ། དེ་དག་ལ་ཐིམ་པས་ལྷ་མོ་དུ་བ་མ་སོགས་བཅུ་འགྲུབ་བོ། །དེ་སྒྲུབ་པའི་ཡན་ལག་དང་། ཐུགས་རྡོ་རྗེ་དང་། ཤེས་རབ་ཀྱི་སྤྱན་དང་། འོད་དཔག་མེད་དང་། ཡེ་ཤེས་ཀྱི་སྐུ་ཕྱོགས་མཐུན་འགྲུབ་པས་རྣལ་འབྱོར་མངོན་སུམ་མོ། །ཏིང་ངེ་འཛིན་གྱི་ཡན་ལག་ནི་རྗེས་དྲན་གྱི་སྐབས་ཀྱི་ལྷན་སྐྱེས་གཡོ་བ་ཅན་དེ་གཡོ་བ་དང་རྦ་རླབས་ཞི་བ་ན་མི་འགྱུར་བའི་བདེ་བ་སྟེ་

(༣༠༤)དེའི་མངོན་སུམ་མོ། །འདི་ཡང་སྲོག་འཛིན་སོགས་རླུང་བཅུ་འགགས་པས་བཅུའོ། །འདི་ནི་སྒྲུབ་ཆེན་དང་། ཡེ་ཤེས་རྡོ་རྗེ་དང་། ཡེ་ཤེས་ཀྱི་སྤྱན་དང་། རྣམ་སྣང་དང་། རང་རིག་མངོན་སུམ་མོ། །དེ་གཉིས་ཐ་མར་དགེ་བའོ། །འདི་ལ་ལམ་ལྔ་དང་སྦྱར་ན་དང་། སོ་གཉིས་ཚོགས་ལམ། བར་ས་གཉིས་སྦྱོར་ལམ་དྲོད། རྗེས་དྲན་རྩེ་མོ། ཏིང་ངེ་འཛིན་བཟོད་པ་དང་ཆོས་མཆོག་གོ །ཏིང་ངེ་འཛིན་གྱི་སྐབས་འདིར་རྩ་འཁོར་ལོ་དྲུག་ཏུ་ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས། སྦྱོར་ལམ་གྱི་ས་བཅུ་གཉིས་འགྲུབ་བོ། །དེ་དག་དང་བསྐྱེད་རིམ་གྱི་སྐབས་སོ་སོར་རླུང་དང་གཏུམ་མོ་ཕྱག་རྒྱ་སོགས་ཀྱི་མན་ངག་མང་དུ་འབྱུང་བ་ནི་བླ་མ་ལས་རྟོགས་པར་བྱའོ། །རྫོགས་རིམ་གྱི་སྲོལ་འདི་ཡང་ཤིན་ཏུ་ཟབ་པ་ཡིན་ནོ། །དུས་འཁོར་བ་འགའ་ཞིག་འདུས་པ་རིམ་ལྔ་དང་བདེ་མཆོག་རིམ་ལྔ་སོགས་དང་སྦྱོར་ཏེ། ཁོ་བོ་ནི་ལེགས་པར་མི་སེམས་སོ། །གཉིས་པ་ནི། འདིར་ཁ་ཅིག་ཁྱེད་ཅག་དང་པོ་ཐ་མ་ཐམས་ཅད་མི་རྟོག་པ་འབའ་ཞིག་བསྒོམ་ན་ཞི་གནས་གྲུབ་པ་ཙམ་སྲིད་ཀྱང་རྫོགས་རིམ་འཇིག་རྟེན་ལས་འདས་པའི་ལམ་ཡིན་པས་མ་རིག་པའི་གཉེན་པོར་འགྲོ་དགོས་

(༣༠༥)པ་ལ་ཁྱེད་ཅག་གི་ལམ་འདི་ལ་ནི་བདག་མེད་ལ་རྟོགས་པའི་ལྷག་མཐོང་མེད་པས་མ་རིག་པ་ནི་མི་ཟློག་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། འཇིག་རྟེན་པ་དག་སྟོང་ཉིད་བསྒོམ་བྱེད་ཀྱང་། དེས་ནི་བདག་ཏུ་འདུ་ཤེས་འཇིག་མི་བྱེད། དེ་ཡི་ཉོན་མོངས་ཕྱིར་ཤིང་རབ་འཁྲུགས་སྟེ། ལྷན་སྤྱོད་ཀྱིས་ནི་ཏིང་འཛིན་འདིར་བསྒོམ་ཞིང་། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་དེ་བརྟགས་གལ་ཏེ་བསྒོམས་ནས་ནི། དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། རྒྱུ་གཞན་གང་ཡིན་དེས་ནི་ཞི་མི་འགྱུར། ཞེས་གསུང་པས་སོ། །ཞེ་ན་ཁོ་བོ་ཅག་ནི་བདག་མེད་མངོན་སུམ་མ་རྟོགས་པར་ཐར་པ་ཐོབ་པ་ག་ལ་སྨྲ། རྣམ་པར་མི་རྟོག་པ་ཉིད་ལས་ཇི་ཞིག་ནས་བདག་མེད་མཐོང་བའི་ཡེ་ཤེས་སྐྱེའོ། །ཞེས་སྨྲའོ། བདག་མེད་སོ་སོར་རྟོགས་ཅེས་གསུངས་པ་སྟེ་ཁྱེད་ལྟར་ན་རྗེས་དཔག་ཁོ་ནར་བྱེད་སྣང་བས་སངས་རྒྱས་ལ་ཡོད་དམ་མེད། ཡོད་ན་སངས་རྒྱས་ཀྱང་རྣམ་རྟོག་ལ་སྤྱོད་པར་འགྱུར་རོ། །དེ་ལ་དེ་མེད་ཀྱང་སྔོན་དེ་གོམས་པས་ད་ལྟ་ཐར་པ་བརྙེས་སྙམ་ན། འོ་ན་ཡང་བྱང་སེམས་འཕགས་པའི་མཉམ་བཞག་ན་སོ་སོར་རྟོག་པ་མེད་པར་འགྱུར་རོ། །ཡང་བདག་མེད་གཉིས་སྲིད་

(༣༠༦)པར་ལྐོག་ཏུ་གྱུར་པས། དང་པོར་རྗེས་དཔག་མེད་པར་མི་རྟོག་རྗེས་དཔག་གོམས་པས་དེའི་གསལ་སྣང་སྐྱེའོ། །དེས་ན་མཁས་པ་ཀུན་གྱིས་ཀྱང་དཔྱད་པ་འདི་མང་དུ་གསུངས་སོ་སྙམ་ན། གསུངས་པ་ནི་བདེན་ཏེ། བདག་མེད་གཉིས་མངོན་སུམ་དུ་རྟོགས་པའི་ཤེས་པ་ཡིན་ན་རྗེས་དཔག་སྔོན་དུ་སོང་བ་ཡིན་པས་ཁྱབ་པར་གང་ནས་མ་གསུངས་ལ་མདོ་སྡེ་མང་པོ་ནས། དེ་བཞིན་གཤེགས་པའི་སྐུའི་འོད་ཟེར་ཕོག་པ་དང་། སྟོང་པ་ཉིད་ཀྱི་དོན་མི་འཆད་པའི་ཆོས་གཞན་ཐོས་པ་རྐྱང་པས་གྲོལ་བ་ཇི་སྙེད་ཅིག་གསུངས། སློབ་དཔོན་ཟླ་བ་གྲགས་པས་ཀྱང་རིགས་པ་དྲུག་བཅུ་པའི་འགྲེལ་པར། རྒྱུའི་སྟོབས་ཁོ་ནས་སྟོང་ཉིད་རྟོག་པའི་རྒྱུ་མཚན་དུ། ཤཱ་རིའི་བུ་ཆོས་རྣམས་གང་དག་སོགས་ཤོ་ལོ་ཀ་གཅིག་ཐོས་མ་ཐག་ཏུ་བདེན་པ་མཐོང་བ་བཀོད་དེ། ཇོ་བོ་རྗེས་ཀྱང་། མངོན་སུམ་རྗེས་དཔག་དགོས་པ་མེད། མུ་སྟེགས་བརྩོད་པ་བཟློག་ཕྱིར་དུ། མཁས་པ་རྣམས་ཀྱིས་བྱས་པ་ཡིན། ཅེས་མ་གསུངས་སམ། ཐར་པའི་རྒྱུ་ངེས་པར་རྗེས་དཔག་དགོས་ན་དགོས་པ་མེད་ཅེས་བྱ་བ་ཅི་ཞིག །ལྐོག་གྱུར་མངོན་སུམ་དུ་ཤེས་པར་འགྱུར་བ་ཐམས་ཅད་ལ་རྗེས་དཔག་སྔོན་དུ་འགྲོ་དགོས་

(༣༠༧)ན་འདི་བདེན་ཀྱང་། འཕགས་པ་རྣམས་ཀྱི་མངོན་ཤེས་དྲུག་གིས་ལྐོག་གྱུར་མཐོང་བ་ཐམས་ཅད་རྗེས་དཔག་སྔོན་དུ་འགྲོ་བ་ཅན་མ་ཡིན་པར་ཁོ་ནར་སྣང་ངོ་། །དེས་ན་རབ་རིབ་ཅན་གྱིས་སྐྲ་ཤད་སོགས་མཐོང་བ། མེད་པའི་རྒྱུ་མཚན་བཤད་ཀྱང་མེད་པར་ངེས་པར་འབྱུང་མེད་སྣང་བར་མི་འགལ་ལ། རྒྱུ་མཚན་གཏན་ནས་མ་བཤད་ཀྱང་མིག་སྨན་བཟང་པོ་བསྟེན་དུ་བཅུག་པས་སྐྲ་ཤད་སོགས་སུ་སྣང་བ་དག་ནས་མེད་པར་མངོན་སུམ་དུ་མཐོང་བ་བཞིན་ནོ། །ཁོ་བོ་ཅག་ནི་རྗེས་སུ་དཔག་པའི་ལམ་ལ་ཡང་ཐབས་མཁས་སུ་ཤེས་པས་གུས་པར་བྱེད་མདོ། དེས་མཐའ་གཅིག་ཏུ་མ་ཁྱབ་སྟེ། དཔལ་ལྡན་དཔའ་བོ་ས་ར་ཧས། རྟོག་པ་ཉམས་པས་བློ་ཉམས་ཤེས། བློ་ངན་རྗེས་སུ་རྟོག་བྱེད་ལ། དེ་ཉིད་ལས་ནི་བློ་བཟང་པོ། ནམ་མཁའ་ལས་ལྷག་ཅི་ཡང་འབྱུང་། ཅེས་བློ་གྲོས་ངན་པ་རྣམས་རྣམ་རྟོག་མེད་ན་སོ་སོར་རྟོག་པའི་ཤེས་རབ་མེད་པས་ངེས་པར་རྟོག་པ་དགོས་ཟེར་ཡང་། མི་རྟོག་པ་ལས་བློ་གྲོས་བཟང་པོ་ཅི་ཡང་སྐྱེ་བ་ཙམ་རྗེས་དཔག་ལ་མེད་ཅེས་གསུངས་སོ། །ཁ་ཅིག་བསྐྱེད་རིམ་རྩ་རླུང་ཐིག་ལེ་བདེ་བ་

(༣༠༨)སོགས་རྫོགས་རིམ་མ་ཡིན་ཅིང་། རྫོགས་རིམ་སྤྲོས་བྲལ་འབའ་ཞིག་བསྒོམ་པའོ་སྙམ་པ་དང་། ལུང་ཡང་དང་པོ་བསྐྱེད་རིམ་དང་། བར་དུ་ལས་བརྒྱའི་བདེ་བ་དང་། ཐ་མ་མི་རྟོག་པ་སྒོམ་པ་བདེ་ཆེན་བསྒོམ་པར་འདོད་པ་ཐོག་བར་མཐའ་གསུམ་དུ་དགེ་བ་མ་ཡིན་པར་སེམས་འགྲེལ་རྣམས་སུ་གསུངས་པའི་ལུང་འདྲེན་ཅིང་། བསམ་པ་ཐམས་ཅད་ཡོངས་སྤོངས་ནས། ཉི་མ་གཅིག་ཏུ་ཡོངས་སུ་བརྟགས། གལ་ཏེ་རྟགས་ནི་མ་བྱུང་ན། དེ་ཚེ་ང་ཡི་བརྫུན་ཚིག་ཡིན། ཅེས་གསུངས་པ་ཡིན་པ་ལས། བསྐྱེད་རིམ་སྔོན་འགྲོ་ཅན་གྱི་རྩ་རླུང་ཐིག་ལེ་ཡུན་དུ་གོམས་ནས་ཕྱིས་ལས་ཀྱི་ཕྱག་རྒྱ་ལ་སྙམ་པར་ཞུགས་པའི་ལྷན་སྐྱེས་དེ་ཉིད་མངོན་སུམ་གྱི་ཐོག་མ་ཡིན་ན། ཉི་མ་གཅིག་ཏུ་བརྟག་ཅེས་པ་འདི་ཡང་མ་འབྲེལ་བ་ཐལ་བར་འགྱུར། ཅེས་སོགས་མང་དུ་འདྲི་བར་བྱེད་དོ། །འདི་ལ་ནི་སེམས་འགྲེལ་རྣམས་ནི་རྒྱུད་བཞིན་དུ་དགོངས་པ་མང་བའི་གནད་མ་རྟོགས་པར་རྒྱས་པ་གཞན་དུ་བརྟག་པར་བྱ་ལ། དངོས་ལེན་ནི་སེམས་འགྲེལ་དུ་ནི་དེ་རྣམས་དོན་དམ་གྱི་རྫོགས་རིམ་ཡིན་པར་འདོད་པ་བཀག་པ་ཡིན། དོན་དམ་ཡིན་

(༣༠༩)ཅེས་ནི་ཁོ་བོ་ཅག་ཀྱང་མི་འདོད། གང་ཟག་འགའ་ཞིག་ལ་ནི་རྣམ་པར་མི་རྟོག་པའི་ལམ་འདི་ལ་ཞུགས་ཀྱང་། ལོ་དང་ཟླ་བས་ཀྱང་མངོན་སུམ་གྱི་རྟགས་མི་མཐོང་བ་ཡོད། སྔགས་ཀྱི་གདུལ་བྱ་མཚན་ཉིད་ལྡན་པ་ལ་ནི། དབང་དུས་ཉིད་ནས་བརྩམས་ཏེ་ལས་རྒྱའི་ཡེ་ཤེས་མངོན་སུམ་ལམ་བྱེད་ཡོད་པ། ཉི་མ་གཅིག་ཅེས་གསུངས་པ་དང་ག་ལ་འགལ། རྩ་རླུང་ཐིག་ལེའི་རྣལ་འབྱོར་གྱིས་ཀྱང་གདུལ་བྱ་མཚན་ཉིད་ཚང་བ་ལ་ཉི་མ་གཅིག་ཙམ་གྱི་རྟགས་མི་འབྱུང་བའི་རྒྱུ་མཚན་ཅི་ཡོད། དེས་ན་གྱ་ཚོམ་གྱི་ཅ་ཅོ་མི་འཚལ་ལོ། །གཉིས་པ་ནི། རྩ་རྒྱུད་ཀྱི་ཁུངས་གོང་བཞིན། བཤད་རྒྱུད་མཁའ་འགྲོ་རྒྱ་མཚོ་ལས། སོ་སོར་སྡུད་དང་དེ་བཞིན་དུ། བསམ་གཏན་སྲོག་རྩོལ་འཛིན་པ་དང་། རྗེས་སུ་དྲན་དང་ཏིང་ངེ་འཛིན། སྦྱོར་བའི་མཚན་ཉིད་རྣམ་དྲུག་གོ །ཞེས་གསུངས་པའི་མན་ངག་ནི་ཞལ་ལུང་དང་ཕྱོགས་མཐུན་ཏེ། ཐ་མལ་གྱི་དབང་ཤེས་ལྔའི་རྗེས་སུ་འབྲང་བའི་གཟུགས་སོགས་ཀྱི་རྟོགས་པའི་འཇུག་པ་ནང་དུ་བསྡུད་པ་ནི་སོ་སོར་སྡུད་པ་དང་། ལྷའི་རྣམ་པ་ལ་སེམས་འཇོག་པ་ནི་བསམ་གཏན་ཏེ། ཕུང་ཁམས་སྐྱེ་མཆེད་ལྷ་ཡི་ངོ་བོར་རྟོག་པ་ནི་རྟོག་པ་དང་། དམིགས་པ་ལ་སེམས་བརྟན་པར་བྱེད་པ་ནི་དཔྱོད་པ་དང་། ལྷའི་དམིགས་པ་ལ་

(༣༡༠)སེམས་བརྟན་པས་ཡིད་དགའ་བ་ནི་དགའ་བ་དང་། ལྷར་སྣང་ནམ་ཤར་བ་ན་དེས་སེམས་ཚིམ་པར་འགྱུར་བ་ནི་བདེ་བ་དང་། ཏིང་ངེ་འཛིན་རྣལ་དུ་གནས་ཏེ་ཐ་མལ་གྱི་སྣང་བ་ལོག་ནས་ལྷ་སྐུ་ལ་རྩེ་གཅིག་ཏུ་གནས་པ་ནི་རྩེ་གཅིག་པ་སྟེ་བསམ་གཏན་ཡན་ལག་ལྔའོ། །དེ་གཉིས་ནི་བསྐྱེད་རིམ་མོ། །སྲོག་རྩོལ་ནི་ཐིག་ལེའམ། མེ་དམིགས་སམ། རླུང་ནི་རྣལ་འབྱོར་གང་ཡིན་ཡང་རུང་སྟེ་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་པའོ། །འཛིན་པ་ནི་ཐིམ་པ་དེའི་ནུས་པ་ལས་གཏུམ་མོ་འབར་འཛག་གི་རིམ་པས་རླུང་རྣམས་ཐིག་ལེ་ལ་ཐིམ་པའི་རྟགས་ལྔ་འབྱུང་བ་ཡིན་ནོ། །རྗེས་དྲན་ནི། རྟགས་ཀྱི་གསལ་སྣང་མཆེད་དེ་སྣང་བ་ཀུན་ལ་ཁྱབ་པར་གྱུར་པ་ན། དཀྱིལ་འཁོར་དང་བདེ་བའི་སྤྲོ་བསྡུ་བྱེད་པའོ། ཏིང་ངེ་འཛིན་ནི་ཡེ་ཤེས་ཀྱི་སྐུ་དང་མངོན་པར་བྱང་ཆུབ་པར་འོད་གསལ་སྒྲུབ་པར་ཡིན་ཏེ་རྫོགས་རིམ་ཐམས་ཅད་ལ་ཕྱི་མ་བཞི་པོ་འདི་ཚངས་པར་ཡིན་ནོ། །འདི་དག་ལའང་བཤད་པར་བྱ་བ་མང་མདོ་ཀྱི། མངས་པར་འགྱུར་པས་རེ་ཞིག་བཞག་གོ །གཉིས་པ་ནི། མཁའ་འགྲོ་རྒྱ་མཚོ་ལས། རང་གི་སྐུ་ནི་སྒྱུ་མ་མཉམ། བདག་བྱིན་རླབས་

(༣༡༡)འདི་ཕྲ་མོ་དང་། རྡོ་རྗེའི་བཟླས་རང་མཚན་ཉིད་དོ། །རྫོགས་པའི་བྱང་ཆུབ་སེམས་ཀྱི་གཏེར། དེ་ལས་ལྷག་མ་ཟུང་འཇུག་གོ །རྡོ་རྗེའི་སོགས་ཀྱིས་རྡོ་རྗེའི་བཟླས་པའི་རིམ་པ་དང་། སེམས་ཀྱི་གཏེར་ཞེས་པས་སེམས་དབེན་པ་དང་། རང་གི་སོགས་རྐང་པ་གཉིས་ཀྱི་སྒྱུ་ལུས་དང་། རྫོགས་པའི་བྱང་ཆུབ་ཅེས་པས་མངོན་པར་བྱང་ཆུབ་པའི་རིམ་པ་འོད་གསལ་དང་། ཟུང་འཇུག་ཉིད་དེ་ལྔ་ལས། དང་པོ་ལ། རྟེན་ལུས་དབེན་དང་། བརྟེན་པ་ངག་དབེན་གཉིས་ཀྱི་དང་པོ་ནི། ཡིད་ངོར་ཤེས་པའི་ལྷའི་སྐུ་རླུང་སེམས་དབུ་མར་ཅུང་ཟད་ཐིམ་པའི་བདེ་སྟོང་གིས་རྒྱས་ཐེབས་པའོ། །འདི་ལ་སྤོད་བསྡུས་སྒྲོན་མེ་ལས་ནི་རིགས་བརྒྱ་ལ་སོགས་པའི་དབྱེ་བ་ལ་ཞིབ་བཤད་མང་དུ་མཛད་མདོ་ཀྱི། མ་རྒྱུད་ཀྱི་ཕྱོགས་ཀྱི་རྒྱུད་རྣམས་སྤྱིར་རིགས་བརྒྱར་ཞེས་པ་ཙམ་ལས་དེ་ལྟར་ཞིབ་མོར་བཤད་པ་མ་མཐོང་ཞིང་། རིགས་གསུམ་དང་ལྔ་དང་དྲུག་དང་གསང་ཆེན་རིགས་གཅིག་སོགས་རྒྱས་བཤད་ཅི་རིགས་པར་བྱུང་ངོ་། །གཉིས་པ་ངོ་བོ་ནི། རླུང་དབུ་མར་ཐིམ་པར་བྱེད་པའི་ཐབས། རླུང་གི་དེ་ཁོ་ན་ཉིད་སྦྱང་བ་ལ་སོགས་པ་སྔོན་དུ་སོང་ནས་རྡོ་རྗེའི་བཟླས་པ་སོགས་ལ་བསླབ་པའོ། །གཉིས་པ་

(༣༡༢)སེམས་ལ་དམིགས་པའི་ངོ་བོ་ནི་ཁམས་ཕྲ་རགས་ཐིམ་ཚུལ་ཁྱད་པར་ཅན་གྱི་ཡེ་ཤེས་ཏེ། སྣང་བ་དང་། མཆེད་པ་དང་། ཉེར་ཐོབ་ཀྱི་རྟོག་པ་ཐུན་མོང་བ་རྣམས་ཕྱི་ནང་གི་སྲོག་སྩོལ་གང་ཡང་རུང་བས་བསྐྱེད་ནས། ཉེར་ཐོབ་ཐུན་མོངས་མ་ཡིན་པ་དཔེའི་འོད་གསལ་མཐར་ཐུག་མངོན་དུ་བྱེད་པ་ནི། ངེས་པར་ཕྱིའི་སྲོལ་སྩོལ་ལས་ཀྱི་ཕྱག་རྒྱ་ལ་ལྟོས་པ་ཡིན་ནོ། །འདི་ལ་སེམས་ལ་དམིགས་པའི་རིམ་པར་ཅེས་ཀྱང་ཟེར། གསུམ་པ་ནི་རླུང་སེམས་ཙམ་ལས་དངོས་སུ་གྲུབ་པའི་རྒྱུ་ལུས་ཏེ། སྒྱུ་མའི་དཔེ་བཅུ་གཉིས་ཀྱི་ཉེ་བར་མཚོན་པའོ། །དེ་ཐོབ་བྱེད་ཀྱི་རྒྱུ་ནི་ད་ལྟར་པད་རྨི་གཉིས་ཅར་དུ་ལྷ་སྐུ་སྣང་སྟོང་ལ་སྦྱང་བའི་ནུས་པ་དང་། ཞུ་བདེ་ཁྱད་པར་ཅན་བསྐྱེད་པ་ཡིན་ལ། སེམས་དབེན་མཐར་ཐུག་གི་དཔེའི་འོད་གསལ་དེས་རྐྱེན་བྱས་ནས་འགྲུབ་པར་འགྱུར་སྟེ། འདི་ལ་བདག་བྱིན་བརླབས་པའི་རིམ་པ་ཅེས་ཀྱང་བྱའོ། །བཞི་པ་ནི་སྟེང་འོག་གི་སྒོ་གང་ལ་བརྟེན་ཀྱང་རུང་སྟེ་འོད་གསལ་བདེ་སྟོང་ད་ལྟ་བསྒོམ་པ་ཐམས་ཅད་རྒྱུར་འགྲོ་སྟེ། དངོས་ནི་སྒྱུ་ལུས་དེ་ཐོབ་ནས་རྣལ་འབྱོར་རྣམ་པ་གཉིས་

(༣༡༣)ཀྱིས་སྟོང་པ་ཉིད་དུ་ཡང་ངང་བཅུག་སྟེ། སྣང་བ་གསུམ་དང་། བཞི་པ་དཔེའི་འོད་གསལ་རྟག་ཏུ་བསྒོམ་པས། རང་བཞིན་བརྒྱད་བཅུའི་རྣམ་རྟོག་མངོན་གྱུར་བ་འགགས་པ་ན། མཐར་སྤྱོད་པའི་ཕྱག་རྒྱ་ལ་ངེས་པར་ལྟོས་དགོས་ཏེ། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་དོན་གྱི་འོད་གསལ་ལོ། །ལྔ་པ་ནི་དེ་ལས་ལངས་པ་ན་ཟུང་འཇུག་གི་སྐུ་གྲུབ་ནས་དངོས་སུ་སྤྱོད་པ་སྤྱོད་པ་དང་། སྤྲུལ་པ་སེམས་ཅན་གྱི་དོན་བྱེད་པས་ཏེ། ངོ་བོ་ནི་སྒོམ་སྤང་སྣང་བ་གསུམ་སྤོང་བྱེད་སྣང་སྟོང་བདེ་བའི་ཡེ་ཤེས་སོ། །རིམ་པ་འདི་ཡང་ཤིན་ཏུ་ཆིངས་ཆེ་ཞིང་རྟོགས་པར་དཀའ་བས་གལ་ཆེ་མདོ་ཀྱི། གཞན་དུ་བཤད་པར་འདོད་དེ། རྒྱུད་ཐམས་ཅད་ཀྱི་རྫོགས་པའི་རིམ་པ་ལ་འདིའི་ཆིངས་གནས་པས། བདེ་མཆོག་ཉིད་ཀྱི་རྫོགས་པའི་རིམ་པ་ལ་ཇི་ལྟར་གནས་ཚུལ་ནི། དེ་ཙམ་བཤད་པས་ཤུགས་ལས་ཤེས་པར་འགྱུར་རོ། །གསུམ་པ་ནི་རིགས་དྲུག་སོགས་ཏེ། ཡུལ་ཕྱག་རྒྱའི་དབྱེ་བ། ཁྱད་པར་ངོས་བཟུང་བ་དངོས་གྲུབ་རྩོལ་བའི་ཕྱིར་རྗེས་སུ་ཆགས་པར་བྱེད་པའོ། །དེ་ལ་དང་པོ་ནི་རིགས་དྲུག་དང་རིགས་བདུན་ནི་མཆོད་པའི་སྐབས་སུ་བཤད་ཟིན་ཏེ། རིགས་བརྒྱད་ཅེས་བྱ་བ་ནི། མཆོག་ཏུ་

(༣༡༤)གྱུར་པའི་སྔགས་ཀྱི་མཁའ་འགྲོ་མའི་དབྱེ་བ་སྟེ། དེ་དག་ཀྱང་གཞུང་ཉིད་དྲངས་ན་མངས་པར་འགྱུར་བས་རྒྱས་པ་རྒྱུད་ཉིད་དུ་ཤེས་པར་བྱའོ། །མདོར་བསྡུ་ན། ཁ་དོག་དམར་སེར། པདྨའི་དྲི། ཞི་ཞིང་ཞེན་པར་ལྟ་ལ་རྗེས་སུ་འགྲོ་བ་དང་། ཡང་ན་སེན་མོ་དང་མིག་དམར་དང་། གཉིས་ཀར་ཁྱིམ་དུ་པདྨ་འབྲི་བ་ནི་པདྨའི་རིགས་སོ། །མདོག་སྔོ་སྐྱ། སྨིན་མཚམས་ན་རྩེ་གསུམ་གྱི་རི་མོ། རྡོ་རྗེ་འདྲི་ཞིང་མཆོད་པ་ནི་ཧེ་རུ་ཀ་རྡོ་རྗེའི་རིགས་སོ། །དཔྲལ་བ་རྩེ་གསུམ་མམ་མདུང་གི་རི་མོ་ཅན། མིག་དང་བཞིན་དང་ཡན་ལག་དམར་བ། ར་སྐྱེས་དང་ཁྱིམ་བྱ་ལ་དགའ་བ། རྡོ་རྗེ་འདྲི་མཆོད་བྱེད་པ། དཔལ་ཧེ་རུ་ཀ་བདུད་རྩི་སྟེ་རིན་ཆེན་རིགས་སོ། །དཔྲལ་བར་ལག་པ་འཁོར་ལོའི་རི་མོ། མདོག་སྔོ་བ། མགོ་གཡོགས་པ་ལ་དགའ་བ། དཔལ་ཆེ་ཞིང་འཁོར་ལོ་འདྲི་མཆོད་བྱེད་པ་ནི། ཕག་མོ་དང་རྣམ་སྣང་གི་རིགས་སོ། །སྟོབས་ཀྱིས་དྲེགས་ཤིང་མདོག་ནག་པ། སེ་མཐེ་བ། གདུགས་ཅིང་སེམས་སྟོབས་དང་ལྡན་པ། ཁྲུས་ལ་དགའ་བ། ཚིག་ཉུང་བ། རྡོ་རྗེ་འབྲི་མཆོད་བྱེད་པ་ནི། མི་བསྐྱོད་པ་དང་ཕག་མོའི་རིགས་ཏེ། གྲོགས་སམ་འཁོར་མཁའ་འགྲོ་མ་སྟོང་ཕྲག་བཅོ་ལྔ་དང་ལྡན་པ་

(༣༡༥)ཡིན་ནོ། །མདོག་སེར། མིག་དལ། སྤུ་མང་། དཔྲལ་བ་དང་གཡོན་པའི་སྲིན་ལག་ལ་རྡོ་རྗེའི་རི་མོ་ཡོད་པ། གདུག་པའི་ལས་དང་རྒྱལ་སྲིད་ལ་དགའ་བ། མཱ་ལི་ཀའི་དྲི་འབྱུང་བ། རྩེ་གཅིག་པ་འབྲི་མཆོད་བྱེད་པ་ནི་ཁཎྜ་རོ་ཧི་ཏེ་རྡོ་རྗེ་སེམས་དཔའི་རིགས་ལས་བྱུང་བའོ། མདོག་གནག །སྐྱེམ་པ། ཤ་ལ་དགའ་བ། དཔྲལ་བ་མདུང་དང་ཐིག་ལེའི་གཟུགས་ཡོད་པ། གཙང་སྦྲ་ཆུང་བ། ཐོད་པ་འབྲི་མཆོད་བྱེད་པ་ནི་རྡོ་རྗེ་སེམས་དཔའ་ཧེ་རུ་ཀའི་རིགས་སོ། །མདོག་སྔོ་བསངས་སོ་མཉམ་ཞིང་གཡོན་གྱི་མཆེ་བ་ཅན། གདུག་པའི་ལས་ལ་དགའ་བ། དགྲ་སྟ་འབྲི་མཆོད་བྱེད་པ་ནི། རྣམ་འདྲེན་ཏེ་དོན་འགྲུབ་ཀྱི་རིགས་སོ། །རིགས་ལྔ་ནི། ལཱ་མའི་རིགས་ཏེ། བཞིན་ཟླུམ། སྤུ་རིངས་བ། ངང་ཚུལ་བཟང་བ་ནི་རྣམ་སྣང་གི་ལཱ་མ་སྟེ་མཚན་མ་ནི་པདྨའོ། རུས་སྦལ་གྱི་ཕྱག་རྒྱ་བསྟན་པར་བྱ་སྟེ། སྤྱི་བླུགས་ཀྱི་ཕྱག་རྒྱ་ནི་ལེན་ནོ། །མཆུ་འཕྱངས། མིག་དཀྱུས་རིང་། དཔལ་ཆེ། མདོག་སེར་པོ་སྙོམས། དཔྲལ་བ་རི་མོ་གསུམ་པ། སྐྲ་མཚམས་སུ་མཐོ་བ་

(༣༡༦)དགོས་ཅིང་ལམ་འགེགས་པ། གཡུལ་གྱི་གཏམ་ལ་དགའ་བ་ནི་རིན་ཆེན་ལཱ་མ་སྟེ་མཚན་མ་རྩེ་གསུམ། གཡོན་བརྐྱང་དང་། མདུང་གི་ཕྱག་རྒྱ་བསྟན་ཏེ། གཡོན་ནས་ལྡོག་པ་ལེན་ནོ། །ཁུར་ཆོས་ན་ཁྲུང་བུ་སྣང་བ། མདོག་དམར་བ། མིག་གནག་པ། སྐྲ་འཁྱིལ་བ། དཔྲལ་བའི་མཐའ་ན་དར་དཔྱང་གྱི་རི་མོ་ཅན། སྨིན་མཚམས་སུ་རི་མོ་ཅིག་པ། མགྲིན་པ་རིང་བ། གོས་དམར་དང་གླུ་ལ་དགའ་བ། ལན་འགའ་ཞིག་ན་ཁྲོ་བ། སེམས་མི་བརྟན་པའམ། ཤེས་རབ་གསལ་བ། རྒོད་ཁ་ཡང་བ་ནི་པདྨའི་ལཱ་མ་སྟེ། མཚན་མ་སྣ་ཚོགས་རྡོ་རྗེའོ། །མདུང་དང་དྲིལ་བུའི་ཕྱག་རྒྱ་སྟོན། གཡོན་ནས་ལྡོག་པ་ལེན་ནོ། །ལུས་ཐུང་། ལྟོ་བ་དང་བྱིན་པ་སྦོམ་གོས་སེར་བ་ལ་དགའ། ཁྱེ་རིང་སུ་བྱུང་བ་ལ་མི་དགའ་བ་ནི་རྡོ་རྗེའི་ལཱ་མ་སྟེ། མཚན་མ་ནི་ཁྲོ་བོའི་རྡོ་རྗེའོ། །འཁོར་ལོ་དང་རུང་གི་ཕྱག་རྒྱ་བསྟན། གཡོན་ནས་ལྡོག་པ་ལེན་ནོ། །བ་སྤུ་རགས་མིག་ནག་ཅིང་ཡངས། བཞིན་འཕེལ་ཆེ། ལུས་སྦོམ། མདོག་ནག །མཆུ་བློ་གླུ་ལ་མཁས་པ་ནི་ལས་ཀྱི་ཧེ་རུ་ཀའི་ལཱ་མ་

(༣༡༧)སྟེ། མཚན་མ་ནི་མཆེ་བའོ། སྦྲུལ་དང་མདུང་གི་ཕྱག་རྒྱ་བསྟན། གཡོན་ནས་ལྡོག་པ་ནི་ཕྱག་རྒྱའི་ལེན་ནོ། །གོང་དུ་བཤད་པའི་དུས་ཚིག་རྣམས་ལ་དེ་དག་རྣམས་ཀྱང་མཚན་མ་སོ་སོར་མཆོད་པར་བྱེད་ལ། སྒྲུབ་པ་པོས་ཀྱང་མཎྜལ་དུ་བྲིས་ནས་མཆོད་པར་བྱའོ། གཉིས་པ་ནི། དེ་དག་གི་རིགས་ཤེས་ཀྱང་དངོས་གྲུབ་མཆོག་སྦྱིན་པ་མོ་ཡིན་མིན་བརྟགས་པའི་ཕྱིར། བརྡའ་སོགས་མཚན་ཉིད་ཤེས་པ་སྟེ། དེ་ལ་བརྡ་ནི་གཉིས། ངག་གི་བརྡ་དང་། ལུས་ཀྱི་བརྡ། ངག་གི་བརྡ་ནི་ལེའུ་བཅོ་ལྔ་པར། ཊ་ཞེས་བྱ་བ་སྐྱེས་བུར་བཤད། ཞེས། སོགས་ཡི་གེ་གཅིག་པའི་བརྡའ་བཞི་བཅུ་ཞེ་གཅིག་དང་ལེའུ་ཉེར་བཞི་པ་ནས། ངག་གི་བརྡ་ཆེན་མོ་དྲུག་ཅུ་རྩ་བཞི་འབྱུང་བ་ཡིན་ནོ། །ལུས་ཀྱི་བརྡའ་ལ། ལག་པའི་བརྡ་ཉི་ཤུ་པ་ལས། ཉི་ཤུ་རྩ་གསུམ་དང་། ཉེར་བཞི་པ་ནས་ལྔ་དང་། ཡན་ལག་བཞིན་གྱི་བརྡ་དང་ལེན་སུམ་ཅུ། ཉེར་གཉིས་པ་ལས། དབང་དུ་བྱེད་པའི་བརྡ་ཉི་ཤུ་རྩ་གཅིག་བསྟན་པ་རྣམས་སོ། །བརྡ་གཞན་རྣམས་ཀྱིས་དངོས་གྲུབ་སྟེར་བའི་རིགས་སུ་ཤེས་ན། དབང་

(༣༡༨)དུ་བྱེད་པའི་བརྡས་དབང་དུ་བྱ་བ་ཡིན་ནོ། །དབང་དུ་གྱུར་ཀྱང་རྗེས་སུ་མ་ཆགས་ན་དངོས་གྲུབ་མི་རྩོལ་བས། གསུམ་པ་ནི་རྗེས་སུ་ཆགས་པས་མཆོད་པ་སྟེ། འདི་ལ་གོ་ལྡོག་པའི་ལྟ་བ་དང་། བཞིན་འགྱུར་བ་དང་། གློ་བུར་དུ་བྱ་བ་ཟློག་པ་དང་། སྔར་བཤད་པའི་ཚིག་ཉམས་པ་དང་། གདོང་འཇིགས་པ་དང་། སྨིན་མ་གཡོ་བ་དང་སྒྲ་གསལ་བ་སྟེ། རྟགས་བདུན་དང་ལྡན་པ་ནི་དངོས་གྲུབ་སྩོལ་བར་རིག་པར་བྱའོ། །འདི་དག་ནི་ལས་ཀྱི་ཕྱག་རྒྱའི་མཆོག་ཏུ་གྱུར་པ་ཞིང་གི་རྣལ་འབྱོར་མའམ། རིགས་ལྡན་མ་རྗེས་སུ་ཆགས་པས་མཆོད་པའོ། དེ་ལྟར་ཡང་རྡོ་རྗེ་མཁའ་འགྲོ་ལས། ཐ་མལ་སྔགས་ཀྱི་ལུས་ཅན་མ། ཞིང་སྐྱེས་མ་ནི་གང་ཡང་རུང་། དེ་དག་ཐམས་ཅད་རྣལ་འབྱོར་པ། ཕན་པའི་མཆོག་གི་བདེ་བ་སྒྲུབ། འདི་དག་བསྣན་པས་ལོངས་སྤྱོད་ཀྱི། བསྙེན་བསྐུར་གྱིས་ནི་བསྟན་མི་བྱ། ཞེས་གསུང་ཏེ། ཐ་མལ་ཅན་ཏེ་ལྷན་སྐྱེས་མ། སྔགས་ལུས་ཅན་ཏེ་སྔགས་སྐྱེས་མ། ཞིང་སྐྱེས་མ་སྟེ་ཕོ་ཉ་གསུམ་པོ་གང་ཡང་རུང་བས་དགོས་ཏེ་རྣལ་འབྱོར་པ་ལ་དངོས་གྲུབ་གཉིས་ཀྱི་ཕན་བདེ་སྩོལ་ཞིང་སྒྲུབ་པས། འདི་དག་བསྙེན་བསྐུར་བ་

(༣༡༩)འབའ་ཞིག་གིས་མི་མཉེས་པས། བདེ་བའི་ལོངས་སྤྱོད་ཀྱིས་མཉེས་པའོ། གཉིས་པ་འབྲས་བུའི་དབྱེ་བ་ལ་གསུམ། ངོ་བོ་ཡེ་ཤེས་ལྔ་ལྡན་དང་། སྒོ་གསུམ་གཞན་དོན་སྤྱད་པ་དང་། རང་བཞིན་གྱི་དོན་ཕུན་སུམ་ཚོགས་པས་བརྟན་པ་སྟེ་གསུམ་ལས། དང་པོ་ནི། གཏི་མུག་དང་ང་རྒྱལ་སེར་སྣ་འདོད་ཆགས་ཕྲག་དོག་ཞེ་སྡང་ཆེན་པོ་རྣམས་ཡེ་ཤེས་རྣམ་པ་ལྔ་གྲུབ་པ་སྟེ། ཉོན་མོངས་པ་ལྔ་དང་འབྲེལ་བའི་རྣམ་པར་རྟོག་པ་ངོ་བོ་རང་བཞིན་གསལ་སྟོང་དུ་གནས་པ་དེ་ཉིད་ཐབས་མཁས་ཀྱི་ཉམས་སུ་བླང་བས། ཆེད་དུ་སྤོང་མ་དགོས་པ་ཡེ་ཤེས་ལྔའི་རྒྱུ་ཡི་ཏིང་ངེ་འཛིན་ཁྱད་པར་ཅན་དུ་འགྱུར་བའི་གཞི་བསྒྱུར་བ་འདི་སྟོང་པ་ཉིད་ལ་བརྟེན་པའི་ཐབས་མཁས་ཀྱི་ལམ་ཡིན་ཅིང་། གཏི་མུག་འོད་གསལ་དང་། ཞེ་སྡང་སྲོག་གི་ཏིང་ངེ་འཛིན་དང་། ང་རྒྱལ་ལྷ་ཡི་རྣལ་འབྱོར་གྱི་ང་རྒྱལ་དང་། འདོད་ཆགས་དབང་གི་ཡེ་ཤེས་དང་། ཕྲག་དོག་གང་ཅི་ཡང་རུང་བའི་སྔོན་དུ་བདག་ཉིད་མཆོག་དང་ཐུན་མོངས་གི་དངོས་གྲུབ་ཐོབ་པར་འདོད་པའི་བྱ་བ་ལ་འདུན་པ་དྲག་པོ་དང་འབྲེལ་བའི་བརྩོན་འགྲུས། དེ་དག་གི་སྟེང་དུ་བསྣན་ཅིང་སྒོམ་པས་དེ་དང་དེའི་ཡེ་ཤེས་མངོན་དུ་འགྱུར་བ་ནི་

(༣༢༠)ཀུན་རྫོབ་ལ་ལྟོས་པའི་ཐབས་མཁས་སོ། །འདི་ལྟར་རྣམ་རྟོག་སྣང་བ་མ་འགགས་པ་དེ་ཉིད་ལ་བསྒོམ་བཅོས་མེད་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་རྟོགས་པ་དང་རྟོག་མེད་མཉམ་ཉིད་དུ་མཐོང་བ་ནི་མཉམ་ཉིད་ཡེ་ཤེས་ཏེ། དེ་དང་དེའི་རིགས་མཐུན་གྱི་རྒྱུའོ། །ཉོན་མོངས་པ་ཡེ་ཤེས་དང་སྦྱར་ཚུལ་ནི་རིགས་ལྔའི་གོ་རིམ་བཞིན་ནོ། །གཉིས་པ་ནི་འགྲོ་བ་ཀུན་གྱི་ཉེར་འཚོའི་གཞི་ཞེས་བྱ་བ། གནས་དང་ལོངས་སྤྱོད་འཚོ་བ་ཐམས་ཅད་ཀྱི་གཞི་སྟེ། སེམས་ཅན་རྣམས་ཀྱི་དེ་དག་གང་ཅི་ཡོད་པ་ཐམས་ཅད་འབྱུང་བ་བཞི་དང་ནམ་མཁའ་ལ་བརྟེན་པ་དེ་བཞིན་དུ་རང་གི་ལུས་ངག་ཡིད་གསུམ་ཡང་དེ་ལྟར་དུ་གྱུར་པ། རྣམ་པར་མི་རྟོག་བཞིན་དུ་སེམས་ཅན་གྱི་དོན་བྱེད་པའི་དཔེ་སྟེ། གཏེར་གྱི་བུམ་པ་དང་དཔག་བསམ་གྱི་ཤིང་གི་སེམས་ཅན་ལ་ཕན་འདོགས་པ་བཞིན་ནོ། །གསུམ་པ་ནི། དབང་དང་གཟུངས་དང་རིག་པ་སོགས་ཏེ་དབང་ནི་དབང་བཅུའོ། །ཚེ་ལ་དབང་བ་ནི་བསྐལ་པ་བརྗོད་དུ་མེད་པ་ཡང་གནས་ནུས་པས་འཆི་བའི་གནོད་པ་མེད་པའོ། །ཡོ་བྱད་ལ་དབང་བ་ནི་ནམ་མཁའི་མཛོད་ཐོབ་པ་སྟེ་དབུལ་བ་མེད་པའོ། །སེམས་ལ་དབང་

(༣༢༡)བ་ནི་ཏིང་ངེ་འཛིན་གྲངས་མེད་པ་ལ་འཇུག་པ་སྟེ་ཉོན་མོངས་མེད་པའོ། །ལས་ལ་དབང་བ་ནི་སྡིག་པའི་ལས་བྱེད་པའི་རྣམ་པ་ལྟར་བསྟན་ཡང་དེ་ཉིད་ཚོགས་རྫོགས་པའི་ཐབས་སུ་འགྱུར་བ་སྟེ། འབྲས་བུའི་མཆོག་འབྱིན་པས་ན་ཉེས་སྤྱོད་མེད་པའོ། །སྐྱེ་བ་ལ་དབང་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྨོན་ལམ་དང་དབང་འབྱོར་བའི་སྐྱེ་བ་རྣམ་པ་སྣ་ཚོགས་པར་སྟོན་པ་སྟེ་ངན་འགྲོ་མེད་པའོ། །མོས་པ་ལ་དབང་བ་ནི་སངས་རྒྱས་མེད་པའི་འཇིག་རྟེན་དུ་སངས་རྒྱས་ཀྱི་གང་བར་མོས་པ་ཙམ་གྱིས་དེ་ལྟར་སྣང་བར་སྟོན་པ་སྟེ། གང་མོས་པ་དེ་ལྟར་འབྱུང་བས་ཆོས་ཀྱི་འཕོངས་པར་བྱེད་པ་མེད་པའོ། །འགའ་ཞིག་ཏུ་ཟད་པར་བཅུ་ཐོབ་པས་མོས་པ་ལ་དབང་བ་ཞེས་ཀྱང་འབྱུང་ངོ་། །སྨོན་ལམ་ལ་དབང་བ་ནི་སྨོན་ལམ་བཏབ་པ་བཞིན་དུ་སྟོན་པར་ནུས་པ་སྟེ། འདོད་དོན་མི་འགྲུབ་པ་མེད་པའོ། རྫུ་འཕྲུལ་ལ་དབང་བ་ནི། རྫུ་འཕྲུལ་ཅི་འདོད་པ་དབང་བསྒྱུར་བ་སྟེ་ཆོས་འཚོལ་མི་ནུས་པ་མེད་པའོ། །ཆོས་ལ་དབང་བ་ནི། གཞི་ལམ་གྱི་ཆོས་ཐམས་ཅད་མངོན་སུམ་དུ་ཐུགས་སུ་ཆུད་པས་ཇི་ལྟར་འདོད་པ་བཞིན་དུ་དབང་བསྒྱུར་བས་

(༣༢༢)གཞན་གྱི་ཁྲེལ་བ་ལ་སོགས་པའི་དགོས་པ་མེད་པའོ། །ཡེ་ཤེས་ལ་དབང་བ་ནི། གནས་དང་གནས་མ་ཡིན་པ་ལ་སོགས་པའི་ཇི་སྙེད་པའི་ཆོས་མངོན་སུམ་དུ་རྟོགས་པ་སྟེ་རྒོལ་བའི་གནོད་པ་མེད་པའོ། །གཟུངས་ནི་གཟུངས་ཀྱི་སྒོ་བཞི་སྟེ། བཟོད་པའི་གཟུངས་ནི་ཨ་ལ་སོགས་པ་གཟུངས་ཀྱི་ཡི་གེ་རེ་རེ་ལ་བསྟེན་ནས། ཡི་གེ་དེ་ཉིད་སྐྱེ་བ་མེད་པར་རྟོགས་པས་རྐྱེན་བྱས་ཏེ་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་བཟོད་པ་ཐོབ་པར་འགྱུར་བའོ། །སྔགས་ཀྱི་གཟུངས་ནི་བདེན་ཚིག་གྲུབ་ཅིང་རིགས་སྔགས་གསར་དུ་བྱེད་ནུས་པའོ། །ཚིག་གི་གཟུངས་ནི་ཚིག་ཇི་ཙམ་ཐོས་པ་ཐམས་ཅད་མི་བརྗོད་པར་འཛིན་པའོ། །དོན་གྱི་གཟུངས་ནི་ཚིག་དེ་རྣམས་ཀྱི་དོན་མི་བརྗེད་པར་གཟུངས་བའོ། །འདི་དག་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པ་ན་ཐོབ་པར་འགྱུར་ཏེ། སོ་སོར་རིག་པ་བཞི་ཡང་ངོ་། །རྣམ་པར་ཐར་པ་ཞེས་བྱ་བ་ནི་རིལ་པོ་འཛིན་པ་དང་རྗེས་སུ་གཞིག་པའི་བསམ་གཏན་གྱི་སྣང་བ་ཐོབ་ཅིང་། ཕྱི་ནང་གི་ཁམས་ཐམས་ཅད་ནམ་མཁའ་ལྟ་བུ་དང་། ཤེས་པའི་སྣང་བ་ཤར་ཙམ་དང་། གདོད་མ་ནས་མེད་པ་དང་། དྲན་པ་དང་བཅས་པ་དང་། དྲན་པ་ཡང་མེད་པ་

(༣༢༣)སྟེ། སྟོང་པ་ཉིད་འོད་གསལ་ལ་འཇུག་པའི་མངོན་པར་བྱང་ཆུབ་པའི་རིམ་པ་འདི་ལ་རྣམ་ཐར་བརྒྱད་ཀྱི་མིང་འདོགས་ཏེ། བདག་ཉིད་རླུང་སེམས་ལྷ་སྐུར་སྣང་བ་འགགས་པ་མེད་བཞིན་དུ་སྣང་བ་ཐམས་ཅད་གསལ་སྣང་རབ་འབྱམས་མཆོད་པ་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་རང་ཉིད་ཀྱི་ཕུང་པོ་ལྔ་འོད་གསལ་དུ་བསྡུས་ཏེ་ཕྱི་རོལ་གྱི་ཡུལ་སྣང་བ་ཙམ་ལ་ལྷ་སྐུ་དང་སྒྱུ་མ་ལྟ་བུར་དམིགས་པ་ནི་གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར་དུ་མིང་བཏགས། རྗེས་གཞིག་བྱ་བར་བརྩམས་ཏེ་རང་དང་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཅི་ཡང་མ་དམིགས་པར་མཐོང་ནས་རྣམ་པར་འཇིགས་པར་རྩོམ་པ་དང་། ལྷ་སྐུ་དང་བདེ་བ་སྣང་བ་ཡང་མི་དགག་ལ་རང་བཞིན་མེད་པར་ཤེས་པ་ནི་ཁྱད་པར་སྡུག་པའི་རྣམ་ཐར་ཀུན་རྫོབ་ཀྱི་སྣང་བ་གཞན་ནི་བསྡུས་ལ་སྟོང་སོང་ངེར་སྣང་བ་སྣང་བའི་ཡེ་ཤེས་ནི་ནམ་མཁའ་མཐའ་ཡས་ཀྱི་རྣམ་ཐར། དེ་ཉིད་ཤིན་ཏུ་གསལ་བར་སྣང་བ་ནི་མཆེད་པ་སྟེ་རྣམ་ཤེས་མཐའ་ཡས་ཀྱི་རྣམ་ཐར། དེ་ཡང་རང་བཞིན་མེད་པ་སྣང་བ་ནི་ཉེར་ཐོབ་ཅི་ཡང་མེད་པའི་རྣམ་ཐར། དེར་འཛིན་པ་ཡང་མེད་ལ་ཅུང་ཟད་

(༣༢༤)དྲན་པའི་རྩོལ་བ་དང་བཅས་པ་ནི་ཐམས་ཅད་སྟོང་པ་ལ་མཚམས་སྦྱར་བའི་ཉེར་ཐོབ་སྟེ། འདུ་ཤེས་མེད་མིན་གྱི་རྣམ་ཐར། རྩོལ་བ་ཡང་མེད་པར་བདེ་སྟོང་ཡེ་ཤེས་གཉིས་སྣང་ཐམས་ཅད་འགགས་པར་གནས་པ་ནི་འགོག་པའི་རྣམ་ཐར། འདི་དག་ནི་ལམ་ཐུན་མོངས་པའི་རྣམ་ཐར་བརྒྱད་དང་མིང་མཐུན་པ་ཙམ་ལས། དོན་མི་འདྲ་སྟེ་འདི་ནི་འོད་གསལ་དུ་འཇུག་ཚུལ་དེར་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ལས་ཕྱེ་བའོ། །སོ་སོར་ཡང་དག་པ་རིག་པ་བཞི་ནི། ཚིག་གིས་བརྗོད་པ་དང་མིང་གི་བརྡ་ཆད་ཐམས་ཅད་མཁྱེན་པ་ཆོས་སོ་སོར་ཡང་དག་པར་རིག་པའོ། །དོན་ཐམས་ཅད་ཀྱི་མཚན་ཉིད་སོ་སོར་མ་འདྲེས་པར་མཁྱེན་པ་དོན་སོ་སོར་རིག་པའོ། །ཡུལ་སྐད་སོ་སོར་དང་སོ་སོའི་སྒྲ་དོན་མ་ལུས་པར་མཁྱེན་པ་ངེས་ཚིག་སོ་སོར་རིག་པའོ། །ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་པས་དྲི་བ་ཀུན་གྱི་ལན་ཐོག་མེད་དུ་སྤོབས་པ་ནི་སྤོབ་པ་སོ་སོར་ཡང་དག་པ་རིག་པའོ། །གཉིས་པ་ངོ་བོའི་དབྱེ་བ་ལ། རྒྱུའི་རྫོགས་རིམ་དང་། འབྲས་བུའི་རྫོགས་རིམ་གཉིས་ལས། དང་པོ་ལ་རང་བྱིན་གྱིས་བརླབས་པ་དང་། དཀྱིལ་འཁོར་འཁོར་ལོ་དང་། ཕྱག་རྒྱ་ཆེན་པོ་གསུམ་ལས། དང་པོ་ནི། ཨ་ཝ་དྷཱུ་

(༣༢༥)ཏཱིར་ཐིག་ལེ་སོགས་སྒོམ་པས་རླུང་དབུ་མར་བསྡུས་ནས་འཁོར་ལོ་རྣམས་ཀྱི་ལྟེ་བར་ཞུགས་གནས་ཐིམ་གསུམ་བྱེད་པ་སྟེ། དེ་ཡང་རྩ་དབུ་མ་དངོས་སུ་སྒོམས་ཀྱང་རུང་མ་བསྒོམ་ཀྱང་རུང་སྟེ། མེ་དམིགས་དང་། ཐིག་ལེ་དང་། ཡི་གེ་བསྒོམ་པ་ལ་སོགས་པ་དམིགས་པའི་གཙོ་བོར་རྣམས་དབུ་མར་གཏད་དེ་བསྒོམ་པ་ཡིན་པས། གང་དུ་སེམས་གཏད་པ་དེར་རླུང་རྣམས་འདུ་བ་ནི་ཆོས་ཉིད་ཡིན་ཏེ། དེ་ལྟར་བསྒོམ་པས་རླུང་བསྡུས་ནས་གང་དུ་བསྒོམ་པའི་འཁོར་ལོ་དེ་རྣམས་ཀྱི་ལྟེ་བར་དང་པོར་འཇུག །བར་དུ་གནས་མཐར་ཐིམ་པར་འགྱུར་རོ། །ཐིམ་པའི་ཚེ་ཁམས་ཕྲ་རགས་ཀྱི་རིམ་པ་ཐིམ་ལུགས་དང་། ཞུ་བདེ་ཁྱད་པར་ཅན་མང་པོ་འབྱུང་སྟེ། འདི་ཡང་བདེ་བ་ཆེན་པོའི་རྒྱུ་ཡིན་ནོ། །གཉིས་པ་ནི། ཕྱག་རྒྱའི་སྲོག་སྩོལ་སྒོམ་པས་བདེ་ཆེན་མྱུར་དུ་འདྲེན་པར་འགྱུར་བ་ལས་ཀྱི་ཕྱག་རྒྱའི་མཆོག་ཏུ་གྱུར་པ་གནས་གསུམ་གྱི་ཕོ་ཉ་མོ་དང་སྦྱོར་བ་ཏེ། འདི་ལ་ལས་ཀྱི་ཕྱག་རྒྱ་དང་དེའི་ཡན་ལག་གོ །དང་པོ་ནི་ཕྱག་རྒྱའི་སྲོག་རྩོལ་ཏེ། སྟོང་གི་སྲོག་རྩོལ་ལ་བརྟེན་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་རིམ་

(༣༢༦)གྱིས་བྱེད་པ་བཞིན་དུ་ཕྱག་རྒྱ་དང་མཉམ་པར་སྦྱར་བ་ཡང་སྲོག་སྩོལ་དུ་འགྱུར་བའི་སྐབས་སུ་སླེབས་པ་ན། ཕྱག་རྒྱའི་རྐྱེན་གྱིས་ཞུགས་གནས་ཐིམ་གསུམ་ཅིག་ཅར་བྱས་ནས་དབུ་མར་བྱང་ཆུབ་ཀྱི་སེམས་བབས་པའི་ཞུ་བདེ་བའི་བདེ་ཆེན་མྱུར་དུ་འདྲེན་པར་འགྱུར་རོ། །རང་ལུས་ལ་གནད་དུ་བསྣུན་པའི་དགའ་བ་བཞིས། བདེ་བ་དང་། སྟོང་པ་དང་། རང་བཞིན་དང་། སྣང་བའི་དབྱེ་བ་རྣམས་རགས་པ་དང་། ཅི་རིགས་པར་མཚོན་ནུས་ཀྱང་ཞིབ་མོར་དང་རྫོགས་པར་མཚོན་པ་ནི་ལས་རྒྱ་ལ་རག་ལས་པ་ཡིན་ནོ། །དེ་ཡང་རང་ལུས་ཀྱི་གནས་མི་འདྲ་བར་གནད་དུ་བསྣུན་པས། ཡེ་ཤེས་རྣམ་པ་མི་འདྲ་བ་ཐ་དད་པར་འཆར་སྟེ། དེ་དག་རེ་རེ་ལ་རྟོགས་པ་ཁྱད་པར་དུ་འགྱུར་ལུགས་མི་འདྲ་བ་རེ་ཡོད་པ་དེ་བཞིན་དུ་ལས་རྒྱ་རིགས་མི་འདྲ་བའི་ཁྱད་པར་ལ་ཡང་སྟེ། འོན་ཀྱང་སྣང་བ་བཞི་དང་དགའ་བཞིའི་ཡེ་ཤེས་རྫོགས་པར་འདྲེན་མི་ཐུབ་པ་དང་ཐུབ་པའི་ཁྱད་པར་རོ། །ལས་ཀྱི་ཕྱག་རྒྱའི་མཆོག་ཏུ་གྱུར་པ་གནས་གསུམ་གྱི་ཕོ་ཉ་མོ་ནི། གནས་གསུམ་ལ་ཡུལ་ཉི་ཤུ་རྩ་བཞིར་ཕྱེ་བས་དེ་རྣམས་ཀྱི་སྟེ། དེ་དག་གི་འདུ་བ་ཁྱད་པར་ཅན་ཐོབ་ནས། སྤྱིར་དངོས་གྲུབ་

(༣༢༧)རྣམ་གཉིས་ཤིན་ཏུ་མྱུར་བར་སྟེར་བ་དང་། ཁྱད་པར་རྩ་བདུན་ཁྲི་ཉིས་སྟོང་གིས་རྩ་འདུད་གྲོལ་བ་དང་། རླུང་འཕོ་བ་ཉེར་བཞི་འགགས་པ་དང་། ཁམས་སྙིགས་མ་ཉི་ཤུ་རྩ་བཞི་དངས་མར་གནས་འགྱུར་བ་དང་། དེ་ལྟར་རྟེན་དག་པའི་ནུས་པས་བརྟེན་པ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྦ་རླབས་དང་བྲལ་བར་རབ་འབྱམས་སུ་མཆོད་པར་འགྱུར་བ་ནི། རིམ་གྱི་ལས་རྒྱ་གཞན་གྱིས་ཀྱང་བྱེད་མདོ། འདིས་འཕྲལ་དུ་བྱེད་པས་ན་ལས་ཀྱི་ཕྱག་རྒྱའི་མཆོག་ཅེས་སྨོས་པ་ཡིན་ནོ། །གཉིས་པ་ནི། ཡེ་ཤེས་དེ་བརྟན་པར་བྱ་བའི་ཕྱིར་དུ་ཡིད་ཀྱི་ཕྱག་རྒྱ་སྟེ། ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་ཀྱང་བྱ། རྣམ་རྟོག་གིས་བསྒོམ་པའི་ཕྱག་རྒྱར་སྣང་བ་སྟེ། རྣམ་རྟོག་མེད་བཞིན་དུ་སྣང་བ་ནི། རང་སྣང་གི་རིག་མའི་རྣམ་བཅས་ཕྱག་རྒྱ་ཆེན་མོ་ཞེས་བྱ་བ་ཡིན་ནོ། །གསུམ་པ་ཕྱག་རྒྱ་ཆེན་མོ་ནི། འདི་ལ་བདེ་བ་འདྲེན་བྱེད་ཀྱི་ཕྱག་རྒྱ་ཆེན་མོ་དང་། ཡིད་གནད་དུ་འཇུག་བྱེད་ཀྱི་ཕྱག་རྒྱ་ཆེན་མོ་གཉིས་ཡིན་ཏེ། དང་པོ་ནི། ཞུ་བདེ་ལྷན་གཅིག་སྐྱེས་པའི་ཡེ་ཤེས་གོམ་པ་ཤིན་ཏུ་བརྟན་པར་གྱུར་ནས། བདེ་སྟོང་གི་ཡེ་ཤེས་ཁོ་ན་

(༣༢༨)ལ་མཉམ་པར་བཞག་པས། དེ་ཉིད་ཀྱི་སླར་ཡང་རླུང་སེམས་འདུ་བའི་རྐྱེན་བྱས་ཏེ་ཞུ་བདེ་ཁྱད་པར་ཅན་ཡང་ངང་འདྲེན་པ་ཡིན་ཏེ་རྣམ་མེད་ཕྱག་རྒྱ་ཆེན་མོའོ། །གཉིས་པ་ནི་ཡིད་ཅེས་བྱ་བ་ནི་ཁུ་བ་དང་ཡིད་རྟོག་གཉིས་ཅར་ལ་འཇུག་པས་བྱང་ཆུབ་ཀྱི་སེམས་དབུ་མའི་ནང་དུ་ཆུད་ཅིང་བཅིངས་པ་ན། རྣམ་རྟོག་ཐམས་ཅད་འོད་གསལ་དུ་བཅུག་པས། སྟོང་པ་ཉིད་རྐྱང་པ་བསྒོམ་པ་ལས་ཆེས་ལྷག་པར་གཟུང་འཛིན་གྱི་གཉིས་སྣང་འགགས་པས་འདོད་པའི་དངོས་གྲུབ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཕྱག་རྒྱ་ཆེན་མོ་མཆོག་གི་དངོས་གྲུབ་ཐོབ་པར་བྱ་བའི་རྒྱུ་ཕྱག་ཆེན་ལ་འཁྱུད་པ་སྟེ་སྒོམ་པར་ཞེས་པའི་དོན་ནོ། །སྐབས་འདིར་དེ་དག་གི་མངོན་པར་རྟོགས་པ་ཅུང་ཟད་བརྗོད་ན། བདེ་སྟོང་འདྲེན་ཚུལ་ཨེ་ཝྃ་གྱི་དོན་བཤད་པ་དང་། འདྲེན་བྱེད་ཕྱག་རྒྱ་བཞིའི་དབྱེ་བ་བཤད་པའོ། །དང་པོ་ལ་ཐོབ་བྱ་འབྲས་བུའི་ཨེ་ཝྃ་དྲང་བྱ་བདེ་སྟོང་གི་ཡེ་ཤེས་ལམ་གྱི་ཨེ་ཝྃ་འདྲེན་བྱེད་རྟགས་ཀྱི་ཨེ་ཝྃ་སྟེ་གསུམ་ལས། དང་པོ་ནི། ཨེ་ནི་ཤེས་རབ་འོད་གསལ་སྟོང་པ་ཉིད་ཡིན་ལ། ཝཾ་ནི་ཡེ་ཤེས་ཀྱི་སྐུ་རིས་མེད་པ་རྣམ་པ་ཐམས་ཅད་དུ་འཆར་བ་སྟེ། ཀྱཻ་རྡོ་རྗེ་ལས། བཙུན་མོའི་

(༣༢༩)བྷ་ག་བདེ་ཆེན་དུ། སྟོན་པ་སུམ་ཅུ་རྩ་གཉིས་མཚན། གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། ཞེས་སོགས་གསུངས་པ་སྟེ། འདི་ལའང་མཐར་ཐུག་པའི་དབང་དུ་བྱས་ན། ཆོས་སྐུ་ཨེ་དང་། གཟུགས་སྐུ་ཝཾ་གྱིས་མཚོན་པ་ཡིན་ནོ། །གཉིས་པ་ལ། བསྐྱེད་རིམ་ལ་སྦྱར་བ་སོགས་མང་དུ་ཡོད་ཀྱང་། རེ་ཞིག་འདིར་མི་འཆད་ལ་རྫོགས་རིམ་གྱི་དབང་དུ་བྱས་ན། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་ཡིན་པར་མང་པོ་ལས་བཤད་ཀྱང་། རྡོ་རྗེ་ཕྲེང་བ་ལས། ཨེ་ནི་སྟོང་པ་ཉིད་དུ་གསུངས། དེ་བཞིན་ཝཾ་ནི་ཐུགས་རྗེ་དང་། ཐིག་ལེ་དེ་གཉིས་སྦྱོར་ལས་བྱུང་། དེ་སྦྱོར་བ་ཡི་རྨད་མཆོག་གོ །ཅེས་གསུངས་ཏེ། དེ་ལ་སྟོང་པ་ཉིད་ནི་རྣམ་ཐར་སྒོ་གསུམ་གྱི་མཚན་ཉིད་ཅན་ཏེ། ཨེ་ཟུར་གསུམ་པས་མཚན་པ་ཡིན་ནོ། །ཕྱི་ནང་གི་རྐྱེན་གྱིས་ལུས་ལ་གནད་དུ་བསྣུན་པས་ཞུ་བདེ་ཁྱད་པར་ཅན་སྐྱེ་བ་དང་། དེས་དྲངས་པའི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སམ། བདེ་བ་ཆེན་པོའི་ཡེ་ཤེས་ནི་ཝཾ་ཡིག་གིས་མཚོན་ནོ། །ཐིག་ལེ་ནི་ཡེ་ཤེས་དེ་ཡང་ངོ་བོ་ཐ་དད་པ་མ་ཡིན་གྱི། དེ་ཉིད་བདེ་བའང་ཡིན་ལ་སྟོང་པ་ཡང་ཡིན་པར་མཚོན་

(༣༣༠)པའོ། །གསུམ་པ་ལ། རང་ལུས་ཀྱི་རྩ་འཁོར་སྦྱར་བ་དང་། གཞན་ལུས་ཤེས་རབ་མ་ལ་བརྟེན་པའོ། །དང་པོ་ནི། དཔལ་ཡང་དག་སྦྱོར་བ་སམྦུ་ཊི་ལས། སྤྱི་བོར་ལྟེ་བ་སོན་འཁོར་ལོ། །ཨེ་ཡིག་རྣམ་པར་ཡང་དག་གནས། སྙིང་ཁ་མགྲིན་པར་ཡང་དག་གནས། ཝཾ་གྱི་ཡི་གེ་འདྲ་བར་འདོད། ཅེས་ལྟེ་བ་དང་སྤྱི་བོ་གཉིས་ཟུར་གསུམ་དུ་གནས་ཤིང་། རྟེན་ཡིན་པ་དང་ཡངས་པའི་དོན་གྱི་ཨེ་དང་ཆོས་མཚུངས་ལ། སྙིང་ཁ། མགྲིན་པ་གཉིས་ཟླུམ་པོ་དང་། བརྟེན་པ་དང་། ཡངས་བ་ཡིན་པ་ཝཾ་དང་འདྲའོ། གཉིས་པ་ནི། རྡོ་རྗེ་ཕྲེང་བ་ལས། ཨེ་ནི་པདྨའི་མཚན་ཉིད་ཏེ། བྷ་ག་རྟེན་དུ་ཤེས་པར་བྱ། བརྟེན་པ་རྡོ་རྗེ་ཞེས་ནི་གསུངས། ཞེས་སོགས་དང་། ཀྱཻ་རྡོ་རྗེ་ལས་ཀྱང་ཨེ་ཡིག་ཆ་བྱད་བཟང་མོ་གང་། དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། བདེ་བ་ཐམས་ཅད་ཀྱི་ནི་གནས། སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་གསུངས་ཏེ། སངས་རྒྱས་རིན་ཆེན་ནི་དེའི་རྒྱུ་ཏེ་རང་བཞིན་ལྷན་སྐྱེས་སོ། །དེའི་ཟ་མ་ཏོག་གི་སྣོད་ནི་ཞུ་བདེ་ལྷན་སྐྱེས་ཡིན་ཏེ། དེ་གང་ལས་བྱུང་ན། ཨེ་གྲུ་གསུམ་གྱི་ཆ་བྱད་ཅན་ཤེས་རབ་མའི་པདྨ་དང་། ཝཾ་ཡིག་གི་མཚོན་

(༣༣༡)པ་ཐབས་ཀྱི་རྡོ་རྗེ་སྙོམས་པར་ཞུགས་པ་ལས་འབྱུང་ངོ་། །ཅེས་པའི་དོན་ཏེ། ཨེ་ཝཾ་ནི་རྡོ་རྗེ་དང་པདྨའོ། སྤྱི་རྟགས་ཀྱི་ཨེ་ཝཾ་ཞི་ལ་སྦྱར་བ་ཡིན་ཅིང་། འོན་ཀྱང་རྫོགས་རིམ་གྱི་བདེ་ཆེན་འདྲེན་པ་ལ་ངེས་པར་བསྐྱེད་དེ། ཝཾ་གྱིས་ཨེ་ཡིས་སྒོ་འབྱེད་ཅིང་། ཨེ་ཡི་ཝཾ་གྱི་སྒོ་ཤིན་ཏུ་དབྱེ་དཀའ་བ་རྣམས་ཀྱང་འབྱེད་པར་བྱེད་པ་སྟེ། བདེ་སྟོང་རྟོགས་ཚུལ་ལ་ཡང་འདི་ལྟར་ཤེས་དགོས་སོ། །འདིའི་གནད་ཅུང་ཟད་ཞལ་ལས་ཤེས་པར་བྱའོ། །འདི་ལ་ཨེ་རྟེན་དང་ཝཾ་བརྟེན་པ་སྟེ། རྒྱུད་གང་དུ་འདི་སྐད་ཅེས་གསུངས་པའི་དོན་སྟེ། འདི་སྐད་བདག་གིས་ཐོས་པའི་ཞེས་ཚིག་མེད་པ་རྣམས་དོན་ནི་ཡོད་དེ། འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་འདིར། གསང་བ་མཆོག་གི་དགྱེས་པ་ན། ཞེས་གསུངས་པའི་གསང་བ་ཨེ་དང་། རྡོ་རྗེ་སེམས་དཔའ་ནི་ཝཾའོ། དེས་མཚན་པ་རྡོ་རྗེ་ཕྲེང་བ་ལས། ཨེ་ནི་གསང་བ་མཁའ་དབྱིངས་དང་། བྷ་ག་ཆོས་འབྱུང་པདྨ་ལ། རྣལ་འབྱོར་སེང་གེའི་གདན་ལ་བཞུགས། མཆོག་ཏུ་རྨད་བྱུང་སྟོན་པར་མཛད། ཅེས་ཨེ་དང་། རྡོ་རྗེ་སེམས་དཔའ་ཝཾ་རྡོ་རྗེ། རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང་། ཧེ་རུ་ཀ་དང་དུས་འཁོར་ལོ། དང་པོའི་སངས་རྒྱས་ལ་

(༣༣༢)སོགས་མཚན། ཅེས་ཝཾ་གྱི་རྣམ་གྲངས་གསུངས་སོ། །གཉིས་པ་ནི། སྤྱིར་ཕྱག་རྒྱ་བཞིའི་ངོས་འཛིན་ནི་མི་འདྲ་བ་མང་པོ། འཁོར་ལོ་བཞི་ལ་སོགས་པ་ཡང་ཕྱག་རྒྱ་བཞིར་བསྟན་པ་མང་མེད་ཀྱི། ཕྱོགས་མཐུན་དང་སྦྱར་བ་ཡིན་ནོ། །ཕྱག་རྒྱ་བཞིའི་རྣམ་བཞག་ནི་རྒྱུད་སྡེ་མང་པོ་ཞིག་གི་རྗེས་སུ་འབྲངས་ནས། སློབ་དཔོན་འཇིག་མེད་འབྱུང་གནས་འདི་སྐད་ཞེས་བཞེད་དེ། བསྐྱེད་རིམ་དང་། རྫོགས་རིམ་དང་། འབྲས་བུ་ལ་སྦྱར་བ་གསུམ་མོ། །དང་པོ་ནི། ལྷ་མོའི་གཟུགས་མངོན་པར་བསྒོམ་པ་ནི་ལས་ཀྱི་ཕྱག་རྒྱ་ཡི་གེ་བཀོད་པ་ནི་ཆོས་ཀྱི་ཕྱག་རྒྱ། འོད་ཟེར་སྤྲོ་བསྡུ་ལ་སོགས་པས་ཕྲིན་ལས་བྱེད་པ་ནི་དམ་ཚིག་གི་ཕྱག་རྒྱ། ལྷ་སྐུ་སྣང་སྟོང་ནི་ཕྱག་རྒྱ་ཆེན་པོའོ། །གཉིས་པ་རྫོགས་རིམ་གྱི་ནི། དངོས་ཀྱི་རིག་མ་ནི་ལས་ཀྱི་ཕྱག་རྒྱ་སྟེ། འཁྱུད་པ་ལ་སོགས་པ་ལས་ཀྱི་དགའ་བ་སྟེར་བའི་ཕྱིར་རོ། །རྩ་ཨ་ཝ་དྷུ་ཏཱི་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། ལྷན་ཅིག་སྐྱེས་པའི་དགའ་བ་ཁྱད་པར་ཅན་སྟེར་བའི་ཕྱིར་རོ། །བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ནི་ཕྱག་རྒྱ་ཆེན་པོ་སྟེ། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཡིན་པས་སོ། །

(༣༣༣)ཡིད་ཀྱི་ཕྱག་རྒྱ་ལྷ་མོའི་རྣམ་པར་སྣང་བ་ནི་དམ་ཚིག་ཕྱག་རྒྱའོ། །གསུམ་པ་འབྲས་བུ་ནི། སྤྲུལ་པའི་སྐུ་ནི་དམ་ཚིག་གི་ཕྱག་རྒྱའོ། །བདེ་བ་ཆེན་པོའི་སྐུ་ནི་ཕྱག་རྒྱ་ཆེན་པོ། ཆོས་ཀྱི་སྐུ་ནི་ཆོས་ཀྱི་ཕྱག་རྒྱ། ལོངས་སྤྱོད་རྫོགས་སྐུ་ནི་ལས་ཀྱི་ཕྱག་རྒྱའོ། །ཡང་ན། སྤྲུལ་ལོངས་ཆོས་གསུམ་བདེ་ཆེན་བཞི་ལ་རིམ་པས་ལས་དང་། ཆེན་པོ་དང་། ཆོས་དང་། དམ་ཚིག་གི་ཕྱག་རྒྱ་རྣམས་སོ། །འཁོར་ལོ་སྡོམ་པའི་ལུགས་ཀྱང་འདི་ཉིད་ཡིན་པར་བཟུང་ངོ་། །དགེས་པ་རྡོ་རྗེས་དོན་དུ་མཛད་དེ། ཕྱག་རྒྱ་བཞི་གཏན་ལ་དབབ་པའི་གཞུང་། ཀླུ་སྒྲུབ་ཀྱིས་མཛད་པའི་རྗེས་སུ་འབྲང་སྟེ། མངའ་བདག་ཆེན་པོ་མཻ་ཏྲི་པ་རྗེས་འབྲངས་དང་བཅས་པའི་བཞེད་པ་ནི། དངོས་ཀྱི་ཕྱག་རྒྱ་ནི་གཙོ་བོ་དང་། ཡིད་ཀྱིས་བསྒོམ་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ནི་ཡན་ལག་སྟེ་ལས་ཀྱི་ཕྱག་རྒྱའོ། །རླུང་དང་ཐིག་ལེ་དང་གཏུམ་མོའི་རྣལ་འབྱོར་དང་། དབང་པོ་རབ་ཀྱིས་སེམས་ཀྱི་བདེ་བ་འབའ་ཞིག་ལ་དམིགས་པ་ལ་འབའ་ཞིག་པ་སྟེ་ཆོས་ཀྱི་ཕྱག་རྒྱའོ། །དེ་སྐད་དུ་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པའི་གནས་པ་བསྡུས་པ་ལས། ཆོས་ཀྱི་ཕྱག་རྒྱ་བསྒོམ་པ་ནི།

(༣༣༤)ཐ་མས་རྩ་དང་ཡི་གེའི་རིམ། གཏུམ་མོའི་བྱེ་བྲག་འབྲིང་གིས་སོ། །མི་ཤིག་པ་ནི་རབ་ཀྱིས་སྟེ། །ཐིག་ལེ་ཕྲ་སོགས་རྣལ་འབྱོར་པས། བསྡུས་པའི་རིག་པར་འདོད་པ་ཡིན། ཅེས་བཤད་དོ། །ཕྱག་རྒྱ་ཆེན་པོ་ནི། རང་བཞིན་གཉུག་མ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་སོ། །དམ་ཚིག་གི་ཕྱག་རྒྱ་ནི་མ་བརྟགས་པར་ཤར་བའི་ལྷ་སྐུ་སྟེ། དེའི་རྒྱུར་བསྐྱེད་རིམ་གྱིས་བགོས་བསྐྱེད་ཅིང་རྒྱས་འདེབས་པ་ཡང་ཕྱོགས་མཐུན་ཡིན་ནོ། །ཞེས་བཞེད་དོ། །འཇིགས་མེད་འབྱུང་གནས་ཀྱི་ཞལ་སྔ་ནས་ཀྱིས་ནི། ཕྱག་རྒྱ་བཞི་པའི་གཞུང་དེ་འགོགས་པར་མཛད་མདོ་ཀྱི། མཻ་ཏྲི་པ་ལྟ་བུའི་དངོས་གྲུབ་བརྙེས་པའི་སྐྱེས་བུ་རྣམས་ལ་འཁྲུལ་པ་མེད་པའི་ཕྱིར་དང་། རྒྱུད་ཀྱི་དོན་དང་འགལ་བ་མེད་པར་མ་ཟད་ཤིན་ཏུ་ཟབ་པ་ཡང་མཐོང་བས་མི་འགལ་བར་ཁས་བླང་བར་བྱ་ཞིང་། འདི་ནི་དགེས་པ་རྡོ་རྗེའི་དགོངས་པར་སྣང་ངོ་། །དེ་གཉིས་ནི་རྫོགས་རིམ་ཐམས་ཅད་ཕྱག་རྒྱ་བཞིར་སྡུད་པའི་ལུགས་ཏེ། ཉི་ཚེ་བ་ནི་གཞན་ཡང་འབྱུང་ངོ་། །གཉིས་པ་ལ་སྟོང་ཕྱོགས་ཀྱི་རྫོགས་རིམ་དང་། ཟུང་འཇུག་གི་རྫོགས་རིམ་མོ། །དང་པོ་ནི། རང་བཞིན་བརྒྱད་བཅུ་དང་

(༣༣༥)སྣང་བ་གསུམ་རིམ་པས་ཐིམ་པའི་བདེ་སྟོང་དབྱེར་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སེམས་རང་བཞིན་གྱི་དྲི་མས་དག་པ་མངོན་སུམ་དུ་རྟོགས་པ་ནི་སྟོང་ཕྱོགས་ཀྱི་རྫོགས་རིམ་མོ། །གཉིས་པ་ནི། བཤད་མ་ཐག་པའི་སྟོང་ཕྱོགས་དེ་ཉིད་ལས་མ་གཡོས་པ་སྟེ་མི་འབྲལ་བར་ཡན་ལག་བདུན་ལྡན་གྱི་གཟུགས་སྐུའི་སྣང་བ་རྒྱུན་ཆད་མེད་པའམ། ཕྱོགས་དང་རིས་སུ་མ་ཆད་པར་འཆར་བ་ནི། སྐུ་དང་ཡེ་ཤེས་དབྱེར་མེད་ཀྱི་ཟུང་འཇུག་སྟེ་རྫོགས་རིམ་མཐར་ཐུག་པའོ། །སྣང་ཕྱོགས་ཞེས་སྨོས་པ་ནི། སྣང་ཕྱོགས་ཀྱི་རྫོགས་རིམ་འདིའི་ཡན་ལག་ཏུ་འདུས་པས་འདི་ཤེས་ན་དེ་ཡང་ཤེས་པར་འགྱུར་བ་དང་། སྟོང་ཕྱོགས་གོང་དུ་བཤད་ཟིན་པས། འདིར་ཐུན་མོང་མ་ཡིན་པའི་དོན་སྣང་ཕྱོགས་ཡིན་པའི་ཕྱིར་འདིར་སྨོས་པའོ། །དེ་རྣམས་ཀྱི་དོན་ངེས་པར་བྱ་བ་མདོར་བསྡུས་ཞིག་བརྗོད་ན། སྟོང་ཕྱོགས་བཤད་པ། སྣང་ཕྱོགས་བཤད་པ། ཟུང་འཇུག་བཤད་པའོ། །དང་པོ་ལ། སྣང་བ་དང་། རང་བཞིན་དང་། ཡེ་ཤེས་སྐྱེ་ཚུལ་ལོ། །དང་པོ་ལ། སྣང་གསུམ་གྱི་མིང་གི་རྣམ་གྲངས་དང་། སོ་སོའི་རང་བཞིན་བཤད་པའོ། །དང་པོ་ནི་སྣང་མཆེད་ཐོབ་གསུམ་ལ་རིམས་པ་བཞིན་དུ། ཐབས་དང་། ཤེས་

(༣༣༦)རབ་དང་། འདྲེས་པ་གསུམ། སེམས་དང་། ཡིད་དང་། རྣམ་ཤེས་གསུམ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། ཀུན་བརྟགས་གཞན་དབང་། ཡོངས་གྲུབ་གསུམ། སྟོང་ཕྱོགས་སྣང་ཕྱོགས་ཟུང་འཇུག་སྟེ་ངོ་བོ་ཉིད་གསུམ། སེམས་སེམས་བྱུང་། མ་རིག་པ་གསུམ། ཆགས་བྲལ། འདོད་ཆགས། བར་མ་གསུམ། སྟོང་པ། ཤིན་ཏུ་སྟོང་པ། སྟོང་པ་ཆེན་པོ་གསུམ་སྟེ། རིམ་པ་བཞིན་གྱི་མིང་གི་རྣམ་གྲངས་ཡིན་ལ། སྤྱིར་མིང་གི་རྣམ་གྲངས་སུ་དེ་ལྟར་བསྟན་པ་ནི་ཆོས་མཐུན་རྩིས་པ་ཡིན་གྱི། དེ་དང་དེ་དག་ཐམས་ཅད་དངོས་སུ་མི་འཇོག་གོ །འོན་ཀྱང་སྣང་བ་སྟོང་པ། མཆོད་པ་ཤིན་ཏུ་སྟོང་པ། ཐོབ་པ་སྟོང་པ་ཆེན་པོ་སྟེ་སྣང་བ་གསུམ། འོད་གསལ་དངོས་གཞི་ཐམས་ཅད་སྟོང་པ་སྟེ། སྣང་བཞི་སྟོང་བཞི་ངོ་བོ་གཅིག་ཅིང་། མིང་འདོགས་ཐ་དད་པ་རྣམས་སྟོང་པའི་ལྡོག་ཆ་ནས་བཏགས་པ་དང་། སྣང་བའི་ལྡོག་ཆ་ནས་བཏགས་པའི་ཁྱད་ཡིན་ལ་ཡེ་ཤེས་རེ་རེ་བདེ་བ་དང་སྣང་བ་དང་སྟོང་ཉིད་ཀྱི་གསལ་སྣང་ཅན་ཡིན་པའི་ཕྱིར་ངོ་བོ་ཐ་དད་མེད་དོ། །དེས་ན་སྣང་བ་གསུམ། སྟོང་པ་གསུམ། རྣམ་ཤེས་གསུམ། ཡེ་ཤེས་གསུམ། སེམས་གསུམ། ཤེས་པ་གསུམ་རྣམས་མིང་གི་རྣམ་

(༣༣༧)གྲངས་ཡིན་ལ། སྣང་བ་འདོད་ཆགས་ཀྱི་བདེ་བ་ཤས་ཆུང་བས་ཆགས་བྲལ། མཆེད་པ་བདེ་བ་ཤས་ཆེ་བས་འདོད་ཆགས། ཐོབ་པ་བདེ་སྟོང་ཆ་མཉམ་པས་འདོད་ཆགས་བྲལ་མ་ཞེས་བྱ། མིང་གི་རྣམ་གྲངས་གཞན་རྣམས་ལ་དཔེར་ན། སྣང་བ་ནི་བདེ་སྟོང་གཉིས་ཀྱི་སྟོང་པ་ཤས་ཆ་བས་ཤེས་རབ། མཆེད་པ་བདེ་བ་ཤས་ཆེ་བས་ཐབས་དང་། ཐོབ་པ་ཆ་བསྙོམ་པས་འདྲེས་པར་བཞག་པར་བཞིན་ནོ། །གཞན་ཡང་སྣང་བ་ལ་ཨོཾ་དང་ཟླ་བ་དང་པདྨ་དང་བུད་མེད་དང་གཡོན་པ་དང་། མཚན་མོ་དང་། འཇམ་པོའི་བརྡས་བཏགས་སོ། །མཆེད་པ་ལ། ཨ་དང་ཉི་མ་དང་རྡོ་རྗེ་དང་། རིན་པོ་ཆེ་དང་། ཉིན་མོ་དང་། སྐྱེས་པ་དང་། གཡས་པ་དང་། བཙུབ་མོ་ཞེས་བཏགས་སོ། །ཐོབ་པ་ལ། མ་ནིང་དང་། མཚམས་དང་། དབུས་དང་། བར་མ་དང་། འདྲེས་པ་དང་། འདུས་པ་ཞེས་གསུངས་ཏེ། དེ་རྣམས་ཀྱི་སྒྲ་བཤད་པ་ནི་མང་བར་འགྱུར་རོ། །གཉིས་པ་ལ་གཉིས་ཀྱི་དང་པོ་ལམ་དུས་ཀྱི་སྣང་གསུམ་ནི། སྤྱོད་བསྡུས་སྒྲོན་མེ་ལས། སྣང་བའི་མཚན་ཉིད་གང་ཞེ་ན། རྣམ་པ་མེད་པའི་རང་བཞིན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་སྟོན་གྱི་དུས་

(༣༣༨)སུ་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བའི་འོད་ཟེར་གྱི་སྣང་བ་བྱེད་པས་ཁྱབ་པ་ལྟ་བུ་རང་བཞིན་གྱིས་གསལ་བའི་རྣམ་པར་དངོས་པོ་མ་ལུས་པ་ཐམས་ཅད་དམིགས་པས་ན། འདི་ནི་དོན་དམ་བྱང་ཆུབ་ཀྱི་སེམས་ཤེས་རབ་ཀྱི་སྣང་བ་སྟོང་པ་དང་པོ་སྟེ། ཞེས་སྣང་བ་དང་། མཆེད་པ་ལ་གཞན་རྣམས་ཕར་ཆེར་འདྲ་བ་ལ་གཟུང་བ་དང་། འཛིན་པ་དང་བྲལ་བའི་རང་བཞིན་ཞེས་པ་དང་། ཉི་མའི་འོད་ཟེར་གྱིས་ཁྱབ་པར་བཞིན་དུ་ཤིན་ཏུ་གསལ་ཞིང་དྲི་མ་མེད་པའི་ངོ་བོ་ཞེས་དང་། ཐོབ་པའི་སྐབས་སུ་མཚམས་ཀྱི་སྨག་ལ་བབ་པའི་ངོ་བོར་ཁྱབ་པ་ཕྲ་ཞིང་བདག་མེད་པ་སྲོག་དང་རྩོལ་བ་མི་རྒྱུ་བ་སེམས་པ་མེད་པ་མི་གཡོ་བ་ཞེས་གསུངས་སོ། །དེ་ལ་བཟུང་བ་དང་འཛིན་པ་མེད་པ་ནི་གཉིས་སྣང་རགས་པ་འགགས་པའོ། །རྣམ་པ་མེད་པའི་རང་བཞིན་ཞེས་ཀྱང་དེའོ། །སྟོན་ནམ་གཡའ་དག་པ་ལ་ཟླ་འོད་ཀྱི་ཁྱབ་པ་ལྟར་དཀར་ལམ་དང་གསལ་ཤས་ཆུང་ཞིང་སྟོང་ཤས་ཆེ་བའོ། །ལུས་དང་ངག་མེད་པ་ནི་ཐ་མལ་པའི་ལུས་ངག་ཏུ་སྣང་བ་འགགས་པའོ། །རང་བཞིན་གྱི་གསལ་བའི་རྣམ་པ་ནི། སེམས་ཀྱི་གསལ་བའི་རང་བཞིན་ཅི་རིག་པ་སྣང་བའོ། །

(༣༣༩)དངོས་པོ་མ་ལུས་པ་དམིགས་པ་ནི་ཁྱབ་པའོ། །ཤིན་ཏུ་གསལ་བ་ནི་སྔ་མ་ལས་ཀྱང་ཆེས་གསལ་བའོ། །ཉི་འོད་ཀྱི་ཁྱབ་པ་ལྟ་བུ་ནི། དམར་ལམ་དང་གསལ་ཤས་ཆེ་བའོ། །དོན་དམ་བྱང་ཆུབ་ཀྱི་སེམས་ནི་རྗེས་མཐུན་པ་སྟེ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་སོ། །སྨག་ལ་བབས་པས་ཁྱབ་པ་ནི་ནག་ལམ་དང་། རྣམ་རྟོག་གི་སྣང་བ་མངོན་འགྱུར་བ་ཐམས་ཅད་འགགས་པའོ། །ཕྲ་བ་ནི་རྟོགས་དཀའ་བའོ། །བདག་མེད་པ་ནི། རང་བཞིན་ངོས་བཟུང་བ་མེད་པའོ། །སྲོག་རྩོལ་མི་འགྱུར་བ་ནི་རླུང་དབུ་མར་འགགས་པ་དང་། སེམས་དཔའ་མེད་པ་དང་། རྣམ་རྟོག་གིས་གཡོ་བ་མེད་པ་རྣམས་སྣང་བ་གསུམ་ཀ་ཡོད་ཀྱང་འདི་ཤས་ཆེ་བས་འདིར་གསུངས་སོ། །དེ་རྣམས་ཀྱི་ངོ་བོ་ནི། མི་རྟོག་པ་སྟོང་ཉིད་བརྗོད་བྲལ་གྱི་རྣམ་པར་གསལ་བར་མཐོང་བའི་ཞུ་བདེ་མཉམ་བཞག་ཏུ་གཉིས། སྣང་མངོན་འགྱུར་བ་འགགས་པ་ཞེས་ཐམས་ཅད་ལ་སྦྱར་ཏེ། དཀར་ལམ་སོགས་ཀྱི་སྣང་བ་དང་གསལ་མི་གསལ་གྱི་ཁྱད་པར་ཕྱེ་བའི་ཡེ་ཤེས་སོ། །ཉེར་ཐོབ་ཀྱི་དབུས་ལ་བབ་པའི་མཚམས་ཤིན་ཏུ་དྲན་མེད་དུ་འགྱུར་བར་ཡང་བཤད་དོ། །རླུང་ཐིམ་

(༣༤༠)པ་ཤས་ཆེ་ཆུང་གི་གསལ་སྣང་རྒྱ་ཆེ་ཆུང་དང་། མི་རྟོག་པ་སྲབ་འཐུག་དང་། གནས་ཡུན་རིང་ཐུང་སྣ་ཚོགས་འབྱུང་སྟེ། འདིར་རང་སྣང་འཆར་ཚུལ་ནི། སྤྱོད་བསྡུས་ལས། མངོན་པར་བྱང་ཆུབ་པའི་སྐབས་སུ་དང་པོར་སྨིག་སྒྱུ། དེ་ནས་ཟླ་ནི་མུན་པ་སྐྱ་རེངས་ལྟ་བུ་བཤད་པས། བླ་མ་མང་པོས་རྟགས་ལྔ་དང་། རྟགས་ཅན་བཞིའི་དབྱེ་བ་མཛད་པའང་བྱུང་མེད་དགོངས་དོན་རྟགས་ལྔ་སྨིག་སྒྱུས་གོ་བའི་དབང་དུ་མཛད་པ་སྟེ། དང་པོར་རགས་པ་ཉེར་ལྔ་ཐིམ་སྐབས་རྟགས་ཀྱང་ཉེར་ལྔ་འབྱུང་མདོ་གཙོ་བོར་སྨིག་རྒྱུ་སོགས་རྟགས་ལྔ་དང་། དེ་ནས་ཟླ་འོད་དཀར་ལམ་སོགས་བཞི་སྣང་བ་གསུམ་མམ་བཞིའི་སྐབས་སུ་འབྱུང་བ་ཡིན་ནོ། །འདི་ནི་ལམ་བསྒོམ་པའི་ཡེ་ཤེས་ཀྱི་དབང་དུ་བྱས་པ་སྟེ། གཉིས་པ་ནི། ཤེས་པ་སྤྱི་ལ་སྣང་བ་གསུམ་གྱི་མཚན་ཉིད་ཚང་བ་གཞི་དུས་ཀྱི་སྣང་གསུམ་ལ་དབྱེ་ན། གཉིད་དུས་ཀྱི་སྣང་གསུམ། པད་དུས་ཀྱི་སྣང་གསུམ། འཁྲིག་དུས་ཀྱི་སྣང་གསུམ། འཆི་དུས་ཀྱི་སྣང་གསུམ། དང་པོ་དང་གསུམ་པ་ཕྱོགས་མཐུན་ཙམ་དང་། བཞི་པ་ངོ་འཕྲོད་ཅིང་ལམ་དུ་ལོངས་མ་ལོངས་ཀྱི་ཁྱད་པར་མ་གཏོགས་ལམ་དུས་ཇི་ལྟ་བ་དང་། གཉིས་པ་ཡེ་ཤེས་

(༣༤༡)པ་དེ་ལ་ཡུལ་སྣང་ཙམ་སྣང་བ་དང་། ཁྱད་པར་གྱི་མཐོང་བ་གསལ་དུ་སོང་བ་མཆེད་པ་དང་། མཐར་ཡུལ་ལས་སེམས་རང་འགགས་སུ་ལོག་པ་ཐོབ་པ་སྟེ། འདི་ལྟར་བཞེད་པ་སྒྲ་བསྒྱུར་ཆེན་པོ་མར་པ་ལྷོ་བྲག་པ་རྗེས་འབྲང་དང་བཅས་པ་སྟེ། ཤིན་ཏུ་གནད་ཆེ་བར་སྣང་ངོ་། །གཉིས་པ་རང་བཞིན་བཤད་པ་ལ། རང་བཞིན་བརྒྱད་བཅུ་དང་། དེ་འཁོར་བའི་འཇུག་ལྡོག་གི་རྩ་བར་བསྟན་པའོ། །དང་པོ་ནི། སྣང་བའི་རང་བཞིན་སོར་གསུམ་ནི། གསང་འདུས་རིམ་ལྔ་ལས། དེ་ཡི་རང་བཞིན་འཕྲོ་གསལ་བ་ད་ནི་རབ་ཏུ་བཤད་པར་བྱ། ཆགས་བྲལ་དང་ནི་བར་མ་ཉིད། དེ་བཞིན་དུ་ནི་ཆེན་པོ་དག །ཡིད་ལ་འགྲོ་ཞིང་འོངས་པ་དང་། མྱ་ངན་ལ་སོགས་གསུམ་དེ་བཞིན། ཞི་དང་རྣམ་རྟོག་འཇིགས་པ་མེད། འཇིགས་པ་བར་མ་ཤིན་ཏུ་འཇིགས། སྲེད་དང་སྲིད་པ་བར་མ་དང་། ཤིན་ཏུ་སྲིད་དང་ཉེར་ལེན་པ། མི་དགེ་བཀྲེས་དང་སྐོམ་ཉིད་དང་། ཚོར་དང་ཚོར་བ་བར་མ་དང་། ཤིན་ཏུ་ཚོར་བའི་སྐད་ཅིག་དང་། རིག་པ་པོ་དང་རིག་འཛིན་གཞི། སོ་སོར་རྟོགས་དང་ངོ་ཚ་ཤེས། སྙིང་རྗེ་དང་ནི་བརྩེ་བ་གསུམ། དོགས་དང་བསགས་པ་ཉིད་དང་

(༣༤༢)ནི། ཕྲག་དོག་ཅེས་ནི་བྱ་བར་གྲགས། རང་བཞིན་སུམ་ཅུ་རྩ་གསུམ་གང་། ལུས་ཅན་རྣམས་ཀྱི་རང་རིག་ཏེ། ཅེས་གསུངས་པ་ལ། ཆགས་བྲལ་ནི་ལུས་ལ་མི་སྡུག་པ་འཛིན་པ་ངོ་བོ་ཞེ་སྡང་སྟེ་ཆེ་ཆུང་གི་དབྱེ་བས་གསུམ་མོ། །དེ་ཡང་འཛིན་སྟོང་མི་གསལ་བ་ཆུང་ངུ་དང་། གསལ་པོ་བྱུང་ཡང་འདུ་བྱེད་སྩོལ་མི་ཐུབ་པ་འབྲིང་འདུ་བྱེད་ལ་བསྐུལ་ནུས་པ་ཆེན་པོ་སྟེ། འོག་མ་རྣམས་ལའང་རིགས་འགྲོའོ། །ཡིད་ལ་འགྲོ་བ་དང་འོང་བ་གཉིས་ནི་ཡུལ་ལ་སེམས་པ་དང་སླར་ནང་དུ་སེམས་པ་སྟེ། སེམས་པ་ལས་ཕྱེ་བའོ། །མྱ་ངན་ནི་ཡུལ་ཡིད་དུ་འོང་བ་དང་བྲལ་བའི་གདུང་བ་སྟེ་ཆེ་ཆུང་གསུམ་མོ། །ཞི་བ་ནི་ངལ་ཞིང་ཐང་ཆད་པ་ལྟར་ཧེད་དེ་འདུག་པ་སྟེ། ཤེས་བཞིན་མ་ཡིན་པའོ། །རྣམ་རྟོག་གི་མཚན་མར་འཛིན་པའི་འདུ་ཤེས་སོ། །འཇིགས་པ་ནི་སྐྲག་པའོ། །སྲེད་པ་ནི་ཡུལ་ཡིད་དུ་འོང་བ་དུས་གསུམ་ལ་དམིགས་ནས་ཞེན་པ་སྟེ་ཆེ་ཆུང་གསུམ་མོ། །ལེན་པ་ནི་སྲིད་པའི་ཡུལ་དུ་འཇུག་པར་བྱེད་པའི་སེམས་སོ། །མི་དགེ་བ་ནི་འགྱོད་པའོ། །བཀྲེས་པ་དང་སྐོམ་པ་གཉིས་ནི་གོ་བར་

(༣༤༣)ཟད་དེ། དེས་སྒྱུས་ཡིད་མི་བདེ་བའོ། །ཚོར་བ་ནི་ཚོར་བ་བདེ་སྡུག་བཏང་སྙོམས་རྣམས་སྟེ་ཆེ་ཆུང་གསུམ་མོ། །རིག་པ་པོ་དང་། རིག་པའི་བྱེད་པ་པོ་དང་། འཛིན་གཞི་སྟེ་རེག་བྱའི་ཡུལ་རྣམས་ལ་ལོག་པར་འཛིན་པའི་སེམས་ཏེ་ལོག་པའི་དོན་ཡང་བདེན་པར་རྟོགས་པ་མངོན་དུ་གྱུར་བའོ། །སོ་སོར་རྟོག་པ་ནི་རིགས་པ་དང་མི་རིགས་པར་སྤྱོད་པའོ། །ངོ་ཚ་ཤེས་པ་ནི་རང་ལ་རྣམ་སྨིན་སྡུག་བསྔལ་སོགས་ཉེས་པ་འབྱུང་བར་ཤེས་ནས་ཁ་ན་མ་ཐོ་བ་ལ་འཛེམ་པའོ། །སྙིང་རྗེ་ནི་སྡུག་བསྔལ་དང་བྲལ་འདོད་དོ། །བརྩེ་བ་གསུམ་ནི། གང་ལ་དགའ་བའི་ཡུལ་དེ་ལ་ཡིད་དུ་སྡུག་པ་དང་ཕྲད་ཅིང་རྙེད་པར་འདོད་པ་དང་། དེ་གནོད་པ་ལས་བསྲུང་བར་འདོད་པ་གསུམ་མོ། །དོགས་པ་ནི་ཐེ་ཚོམ་དང་འབྲེལ་བར་ཉམས་ངའི་རྣམ་པ་ཅན་བརྟན་པ་མེད་པའོ། །བསགས་པ་ནི་སེར་སྣ་སྟེ་གཏོང་མི་བྲ་བའོ། །ཕྲག་དོག་ནི་གཞན་གྱི་ཕུན་ཚོགས་ལ་སེམས་འཁྲུག་པའོ། །མཆེད་པའི་རང་བཞིན་བཞི་བཅུ་ནི། ཆགས་དང་ཞེན་དང་དེ་བཞིན་དགའ། དགའ་བ་བར་མ་ཤིན་ཏུ་དགའ་བ། རངས་དང་ཤིན་ཏུ་མགུ་བ་དང་། ངོ་མཚར་

(༣༤༤)དེ་བཞིན་རྒོད་པ་དང་། ཚིམ་པ་དེ་བཞིན་འཁྱུད་པ་དང་། འོ་བྱེད་དེ་བཞིན་འཇིབ་པ་དང་། བརྟན་དང་བརྩོན་དང་ང་རྒྱལ་དང་། བྱ་དང་འཕྲོག་དང་སྟོབས་དང་ནི། སྤྲོ་དང་ལྷན་ཅིག་སྐྱེས་ཉིད་དང་། དེ་བཞིན་ལྷན་ཅིག་སྐྱེས་བར་མ། ཤིན་ཏུ་ལྷན་ཅིག་སྐྱེས་དང་དྲག །རྣམ་པར་སྒེག་དང་ཞེ་འགྲས་ཉིད། དགེ་དང་ཚིག་གསལ་བདེན་པ་དང་། མི་བདེན་པ་དང་དེ་བཞིན་ངེས། ཉེ་བར་མི་ལེན་སྦྱིན་པ་པོ། བསྐུལ་དང་དེ་བཞིན་དཔའ་བོ་དང་། ངོ་ཚ་མེད་པ་སྒྱུ་དང་གདུག །མི་བསྲུན་པ་དང་གྱ་གྱུ་ཉིད། མཚན་ཉིད་བཞི་བཅུ་གང་ཡིན་པ། ཤིན་ཏུ་སྟོང་པའི་སྐད་ཅིག་སྟེ། ཞེས་གསུངས་པ་ལས། ཆགས་པ་ནི་ཐོབ་པར་བྱ་རྒྱུའི་ཡུལ་ལ་ཡིད་ཆགས་པའོ། །ཞེན་པ་ནི་ཐོབ་ཟིན་པའི་ཡུལ་ལ་ཆགས་པའོ། །ཡིད་འོང་ནི་ཡུལ་ཡིད་ཏུ་འོང་བའི་སྣང་བ་ཙམ་ནས་དགའ་བ་སྟེ་ཆེ་ཆུང་གསུམ་མོ། །དེ་ལྟར་ལྔ་ནི་འདོད་ཆགས་ཀྱི་རྣམ་རྟོག་དངོས་པོ། རངས་པ་ནི་འདོད་དོན་འགྲུབ་པ་ལ་དགའ་བའོ། །མགུ་བ་ནི་དེའི་རྣམ་པ་ཡང་དང་མྱང་པའོ། །ངོ་མཚར་ནི་གསར་ཐོབ་རེ་ལ་བརྟེན་ནས་སེམས་མཐོ་བ་སྟེ་མ་ཞི་བར་ཙེག་ཙེག་སྟེག་སྟེག་བྱེད་པའོ། །

(༣༤༥)རྒོད་པ་ནི་ཡིད་དུ་འོང་བ་ལ་སེམས་གཡེང་བའོ། །ཚིམ་པ་ནི་ངོམ་པའོ། །འཁྱུད་པ་དང་། འོ་བྱེད་པ་དང་འཇིབ་པ་གསུམ་ནི་དེ་རྣམས་བྱེད་པར་འདོད་པའི་སེམས་ཏེ། ཡུལ་ལ་ཆགས་པའི་ལུས་ངག་གི་བྱ་བ་རྩོམ་པ་དང་། སྤང་སྣང་བརྩོམ་པ་དང་། རྩོམ་པ་མི་འདོར་བའི་དཔེའོ། །བརྟན་པ་ནི་སེམས་མི་འགྱུར་བ་སྟེ་འདུ་ཤེས་གཞན་བསྒྱུར་མི་ཐུབ་པའོ། །བརྩོན་པ་ནི་བརྩོན་འགྲུས་ཏེ་དགེ་བ་ལ་སྤྲོ་བའོ། །ང་རྒྱལ་ནི་མཐོ་བར་སེམས་པ་སྟེ་ང་རྒྱལ་བདུན་ལ་སོགས་པའོ། །བྱ་བ་ནི་འདུ་བྱེད་ཀྱི་དོན་ཏེ་བྱ་བ་རྫོགས་པར་བྱེད་པའི་རྩོལ་བ་མི་འདོར་བའོ། །འཕྲོག་པར་འདོད་པ་ནི་བརྣབ་སེམས་སོ། །སྟོབས་ནི་གཞན་འཇོམ་པར་འདོད་པ་སྟེ་གནོད་སེམས་སོ། །སྤྲོ་བ་ནི་ལས་ལ་འཇུག་པ་ལ་ཡིད་སྤྲོ་བའོ། །ལྷན་སྐྱེས་ནི་འགྱུར་ཉེས་པ་སྟེ་ཚམ་ཚོམ་ཡིན་ལ་བྱ་དཀའ་བ་ལ་དགོས་པ་མ་ནུས་པ་འི་ཚི་ཚོམ་དུ་ལུས་པ་སྟེ་ཆེ་ཆུང་གསུམ་མོ། །རྟག་པ་ནི་ཁྲོ་བ་སྟེ་རྩོད་འདོད་པ་སོགས་སོ། །སྒེགས་པ་ནི་མཛེས་ཆོས་སོ། །ཞེ་འགྲས་ནི་འཁོན་འཛིན་ནོ། །དགེ་བ་ནི་དགེ་བའི་ལས་ལ་ཡི་རང་བའོ། །

(༣༤༦)ཚིག་གསལ་བ་དང་གོ་བ་ནི་གཞན་གྱིས་གོ་བ་དང་འདུ་ཤེས་མ་སྒྱུར་བར་སྨྲ་བའོ། མི་བདེན་པ་ནི་འདུ་ཤེས་པ་སྒྱུར་ཏེ་སྨྲ་འདོད་པའོ། །ངེས་པ་ནི་ཡིད་དམ་བརྟན་པོར་འཆའ་བའི་གོ་ཆའོ། མི་ལེན་པ་ནི་ཡུལ་ཡོངས་སུ་འཛིན་པར་མི་འདོད་པའོ། །སྦྱིན་པ་པོ་ནི་སྦྱིན་པར་འདོད་པའོ། །བསྐུལ་བ་ནི་ཡུལ་གཅིག་ལ་གནས་པ་ལས་ཡུལ་གཞན་དུ་སྐུལ་འདོད་པའོ། །དཔའ་བོ་ནི་སྒྲིབ་པ་ལས་གྲོལ་འདོད་དོ། །ངོ་ཚ་མེད་པ་ནི་ཁ་ན་མ་ཐོ་བ་ལ་མི་འཛེམ་པའོ། །སྒྱུ་མ་ནི་གཞན་བསླུ་བར་བྱེད་པར་སེམས་པ་སྟེ། གཡོ་རྒྱུ་དང་འབྲེལ་བའི་སེམས་པའོ། །གདུག་པ་ནི་ལྟ་བ་ངན་པ་ལ་བྱང་བ་སྟེ་ལྟ་བ་ངན་པ་ལྔའོ། །མི་བསྲུན་པ་ནི་གཞན་ལ་མཐོ་མཚམས་པ་སྟེ་གཞན་གྱི་གནས་ལུས་ལོངས་སྤྱོད་ལ་འཕང་མེད་བྱེད་འདོད་དེ། གྱ་གྱུ་ནི་གཡོ་རྒྱུ་གཉིས་སྡོམ་པ་སྟེ། དེ་ལྟར་བཞི་བཅུ་འོ། །ཐོབ་པའི་རང་བཞིན་བདུན་ནི། །ཆགས་པ་བར་མའི་སྐད་ཅིག་དང་། བརྗོད་ངན་པ་དང་འཁྲུལ་པ་དང་། མི་སྨྲར་གྱུར་དང་སྐྱེ་བ་དང་། ལེ་ལོ་དེ་བཞིན་ཐེ་ཚོམ་སྟེ། དང་པོ་ནི་

(༣༤༧)འདོད་ཆགས་ཀྱིས་སེམས་རྨོངས་པར་བྱེད་པས་ཆགས་པ་བར་མ་ཞེས་བཏགས་ཏེ་ངོ་བོ་ནི་མ་རིག་པའོ། །འདི་ཡང་ཇི་ལྟ་བ་སྒྲིབ་བྱེད་དེ། བརྗེད་ངས་ནི་དྲན་པ་ཉམས་པའོ། །འཁྲུལ་པ་ནི་སྨིག་རྒྱུ་ལ་ཆུ་འཛིན་པ་སོགས་སོ། །མི་སྨྲ་བ་ནི་སྨྲ་བ་ལས་སེམས་ལོག་པ་སྟེ། ཁ་གཅིག་མིང་ལ་རྨོངས་ཏེ་མིང་སྨྲ་མ་ཤེས་པ་ལ་ཡང་འཆད་དོ། །སྐྱེ་བ་ནི་ཡུལ་གང་ཡིན་ཡང་དེས་མུན་པའོ། །ལེ་ལོ་ནི་དགེ་བ་ལ་མི་སྤྲོ་བའོ། །ཐེ་ཚོམ་ནི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལ་ཡིད་གཉིས་ཟ་བ་སྟེ། སྤྱིར་ཐེ་ཚོམ་ཐམས་ཅད་ཀྱང་བསྡུའོ། །རང་བཞིན་བརྒྱ་རྩ་བརྒྱད་རྒྱུད་ལས་གསུངས་པ། རྒྱུད་གཞན་ལ་ལར་བརྒྱད་ཅུའི་ཐ་སྙད་ཡོད་པ་ལྟར་རིམ་ལྔར་བརྒྱད་བཅུར་བསྡུས་པའོ། །ཚན་པ་དང་པོར་ཞེ་སྡང་ཐོག་མར་ཡོད་ཅིང་། དེའི་ཕྱོགས་མཐུན་མང་བས་ཞེ་སྡང་གི་རྣམ་རྟོག་སོ་གསུམ་ཞེས་དང་། གཉིས་པ་འདོད་ཆགས་ཀྱི་རྣམ་རྟོག་མང་བས་འདོད་ཆགས་ཀྱི་བཞི་བཅུ། གསུམ་པ་གཏི་མུག་གི་ཕྱོགས་མཐུན་ཤས་ཆེ་བས། དེའི་རྣམ་རྟོག་བདུན་ཅེས་སྔ་མ་རྣམས་གསུངས་སོ། །དེ་ལྟར་བརྒྱད་ཅུ་ཉིན་

(༣༤༨)མཚན་གྱི་དབྱི་བས་བརྒྱ་དྲུག་ཅུའོ། ཉིན་མཚན་ཅེས་པ་ཡང་ཐབས་ཤེས་ཀྱི་དབྱེ་བ་སྟེ། ཀུན་རྫོབ་དང་དོན་དམ་གྱི་ཕྱེ་བའོ། །གཉིས་པ་སྤྱིར་ཆགས་བྲལ་ལ་ཁོང་ཁྲོ་དང་པོའི་སྐབས་དང་། འདོད་ཆགས་ཀྱི་རྣམ་རྟོག་མང་པོ་འདོད་ཆགས་དང་། ང་རྒྱལ་དང་ལྟ་བ་ངན་པ་གསུམ་བར་པའི་སྐབས་དང་། མ་རིག་ཐེ་ཚོམ་ཐ་མའི་སྐབས་ཏེ་རྩ་ཉོན་དྲུག་པོ་དེ་རྣམས་གཙོ་བོའོ། །འདི་རྣམས་འཕེན་འགྲུབ་ཀྱི་ལས་བྱེད་པ་པོ་ཡིན་པས་འཁོར་བར་སྐྱེ་བའི་རྩ་བ་ཡིན་ལ། དེ་རྣམས་གཞི་དུས་ནས་རང་བཞིན་བདེ་བ་དང་འོད་གསལ་ལས་འབྱུང་ཞིང་ཐིམ་པའི་སྟོང་པ་ཡིན་པ་དེའི་རང་བཞིན་ལམ་དུ་ལོངས་ཤིང་འོད་གསལ་དུ་ཐིམ་ན་དེ་རྣམས་ཉིད་གྲོལ་བའི་རྒྱུ་ཁྱད་པར་ཅན་ཡིན་པས་སྲིད་པ་འཇུག་ལྡོག་གི་ས་མཚམས་ཡང་འདི་རྣམས་ཡིན་པས་འབད་པས་ལམ་བསྒོམ་ཤིག །གསུམ་པ་ལ་འཆར་ཚུལ་དངོས་དང་། འཆར་བའི་རྐྱེན་གཉིས་ཀྱི་དང་པོ་ནི། རང་བཞིན་སུམ་ཅུ་རྩ་གསུམ་གྱི་བཞོན་པའི་རླུང་ཐིམ་པའི་རང་བཞིན་དེ་རྣམས་ལ་ཐིམ་པ་ན་སྣང་བ་འཆར། དེ་ནས་རྟོག་པ་བཞི་བཅུ་རླུང་བཅས་ཐིམ་

(༣༤༩)པས་མཆེད་པ། དེ་ནས་རྨོངས་རྟོག་བདུན་རླུང་བཅས་ཐིམ་པས་ཐོབ་པ། དེར་ཉེར་ཐོབ་ཉིད་ཀྱང་སྐད་ཅིག་བཞི་པ་འོད་གསལ་ལ་ཐིམ་པའོ། །སྣང་བ་ཤར་ཙ་ན་མཆེད་པའི་རང་བཞིན་ཐིམ་པ་དང་། མཆེད་པའི་དུས་ཐོབ་པའི་རང་བཞིན་ཐིམ་པར་བཤད། ཁ་ཅིག་ཐོག་མར་རང་བཞིན་ཐིམ། དེ་ནས་སྣང་གསུམ་འཆར་བར་འདོད་དེ། ཐིམ་ཚུལ་ཡང་འགའ་ཞིག་རགས་པ་ཉེར་ལྔ་ལྔ་ཚན་ལྔ་ཚན་ཏུ་སྦྱར་ནས་ཐིམ་པར་འདོད། སྔ་མ་མང་པོ་རགས་པ་ཉི་ཤུ་སྔོན་ལ་ཐིམ། དེ་ནས་འབྱུང་བ་ལྔ་ཐིམ་པར་བཞེད། དེའི་མཐར་རང་བཞིན་སྣང་བའི་ཐིམ་ཚུལ་འབྱུང་སྟེ། མཐའ་སྤྱོད་རྒྱས་པར་གཞན་དུ་ཤེས་པར་བྱའོ། །གཉིས་པ་ནི། རླུང་སེམས་གཙོ་བོར་སྙིང་ཁའི་དྷུ་ཏིའི་ཐིག་ལེར་བསྡུས་པ་ལས་འབྱུང་ཏེ། ཕྱི་ནང་གི་ཐབས་ལས་ཡེ་ཤེས་སྐྱེ་ཚུལ་དང་། དེ་ལས་བདེ་སྟོང་སྦྱོར་ཚུལ་ལོ། །དང་པོ་ནི། སྟེང་སྒོའི་རྫོགས་རིམ་ཐམས་ཅད་ཀྱིས་ཀྱང་དབུ་མར་རླུང་ཞུགས་གནས་ཐིམ་གསུམ་ནུས་པས་ན་སྣང་གསུམ་རྗེས་མཐུན་ཙམ་སྐྱེ་སྟེ། དྷཱུ་ཏཱིར་ཞུ་བའི་དགའ་བཞི་མཚན་ཉིད་ཚངས་བ་འདྲེན་ནུས་པས་སོ། །

(༣༥༠)འོན་ཀྱང་སྣང་གསུམ་དངོས་འཆར་བ་ལ་རྡོར་བཟླས་གཏུམ་མོ་ཐིག་ལེ་བུམ་ཅན་སོགས་སྙིང་གར་གནད་དུ་བསྣུན་པ་ཞིག་དགོས་ཏེ། དེར་རླུང་དང་ཐིག་ལེ་ཐིམ་པ་ལས་འཆར་རྒྱུ་ཡིན་པས་སོ། །འོན་ཀྱང་སེམས་དམིགས་ཀྱི་སྣང་གསུམ་ནི་སྙིང་གའི་དྷཱུ་ཏཱིའི་རྩ་མདུད་མ་གྲོལ་བར་དུ་བསྐྱེད་མི་ཐུབ་པས་དེ་གྲོལ་ཟིན་པའི་རྫོགས་རིམ་རྣམས་བསྒོམ་པའི་ཡེ་ཤེས་སེམས་གསུམ་ནི་སེམས་དམིགས་ཀྱི་སྣང་གསུམ་མོ། །འདི་ཁོ་ནས་སེམས་དབེན་མཐར་ཕྱིན་པ་ནུས་སམ་མི་ནུས་སྙམས་ན་མི་ནུས་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པའི་རྒྱུད་ལས། རྡོ་རྗེ་དང་པདྨ་ཡང་དག་པ་སྦྱོར་བ་ནི་སེམས་དང་སེམས་ལས་བྱུང་བ་དག་གི་ཐབས་སུ་གྱུར་པའོ། །སེམས་དང་སེམས་ལས་བྱུང་བ་དག་མཉམ་པར་སྦྱོར་བ་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་ཐབས་སུ་གྱུར་པའོ། །ཅེས་དང་། སྔགས་དང་ཕྱག་བྱས་འདུས་བྱས་པའི་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་མེད་པར་རྣམ་པར་ཤེས་པ་གསུམ་ཉེ་བར་མཚོན་པར་མི་ནུས་སོ། །བྷ་ག་དང་ལིང་ག་ཡང་དག་པར་སྦྱོར་བ་མི་ནུས་པ་དེས་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་མི་རྙེད་དོ། །ཞེས་ཕྱིའི་ཕྱག་རྒྱ་ལ་ལྟོས་ཏེ། རང་བཞིན་ཐམས་ཅད་ཐིམ་པར་གསལ་

(༣༥༡)བར་མཚོན་པ་དང་། སྣང་གསུམ་རྫོགས་པར་འཆར་བ་དང་། དགའ་བཞི་རྫོགས་པར་འཆར་བ་ནི་ཕྱག་རྒྱའི་རྗེས་སུ་འགྲོ་ལྡོག་ཅན་ནོ། །སངས་རྒྱས་མཉམ་སྦྱོར་ལས་ཀྱང་སྒྱུ་མ་དག་ནི་ཐམས་ཅད་ལས། བུད་མེད་སྒྱུ་མ་ཁྱད་པར་འཕགས། ངོ་བོ་ཉིད་ཀྱི་མཐུ་དག་གིས། རང་བཞིན་གྱིས་དེར་གྲུབ་པའོ། །ཞེས་རིམ་ལྔ་དང་། ཞལ་ལུང་སོགས་ལས་ཀྱང་དེ་དང་མཐུན་པར་གསུངས་པའི་དགོངས་པ་ནི། ངོ་བོ་ཉིད་ནི་འཇིག་རྟེན་ཆོས་ཉིད་ཀྱིས་གྲུབ་པའི་རྣམ་རྟོག་བརྒྱུད་པ་དང་རླུང་སེམས་འགག་པར་བྱེད་པའི་མཐུ་ཡོད་པ་དེ་སྒོམ་སྟོབས་དང་རྣལ་འབྱོར་དུ་འབྲེལ་བས་ཤིན་ཏུ་མྱུར་བར་ཆེས་གསལ་བར་མཚོན་པའོ། །འདིར་ཡང་ཕྱག་རྒྱ་དང་མཉམ་པར་སྦྱར་བས་བྱང་ཆུབ་ཀྱི་སེམས་རྩ་བདུན་ཁྲི་ཉིས་སྟོང་ནས་ཞུ་བ་སྙིང་ཀར་འདུས་པ་ལས་སྣང་གསུམ་གྱི་དགའ་བཞི་སྐྱེ་སྟེ། དབབ་ལྡོག་གི་དགའ་བཞི་དང་ངོ་བོ་ནི་མི་གཅིག་ལ་དགོས་པ་ནི་འདྲའོ། །འདི་ནི་སྙིང་གའི་རྩ་མདུད་མ་གོལ་བར་དུ་མི་འབྱུང་ལ་དབབ་ལྡོག་གི་དགའ་བཞི་ནི་སྔ་མོ་ནས་འབྱུང་ཞིང་། སྙིང་ཁ་སོགས་རྩ་མདུད་གྲོལ་ཕྱིན་དབབ་ལྡོག་གི་ཞོར་ལས་འདི་འབྱུང་

(༣༥༢)བ་དང་། འདི་ལ་གཙོ་བོར་འབད་པས་ཀྱང་། དབབ་ལྡོག་ཚངས་བ་དང་ནུས་ཤིང་རླུང་སེམས་ཀྱི་སྐུ་འགྲུབ་པ་སྣང་གསུམ་ལ་རགས་ལས་པ་དང་། རགས་པ་གནས་འགྱུར་བ་དབབ་ལྡོག་ལ་རག་ལས་པའང་ཤེས་པར་བྱའོ། །འདི་འདྲེན་བྱེད་དུ་ཕྱིའི་སྲོག་རྩོལ་ལས་ཀྱི་ཕྱག་རྒྱ་དགོས་པའི་དབང་ལས་ཡེ་མི་རྙེད་པ་ཙམ་དུ་བྱུང་ན་ཡང་། རིམ་ལྔ་ལས་གལ་ཏེ་ཆུ་སྐྱེས་རྡོ་རྗེར་སྦྱོར། ཀུན་རྫོབ་དུ་ཡང་མེད་གྱུར་ན། ལན་ཅིག་ཙམ་ཞིག་མྱང་ནས་ཀྱང་། རྣལ་འབྱོར་སྟོབས་ཀྱི་འགྲུབ་པར་འགྱུར། ཞེས་པའི་ཚིག་རྐང་དང་པོ་གཉིས་ལས། གལ་ཏེ་ཀུན་རྫོབ་ཆུ་སྐྱེས་ལ། རྡོ་རྗེ་སྦྱོར་བ་མེད་གྱུར་ན། ཞེས་བསྒྱུར་ན་གོ་བདེ་སྟེ། ཆུ་སྐྱེས་རྡོ་རྗེ་དོན་ཇི་སྙེད་ལ་འཇུག་ཀྱང་། ཀུན་རྫོབ་རྡོ་རྗེ་པདྨ་ནི་གསང་གནས་ཁོ་ན་ལ་བརྗོད་དེ། མཉམ་པར་སྦྱོར་བས་ལན་ཅིག་མཚོན་དགོས་ཞེས་བཤད་དོ། །དེས་ན་གསང་བ་གྲུབ་པ་ལས། དང་པོའི་ལས་ཅན་སེམས་ཅན་ལ། ལས་ཀྱི་ཕྱག་རྒྱ་གང་སྤངས་ནས། བྱང་ཆུབ་སེམས་ནི་རབ་སྟོན་པ། གཞན་གྱིས་མཚོན་པས་མི་མཐོང་སྟེ། ཞེས་གསུངས་སོ། །གཞན་ཡང་སྣང་བ་

(༣༥༣)གསུམ་བསྐྱེད་པ་ལ། འབར་འཛག་གི་ཁྱད་པར་ལ་བརྟེན་ནས་དཀར་ལམ་སོགས་གསུམ་འཆར་བ་ལ་ངོ་སྤྲོད་པའི་གདམས་ངག་རྣམས་ལ། དེ་འདྲས་སྣང་གསུམ་གྱི་གོ་མི་ཆོད་ཅེས་ནན་གྱིས་འགོག་པ་ནི། མན་ངག་མི་ཤེས་པས་ཐབས་ལ་མི་མཁས་པ་སྟེ། དངོས་མ་ཡིན་ཀྱང་རྗེས་མཐུན་པ་བསྒྲུབ་པས་དེ་དག་འདྲེན་པ་ནི་ཤིན་ཏུ་མང་བས་སོ། །དེས་ན་ཉམས་རྟོགས་ཁྱད་པར་ཅན་འཕྲལ་འཕྲལ་འབྱུང་བའི་མན་ངག་རྣམས་བོར་ཏེ། ལོ་ཟླ་འབད་ཀྱང་འབྲས་བུ་མི་འབྱུང་བ་ལ་བསྔགས་པ་ཅི་ཞིག་བྱ། གཉིས་པ་ནི། སྣང་བ་གསུམ་མམ། དགའ་བཞི་ཐམས་ཅད་ལ་བདེ་སྟོང་སྦྱོར་བ་ནི་ཡོད་ཅིང་། ཁ་ཅིག་ཐོབ་པ་དོན་མེད་ཀྱི་སྐབས་བདེ་སྟོང་སྦྱོར་བ་ཡོད་མེད་ཀྱང་དྲན་པ་དང་བཅས་པའི་སྐབས་ན་ཡོད་ཅེས་དང་། བདེ་བ་ལ་སེམས་ཟིན་པ་ཙམ་དང་། བདེ་བ་ལ་སེམས་གཏད་པས་རང་མལ་དུ་སོང་བ་འདྲ་བས་བདེ་སྟོང་སྦྱོར་བའི་གོ་མི་ཆོད་སྟོང་པ་དང་སྦྱོར་མི་ཤེས་པའི་བདེ་བ་ཉམས་དམིགས་ཆེ་བ་དང་། བདེ་སྟོང་ནི་བདེ་བ་དང་སྟོང་ཉིད་ཀྱི་ལྟ་བ་བསྲེ་དགོས། ཡིད་ཆེས་བདེ་བར་ཤར་ན་སྟོང་ཉིད་དྲན་པས་ཆོག །

(༣༥༤)གཞན་བདེ་སྟོང་སྦྱོར་མི་དགོས་སྐད་དུ་འཆད་པར་སྣང་ངོ་། །ཉེར་ཐོབ་དྲན་མེད་ནི་སྤྲོས་པ་གང་གི་ཡང་ངོ་བོར་མ་སྐྱེས་པའི་སེམས་སྟེ། སྤྲོས་པ་མེད་ཙམ་དེ་ཀ་སྟོང་ཉིད་ཡིན་པས་བདེ་སྟོང་མ་ཚང་བ་ག་ལ་ཡིན། སྟོང་པ་རྣམ་རྟོག་གིས་མ་དྲན་པས་མེད་པར་འགྲོ་ན་བདེ་བ་ཡང་མེད་པར་འགྱུར། སྐད་ཅིག་བཞི་པ་དང་མི་འདྲ་བར། འདིར་གསལ་ཆ་ཆུང་བ་དང་རྟོག་པ་མངོན་འགྱུར་འགགས་པས། རྟོག་པའི་ཡུལ་མི་དྲན་པས་དྲན་མེད་ཅེས་བྱ་ཡི། རང་ངོ་མི་ཤེས་པ་ཡང་ག་ལ་ཡིན། ཁྱེད་ཅག་ལ་མི་རྟོག་པ་མ་ཡིན་པའི་དཔྱད་སྒོམ་གྱི་དྲན་ལུགས་དགོས་ན་རྣམ་རྟོག་ཐམས་ཅད་ནུབ་པ་དང་གཉིས་སྣང་རགས་པ་མངོན་འགྱུར་འགགས་པར་ཁྱེད་ཉིད་ཀྱང་འདོད་པས་སོ་སོར་རྟོག་པའི་དཔྱད་པ་ཅི་ལྟ་གཏོང་། བདེ་བའི་གཅིག་དང་དུ་མ་གང་དུའང་མི་འདུག་པས་བདེན་པར་མེད་སོགས་སེམས་དགོས་ན། སོ་སྐྱེས་དུས་སུ་མི་རྟོག་པས་གཉིས་སྣང་མངོན་འགྱུར་འགགས་ན་གཅིག་དང་དུ་མ་ཙམ་ངེས་པའང་མི་འཇུག་ན། དེ་རྒྱུ་མཚན་དུ་བྱས་པའི་ངེས་ཤེས་ག་ལ་དྲན། བདེ་བ་ལ་སེམས་ཟིན་པ་ཙམ་གྱིས་བདེ་སྟོང་སྦྱོར་བའི་གོ་ཆོད་

(༣༥༥)ཀྱང་ཉེས་དམིགས་བསྐྱེད་པའི་རྒྱུ་མཚན་མེད་དོ། །དེ་ལ་དེ་བསྐྱེད་ན། ལྟ་བས་མ་ཟིན་པའི་ཡུལ་འདོད་ཐམས་ཅད་འཆིང་བའི་རྒྱུར་བཤད་པས། ཁྱད་དག་ལྟ་བ་དང་། མི་སྦྱོར་བའི་ཟས་གོས་ཟ་གྱོན་བྱེད་པ་དང་། གཟུགས་ལྟ་བ་སོགས་ཀྱང་སྐྱོན་ཆེ་བས་གཟུགས་མེད་ཁམས་སུ་སྐྱེ་བའི་ཐབས་ཁོ་ན་གྱིས་ཤིག །བདེ་བ་ལ་སེམས་ཟིན་པས་བདེ་སྟོང་སྦྱོར་བའི་གོ་མི་ཆོད་ལ་སེམས་ཀྱང་མ་ཟིན་ཅིང་། བདེ་བ་ཡང་མེད་པས་བདེ་སྟོང་སྦྱོར་བའི་གོ་མི་ཆོད་པ་འདི་ཉིད་ཀྱཻ་མ་ཁྱོད་ནི་རྣམ་དཔྱོད་ཀྱིས་མཁས་ཁྱད་ཐོན་པ་ཞིག་གོ །ཅེས་བཞད་གད་ཀྱང་བྱའོ། །ཞེན་པ་མེད་པས་ཉེས་པ་ནི་མི་བསྐྱེད་དེ། ཡུལ་ལ་མ་ཞེན་པས་ཆོག་གི །ཡུལ་སྤང་བ་ནི་དཀའ་ཞིང་མི་དགོས་སོ། །ཁོ་བོ་ཅག་ནི། སེམས་ཟིན་པས་ཙམ་ལ་བདེ་སྟོང་སྦྱོར་ཐུབ་པའི་ངེས་པ་ནི་མེད་མདོ། སྤྲོས་པ་མེད་པ་བརྗོད་བྲལ་གྱི་རྣམ་པར་སེམས་ཟིན་ན་དེ་ཉིད་ལྟ་བའི་མཆོག་སྟེ། ཡུལ་སྤྲོས་བྲལ་དང་ཤིན་ཏུ་མཐུན་པར་འཇུག་པས་སོ། །དཔྱད་པས་བསྒོམ་པ་ནི་དེ་ལྟར་མ་ཡིན་ཏེ། ཡུལ་སྤྲོས་པ་ཅི་ཡང་མ་ཡིན་ལ་

(༣༥༦)ཡུལ་ཅན་དེ་ནི་ཡོད་པ་དང་མེད་པ་སོགས་ཇི་སྙེད་ལ་དམིགས་པ་སྐད་ཅིག་རེ་རེ་སོགས་ལ་ཡང་ལན་བརྒྱ་ཕྲག་འོང་བས་ཡུལ་སྤྲོས་པ་ཅི་ཡང་མ་ཡིན་པ་ལ། ཡུལ་ཅན་སྤྲོས་པ་ཅི་ཡང་མ་ཡིན་པ་ལ། ཡུལ་ཅན་སྤྲོས་པ་ཅི་ཡང་འཛིན་པའི་ཕྱིར་རོ། །དཔྱད་པའི་ལྟ་བ་ནི་མ་གོམས་ན་དྲན་ཀྱང་། ཞེན་པ་མི་དགག་པའང་ཡོད་དེ། ཟས་སྟོང་པའི་ངོ་བོར་མོས་པ་ཡོད་ཀྱང་དེའི་རང་དུས་སུ་གཏོང་མི་བྲ་བ་ཡོད་པ་བཞིན་ནོ། །གཉིས་པ་སྣང་ཕྱོགས་བཤད་པ་ལ། སྣང་ཕྱོགས་ཀྱི་ངོ་བོ་དབྱེ་བ། སྒྱུ་ལུས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྫོགས་རིམ་པའི་ལྷ་སྐུ་རྗེས་མཐུན་དང་བཅས་པའོ། །གཉིས་པ་ལ་རྫོགས་པའི་རྣལ་འབྱོར་ནི། སེམས་ཞུ་བདེ་ཕལ་པས་བྱིན་གྱིས་བརླབས་པའི་རྐྱེན་དང་སྣང་དབྱེ་བ་གསུམ་མོ། །གསུམ་པ་ལ། འཁོར་བའི་གནས་ཚུལ་རྒྱུ་ལུས་ཀྱི་བསྒྲུབ་གཞི་ཐོབ་བྱེད་གྱི་རྐྱེན། སྒྱུ་ལུས་ཀྱི་ངོ་བོ་དཔེ་དང་བཅས་པའོ། །དང་པོ་ནི། འདི་ནི་གང་ཡང་སྐྱེ་བ་མེད། འཇིགས་པ་ཉིད་ནི་ཡོད་མིན་ཏེ། སེམས་ཀྱི་རང་བཞིན་རྣམ་གནས་པ། འཁོར་བ་ཉིད་ནི་ཤེས་པར་བྱའོ། སྐྱེ་

(༣༥༧)འཆི་སོགས་སྲིད་པ་ལུགས་འབྱུང་ལུགས་ལྡོག་ཐམས་ཅད་སེམས་ལས་བྱུང་ཞེས་གསུངས་པ་དང་། ས་ལ་སོགས་པ་བཞི་པོ་དང་། དེ་བཞིན་སྟོང་པ་བཞི་པོ་དག །སྐྱེད་དང་འཇིག་པའི་རྒྱུ་ཉིད་དུ། དངོས་པོ་རྣམ་ནི་ཤེས་པར་བྱ། འོད་གསལ་བ་ལས་སྟོང་པ་ཆེ། དེ་ལས་ཐབས་ནི་ཡང་དག་འབྱུང་། དེ་ལས་ཤེས་རབ་སྐྱེ་བར་འགྱུར། དེ་ལས་རླུང་ནི་འབྱུང་བར་འགྱུར། རླུང་ལས་མེ་ནི་ཡང་དག་དབྱུང་། མེ་ལས་ཆུ་ནི་ཀུན་ཏུ་འབྱུང་། ཆུ་ལས་ས་ནི་སྐྱེ་བར་འགྱུར། སེམས་ཅན་སྐྱེ་བ་འདི་ལྟ་བུ། ཞེས་དང་། ས་ནི་ཆུ་ཡི་ཁམས་ལ་ཐིམ། ཞེས་སོགས་གསུངས་ཏེ། སྲིད་པ་གསུམ་པོ་འདི་ལྟར་འགགས། ཅེས་སེམས་སྣང་བ་བཞི། ལུས་འབྱུང་བ་བཞི་སྟེ་བརྒྱད་པོ་འཁོར་བའི་འཇུག་ལྡོག་ཅན་ཏེ། ཁམས་རགས་པའི་ལུས་ཅན་འཆི་བ་ན་འབྱུང་བ་རྣམས་ཕྲ་རགས་ཀྱི་ཐིམ་པས་སྣང་བ་གསུམ་ཡང་རིམ་ཅན་དུ་ཐིམ་ནས་འོད་གསལ་དུ་འཇུག །ལང་བ་ན་ཡང་ཐོབ་པ། མཆེད་པ། སྣང་བ། རླུང་སོགས་འབྱུང་བཞིར་ལངས་ནས་སྣང་བ་རགས་པ་འདི་འབྱུང་བར་བཤད་པ་ལྟར་ཡིན་པ་འཆི་བ་འོད་གསལ་ལས་ལངས་མ་ཐག་བར་དོ་འགྲུབ་པ་

(༣༥༨)ཡིན་ནོ། །སྐབས་འདིར་ཁམས་ཕྲ་རགས་ཀྱི་རང་བཞིན་བཤད་ན། ལུས་དང་སེམས་དང་། གཉིས་ཀའི་དབང་དུ་བྱས་པའོ། །དང་པོ་ནི། ཤ་རུས་ཁྲག་སོགས་ལུས་རགས་པ། གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་སེམས་ཕྲ་བ། རླུང་འོད་ཟེར་ལྔ་པ་ནི་ཤིན་ཏུ་ཕྲ་བའོ། །གཉིས་པ་ནི། དབང་ཤེས་ལྔ་རགས་པ། ཡིད་རྟོག་དང་རང་བཞིན་བརྒྱད་བཅུ་སོགས་ཕྲ་བ། སྣང་བཞི་ཤིན་ཏུ་ཕྲ་བའོ། །གསུམ་པ་ལ་རང་བཞིན་ཉེར་ལྔ་ནི་གཟུགས་སོགས་ཕུང་པོ་ལྔ་པ་སོགས་ཁམས་ལྔ། མིག་སོགས་དབང་པོ་ལྔ། གཟུགས་སོགས་ཡུལ་ལྔ་མེ་ལོང་ལྟ་བུ་སོགས་གཞི་དུས་ཀྱི་ཡེ་ཤེས་ལྔ་སྟེ་ཉེར་ལྔ་རགས་པ། རང་བཞིན་གཞོན་པ་རླུང་དང་བཅས་པ་ཕྲ་བ། སྣང་བ་བཞི་བཞོན་པར་གྱུར་པ་རླུང་དང་བཅས་པ་ཤིན་ཏུ་ཕྲ་བའོ། །དེའི་ནང་གི་མེ་ལོང་ལྟ་བུའི་ཡེ་ཤེས་སེམས་གསལ་དངས་དང་། མཉམ་ཉིད་ཡེ་ཤེས་ཚོར་བར་ཤེས་པ་དང་། སོར་རྟོག་ཡེ་ཤེས་མིང་དོན་ཤེས་པའི་རང་བཞིན་ངོ་ཤེས་དང་བྱ་གྲུབ་ཡེ་ཤེས་བྱ་བ་བྱེད་འདོད་དང་། ཆོས་དབྱིངས་ཡེ་ཤེས་ཡུལ་གསལ་བར་མི་སྣང་བའོ། །རྣམ་ཤེས་ཀྱང་སྒོ་ལྔའི་རྣམ་ཤེས་ལ་ངོས་འཛིན་ནོ། །གཉིས་པ་རགས་པའི་

(༣༥༩)ལུས་འདི་ཡང་སྣང་འདོར་བས་གཉུག་མའི་ལུས་མ་ཡིན། རྒྱུན་མི་འཆད་པ་གཉུག་མའི་ལུས་ནི་རླུང་སེམས་ཏེ། སེམས་ཀྱི་གསལ་ཆ་མ་འགག་པའི་རྟེན་ནི་བཞོན་པ་རླུང་དང་བཅས་པའོ། །ཕྲ་བའི་ལུས་འདི་ཡོད་པས་ལུས་རགས་པ་རྣམས་ལེན། ཡང་རགས་པ་དེར་ནས་ཕྲ་བ་ལུས་ཡང་རགས་པ་ལོན་པ་སོགས་འཁོར་ལོ་ལྟར་བསྐོར་བ་ཡིན་ཏེ། གོང་དུ་བཤད་པའི་ཕྲ་རག་ཀུན་ཀྱང་དེ་བཞིན་དུ་བྱེད་དོ། །དེས་ན་གཉུག་མའི་ལུས་ནི་འདིའི་བསྒྲུབ་གཞིའོ། །གསུམ་པ་ནི། རིམ་ལྔ་ལས། འཇའ་ཚོན་ལྟ་བུའི་ལུས་དག་ནི། དེ་ཉིད་བསྒོམ་པས་ཐོབ་པར་འགྱུར། ཅེས་སྤྱིར་བདེ་སྟོང་དབྱེར་མེད་ཀྱི་དེ་ཁོ་ན་ཉིད་བསྒོམ་པས་འགྲུབ་པར་གསུངས་ཏེ། འདིར་དངོས་སུ་ཐོབ་བྱེད་དཔེའི་འོད་གསལ་མཐར་ཐུག་སེམས་དབེན་མཐར་ཐུག་གི་འོད་གསལ་ཅེས་བྱ་བ་དེ་ཡིན་ནོ། །དེ་བྱུང་ན་སྐད་ཅིག་གཉིས་པར་རླུང་སེམས་ཀྱི་སྐུར་འགྲུབ་སྟེ་དཔེའི་འོད་གསལ་མཐར་ཐུག་ནི་འཆི་བའི་དུས་ཀྱི་ཐིམ་རིམ་ཇི་མ་ཇི་བཞིན་དུ་འཆར་བ་ཡིན་ཏེ། འཆི་བ་འོད་གསལ་དེ་རྣམ་སྨིན་གྱི་ལུས་དང་རླུང་སེམས་འབྱེད་དུ་མི་འགྲོ་བ་ལྟར་འདིས་

(༣༦༠)ཀྱང་དེ་གཉིས་ལེགས་སུ་བྱེ་བ་ཞེས་ཐ་སྙད་མཛད། ངོ་བོ་རང་གི་སྲོག་གི་རླུང་དང་སེམས་མ་ཕྱེད་པ་དེ་ལྷ་སྐུ་དངོས་སུ་གྱུར་པ་ཡིན་ནོ། །སེམས་ཅི་ཞིག་ཡིན་ཞེ་ན། སྣང་བ་གསུམ་གྱིས་བྱིན་གྱིས་རླབས་པའི་ཀུན་གཞི་ཡིད་དང་བཅས་པའོ། །བཞི་པ་ནི། དེ་ཉིད་རླུང་དང་ཡང་དག་ལྡན། རྣམ་ཤེས་གསུམ་པོ་ལྷར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འགྱུར། །སྒྱུ་མའི་ལུས་ཞེས་དེ་ལ་བཤད། ཅེས་རིམ་ལྔར་གསུངས་ཏེ། རྣམ་ཤེས་གསུམ་གྱི་བདེ་བས་འགྱུར་བ་བརྟེན་པའི་སེམས་ཀྱི་ཁྱད་པར་ལྷའི་སྣང་བ་ཤར་བས་རྟེན་རླུང་ཡང་ལྷའི་གཟུགས་སུ་གྲུབ་པ་སྟེ། དེ་གཉིས་ཚོགས་པའོ། །འདི་ནི་ད་ལྟ་ཉོན་སྒྲིབ་མ་སྤངས་པས་མ་དག་པའི་རྒྱུ་ལུས་ཞེས་བྱའོ། །འདིའི་དཔེ་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་དང་། འཕགས་པ་ལྷའི་བདག་བྱིན་རླབས་པ་རྣམས་ལས་ཅུང་ཟད་འདྲ་མིན་དུ་འབྱུང་མདོ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་ལུགས་ལྟར་ན། ངོ་བོས་མ་གྲུབ་ཀྱང་རྒྱུ་རྐྱེན་ཚོགས་པ་ཙམ་ལས་སྣང་བས་སྒྱུ་མ་ལྟ་བུ་དང་། གར་ཡང་ཁྱབ་པ་ཆུ་ཟླ་ལྟ་བུ་དང་། ཤ་རུས་སོགས་བྲལ་ཡང་ལུས་སུ་སྣང་བའི་གཟུགས་བརྙན་གྲིབ་

(༣༦༡)མ་ལྟ་བུ་དང་། སྤྲུལ་པ་སྤྲོ་བསྡུ་མང་པོ་བྱེད་པ་སྨིག་སྒྱུ་ལྟ་བུ་དང་། རླུང་སེམས་ཙམ་ལས་གྲུབ་པ་རྨི་ལམ་ལྟ་བུ་དང་། རྣམ་སྨིན་གྱི་ལུས་དང་རྒྱུད་གཅིག་ཀྱང་ཐ་དད་ལྟར་སྣང་བ་བྲག་ཆ་ལྟ་བུ་དང་། རྟེན་བརྟེན་པའི་དཀྱིལ་འཁོར་དུ་སྣང་བ་དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། གཅིག་ཡིན་ཀྱང་དུ་མ་སྟོན་པ་མིག་འཕྲུལ་ལྟ་བུ་དང་། ཁ་དོག་གསལ་ལ་མ་འདྲེས་པ་འཇའ་ཚོན་ལྟ་བུ་དང་། རགས་པའི་ལུས་སྤྲིན་དང་འདྲ་བའི་གསེབ་ན་ཞིང་ཁམས་སྣང་བ་བྱེད་པའི་གློག་འགྱུར་བ་དང་འདྲ་བས་གློགས་ལྟ་བུ་དང་། སྟོང་པའི་ངང་ལས་རྣམ་རྟོག་མེད་བཞིན་ཐོལ་གྱིས་རང་ཤར་དུ་བསྐྱེད་པ་ཆུ་ལས་ཆུ་བུར་རྡོལ་བ་ལྟ་བུ་དང་། ཡན་ལག་དང་ཉིང་ལག་གཅིག་ཅར་རྫོགས་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་སྟེ་བཅུ་གཉིས་སོ། །དཔེ་རེ་རེའི་མཚན་ཉིད་ཀྱི་ཟུར་རེ་རེ་བསྟན་ཏེ། མཚན་ཉིད་བཅུ་གཉིས་ཚངས་བའོ། །དཔེའི་གཙོ་བོ་གསུམ་ནི། རིམ་ལྔ་ལས། མེ་ལོང་གི་ནི་གཟུགས་བརྙན་གྱིས། སྒྱུ་མའི་ལུས་ནི་མཚོན་པར་བྱ། ཁ་དོག་རྣམས་ནི་འཇའ་ལྟ་བུ། ཁྱབ་པ་ཆུ་ཡི་ཟླ་བས་སོ། །ཞེས་གསུངས་ཏེ། གཅིག་ཅར་ཡན་ལག་རྫོགས་ཤིང་སྣང་ལ་

(༣༦༢)རང་བཞིན་མེད་པ་ནི་མེ་ལོང་གི་གཟུགས་བརྙན་དང་། ཁ་དོག་སོ་སོར་མ་འདྲེས་པ་ནི་འཇའ་ཚོན་ལྟ་བུ་དང་། ཟླ་བ་གཅིག་ཤར་ན་ཆུ་ཐམས་ཅད་ལ་གཟུགས་བརྙན་གཅིག་ཅར་སྣང་བ་ལྟར་སྒྱུ་ལུས་ངོ་བོ་ཐ་དད་མེད་ཀྱང་། དཀྱིལ་འཁོར་སོགས་སྣང་བ་རབ་འབྱམས་ཕྱོགས་སུ་མ་ཆད་པར་སྣང་བས་ཆུ་ཟླ་ལྟ་བུའོ། །དུས་ཕྱིས་རྗེ་བཙུན་ལྷོ་བྲག་མར་པའི་རྗེས་འབྲང་དུ་རློམ་པ་ཁ་ཅིག་གྲོང་འཇུག་ཐུབ་པ་ཡང་སྒྱུ་ལུས་འདི་ལས་འབྱུང་བར་འདོད་པ་ནི། ལེགས་པར་མ་བསླབ་པའི་ཚོད་རྒྱག་བྱས་པ་སྟེ། འཕོ་བ་ནི་རླུང་གི་སྒོ་ཁེག་པ་དང་སེམས་སྒོ་ནས་འཕོ་བའི་དམིགས་པ་བྱང་བ་ཙམ་དང་། གྲོང་འཇུག་ལ་དེའི་སྟེང་དུ་ཕྱི་སྣང་བའི་བདེན་ཞེན་མངོན་འགྱུར་བ་བཀག་ན་ཁེགས་པ་དང་། ཕྱག་རྒྱའི་ལམ་གྱི་ཐིག་ལེ་འཕོ་འཇུག་ཅི་འདོད་དུ་ཐུབ་པའི་རྩལ་འབྱོངས་པ་དང་། ཕྱིའི་ལྷ་དང་མཁའ་འགྲོ་མཉེས་པས་གྲོགས་ཁྱད་པར་ཅན་བྱེད་པ་རྣམས་ཚར་ན། རླུང་དབུ་མར་ཞུགས་གནས་ཐིམ་ཚུལ་ཁྱད་པར་ཅན་མ་གྲུབ་ཀྱང་དེ་འབྱུང་ལ། གྲུབ་ཀྱང་དེ་རྣམས་མ་ཚང་ན་མི་ཡོང་ངོ་། །རླུང་སེམས་དང་རགས་ལུས་གཉིས། དབྱེར་བར་མིང་འདོགས་པ་ནི། རླུང་སེམས་

(༣༦༣)ཀྱི་ལུས་དེ་སངས་རྒྱས་ཀྱི་ཞིང་མང་པོར་འགྲོ་ནུས་པ་སོགས་ཀྱི་རྟགས་ཀྱིས་རགས་ལུས་དང་གོ་པ་ཐ་དད་པ་མི་རིགས་སོ། །འདིར་མཐའ་དཔྱོད་བྱེད་རྒྱུ་མང་དུ་ཡོད་མེད་རེ་ཞིག་དེ་ཙམ་མོ། །གསུམ་པ་ཟུང་འཇུག་བཤད་པ་ལ། རྒྱུ་མངོན་པར་བྱང་ཆུབ་པ། འབྲས་བུ་ཟུང་འཇུག་གི་རང་བཞིན་སྤང་གཉེན་དང་པ་མཚམས་ཅུང་ཟད་བཤད་པའོ། །དང་པོ་ལ་རྟེན་དང་། ངོ་བོ་དང་། འཇུག་ཚུལ་དང་། དམིགས་གསལ་བཤད་པའོ། །དང་པོ་ནི། མ་དག་པའི་སྒྱུ་ལུས་དེ་ཉིད་དོ། །གཉིས་པ་ནི། རང་བཞིན་བརྒྱད་ཅུའི་ས་བོན་སྤོང་བའི་ཡེ་ཤེས་མཐོང་བའི་ལམ་གྱིས་བདག་ཉིད་ཆོས་ཉིད་མ་མཐོང་བ་གསར་དུ་མཐོང་བ་གཉིས་སྣང་འགགས་པའི་ཡེ་ཤེས་སོ། །འདིའི་ཕྱོགས་མཐུན་ནི་དཔེའི་འོད་གསལ་གཉིས་སྣང་རགས་པ་ཅི་རིགས་ནུས་པ་ཐམས་ཅད་དེ། འདི་ཙམ་ཤར་བ་ལ་མངོན་པར་བྱང་ཆུབ་པའི་རིམ་པའི་ངོ་སྤྲོད་བྱེད་པ་ལ། དེ་འདྲ་མངོན་པར་བྱང་ཆུབ་པའི་རིམ་པ་མ་ཡིན་པའི་རྒྱུ་མཚན་མང་པོ་བཤད་ནས་དགག་པ་བྱེད་མདོ་ཀྱི་ཕྱོགས་སྔ་མ་ལོངས་ཤིག །སྔ་མའི་རྗེས་འབྲང་འགའ་ཞིག་ཀྱང་བླ་མ་དམ་པའི་མན་ངག་མེད་པར། དེ་མངོན་པར་བྱང་ཆུབ་པའི་

(༣༦༤)རིམ་པ་ཡིན་པའི་རྒྱུ་མཚན་ལྟར་སྣང་མང་པོ་འཆད་པར་བྱེད་དོ། །དེས་ཀྱང་སྔ་མའི་དགོངས་པ་མ་བསྐང་ཏེ། དཔེར་ན་སངས་རྒྱས་ཀྱི་སྐུ་མཐོང་བ་ལ། བྲིས་སྐུ་ལ་སོགས་པ་བསྟན་ཏེ་སངས་རྒྱས་ཀྱི་སྐུའི་རྣམ་པ་མཐུན་པར་ངོ་སྤྲད་ནས་འདི་ལྟར་བསྒོམ་ཤིག་ཅེས་ཟེར་བ་ལྟ་བུ་ཡིན་གྱིས་ད་ཁྱོད་ཀྱི་མཐོང་ལམ་ཐོབ་བོ་ཞེས་བརྫུན་གྱིས་བསླུ་བར་ནི་སྔོན་ནས་ད་ལྟའི་བར་དུ་ངོ་སྤྲོད་ཟབ་མོའི་གདམས་ངག་ཅན་རྣམས་མི་མཛད་དོ། །དེས་ན་སེམས་ཆོས་ཀྱི་སྐུར་ངོ་སྤྲོད་པ་ཞེས་བྱ་བའི་བྱིན་རླབས་འཕོ་བའི་མན་ངག་ཟབ་མོ་ཀུན་ལ་བློར་མ་ཤོང་བ་མི་དགོས་སོ། །གསུམ་པ་ལ། མཚོན་བྱེད་ཀྱི་ཚུལ་དུ་རྣལ་འབྱོར་རྒྱུད་ཀྱི་མངོན་བྱད་ལྔའི་རྣམ་བཞག་ཀྱང་ལེགས་པར་ཤེས་པར་བྱའོ། །འདིར་ནི། གསང་བ་འདུས་པ་དང་། རྡོ་རྗེ་གུར་གཉིས་ལས་དགོངས་པ་གཅིག་དང་དབྱངས་གཅིག་གིས། རྡོ་རྗེ་ཉི་མ་ནུབ་ནས་ནི། སྒྲུབ་པ་ཀུན་དུ་བཙམ་པར་བྱ། སྐྱ་རེངས་འཆར་བའི་དུས་སུ་ནི། བསྒོམ་པ་མཆོག་ནི་འགྲུབ་པར་འགྱུར། ཅེས་གསུངས་པས། འདི་ལ་ནང་གི་མངོན་བྱང་དང་། ཕྱིའི་མངོན་བྱང་གཉིས་ལས། ཕྱི་མ་ནི་ནུབ་སྔ་མ་ཟླ་

(༣༦༥)འོད་སྣང་བའི་ཚེ་སྣང་བའི་ཡེ་ཤེས་ཉིད་གཙོ་བོར་བསྒོམ། དེ་ནས་ཉིན་མོར་བབ་པ་ན་མཆེད་པ་ཉིད་བསྒོམ། ཉི་མ་ནུབ་པ་ན་ཐོབ་པ་བསྒོམ་པས་སྐྱ་རེངས་འཆར་བའི་དུས་སུ་དོན་གྱི་འོད་གསལ་མངོན་པར་བྱང་ཆུབ་པ་མངོན་དུ་བྱེད་དེ། ནང་གི་ཏིང་ངེ་འཛིན་དང་རྣམ་པ་འདྲ་བའི་ཕྱིའི་དུས་ཀྱི་ཁྱད་པར་ཡིན་ཏེ། དེས་ན་ཕྱིའི་མངོན་བྱད་ཞེས་བྱ། ནང་གི་མངོན་བྱང་ནི་དུས་ཀྱི་ཁྱད་པར་སྔ་མ་དེ་ཉིད་ཀྱི་ཉི་མ་དམར་ཐག་ཆད་པ་ན་ཚོགས་ཀྱི་མཆོད་པ་སོགས་སྔོན་དུ་འགྲོ་བས་རིག་མ་དང་ལྷན་ཅིག་སློབ་དཔོན་ལ་གསོལ་བར་འདེབས་པར་གནས་པ་ལ། སློབ་དཔོན་གྱི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་སྦྱིན་ཏེ། དེའི་ཡེ་ཤེས་ལ་མངོན་པར་བྱང་ཆུབ་པའི་རིམ་པར་ངོ་སྤྲོད་པའི་གདམས་ངག་སྟོན་པ་ནི་དབང་བཞི་པ་སྟེ། དེ་ཉིད་ཀྱི་རྒྱུན་གོམ་པས་ཐོ་རངས་ཀྱི་དུས་སུ་མངོན་པར་བྱང་ཆུབ་པར་མཐོང་ལམ་མངོན་དུ་བྱེད་དོ། །འདི་ནི་རྣལ་འབྱོར་ཕ་མའི་རྒྱུད་གཉིས་ཅར་ལས་བཤད་མ་རྒྱུད་ལ་མཁས་པའི་གྲུབ་ཆེན་རྣམས་ཀྱིས་བཤད་པ་ནི། དབང་བསྐུར་བ་དེའི་ཚེ་ཤེས་རབ་མ་དང་སྦྱར་བས་དཀར་ཆ་ཞུ་བའི་བདེ་ཆེན་གྱི་སྟོང་ཉིད་གཟིགས་པ་མཐར་

(༣༦༦)ཐུག་པ་ཟླ་བ་ལས་བྱང་ཆུབ་པ། ཤེས་རབ་མའི་དམར་ཆ་དང་ལྷན་ཅིག་དྲངས་པས་རྟེན་ཅིག་ལྷག་པའི་ཁྱད་པར་གྱིས་བདེ་སྟོང་དབྱེར་མེད་མཐར་ཐུག་པ་ཉི་མ་ལས་བྱང་ཆུབ་པ་དེ་སྤྱི་བོ་ནས་ཐིམ་སྐུ་ཐམས་ཅད་གང་བའི་བདེ་སྟོང་གིས་དྲི་མས་གདོད་ནས་སྟོང་པར་མཁྱེན་པ་མཐར་ཐུག་པ་ཕྱག་མཚན་ལས་བྱང་ཆུབ་པ་དེ་ལས་ཆོས་ཐམས་ཅད་ཡུལ་ཡུལ་ཅན་དབྱེར་མེད་གཟིགས་པ་མཐར་ཐུག་པ་གཅིག་ཏུ་གྱུར་པ་ལས་བྱང་ཆུབ་པ། དེ་ཉིད་ལས་ཐུགས་ཆོས་སྐུ་དང་སྐུ་ལོངས་སྐུ་སོགས་སུ་གྱུར་པ་སྐུ་ཡོངས་རྫོགས་ལས་བྱང་ཆུབ་པའོ། །མཐོང་ལམ་ཐོབ་པའི་སྐབས་དང་སྦྱོར་ན། གཟིགས་པ་མཐར་ཐུག་པ་ཡིན་མིན་གྱི་ཁྱད་པར་དུང་སྐུ་གཉིས་ཐོབ་པའི་དོད་དུ་ཟུང་འཇུག་འགྲུབ་པའོ། །འཚང་རྒྱའི་དུས་ཀྱི་བྱང་ཆུབ་སེམས་དཀར་དམར་ནི་ཡེ་ཤེས་ཀྱི་རང་འོད་ཀྱི་ཐིག་ལེ་ཡིན་ལ། མཐོང་ལམ་གྱི་དེ་སྐབས་ཕལ་ཆེར་ཐིག་ལེ་འབྱུང་ཁམས་ཡིན་པར་ལས། དེའི་འགྲོ་འོང་གིས་འབྱུང་ལུས་ངེས་པར་གནས་འགྱུར་བ་ཡིན་ལ། རིམ་པ་འདི་འདུས་པ་ལས་གསར་བར་མ་བཤད་མདོ། རྒྱུད་ནི་རྒྱུད་གཞན་གྱིས་ཤེས་པའི་རིགས་པས་མ་རྒྱུད་ལུགས་ཀྱི་མངོན་

(༣༦༧)བྱང་ཞིབ་མོ་འདི། དེ་ཡང་སྦྱར་ན་ལེགས་སོ། །དཔེའི་འོད་གསལ་མཐར་ཐུག་གི་སྐབས་སུ་ཡང་འདི་བཞིན་དུ་ངོ་སྤྲད་ན་ཤིན་ཏུ་བཟང་ལ། འོད་གསལ་གྱི་རྟོགས་པ་ཅི་རིགས་སྐྱེས་ནའང་ཕྱོགས་མཐུན་འོང་ངོ་། །འཚང་རྒྱ་ཁའི་སྐབས་ཀྱི་ཉེ་རྒྱུ་སྤྱོད་པ་ལ་གནས་པའི་ཐ་མར་འདི་ལྟ་བུ་ལ་བརྟེན་ནས་འཚང་རྒྱ་བ་ཡིན་ཏེ། མིའི་རྟེན་ཅན་གྱི་བླ་མ་མི་བཞུགས་ཀྱང་མངོན་པར་བྱང་ཆུབ་པའི་སྐབས་འདིར་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བར་མཛད་པས་ངེས་པར་དབང་ལ་ལྟོས་སོ། །བཞི་པ་ནི། རྣལ་འབྱོར་རྒྱུད་ལས། ཕ་རོལ་དུ་ཕྱིན་པའི་ལམ་གྱི་ས་བཅུ་པ་སྐྱེ་བ་ཐ་མ་པ་ཚུན་ཆད་བགྲོད་ཀྱང་། མཐར་སྔགས་ཀྱི་མངོན་བྱང་ལྔའི་ལམ་ལ་ངེས་པར་ལྟོས་དགོས་པར་གསུངས་སོ། །རྣལ་འབྱོར་བླ་ན་མེད་པ་འདིར་ཡང་ཕལ་ཆེར་དེ་དང་མཚུངས་ཏེ། དགོངས་པ་བླ་ན་མེད་པའི་གཞུང་ལས། ཤཱཀྱ་ཐུབ་པ་དེ་བཞིན་གཤེགས། མངོན་པར་བྱང་ཆུབ་འདི་བཞེད་ནས། སྟོང་པ་ཆེན་པོའི་སངས་རྒྱས་ཉིད། ཐོབ་པར་བྱ་ཞེས་མངོན་པར་དགོངས། ནཻ་རཉྫ་ནའི་ཆུ་འགྲམ་དུ། མི་གཡོའི་ཏིང་ངེ་འཛིན་ལ་བཞུགས། དེ་ཚེ་རྒྱལ་བ་མཁའ་རྡོ་རྗེ། ཏིལ་གྱི་གང་བུ་

(༣༦༨)གང་བཞིན་བཞུགས། རྒྱལ་བའི་སྲས་ལ་སེ་གོལ་དང་། དེ་ལ་དབྱངས་གཅིག་གིས་བསྐུལ་བ། བསམ་གཏན་འདི་ནི་རྣམ་དག་མིན། འདིས་ནི་མཐར་ཐུག་མི་ཐོབ་སྟེ། ནམ་མཁའ་དབྱིངས་ལྟར་རྣམ་དག་པ། འོད་གསལ་བ་ནི་དེ་དམིགས་ཤིག །འོད་གསལ་བ་ཡི་གནས་ཐོབ་ནས། རབ་དགའི་གཟུགས་སུ་སྐྱེ་བར་འགྱུར། དེ་ཚེ་རང་དགའ་རྡོ་རྗེའི་སྐུ། ཀུན་གྱི་དབང་ཕྱུག་ཐོབ་པར་འགྱུར། དེ་ལྟར་སྒྲ་དེ་གསན་པ་དང་། དེ་ནས་ཏིང་འཛིན་མི་གཡོ་བཏང་། འདི་ལྟར་ནེ་ཕྱེད་དུས་སུ་ནི། རྒྱལ་བའི་སྲས་ཀྱི་དེ་ཉིད་དམིགས། ཅེས་གསུངས་ཏེ། འདི་ལ་སྔགས་ལ་འཇུག་པའི་ཡ་མཐའ་ས་བཅུ་པ་ཐོབ་པའི་རྗེས་སུ་ཡིན་ལ། འོན་ཀྱང་རྒྱུན་མཐའི་ཡེ་ཤེས་ཁྱད་པར་ཅན་གྱི། སྔགས་ཀྱི་ལམ་ལ་མ་ཞུགས་པས་མི་ཐོབ་སྟེ། དེ་ཉིད་ངེས་པའི་ཕྱིར་འོ་སྐོལ་གྱི་སྟོན་པ་བཅོམ་ལྡན་འདས་ལ་རྣམ་གསལ་གྱི་དཔེར་སྦྱར་བ་ཡིན་ཏེ། སློབ་དཔོན་དེ་དག་ངེས་དོན་དུ། བཅོམ་ལྡན་འདས་སྤྲུལ་པའི་སྐུ་མ་ཡིན་པར་དུས་དེའི་ཚེ་དེ་ལྟར་སངས་རྒྱས་པ་ཁོ་ནར་བཞེད་པ་ནི་མ་ཡིན་ནོ། །སྔགས་ལུགས་ཀྱི་དྲངས་དོན་དུ་དེ་ལྟར་ཚུལ་བསྟན་པ་ཡིན་ནོ། །ཞེས་པ་མི་

(༣༦༩)འགལ་ཏེ། དེ་སྐད་དུ་ཡང་། མི་གཡོ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། འཇིག་རྟེན་བྱ་བ་ངན་ཞིག་ཕྱིར། ལྷ་མོ་སྒྱུ་འཕྲུལ་སྲས་མཁས་པས། སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡི། ཁབ་རྣམས་དོར་ནས་སླར་ཡང་ནི། ནཻ་རཉྫ་ནའི་འགྲམ་གཤེགས་ཏེ། བདུད་ལས་རྒྱལ་ནས་སངས་རྒྱས་སུ། །གྲུབ་སྟེ་སྟོན་པ་པོ་སྟོན་པ། དམ་པའི་དོན་དུ་མིན་པ་ཉིད། གང་ལས་པ་མཚོར་བཅས་པ་ཡི། བདེ་ལྡན་གྲོངས་སུ་སངས་རྒྱས་འགྲུབ། རྡོ་རྗེ་པདྨ་མཉམ་སྦྱོར་བ། གང་ལས་དམ་པའི་བདེ་བ་ཐོབ། བདེ་བས་བྱང་ཆུབ་ཐོབ་འགྱུར་ཏེ། ཅེས་ཁབ་ཏུ་སྤྱོད་པ་སྤྱད་པས་མངོན་པར་རྫོགས་པར་སངས་རྒྱས་ཟིན་ཀྱང་། བློ་དམན་ཆགས་བྲལ་རྣམས་རྗེས་སུ་བཟུང་བའི་དོན་དུ། རབ་ཏུ་བྱུང་ནས་དཀའ་བ་སྤྱད་དེ་སངས་རྒྱས་པའི་ཚུལ་བསྟན་པ་ཡིན་ནོ། །ཞེས་འཚངས་རྒྱ་བ་ལ་ངེས་པར་སྤྱོད་པ་སྤྱོད་དགོས་པའི་དཔེར་བསྟན་པ་དང་འདྲ་སྟེ། གཞན་ཏུ་རྒྱུད་དེ་ཉིད་ལས་ཀྱང་མངོན་པར་བྱང་ཆུབ་པའི་ཐོག་མར་མེད་པའི་བསྟན་པ་ཡང་གསལ་ལོ། །ཀུན་རྫོབ་ཏུ་དེ་ཙམ་ཁས་བླངས་སུ་ཡང་རུང་བས། སྔགས་ལུགས་ལ་དྲངས་དོན་དུ་སྟོན་

(༣༧༠)པ་འཚངས་རྒྱ་ཚུལ་གྱི་རྣམ་བཞག་མི་འདྲ་བ་གཉིས་བྱུང་ངོ་། །གཞན་ཡང་ཉེ་རྒྱུའི་དབང་འདི་ནི་སྤྱོད་པ་ཉིད་ཡིན་པས་སྤྱོད་པའི་དོད་ཙམ་ཡིན་གྱི་དེ་དངོས་མ་ཡིན་ནོ་སྙམ་དུ་མི་བསམ་མོ། །སྙིང་པོའི་བསྡུས་དོན་ནི། །ས་བཅུ་མན་ཆད་ཕ་རོལ་དུ་ཕྱིན་པའི་ལམ་གྱིས་བགྲོད་པ་ལ་སངས་རྒྱས་རྣམས་ཀྱིས་དཀྱིལ་འཁོར་ཐམས་ཅད་དུ་དབང་ཐམས་ཅད་ཅིག་ཅར་བསྐུར་ཏེ། བསྐྱེད་རིམ་ནས་སྒྱུ་ལུས་ཀྱི་བར་གྱི་རྟོགས་པ་གཅིག་ཅར་དུ་སྐྱེས་ནས། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་འོད་གསལ་མངོན་དུ་བྱས་ནས་འོད་གསལ་དེ་ཉིད་ལ་མངོན་བྱང་དང་པོ་བཞིའི་རིམ་པ་ནི་རྒྱུན་མཐའི་ཡེ་ཤེས་ཡིན་ལ། དེ་ལས་ལངས་པ་ན་ཟུང་འཇུག་གི་སྐུ་འགྲུབ་པ་ནི། མངོན་བྱང་ལྔ་པ་སྟེ་སངས་རྒྱས་ཐོབ་པའོ། །སྒྱུ་ལུས་ཐོབ་པའི་འོག་མ་རྣམས་ཀྱི་རྟོགས་པ་གཅིག་ཅར་མངོན་དུ་གྱུར་པའི་རྒྱུ་མཚན་ནི། རིམ་ལྔ་ལས། དང་པོའི་ལས་ཀྱི་སྦྱོར་བ་ཡིས། ས་བརྒྱད་པ་ནི་ཐོབ་པར་འགྱུར། སྣང་བ་གསུམ་པོ་ཐོབ་པ་དག །ས་བཅུ་ལ་ནི་རབ་ཏུ་གནས། ཞེས་སོགས་སེམས་དབེན་གྱི་བར་གྱི་རྟོགས་པའི་དོད་

(༣༧༡)རྣམས་སྐྱེས་ཟིན་པས་སྒྱུ་ལུས་ནས་ཞུགས་པས་ཆོག་པ་ཡིན་པས། བསྐྱེད་རིམ་ནས་སེམས་དབེན་བར་གྱི་རྟོགས་པའི་ཁྱད་པར་ཐུན་མོང་མ་ཡིན་པར་ཅུང་ཟད་ཡོད་པ་རྣམས་སྒྱུ་ལུས་ཐོབ་པའི་ཚེ་ཞོར་ལ་ཐོབ་པ་ཡིན་ནོ། །ཁ་གཅིག་མཚན་དཔེ་རྗེས་མཐུན་པའི་སྐུ་པ་དང་པོ་ནས་ཀྱང་འཐོབ་པའི་རྒྱུན་ཡོད་པས་སྒྱུ་ལུས་ཀྱི་ཚབ་དེས་ཆོག་ལ། འོད་གསལ་གྱི་གདམས་ངག་མ་གཏོག་མ་བཤད་པས། འདིར་འོད་གསལ་ནས་འཇུག་པ་ཡིན་ཏེ། དེ་ཡང་མདོ་ལུགས་ཀྱི་ལམ་དེར་ནས་ཞུགས་པ་ནི་མ་ཡིན་གྱི། དེ་ལ་སྔགས་ཀྱི་ལམ་བསྣོན་པའོ་ཅེས་ཟེར་ལ། གཞན་ཁ་ཅིག་ནི། ས་བཅུ་པ་ལས་ཀྱི་ཕྱག་རྒྱའི་དབང་བསྐུར་བ་མི་འཐད་ཅེས་ཟེར་རོ། །དེ་དག་ཡང་དག་པ་མ་ཡིན་ཏེ། འོད་གསལ་བཏོགས་མ་བཤད་ཅེས་པ་གཞུང་གི་དངོས་བསྟན་ལ་བསམ་ན། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཡང་མ་བཤད་པས་དབུ་མར་དེ་ཡང་མི་དགོས་པར་འགྱུར་རོ། །གོང་དུ་མངོན་པར་བྱང་ཆུབ་པའི་རིམ་པ་ལ་དབང་དེ་དགོས་པས་བཤད་པས་དེ་སྦྱོར་རོ་སྙམ་ན། དེ་ལ་ཐུན་མོངས་གི་དབང་དགུ་ཡང་བསྐུར་དགོས་པར་འགྱུར་བ་ལ་ཁྱེད་འདི་ལྟར་མི་འདོད་དོ།

(༣༧༢)ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དུ་ཕྱག་ན་རྡོ་རྗེ་ལ་ཆུ་དབང་བསྐུར་བ་བཤད་པ་སོགས་ཇི་སྙེད་ཡོད་པས་དེ་དག་བསྐུར་བར་ག་ལ་འགལ། ཁོ་བོ་ཅག་ནི་དུས་དེར་དབུ་མར་བ་ཐམས་ཅད་ཀྱིས་དབང་བསྐུར་རོ། །ཞེས་འདོད་དོ། མཚན་དཔེ་རྗེས་མཐུན་དེས་སྒྱུ་ལུས་ཀྱི་དོད་ཐུབ་ན། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཀྱིས་ཀྱང་འོད་གསལ་གྱི་དོད་ཅིའི་ཕྱིར་མི་ཐུབ། སྟོང་པ་དེ་ལ་བདེ་ཆེན་མེད་པས་སོ་སྙམ་ན། སྐུ་དེ་ཡང་ཆགས་ཅན་གྱི་ལྷའི་རྣམ་པ་མ་ཡིན་པས་སོ། །དེས་ན་སྟོང་པ་ཆེན་པོའི་སངས་རྒྱས་ཉིད། ཅེས་དངོས་སུ་སྨོས་པས་སྟོང་པ་ཆེན་པོའམ། ཉེར་ཐོབ་ཀྱི་དོད་མདོ་ལུགས་ཀྱི་ལམ་གྱིས་ཐོབ་ཅིང་། དེ་ལས་གོང་མས་ཅུང་ཟད་ཀྱང་བཤད་པས། མཁས་པ་ཆེན་པོ་མགོས་ཁུག་པ་ལྷ་བཙས་ལ་སོགས་པ་བཞེད་པ་ལྟར། སྒྱུ་ལུས་ནས་འཇུག་པ་འདི་ཁོ་ན་འཐད་དོ། །ཡང་དེ་ཡན་ཆད་ན་མདོ་ལུགས་ཀྱིས་བགྲོད་ཐུབ་པའི་ལམ་ཡོད་ན་ནི། །སྔགས་ལ་འཇུག་པའི་ཡ་མཐའ་འདིར་བྱེད་པ་མི་འཐད་ལ། མེད་ན་ནི་མེད་པ་ལ་མི་འདོར་བར་ཉམས་སུ་ལེན་རྒྱུ་ལ་ཅི་ལྟར་འབྱུང་ཡང་ན་སྔགས་འདས་ཟིན་པའི་ལམ་

(༣༧༣)དེ་དག་སླར་ཡང་བསྒོམ་པར་བྱེད་དམ་ཅི། ས་བཅུ་པ་ལ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དབང་བསྐུར་བ་ནི་ཤིན་ཏུ་འཐད་དེ། སྟོན་པ་ལ་དེ་ལྟར་དབང་བསྐུར་བའི་ལུང་ཡོད་པར་མ་ཟད། ཀྱཻ་རྡོ་རྗེ་ལས་ཀྱང་། འབར་བའི་ཕྲེང་བ་འཁྲུགས་པ་ཡི། དཀྱིལ་འཁོར་རབ་ཏུ་གཞེང་ནས་ནི། རྡོ་རྗེ་སྙིང་པོ་རབ་སྦྱིན་ཕྱིར། ཏིལ་མཆོག་མ་ནི་བཀུག་པ་ཉིད། ཅེས་རྡོ་རྗེ་སྙིང་པོ་ཐིག་ལེ་མཆོག་མ་ལས་ཀྱི་ཕྱག་རྒྱར་གཏད་ནས་དབང་བསྐུར་བར་གསུང་པ་བཞིན་ནོ། །འདིར་ས་བཅུ་པ་ལ་འདོད་ཡོན་དོན་གཉེར་ཡོད་མེད་དང་གཉིས་སྦྱོར་གྱི་བདེ་བ་དང་། ཀུན་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཡོད་མེད་ལ་སོགས་པའི་དཔྱད་པ་མང་པོ་གཏོང་ཀྱང་བསམ་གྱིས་མི་ཁྱབ་པའི་གནས་ལ་མཐོ་འཚེམས་པར་མི་བྱ་སྟེ་གཞན་དུ་རྒྱས་པར་འཆད་དོ། །སྤྱིར་མངོན་པར་བྱང་ཆུབ་པའི་རིམ་པ་ནི། མཐོང་བའི་ལམ་ཐུན་མོང་མ་ཡིན་པའི་སྒྲུབ་ཐབས་དང་བཅས་ཡིན་ཀྱང་འདི་ནི་དམིགས་གསལ་ཡིན་ནོ། །གསང་སྔགས་ཁོ་ནའི་ལམ་གྱིས་བགྲོད་པ་ལ་ཡང་། ཉེ་རྒྱུའི་དབང་དེ་ནི་བསྐུར་མདོ་ཀྱི། ཟུང་འཇུག་ཡིན་པའི་ཕྱིར། མངོན་པར་བྱང་ཆུབ་པའི་རིམ་

(༣༧༤)པ་མི་བསྡུའོ། །གཞན་ཡང་བསམ་གཏན་གཉིས་ལས་རིལ་འཛིན་ནི་ཆབ་རོམ་གྱི་གོང་བུ་ཆུར་ཞུ་བ་ལྟར། ཕྱི་སྣང་བ་ཆེད་དུ་མ་བསྡུས་པར་རང་ལུས་འོད་གསལ་སྟོང་ཉིད་དུ་འཇུག་པ་སྟེ། རིམ་ལྔ་ལས། མགོ་བོ་ནས་ནི་རྐང་པའི་བར། ཇི་སྲིད་སྙིང་གར་ཕྱིན་པའི་བར། རྣལ་འབྱོར་ཡང་དག་མཐའ་ལ་འཇུག །རིལ་པོར་འཛིན་པ་ཞེས་བཤད་དོ། །འདི་གང་ཟག་གི་བདག་མེད་དང་མཐུན་ཅིང་། རྗེས་གཞིག་གི་སྔོན་ལ་སྣང་བ་ཐམས་ཅད་བསྡུས། དེ་ནས་རང་ཡང་འཇུག་པ་ཆོས་ཐམས་ཅད་མེ་ལོང་གི་དབུགས་ཡལ་བ་དང་མཚུངས་པ་སྟེ། རྒྱུ་བ་དང་ནི་མི་རྒྱུ་ཉིད། དང་པོར་འོད་གསལ་བར་བྱས་ཏེ། ཕྱི་ནས་དེ་བཞིན་བདག་ཉིད་བྱེད། རྗེས་སུ་གཞིག་པའི་རིམ་པ་ཡིན། འདི་ཆོས་ཀྱི་བདག་མེད་དང་རྣམ་པར་མཐུན་གསུངས། དེ་ལ་རིལ་པོ་ཕུང་པོ་ལྔ། དེ་འོད་གསལ་དུ་ཞུགས་པ་འཛིན་པ་སྟེ། ཉི་མ་གཟས་འཛིན་ཞེས་པ་ལྟ་བུ་དང་། རྗེས་སུ་ནི་ཤིན་ཏུའི་དོན་ཏེ་སྣང་བ་ཐམས་ཅད་སྟོང་པར་གཞིག་པས་ཤིན་ཏུ་གཞིག་པའི་རྒྱ་ཆེར་གཞིག་པའོ། །འོད་གསལ་མངོན་པར་བྱང་ཆུབ་པ་ལ་སྤྱོད་བསྡུས་སུ་མིང་གི་རྣམ་གྲངས་

(༣༧༥)

(༣༧༦)

(༣༧༧)དགུ་བཅུ་གོ་དྲུག་ཙམ་བཤད་ལ། རེ་རེ་ལ་གོ་བ་རེ་ཤར་ན་ངེས་པ་མཆོག་སྟེར་བར་བྱེད་དེ། མངོན་པར་བྱང་ཆུབ་པའི་རིམ་པ་འདི་སྟོང་ཕྱོགས་དངོས་ཡིན་ཀྱང་ཟུང་འཇུག་གི་དངོས་རྒྱུ་ཡིན་པས་འདིར་སྨོས་སོ། །དེས་ན་བཤད་པས་གྲུབ་པའི་དོན་ནི། མ་དག་པའི་སྒྱུ་ལུས་གྲུབ་ནས། སྤྱོད་པ་གསུམ་གང་རུང་ལ་བརྟེན་ཏེ་རིལ་འཛིན་དང་རྗེས་གཞིག་སྟེ་བསམ་གཏན་གཉིས་ཀྱི་དབྱེ་བས་ཆོས་ཐམས་ཅད་སྟོང་པར་བཅུག་སྟེ་འོད་གསལ་ཡང་ངང་བསྒོམ་པས་གང་དུ་བཤད་པའི་མངོན་བྱང་གཉིས་ཚངས་བར་བྱས་ཏེ་མཐོང་བའི་ལམ་རྒྱུད་ལ་སྐྱེས་པ་ན་དོན་གྱི་འོད་གསལ་ཐོབ་པ་ཞེས་བྱ་སྟེ། གཉིས་སྣང་ཅན་གྱི་སྐུ་དེ་སྟོང་པར་དངོས་སུ་དག་པར་འགྱུར་རོ། །དེ་ལས་ལངས་པ་ན་ཟུང་འཇུག་གི་སྐུ་འགྲུབ་སྟེ། གཉིས་པ་ལ་ཟུང་འཇུག་འགྲུབ་ཚུལ་དང་། ཟུང་འཇུག་གི་ངོ་བོ་ལ་དཔྱད་པ་དང་། ཡན་ལག་རྣམས་ངོས་བཟུང་བའོ། དང་པོ་ནི། འོད་གསལ་ལས་ལངས་མ་ཐག་ཏུ་སྣང་བ་ཐོབ་པ་དང་། སྣང་བ་མཆེད་པ་དང་། སྣང་བ་རྣམས་ལུགས་ལྡོག་ཏུ་འབྱུང་སྟེ། དེའི་མཐར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་སློབ་

(༣༧༨)པའི་ཟུང་འཇུག་ཐོབ་པ་ཡིན་ལ། སླར་ཡང་སྤྱོད་པ་ལ་བརྟེན་ཏེ་ཐུགས་འོད་གསལ་དུ་འཇུག་ལྡང་ཡང་ངང་བྱེད་པའི་མཉམ་རྗེས་ཐ་དད་ཙམ་ཡོད་མདོ། རྣམ་པར་ཐམས་ཅད་དུ་ཐུགས་བདེ་སྟོང་ཡེ་ཤེས་དང་མ་བྲལ་བ་དང་སྐུ་རྒྱུན་མི་འཆད་པར་ཡོད་པས་སམ། ཡང་ན་ཟུང་འཇུག་གི་དོན་ནི་གཉིས་མེད་ཡིན་པས། གཟུང་འཛིན་གཉིས་སྣང་རགས་པའི་རྣམ་རྟོག་འགགས་པས་ཀྱང་ཟུང་འཇུག་ཅེས་བྱའོ། །རྒྱུ་མཐོང་ལམ་གྱི་དུས་སུ་ཆུ་ལ་ཐིམ་པའི་རྟགས་སྨིག་སྒྱུ་ནས། ཐོབ་པ་འོད་གསལ་ཐིམ་པའི་རྟགས་ནམ་མཁའ་སྤྲིན་མེད་པ་ལ་སྐྱ་རེངས་ཤར་བ་དང་འདྲ་བར་གསལ་སྟོང་གཉིས་སུ་མེད་པའི་བར་དུ་ལུགས་འབྱུང་གི་རིམ་པས་འཆར་ལ། ལངས་པ་ན་ཡང་ལུགས་ཟློག་གི་རིམ་པས་འབར་སྣང་རྣམས་འབྱུང་སྟེ། ཟུང་འཇུག་ཐོབ་ནས་ཀྱང་འོད་གསལ་དུ་ལྡང་འཇུག་ལ་འདི་རྣམས་འབྱུང་ངོ་། །དཔེའི་འོད་གསལ་ཉེར་ཐོབ་བཞི་པའི་སྐབས་སུ་ནམ་མཁའ་དྭངས་པ་ལྟ་བུའི་མཐོང་སྣང་ཡང་འབྱུང་མདོ་དོན་གྱི་འོད་གསལ་ཐོབ་ཕན་ཆད་གསལ་འགྲོ་བ་དང་གཡོ་འགྱུར་མེད་པ་སྤྲོས་བྲལ་གསལ་སྟོང་གི་དཔེར་སྦྱར་བ་མ་གཏོགས་ནམ་མཁའི་མཐོང་སྣང་རང་ལ་ཆེད་ཀྱི་མི་སྦྱོར་

(༣༧༩)ཏེ། ཡེ་ཤེས་ཀྱི་སྣང་བ་འགགས་པ་མེད་པ་ནི་མཐའ་ཡས་འབྱུང་བས་སོ། །ས་བདུན་པའི་ཐ་མར་འོད་གསལ་དུ་ཞུགས་ནས་བརྒྱད་པར་འགྱུར་ཏེ། དེ་ནས་འོད་གསལ་ལས་ལྡན་པར་མི་སྲིད་དོ། །གཉིས་པ་ནི། བླ་མ་ཕྱི་རབ་པ་རྣམས། རིམ་ལྔ་ལས། གཟུགས་ཅན་འོད་ཟེར་དེ་དང་དེ། རྣམ་ཤེས་རླུང་དང་ལྡན་པ་ཡི། བདག་བྱིན་རླབས་པའི་རིམ་གྱིས་ཀྱང་། སེམས་ཅན་དོན་དུའང་ལན་འགའ་འབྱུང་། ཇི་ལྟར་དངས་པའི་ཆུ་ཀླུང་ལས། ཉ་དག་མྱུར་དུ་ལྡང་བ་ལྟར། དེ་བཞིན་ཐམས་ཅད་སྟོང་གསལ་ལས། སྒྱུ་འཕྲུལ་དྲ་བ་འབྱུང་བར་འགྱུར། ཅེས་པའི་དོན་དུ་བསམ་ནས། འོད་གསལ་ནས་ལངས་པ་དང་། སྣང་བ་ཐོབ་པ་འཆར་བའི་མགོ་དང་། ཟུང་འཇུག་འགྲུབ་པ་གསུམ་དུས་མཉམ་དུ་མཛད་ཀྱང་། ཆུ་ཀླུང་ནས་ཉ་ལྡང་བའི་དཔེ་ཙམ་གྱིས་དེར་མི་འགྲུབ་ཅིང་། སེམས་ཅན་དོན་དུ་ལན་འགའ་འབྱུང་། ཞེས་པས་ཐུགས་འོད་གསལ་ལྡང་བ་ན་སྒྱུ་འཕྲུལ་དྲ་བའི་ཚུལ་སྣང་བ་ལན་མང་དུ་འབྱུང་བར་གསལ་གྱི། ཁྱེད་ཀྱི་ལུགས་ལྟར་ན་ལན་གཅིག་འབྱུང་ཅེས་པ་དགོས་པ་ལས་དེ་མི་སྣང་ངོ་། །ཀུན་རྫོབ་དང་ནི་དོན་དམ་གཉིས། སོ་སོའི་ཆ་ནི་ཤེས་གྱུར་

(༣༨༠)ནས། གང་དུ་ཡང་དག་འདྲེས་གྱུར་པ། ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་དང་། དེ་ཉིད་ཤེས་པས་རིམ་པ་བཞིན། རང་བྱིན་རླབས་དང་འོད་གསལ་ཤེས། དེ་དག་ཁོ་ན་བསྡུས་པ་གང་། འདི་ནི་ཟུང་འཇུག་རིམ་པའོ། ཅེས་དེ་གཉིས་ཀས་སྐུ་དང་ཡེ་ཤེས་ཟུང་འཇུག་སྟོན་ཅེས་པ་དང་། དེ་ནི་ཟུང་འཇུག་གི་སྐུ་འགྲུབ་པའི་རྗེས་སུ་སླར་འོད་གསལ་དུ་ཞུགས་པ་ནས་འཇོག །ཟུང་འཇུག་གི་སྐུ་འགྲུབ་ཙམ་ནི་དེ་མ་ཡིན་ཏེ། ཐུགས་འོད་གསལ་ལས་ལངས་བའི་ཕྱིར་རོ། །དེས་ན་འདི་ནི་གང་ཟག་དང་ཆོས་ལ་བདེན་འཛིན་སྤངས་པས་ཟུང་འཇུག་ཙམ་པོ་ནི་ཡིན་ཏེ། གཉིས་མིན་གྱིས་དོན་ཚང་བའི་ཕྱིར། རིམ་ལྔ་ལས། གང་དུ་གང་ཟག་བདག་མེད་དང་། ཆོས་ལ་དག་མེད་པ་དག་གི །རྟོག་པ་གཉིས་ལས་རྣམ་གྲོལ་བ། ཟུང་དུ་འཇུག་པའི་མཚན་ཉིད་དོ། །ཅེས་གསུངས་པས་སོ། །ཅེས་པ་དང་། འཆི་བ་ལས་ལངས་པ་དང་། བར་དོ་གྲུབ་པ་དུས་མཉམ་ཡིན། དཔེའི་འོད་གསལ་དང་སྒྱུ་ལུས་ཀྱང་དེ་དང་འདྲ། དག་པའི་སྒྱུ་ལུས་རགས་པའི་ལུས་ལ་འཇུག་པ་ཡོད་པས། ཟུང་འཇུག་ལ་ཡང་དེ་གཉིས་ཡོངས་སུ་

(༣༨༡)དགོས་ཤིང་། ཟུང་འཇུག་ཡེ་ཤེས་ཀྱི་སྐུ་དེ་ཕལ་པས་མི་མཐོང་ཡང་རྟེན་ཤ་ཁྲག་གི་སྐུ་ནི་མཐོང་སྟེ། འཕགས་པ་ཀླུ་སྒྲུབ་བཞིན་གསུང་ངོ་། །དེ་དག་ནི་མི་རིགས་ཏེ་ཚིག་བཅད་གཉིས་ཀས་དོན་གཅིག་པུ་དེ་ལས་མི་སྟོན་ཟློས་པར་སོང་ཞིང་། བདག་མེད་གཉིས་རྟོགས་པ་ཙམ་ལ་ཟུང་འཇུག་གི་ཐ་སྙད་འཇུག་ན། ཐལ་འགྱུར་བའི་ལུགས་སུ་འདོད་སྣང་བ་ཉན་ཐོས་འཕགས་པ་ཡང་དེ་ཐལ་བ་དང་། ལུང་དེ་ཡང་བདག་མེད་གཉིས་ཀྱི་འཛིན་པ་དང་བྲལ་བར་སྟོན་པ་ཙམ་མོ། །ཟུང་འཇུག་ཉེར་གསུམ་པོ་རྣམས་ཟུང་འཇུག་གཅིག་གིས་མཚན་ཉིད་སྟོན་བྱེད་ཡིན་གྱི། འཇོག་མཚམས་མི་འདྲ་བ་རེ་རེ་ཡིན་ན། སོ་སོ་སྐྱེ་བོའི་ཟུང་འཇུག་ཀྱང་མང་དུ་འཆད་དགོས་པར་འགྱུར་བ་དང་། དེ་ལྟར་ན་སློབ་དཔོན་ཀླུ་སྒྲུབ་གཞུང་རྩམ་པ་ལ་མི་མཁས་པར་སོང་ཏེ། རིམ་པ་ལྔ་པ་གཏན་ལ་འབེབ་དགོས་རྒྱུའི་སྐབས་སུ་གཞན་རྣམས་ཆེ་ཐང་དུ་བཤད་པའི་ཕྱིར་རོ། །སྤྱིར་བདེན་པ་གཉིས་སྒྱུ་ལུས་འོད་གསལ་གཉིས་ལ་འཇུག་པ་ནི་ཤིན་ཏུ་མང་མདོ་ཀྱི། འདི་ནི་ཐུན་མོངས་ཀྱི་བདེན་གཉིས་ཉིད་ཡིན་པར་ཤེས་པར་བྱའོ། །བར་དོ་དང་མ་མཐུན་

(༣༨༢)པས་སྐྱོན་དུ་མི་འགྲོ་ཞིང་། མ་དག་པའི་སྒྱུ་ལུས་ཀྱི་རིགས་འགྲོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ལ་སྦྱར་བས་ཤིན་ཏུ་ནོངས་ཤིང་། སྤྱོད་བསྡུས་ལས་ཀྱང་། ཇི་ལྟར་རྒྱལ་པོ་ཨིནྡྲ་བྷུ་ཏི་དང་འབྲལ་བར་ཕུང་པོའི་ཁ་དོག་པ་བརྗེས་ཏེ་རྡོ་རྗེའི་ལུས་སུ་གྱུར་ནས། བཙུན་མོའི་མཆོག་རྣམས་དང་ལྷན་གཅིག་མི་སྣང་བར་གྱུར་ཏེ། ཡོན་ཏན་བརྒྱད་དང་ལྡན་པ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། ཞེས་སྤྲོས་བཅས་ཀྱི་སྤྱོད་པས་ཟུང་འཇུག་གི་སྐུ་འགྲུབ་སྟེ་ཐ་མལ་པའི་ལུས་གནས་གྱུར་ནས། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུའི་ངོ་བོ་ལ་ཐིམ་པས་ཕུང་པོའི་ཁ་དོག་པ་བརྗེས་པ་དང་མི་སྣང་བར་བཤད་པ་ཡིན་ལ། ཀླུ་སྒྲུབ་ཀྱི་དབུ་སྦྱིན་པ་བཏང་བ་སོགས་སྤྲུལ་པ་ཡིན་གྱི། ཟུང་འཇུག་གི་སྐུ་འགྲུབ་པ་ལ་ཤ་ཁྲག་བདོས་བཅས་ག་ལ་འོང་། ཡང་འགྲོ་འོང་མེད་པའི་དོན། འོད་གསལ་ལྡང་འཇུག་མེད་པའི་དོན་ཡིན་པས་ཟུང་འཇུག་ལ་དེ་མེད་ཀྱང་ཟེར་ལ། ཟུང་འཇུག་འོད་གསལ་ལ་ལངས་པ་ཡིན་པར་བཤད་པ་འགལ་བར་མཐོང་ནས་ལངས་མ་ཐག་ཏུ་སྤྲོ་བསྡུ་བྱས་ནས། ཡང་

(༣༨༣)ཞུགས་ཏེ་དེ་ནས་མི་ལྡང་ཅེས་སོགས་ཁུངས་མེད་སྣ་ཚོགས་བྱས། འགྲོ་འོང་མེད་པའི་རྒྱུ་མཚན་ལ་འགྲོ་འོང་གཉིས་ཅར་བཤད་པ་ལས་འཁྲུལ་བ་ཆེ་བ་ཅི། ཁྱེད་ལྟར་ན་མཉམ་བཞག་དང་རྗེས་ཐོབ་སོ་སོར་ཡོད་པའི་ཕྱིར། ཟུང་འཇུག་གི་སྐུ་དེ་ནི་ཡང་འགྲུབ་པ་མི་སྲིད་པའི་ཚོད་ཙམ་དུ་འགྱུར་རོ། །ཁོ་བོ་ཅག་ནི་ས་བརྒྱད་པ་ཐོབ་ཕན་ཆད་ཇི་ལྟ་བ་མཐོང་བའི་ཆ་ལ་མཉམ་བཞག་དང་། ཇི་སྙེད་པ་མཐོང་བའི་ཆ་ལ་རྗེས་ཐོབ་ཏུ་བཞག་གི། མཉམ་རྗེས་སོ་སོར་བ་དངོས་གནས་སུ་ཡོད་པར་མི་འདོད་ལ། ཟུང་འཇུག་གི་གཙོ་བོ་ཡང་མཉམ་རྗེས་ཡོད་མེད་ཀྱི་ཆ་ལ་མི་འཇོག །སྤྱིར་ཟུང་འཇུག་ལ་མཐོང་དམན་པ་རེ་རེ་ལ་རེ་རེ་ཡོད་མེད་སློབ་མི་སློབ་གཉིས་ལས་གཞན་ཟུང་འཇུག་གཙོ་ཕལ་གྱི་དབྱེ་བ་མི་བྱེད་དེ། གསུམ་པ་སྤྱིར་ཟུང་འཇུག་གི་སྐུ་འདི་དབང་ཕྱུག་བརྒྱད། རོ་མྱང་བརྒྱད། ཡན་ལག་བདུན། ཡོན་ཏན་བརྒྱད་དེ། ཡན་ལག་སོ་གཅིག་དང་ལྡན་པ་སྟེ། དེ་དག་གོང་འོག་ཏུ་བཤད་ཅིང་འཆད་པས། འདིར་ཟུང་འཇུག་གི་སྐུ་

(༣༨༤)དེ་ནི་ཟུང་འཇུག་ཉེར་གསུམ་ཚང་བའོ། །དེའི་ལུང་ཐམས་ཅད་བྲིས་ན་མང་བར་འགྱུར་བས་སྙིང་པོ་ནི། འཁོར་འདས་ལ་སྤང་བླང་མེད་པར་རྟོགས་པ་འཁོར་འདས་ཟུང་འཇུག་གོ། ཀུན་ནས་ཉོན་མོངས་ཀྱི་ཆོས་དང་རྣམ་བྱང་གི་ཆོས་གཉིས་ཀྱི་རང་བཞིན་བདེ་སྟོང་དུ་གཅིག་པར་ཤེས་པར་ཀུན་བྱང་ཟུང་འཇུག །དངོས་པོ་དང་དངོས་མེད་དུ་འཛིན་པ་གཉིས་ཀ་མཉམ་བཞག་ཏུ་ཐིམ་ནས་རོ་གཅིག་ཏུ་བྱེད་པ་དངོས་པོ་དངོས་མེད་ཟུང་འཇུག །གཟུང་འཛིན་གཉིས་ཀ་སྟོང་པ་མཉམ་པ་ཉིད་དུ་རྟོགས་པས་མཉམ་དུ་གཉིས་སྣང་འགགས་པ་གཟུང་འཛིན་གཉིས་མེད་ཟུང་འཇུག །རྟག་ཆད་མཐའ་འཛིན་ལྷན་སྐྱེས་དང་ཀུན་བརྟགས་ཐམས་ཅད་སྤངས་པ་ནི་རྟག་ཆད་གཉིས་མེད་ཟུང་འཇུག་སྙིང་རྗེ་ཐམས་ཅད་སྟོང་ཉིད་དང་། སྟོང་ཉིད་ཐམས་ཅད་སྙིང་རྗེར་ངོ་བོར་འཆར་བ་ན་སྟོང་ཉིད་སྙིང་རྗེ་ཟུང་འཇུག །ཡབ་ཡུམ་སྙོམས་འཇུག་གི་བདེ་ཆེན་ལ་གནས་པ་ནི་ཡབ་ཡུམ་ཐབས་ཤེས་ཟུང་འཇུག །རྡོ་རྗེའི་སྐུ་འགྲུབ་པས་སྐྱེ་འཆི་ལས་གྲོལ་བས་ན། ལྷག་བཅས་ལྷག་མེད་གཉིས་མེད་པ་ནི་ལྷག་བཅས་ལྷག་མེད་ཟུང་འཇུག །ཆོས་ཐམས་ཅད་རང་

(༣༨༥)བཞིན་སྣང་སྟོང་ཟུང་འཇུག་ཏུ་དབྱེ་བར་མེད་པར་གཟིགས་པས་ཆོས་དང་གང་ཟག་བདག་མེད་ཀྱི་དབྱེ་བ་སོ་སོར་ངོ་བོའི་མ་གྲུབ་པར་མཁྱེན་ནས་དེར་འཛིན་མེད་པ་ནི་བདག་མེད་གཉིས་ཟུང་འཇུག །དེ་ནས་གོང་དུ་བཤད་ལྟར་བདག་བྱིན་རླབས་དང་འོད་གསལ་ཟུང་འཇུག །དེ་ནས་རིལ་འཛིན་གྱི་ལྡང་འཇུག་གི་དབྱེ་བ་མེད་པར་རིལ་འཛིན་གྱི་ལྡང་འཇུག་དབྱེར་མེད་ཟུང་འཇུག་དང་། རྗེས་གཞན་ཞིག་གི་དེ་དེའི་ཟུང་འཇུག་སྟེ་དབྱེ་བ་མེད་པའི་དོན། སྔོན་དོན་གྱི་འོད་གསལ་མངོན་དུ་མ་བྱས་གང་རིལ་ཞིག་གིས་སྣང་བ་བསྡུས་པའི་བདེ་སྟོང་ཙམ་དེ་ལས་ལངས་པའི་རྗེས་ཐོབ་ཏུ་མི་འབྱུང་བ་ལ་སྐུ་དང་བདེ་བ་རེས་འཇོག་མ་གཏོགས་བསྒོམ་མི་ཐུབས་ཅིང་། འདི་ནི་སྟོང་ཉིད་བསྒོམ་ཅིང་སྐུ་ཞོར་ལ་འབྱུང་། སྐུ་བསྒོམ་ནའང་བདེ་སྟོང་ཞོར་ལ་འབྱུང་བས་དེའི་ཟུང་འཇུག་གོ །འདི་གཉིས་ཅིག་ཏུ་བསྡོམ་ནས་ཟུང་འཇུག་ཉེར་གཉིས་བྱེད་པའང་རུང་ངོ་། །བདེན་གཉིས་ངོ་བོ་མཉམ་ཉིད་དེ་གཟིགས་པ་བདེན་གཉིས་ཟུང་འཇུག །དེ་བཞིན་ཉིད་ལ་དམིགས་པ་དང་། ཇི་སྙེད་པ་ལ་དམིགས་པ་གཉིས་ཅར་ལ་

(༣༨༦)དེ་གཉིས་མཐོང་བའི་ཡེ་ཤེས་གཅིག་ཅར་འཇུག་པ་དམིགས་པ་ཟུང་འཇུག །འོད་གསལ་གྱི་གཉིད་མ་གཏོགས་གཉིད་ཕལ་པ་གཏན་ནས་སྤང་པས། གཉིད་ལོག་མ་ལོག་ལ་ཚོགས་བསོགས་པ་དང་། འགྲོ་དོན་དང་ཡེ་ཤེས་འཇུག་ཚུལ་གང་ལའང་ཁྱད་མེད་པ་ནི་གཉིད་པ་ཟུང་འཇུག །མཉམ་པར་བཞག་མ་བཞག་ལ་ཡེ་ཤེས་ལ་སྤྱོད་ཡུལ་རྒྱ་ཆེ་ཆུང་མེད་པ་དང་། བདེ་སྟོང་ལ་ཁྱད་མེད་པར་མཉམ་པར་བཞག་མ་བཞག་ཟུང་འཇུག །དངོས་པོ་དང་དངོས་མེད་ཐམས་ཅད་རང་བཞིན་མེད་པར་གཟིགས་པ། དངོས་པོ་དང་དངོས་པོ་མེད་པ་དབྱེར་མེད་དུ་གཟིགས་པའི་ཟུང་འཇུག །འདིས་རང་བཞིན་མེད་པར་གཟིགས་པར་སྟོན། གང་གི་དངོས་པོ་དངོས་མེད་ཟུང་འཇུག་འཛིན་པ་སྤང་ནས་སྟོན་པ་མ་ཟློས་པའོ། །འདི་གཉིས་ཀྱང་བསྡོམ་ནས་ཟུང་འཇུག་ཉེར་གཅིག་མཛད་པའང་བྱུང་ངོ་། །དྲན་པ་དང་དྲན་མིན་བརྗེད་ངས་ལས་གྲོལ་བས་རྩོལ་བ་དང་བཅས་མ་བཅས་ལ་ཡེ་ཤེས་ཀྱི་ཁྱད་པར་མེད་པ་ནི་དྲན་པ་དྲན་མིན་ཟུང་འཇུག །ཞེན་པ་མེད་པས་འདོད་ཆགས་ལས་གྲོལ། བདེ་ཆེན་སྒྲུབ་པ་མི་འབྲལ་བས་ཆགས་

(༣༨༧)བྲལ་ལས་གྲོལ་བ་རྟག་ཏུ་ལྷན་སྐྱེས་བདེ་ཆེན་ལ་གནས་པ་ནི་ཆགས་དང་ཆགས་བྲལ་ཟུང་འཇུག །བྱ་བྱེད་ལས་གསུམ་ལ་རྣམ་པར་མི་རྟོག་པ་བྱ་བ་ཟུང་འཇུག །བསྐྱེད་པའི་རིམ་པ་འདི་གཅིག་ཡིན། གཞན་ནི་རྫོགས་པའི་རིམ་པ་སྟེ། གཉིས་པོ་གང་དུ་གཅིག་གྱུར་པ། དེ་ནི་ཟུང་དུ་འཇུག་པའོ། །ཞེས་བསྙེན་སྒྲུབ་ཡན་ལག་བཞི་སོགས་གང་བསྒོམ་ཀྱང་། བདེ་སྟོང་ལས་མ་གཡོས་ཤིང་། མི་རྟོག་པ་འབའ་ཞིག་ལ་ལྷ་སྐུར་འཆར་བ་ནི་བསྐྱེད་རིམ་དང་མཐུན་པ་གང་བསྒོམས་ཀྱང་། དེ་མི་འབྱུང་བར་རྫོགས་རིམ་ཁོ་ན་འབྱུང་བ་ནི་བསྐྱེད་རྫོགས་ཟུང་འཇུག །སྒྲིབ་པ་ཐམས་ཅད་གཏན་ནས་ཟད་ཟད་པར་མཐོང་བས། མ་དག་པ་དང་དག་པའི་སྐུའི་དབྱེ་བ་མེད་པར་གཟིགས་པས་དག་མ་དག་ཟུང་འཇུག །གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་ཐམས་ཅད་སེམས་སུ་གཟིགས་ཤིང་། དེ་ཡང་རང་བཞིན་མེད་པར་གཟིགས་པ། གཟུགས་ཅན་གཟུགས་མེད་ཟུང་འཇུག་སྟེ། དེ་གཉིས་ཀྱི་རྣམ་རྟོག་ཞི་ཚུལ་དེ་ཡིན་ནོ། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པའི་ཟུང་འཇུག་གི་ཡེ་ཤེས་ལ་ཡོན་ཏན་ཟུང་འཇུག་ཉེར་གསུམ་དབྱེར་མེད་ཀྱི་ཚུལ་དུ་ཚང་ངོ་།

(༣༨༨)འདིར་ཡུལ་སྟོང་ཉིད་མེད་དགག་དང་། ཡེ་ཤེས་བདེ་ཆེན་ཆུ་ལ་ཆུ་བཞག་པ་ལྟར་དུ་ཐིམ་པ་གཅིག་དགོས་ཟེར་བ་ནི། ཡང་ན་ཡེ་ཤེས་དེ་ལོག་ཤེས་སུ་ཐལ་ཏེ་གཅིག་མ་ཡིན་པ་ལ་གཅིག་ཏུ་མཐོང་བའི་ཕྱིར། ཡང་ན་ཤེས་པ་དང་དངོས་མེད་ཀྱི་གཞི་མཐུན་པ་ཁས་ལེན་དགོས་པར་འགྱུར་རོ། །གཞན་ཡང་ཁམས་ཕྲ་བ་ཞེས་སློབ་པའི་ཟུང་འཇུག་ལ་བཤད་པས། མི་སློབ་པའི་ཟུང་འཇུག་ཡང་སྲོག་གི་རླུང་ལས་གྲུབ་པར་ཁས་བླངས་ནས། དེ་དང་བདེ་ཆེན་ངོ་བོ་གཅིག་པར་ཡང་འདོད་པས་བདེ་ཆེན་བེམ་པོ་ཁས་ལེན་པ་དག་མཐོང་ཏེ། གནོད་བྱེད་གོ་བར་ཟད་དེ་རང་ལུགས་ནི་ཁམས་ཕྲ་བ་རྣམ་པར་ཤེས་པའི་ཁམས་སོ། །གསུམ་པ་ལ། སྒྱུ་ལུས་མཚན་ཉིད་བརྗོད་པ་ཐོབ་སྟེ་བརྩོན་འགྲུས་བརྩམ་ནས་སྤྱོད་པ་བྱས་ན་མངོན་པར་བྱང་ཆུབ་པའི་དོན་གྱི་འོད་གསལ་ཚེ་འདི་ལ་ཐོབ་ངེས་པས། དེ་ཐོབ་ན་ཟུང་འཇུག་གི་སྐུ་འགྲུབ་པས་སྤྲུལ་པ་སྟོན་པས་སེམས་ཅན་རྣམས་ཀྱིས་མཐོང་སྣང་ལ་ཚད་འཇོག་མི་རུང་གི །དོན་དངོས་གནས་ལ་ཟུང་འཇུག་ཐོབ་ནས་འཆི་བར་འབྱུང་བ་མི་སྲིད་པས་ཡེ་ཤེས་ཀྱི་སྐུ་དེ་ལ་བསྟེན་ནས་ངེས་

(༣༨༩)པར་འཚང་རྒྱ་སྟེ། གལ་ཏེ་སྒྱུ་ལུས་མཚན་ཉིད་རྫོགས་པ་གྲུབ་ཀྱང་སྤྱོད་པ་གསུམ་སྤྱད་རྒྱུ་མ་བྱུང་བ་ནི། འཆི་བ་འབྱུང་སྟེ་འོན་ཀྱང་འཆི་བ་དེ་འོད་གསལ་དོན་དམ་པ་བར་དོ་འབྱུང་བའི་དོད་དུ་ཟུང་འཇུག་གི་སྐུ་འགྲུབ་པས། བར་སྲིད་རང་གི་རྟེན་ལ་མ་བརྟེན་ཀྱང་བར་དོར་སངས་རྒྱས་ཐོབ་པའི་ཐ་སྙད་འཇོག་གོ །འདི་ལ་དཔེའི་འོད་གསལ་མཐར་ཐུག་ཐོབ་པ་ལ་བདེན་པ་མཐོང་བའི་ཐ་སྙད་སྤྱོད་བསྡུས་སུ་འབྱུང་སྟེ། བདེན་པ་མཐོང་ཡང་ལས་མཐའ་ལ་ཆགས་པ་སོགས་གསུངས་སོ། །དེས་ན་རྒྱུ་ལུས་ཐོབ་ཀྱང་དོན་གྱི་འོད་གསལ་མ་ཐོབ་ན་ཕྱིར་ལྡོག་ཏེ། ཡང་སྲིད་འབྱུང་བ་རྒྱུ་མཚན་འགོད་པར་མཛད་པ་ཡང་། ཁ་ཅིག་རྟགས་པ་མཐའ་བཟུང་དུ་འདོད་དེ་འཆི་བ་འབྱུང་བ་དང་། བར་དོ་དང་འདྲ་བ་གཅིག་བར་དོའི་དོད་དུ་བྱུང་བ་ཡང་སྲིད་དང་འདྲ་བར་འདུག་པ་དེའི་ཐ་སྙད་མཛད་པའོ། །ཅེས་གང་མ་དག་གསུངས་ལ་རང་ལུགས་འཆད་པར་འགྱུར་རོ། །དོན་གྱི་འོད་གསལ་ཐོབ་ན་དེའི་འཆི་བ་སོགས་མི་འབྱུང་བས། འོད་གསལ་གྱི་རིམ་པ་ལ་ཕྱིར་མི་ལྡོག་པའི་པའམ། ལམ་ཅེས་གྲགས། འདིར་རང་བཞིན་བརྒྱད་ཅུའི་ས་བོན་སྤང་པ། དེ་རྣམས་ཀྱི་རང་བཞིན་

(༣༩༠)བདེ་བ་དང་གསལ་བ་གང་ཡིན་པ་དེ་ནི་རེ་ཤིག་ལམ་དུ་དགོས་པས་མི་སྤོང་ལ། བདེ་བ་དང་གསལ་བ་དེ་རྣམས་སྣང་བ་གསུམ་དུ་འདུས་པའི་དབང་དུ་བྱས་ཤིང་། ནམ་མངོན་པར་སངས་རྒྱས་པ་ན་དེ་དག་ཟློག་སྟེ། བདེ་བ་དོན་དམ་གྱི་ངོ་བོ་ལ་དབྱེ་བ་མེད་ཅིང་། འཁྲུལ་པའི་ཆ་རྣམས་ལོག་པས་སོ་སོ་བ་དེ་དག་གི་བརྡ་ཆད་དུ་སྦྱར་དུ་མི་རུང་བའི་ཕྱིར་རོ། །བདེ་བ་འཁྲུལ་པ་ཆ་ནི་འགྱུར་བཅས་ཀྱི་ཆའོ། ཉན་ཐོས་རྣམས་བདེན་པ་མངོན་སུམ་དུ་མཐོང་ཡང་ལས་ཉོན་གྱི་སྐྱེ་འཆི་འབྱུང་བ་ཡོད་ལ་ཐེག་ཆེན་ལ་དེ་མི་འབྱུང་། ཐེག་ཆེན་མདོ་ལས་བདེན་པ་མཐོང་བ་ལ་བསྐལ་པ་གྲངས་མེད་སོགས་འགོར་བ་ནི། ཉན་ཐོས་བཞིན་དུ་ཆོས་ཉིད་མཐོང་བ་ཙམ་ཅིག་བྱེད་ན་འཕྲལ་དུ་འགྲུབ་མདོ། གཞན་དོན་ལ་གཙོ་བོར་དམིགས་པས་བདེན་པ་མཐོང་བའི་ཡོན་ཏན་གྱི་ཁྱད་པར་མཐའ་ཡས་པ་ཞིག་སྐད་ཅིག་རེ་རེར་ཐོབ་ནུས་པ་དགོས་པར་ཤེས་ནས་ཚོགས་གཉིས་ཅར་རྒྱ་ཆེན་པོ་བསོགས་པ་ལ་རིང་དུ་ཐོག་པ་སྟེ་བདེན་པ་མཐོང་ཚུལ་རང་ལའང་ཁྱད་པར་རྨིག་རྗེས་ཀྱི་ཆུ་དང་རྒྱ་མཚོ་བཞིན་ནོ། །དེར་དེ་

(༣༩༡)ཙམ་ཐོགས་པ་འདིར་ཡུད་ཙམ་གྱིས་འགྲུབ་པ་ནི་ཐབས་ལ་མཁས་པའི་ཁྱད་པར་རོ། །རིམ་ལྔ་ལས། ཟུང་འཇུག་རིག་པ་ལ་གནས་ནས། སླར་ཞིང་གང་ལའང་མི་སློབ་བོ། །ཞེས་གསུང་པས་བསྒོམ་ལམ་པ་བཅུ་སློབ་པའི་ཟུང་འཇུག་དུ་འཇོག་པ་མི་འཐད་དོ་སྙམ་ན། དེ་ནི་སྒོམ་བྱ་མི་མཐུན་པའི་རིམ་པ་གཞན་ལ་མི་སློབ་ཅེས་པ་ཡིན་ཏེ། སླར་ཟུང་འཇུག་ཉིད་སྤྱོད་པ་དང་བསྲེ་ཞིང་སློབ་ཏེ། དེ་ཉིད་ལས་ཟུང་འཇུག་རིམ་པ་ལ་གནས་པ། སློབ་བཞིན་པ་ཡི་རྣལ་འབྱོར་ཆེ། ཟུང་དུ་འཇུག་པ་བསྒོམ་གྱུར་པས། སྤྱོད་པའང་དེ་དང་གཉིས་སུ་མེད། ཅེས་སོ། །དེས་ན་དཔེའི་འོད་གསལ་མཐར་ཐོབ་ནས་བདེན་པ་མཐོང་བར་ངེས་པར་བར་དོ་ཚུན་ལ་འདའ་བ་ཡིན། དོན་གྱི་འོད་གསལ་ཐོབ་ནས་བདེན་པ་མངོན་སུམ་དུ་མཐོང་བ་སྟེ། ཚེ་འདི་ལ་འདའ་ངེས་པ་ཡིན་བསྐྱེད་རིམ་ཤིན་ཏུ་མཐར་ཕྱིན་པ་ནས་སྣང་ཕྱེད་ཀྱི་རྟོགས་པ་ཙམ་སྐྱེས་པ་ལ་སྐྱེ་བ་ཅིག་གིས་ཐོག་པ་ཟེར། སྐྱེ་བ་རྟིང་མ་ལ་ངེས་པར་འཚང་རྒྱའོ། །མིའི་རྟེན་ལ་འགྲུབ་པ་སོགས་སངས་རྒྱས་ནས་ཀྱང་ཤ་ཁྲག་

(༣༩༢)གི་ལུས་ཡོད་པར་ཁས་ལེན་པ་དང་འདོད་གཟུགས་ཀྱི་རྟེན་ཅན་སྤྱི་ལ་ཁུ་ཁྲག་ལུས་ལ་མེད་ཀྱང་བྱང་སེམས་སྐྱེ་བ་ཐ་མ་པ་དེའི་ལུས་ལ་ཡོད་དགོས་པ་སོགས་མུ་ཅོར་གྱི་རང་བཞིན་ལ་བརྒལ་བརྟག་རྣམས་རེ་ཞིག་བཞག་གོ །སྤྱོད་བསྡུས་ལས། ཟུང་འཇུག་གི་མཚན་བདུན་བཅུ་ལྷག་གཅིག་གསུངས་ཏེ། ཟུང་འཇུག་ཉེར་གསུམ་འདྲ་བར་དོ་ལ་ཡོད་པའི་ཆོས་རྣམས་སོ། །དེར་སློབ་དཔོན་ཀལྤ་ལས་མཛད་པའི་ནང་གིས་ཁྱབ་པའི་ལུངས་དྲངས་དང་། སྒྲ་ཡི་རང་བཞིན་སྦོམ་པོར་བཤད། དེ་བཞིན་སེམས་པའི་རང་བཞིན་ཕྲད། སེམས་དང་བྲལ་བ་གང་ཡིན་པ། རྣལ་འབྱོར་པ་ཡི་མཆོག་གི་གནས། ཅེས་གསུངས་པ་དེ་དཔལ་མཆོག་དང་པོར་དུག་གསུམ་དག་པ་བྱང་ཆུབ་སེམས་དཔའི་གནས་སུ་གསུངས་པ་ཡང་འདིར་དྲངས་པའི་འདིར་བཤད་པར་བྱ་སྟེ། སྟོང་ཉིད་བསྒོམ་པ་ལ་ཤིན་ཏུ་གནད་ཆེ་བས། ཉོན་མོངས་པ་སོགས་རྣམ་རྟོག་ཐམས་ཅད་གདོད་མ་ནས་རང་གི་ངོ་བོར་མ་སྐྱེས་པའི་སྐྱེ་མེད་ཀྱི་དག་པ་ནི། བྱང་ཆུབ་འབྱུང་བའི་གཞི་ཡིན་པར་དཔལ། མཆོག་གི་ལུང་དོན་དང་དེ་ལ་འཇུག་ཚུལ་སྒྲ་ཡི་རང་བཞིན་ཏེ། སྒྲ་

(༣༩༣)རྟོག་ཐོས་བསམ་དང་འབྲེལ་བའི་རྣལ་འབྱོར་ཏེ་སྒོམ་པ་གང་ཡིན་པ་དེ་ནི་ཆོས་ཉིད་མོས་པར་བྱེད་པ་ཙམ་མ་གཏོགས། ཡུལ་ཤིན་ཏུ་ཕྲ་བ་དེ་རྟོགས་མི་ནུས་པས། དེ་ནི་སྦོམ་པོ་ཡིན་ལ། བསྒོམ་བྱུང་འབའ་ཞིག་ལས་འབྱུང་བ་ཡིན་ཡང་ཇི་སྲིད་དུ་སེམས་པའི་རྩོལ་བ་དང་བཅས་པ་གང་ཡིན་པར་དེས་ནི་ཆོས་ཉིད་ཀྱི་གནས་ཚུལ་ཕྱོགས་མཐུན་ཙམ་ལས་ཇི་བཞིན་རྟོགས་པར་མི་ནུས་པས་ཅུང་ཟད་ཕྲ་བ་ཞེས་བྱ། རྩོལ་བྲལ་གཉུག་མའི་ཚུལ་དུ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཡེ་ཤེས་ནི་ཆོས་ཉིད་མངོན་སུམ་དུ་རྟོགས་བྱེད་ཡིན་པས་ཤིན་ཏུ་ཕྲ་བའི་མཆོག་གི་གནས་སམ། རྣལ་འབྱོར་ཏེ་ཀལྤ་ལའི་ལུང་གི་དགོངས་དོན་ནོ། །དེ་ལྟར་ན་དབུ་མར་ཐིམ་པའི་བདེ་སྟོང་གི་ཡེ་ཤེས་ནི་སྟོང་ཕྱོགས་དང་། དེས་བྱིན་གྱིས་རླབས་པའི་ལྷ་སྐུའི་སྣང་བ་ནི་སྣང་ཕྱོགས་ཀྱི་རྫོགས་རིམ་དང་། དེ་གཉིས་ངོ་བོ་གཅིག་ཏུ་གྱུར་པ་ནི་ཟུང་འཇུག་དང་། སྣང་ཕྱོགས་ལ་ཡིད་ངོར་ཤར་ཙམ་དང་། རླུང་སེམས་ལས་གྲུབ་པ་དང་། ཡེ་ཤེས་ཀྱི་སྐུ་རྣམ་པར་དག་པ་གསུམ་དང་། སྟོང་ཕྱོགས་ལམ་དུས་ཀྱི་སྐབས་སུ་ལས་དང་པོ་པའི་སྣང་གསུམ་དང་། སེམས་དབེན་པ་

(༣༩༤)དང་། འོད་གསལ་གསུམ་མོ་ཞེས་པ་འདི་གྲུབ་བོ། །འདི་རྣམས་ནི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་དོན་ལ་ཤིན་ཏུ་གལ་ཆེ་ཞིང་། ཁྱད་པར་འདུས་པའི་རྒྱུད་དོན་ནམ་མཁའ་དང་མཉམ་པའི་དོན་གྱི་གཙོ་བོ་ཡང་སྒྱུ་ལུས་འོད་གསལ་ཟུང་འཇུག་གསུམ་ཡིན་ཅིང་། འདི་ནའང་འདི་དག་དང་འབྲེལ་བའི་མན་ངག་རྣམས་ཕན་ཐོག་ཆེ་བར་སྣང་བས་ཤིན་ཏུ་མང་པོའི་དོན་ཡང་ཉུང་ངུར་རྣམ་པར་གསལ་བའི་ཚིག་གིས་བརྗོད་ཟིན་ཏོ། ༈ གཉིས་པ་མན་ངག་ཞིབ་མོར་བཤད་པ་ལ། རྒྱུད་འདི་ཉིད་ལ་བརྟེན་པའི་རྒྱ་བོད་སྐྱེས་བུ་དམ་པ་རྣམས་ཀྱི་ཞལ་ལུང་རྫོགས་རིམ་གྱི་མན་ངག་ཟད་པ་མེད་པར་ཡོད་མདོ། ལམ་འདིའི་སྲོལ་འབྱེད་ཤིན་ཏུ་འགྲན་ཟླ་དང་བྲལ་བ། ལཱུ་དྲིལ་ནཱ་གསུམ་སྟེ་གཞན་རྣམས་ཀྱང་དེ་ལྟའི་རྣམ་བཞག་ལ་བརྟེན་པ་ཉིད་ཤས་ཆེར་འབྱུང་བ་ཡིན་ལ་འདི་ཉིད་ཀྱང་། གྲུབ་ཆེན་ནག་པོ་སྤྱོད་པའི་གཞུང་དང་འབྲེལ་བ་ལ། དེ་ཡི་ལམ་གྱི་རྣམ་བཞག་རྒྱས་པར་ནི་ཞན་དུ་ཤེས་པར་བྱ་བ། འདིར་ལམ་ལག་ཏུ་ལེན་བྱ་དངོས་ཀྱི་རིམ་པ་ཅུང་ཟད་སྟོན་པ་ནི། ཀརྨ་ཆགས་མེད་ཀྱིས། ལྷ་ལྔའི་

(༣༩༥)བདག་བསྐྱེད་ཚང་བར་བསྒོམ་པའམ། ཡང་ན་དྲན་རྫོགས་གཙོ་རྐྱང་བསྒོམ་ཀྱང་རུང་། ཕྱི་ནི་དར་སྔོན་གུར་ཕུབ་ལྟ་བུ་ལ། ནང་ནི་སྟོང་པ་ཕྲུ་མ་ཕུས་བཏབ་བཞིན། རྩ་གསུམ་འཁོར་ལོ་བཞི་པོ་ཆོས་དྲུག་ལྟར། གསལ་བཏབ་རླུང་ནི་འབུད་པ་དགུ་ཕྲུག་བྱ། སྦྱོར་བ་བཞི་ལྡན་བསྒོམས་ཤིང་བུམ་ཆེན་བཟུང་། དེ་ཚེ་འཁྲུལ་འཁོར་ཡན་ལག་ལྔ་སྦྱང་བྱ། དེ་ཚེ་རླུང་ནི་ཟིན་པར་གྱུར་པའི་ཚད། སྐྱིལ་ཀྲུང་ལེགས་པར་བཅས་ནས་རླུང་བཟུང་སྟེ། ལག་གཡས་པུས་མོ་གཉིས་དང་དཔྲལ་བར་རེག །དེ་ནས་སེལ་གོར་ལན་དྲུག་བརྡབ་པ་གཅིག་ཏུ་བརྩི། དེ་འདྲ་སུམ་ཅུ་རྩ་དྲུག་བར་དག་ཏུ། ལུང་ནི་ནང་བཟུང་ཐུབ་པ་ཐ་མ་སྟེ། གཉིས་འགྱུར་འབྲིང་ཡིན་བརྒྱའི་བར་ཐུབ་རབ། བདེ་མཆོག་སྡོམ་པ་འབྱུང་བའི་རྒྱུད་འདི་ནས། བུམ་པ་ཅན་སྔར་ཤེས་བྱས་ནས། བདག་ཉིད་སྐྱིལ་མོ་ཀྲུང་བྱས་ཏེ། ལག་པས་ལན་གསུམ་མཉེན་ནས་ནི། དེ་ནས་ལན་དྲུག་སེ་གོལ་བརྡབ། ཇི་སྲིད་སུམ་ཅུ་རྩ་དྲུག་བར། སུམ་འགྱུར་ཆེན་པོའི་གཞོམ་པ་ནི། བརྒྱ་

(༣༩༦)ལས་རྩ་བརྒྱད་ལྷག་པའོ། །ཞེས་གསུངས་ལྟར་དུ་རླུང་ལ་རྟགས་ཐོན་ནས། དབུ་མའི་ཡར་སྣ་སྤྱི་བོའི་ཚང་བུག་ཏུ། ཧཾ་ཡིག་དཀར་པོ་མགོ་བོ་མཐུར་བསྟན་པ། མགྲིན་པའི་རྩ་མདུད་ཨོཾ་དམར་མགོ་གྱེན་བསྟན། སྙིང་དབུས་ཟླ་གདན་ཧཱུྃ་མཐིང་མགོ་ཐུར་བསྟན། ལྟེ་དབུས་ཨཱཡིག་དམར་ལ་འགོ་གྱེན་བསྟན། བཞི་ཀ་སླད་ཀོར་ཐིག་ལེ་ཟླ་ཕྱེད་དང་། ནཱ་ད་སྤུ་ཤད་ལྟ་བུའི་བརྒྱན་པ་སྟེ། ཤིན་ཏུ་གསལ་འཚེར་བསྒོམས་པས་གསལ་ཉམས་སྐྱེས། བྱང་སེམས་བ་མོ་ལྟ་བུར་འཛག་བསྒོམ་པས། བདེ་བའི་ཉམས་ནི་སྐྱེ་བར་འགྱུར་བ་ཡིན། རྒྱས་པར་རྩ་འདབས་རྣམས་སུ་དབྱངས་གསལ་བྱེད། བཀོད་ཚུལ་ཡོད་ཀྱང་ཡི་གེ་བཞི་ཀས་ཆོག །དམིགས་པ་མང་བས་མི་ཟབ་བརྟན་པས་ཟབ། ལྟེ་འོག་སོར་བཞི་རྩ་གསུམ་འདུས་པའི་མདོར། ཨ་ཤད་གཟབ་ཀྱི་ཤད་ནི་མཚལ་བྲིས་ལྟར། ཟུར་གསུམ་རྩ་ཕྲན་རྩེ་སྦོམ་ལྕགས་བསྲེགས་མདོག །སྐྱེར་པའི་ཚེར་མ་བཅད་མཚམས་གྱེན་བསྟན་འདྲ། དང་པོ་ཡུངས་དཀར་འབྲིང་པོ་ཙམ་ཡིན་ཏེ། གཏི་མུག་མེ་ཆུང་བཀྱད་འདི་ཉིད་ཟབ་

(༣༩༧)པར་གསུངས། རླུང་བཟུང་རོ་རྐྱང་གཉིས་ནས་དེར་བུས་པས། སོལ་མེ་མེ་ནི་སྣུད་པ་རྒྱབ་པ་བཞིན། ཨ་ཡིག་ཨ་ཤད་གཉིས་ལ་མེ་འབར་ནས། སྙིང་ཁའི་ཧཱུྃ་དང་མགྲིན་པའི་ཨ་ཡིག་སྲེག །རྩ་གནས་བ་སྤུའི་མཐར་ཐུག་མེ་ཡི་གང་། ཐོག་མེད་ནས་བསགས་སྡིག་སྒྲིབ་ནད་དང་གདོན། མ་དག་ཕུང་ཁམས་སྐྱེ་མཆེད་བཅས་པ་སྲེག །དག་པ་ཡེ་ཤེས་ལུས་སུ་བསྒྱུར་བསྒོམ་ཞིང་། རླུང་བཟུང་ངང་ནས་ནཱ་རོ་དྲུག་སྐོར་བྱ། དེ་ལ་འབད་པས་དྲོད་ནི་སྐྱེ་འགྱུར་ཏེ། ཕྱི་ནས་སྐྱེ་དང་ནང་ནས་སྐྱེ་བ་དང་། ཁོལ་བུ་སྐྱེ་དང་བཙན་ཐབས་སྐྱེ་བ་ཡང་ཡོད། སྤུ་ཙམ་མི་གྱོན་གོས་ནི་ཇེ་སྲབ་བསླབ། བཅུད་ཟས་བསྟེན་ཐིག་ལེ་མ་ཉམས་གཅེས། མེ་ཡི་འོད་ཀྱིས་སྤྱི་བོའི་ཧཾ་ཡིག་ལས། བྱང་སེམས་རྒྱུན་བབས་རྩ་གནས་རིམ་པར་གང་། མགྲིན་པར་སྙིང་ཁའི་ཡིག་འབྲུ་སྔོན་ལས་གསལ། ལྟེ་བའི་ཨ་ཐུང་བྱང་སེམས་ཕྲད་པའི་ཚེ། བདེ་བ་ཚད་བཟུང་མེད་པར་སྐྱེས་པར་བསྒོམ། རྩ་རླུང་དར་བབས་བྱང་སེམས་རྒྱས་རྣམས་ལ། བདེ་བ་

(༣༩༨)དངོས་ཀྱི་བྱང་སེམས་འཆོར་དོག་ན། གཏུམ་མོ་མེ་འབར་བྱང་སེམས་ཡར་བྲོས་ནས། སྤྱི་བོའི་ཧཾ་ཡིག་ཉིད་ལ་ཐིམ་པར་བསྒོམ། བདེ་བ་ཆུང་ན་བྱང་སེམས་མར་བབས་ནས། གསང་གནས་རྩ་བའི་བར་དུ་ཕབ་པའི། ནོར་བུའི་རྩེ་མོར་བྱང་སེམས་ཡུང་འབྲུ་ཙམ། བདེ་བའི་རེག་བྱ་ཅན་ལ་དམིགས་པ་གཏད། དེ་ནས་ཡུམ་གྱི་པདྨའི་ཟེའུ་ལས། གཏུམ་མོའི་མེ་འོད་ཕྲའུ་རྡོ་རྗེར་ཞུགས། ཐིག་ལེ་ཡར་འཕྲོས་སྤྱི་བོའི་ཧཾ་ལ་ཐིམ། ལུས་ཀུན་ཡེ་ཤེས་མེ་ཡིས་གང་བར་དམིགས། དེ་ལྟར་འབྲོས་དོད་ཚུལ་དུ་ཡུན་རིང་བསྒོམ། རབ་ནི་དངོས་སུ་འབྲིང་ནི་ཉམས་སྣང་དང་། ཐ་མ་རང་གི་ཡིད་ཀྱི་སྣང་བ་ལ། རླུང་རྣམས་དབུ་མར་ཚུད་པའི་སྔ་ལྟས་སུ། རྟགས་སྣང་དངོས་སུ་འབྱུང་བ་དཀའ་ནའང་། རྗེས་མཐུན་ཙམ་རེ་ངེས་པར་འབྱུང་འགྱུར་ཏེ། གོ་རིམ་གསུངས་ཀྱང་གོ་རིམ་ངེས་ངེས་མེད། སྨིག་རྒྱུ་འདྲ་བ་ཆུ་འདྲ་སྔོ་རིབ་རིབ། དུ་བ་འདྲ་བ་ན་བུན་ལང་ལང་དང་། མེ་ཁྱེར་མེ་སྟག་འཕྲོ་བ་དམར་ཙག་ཙག །དགྲ་ཅན་ཞེས་བྱ་ནག་ཐིབ་ནག་ཡར་ཡོར། དྲོད་སྐྱེ་བྱང་སེམས་འཕེལ་བས་བདེ་བར་

(༣༩༩)རྒྱས། རྟོག་པ་མི་འཕྲོ་མེར་རེ་འཁྱིལ་ལེ་གནས། དེ་ནས་ཅུང་ཞིག་དབུ་མ་རླུང་ཚུད་པས། སྤྲིན་མེད་ནམ་མཁའ་ལྟ་བུའི་གསལ་ཉམས་འཆར། འདི་སྐབས་སེམས་ངོ་སྤྲད་པར་བྱ་བ་ནི། ནཱ་རོ་མར་མི་རྣམས་ཀྱི་ཕྱག་སྲོལ་ལགས། ཐོག་མ་ཉིད་ནི་ཕྱག་ཆེན་ངོ་སྤྲོད་པ། མཻ་ཏྲིའི་ལུགས་དེ་དྭགས་པོས་རྩལ་དུ་སྟོན། དེ་ཕྱིར་ཐོག་མ་ཕྱག་ཆེན་ངོ་སྤྲོད་ནི། དེ་ཡི་བོག་འདོན་གཏུམ་མོ་བྱེད་སྲོལ་འཇག །ཞེས་མདོར་བསྡུས་ཙམ་དུ་གསུངས་པ་ལྟར། རྒྱས་པར་ལག་ལེན་དུ་འདེབས་པ་ནི། སྔོན་འགྲོ། དངོས་གཞི །རྗེས་གསུམ་ལས། དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན། རྡོ་རྗེ་སེམས་དཔའ་ཧེ་རུ་ཀའི་བསྒོམ་བཟླས་བྱ། རང་གི་མདུན་གྱི་ནམ་མཁར་སེང་ཁྲི་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་མའི་གདན་ལ། རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན། སྐུ་གསུང་ཐུགས་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་གཡས་ཌཱ་མ་རུ། གཡོན་ཐོད་པ་བདུད་རྩིའི་གང་བ་གྲུ་མོར་ཤེས་རབ་ཀྱི་རང་བཞིན་ཁ་ཊཱྃྭ་ག་དཀར་པོ་བསྣམ་པ་རུས་པའི་རྒྱན་དྲུག་གིས་བརྒྱན་པ་ལ་རྒྱུད་པའི་བླ་མས་བསྐོར་

(༤༠༠)བ་དམིགས་ཏེ་མཎྜལ་ཕུལ། བླ་མའི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་དབང་གསུམ་ལེན་པ་བླ་མའི་རྣལ་འབྱོར་སྤྱི་དང་མཐུན། བླ་མ་འོད་དུ་ཞུ་རང་ལ་ཐིམ་པར་བསམ་པ་དབང་བཞི་པའོ། རྩ་གསུམ་འཁོར་ལོ་བཞི་ལ་བརྒྱུད་ཅེས་བྱ་ལ། དེ་ཉམས་སུ་ལེན་པའི་རིམ་པ་ཡིན་པས་རྒྱུད་ཀྱི་རིམ་པ་ཞེས་བྱའོ། །དེའི་ཚུལ་ནི། བསྐྱེད་རིམ་རྒྱས་པ་དང་འབྲེལ་ན་དཀྱིལ་འཁོར་བསྡུས། ཡུམ་ཡང་འོད་ཟེར་དམར་པོའི་རྣམ་པས་ལྟེ་བའི་ཨཾ་ལ་ཐིམ་ཏེ་ཧེ་རུ་ཀ་ཕྱག་གཉིས་པ་རྐྱང་པའམ། ཡུམ་མ་བསྡུས་པར་བདེ་མཆོག་ལྷན་སྐྱེས་སུ་བསམ་པ་གང་རུང་བྱ། བསྐྱེད་རིམ་རྒྱས་པ་དང་། མ་འབྲེལ་ན་ཇོ་བོ་ནཱ་རོ་ཏ་པའི་མན་ངག་གིས་རང་ཐ་མལ་པའི་སྤྱི་བོར་བླ་མའི་ཞལ་ཕྱག་ལྷམ་མེ་བསྒོམ། གསོལ་བ་བཏབ། འོད་དུ་ཞུ། རང་ལ་ཐིམ་པས་སྐད་ཅིག་གིས་བདེ་མཆོག་ཕྱག་གཉིས་པར་ཝལ་གྱིས་གསལ་བཏབ་ཏེ། བདག་བླ་མས་དབང་བསྐུར་ཕྱིན་ཆད་ལུས་ཀྱི་ཕྱི་འཁོར་ལོ་བདེ་མཆོག་ནང་རྩ་ཁམས་རྣམས་དཔའ་བོ་དང་དཔའ་མོའི་བདག་ཉིད་ཡིན་སྙོམ་དུ་དྲན་པར་བྱ། སྔ་ཕྱི་དེ་གཉིས་ཅི་བྱས་ཀྱང་དེ་

(༤༠༡)འཚམས་སུ་རླུང་གི་རྣལ་འབྱོར་ལ་གོམ་པར་བྱས་ལ་གཉིས་པ་ལ་བཞི་ལས། དང་པོ་རྒྱུད་རིམ་ནི། དེ་ནས་རང་བདེ་མཆོག་དུ་གསལ་བའི་སྤྱི་བོ་ནས་ལྟེ་འོག་སོར་བཞིའི་བར་ལ་རྩ་དབུ་མ་ཆུ་ཤིང་གི་སྡོང་པོ་ལྟར་དྲངས་བ། རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་དམར་བ། ཏིལ་མར་གྱི་མར་མེ་ལྟར་གསལ་བ། པདྨའི་འདབས་མ་ལྟར་ཕྲ་བ་སྟེ་ཆོས་བཞི་ལྡན་མདའ་སྙུགས་འབྲིང་པོ་ཙམ། ཕྲ་བ་ནི་སྲབ་པའི་དོན་ལ་བྱ་ཞིང་དབུ་མ་གསལ་འདེབས་པ་ལ་དམིགས་བསྐོར་གཅིག །དེའི་གཡས་སུ་རོ་མ་རཀྟའི་གང་བ་བསྒོམ་པ་དམིགས་སྐོར་གཉིས། གཡོན་དུ་རྐྱང་མ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་བསྒོམས་པ་དམིགས་སྐོར་གསུམ་པ། རྩ་དེ་གསུམ་གཞིབ་སྟེ་མས་སྣེ་དབུ་མ་དང་མཉམ་དུ་ཟུག་པ། རྩ་གསུམ་ཀའི་ཡར་མར་གྱི་སྣེ་གཉིས་བཅད་ཁ་ལྟ་བུ། ལྕེའི་ཐད་དུ་རོ་རྐྱང་གཉིས་དབུ་མའི་ནང་དུ་སོར་གཅིག་ཙམ་སོང་སྟེ་དབུ་མ་དང་བུག་པ་འབྲེལ་ན། དེ་ནས་ཡར་མར་དབུ་མའི་ཕྱི་ནས་སོང་། སྙིང་ག་མགྲིན་པ། སྤྱི་བོ་རྣམས་སུ་ཡང་ལྟེ་བ་དང་འདྲ་བར་སོར་རེ་ཙམ་གྱིས་དཔང་ཚད་དབུ་མའི་ནང་དུ་སོང་ཞིང་བུག་པ་འབྲེལ། རོ་

(༤༠༢)རྐྱང་གཉིས་སྤྱི་བོ་ནས་ཀླད་རྒྱའི་སྟེང་བརྒྱུད་སོང་སྟེ་སྣ་རྩེ་གཡས་གཡོན་དུ་ཟུག་པ། རོ་རྐྱང་གཉིས་དབུ་མའི་ནང་དུ་སོ་སོར་འཁོར་ལོ་ཆགས་པ་ནི། ལྟེ་བར་རྩེ་འཁོར་ནང་མངལ་འདབས་མ་བརྒྱད་དེ་རེ་རེ་ལ་འདབས་ཆུང་བདུན་བདུན་གྱེས་པས་ཕྱི་སྐོར་ལ་འདབས་མ་ལྔ་བཅུ་རྩ་དྲུག །གདུག་ཀྱི་རྩིབ་མ་ཁ་གྱེན་བསྟན་ལྟ་བུར་བསྒོམ་པ་དམིགས་སྐོར་བཞི་པ། སྙིང་ག་ཆོས་ཀྱི་འཁོར་ལོ་སྔོན་པོ་རྩ་འདབས་བརྒྱད་ཁ་ཐུར་བསྟན་བསྒོམ་པ་དམིགས་སྐོར་ལྔ་པ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་དམར་པོ་ནང་སྐོར་རྩ་འདབ་བཞི། དེ་རེ་རེ་ལ་རྩ་འདབ་གསུམ་གསུམ་གྱེས་པ་ཕྱི་སྐོར་བཅུ་གཉིས་ཏེ་རྩ་འདབ་བཅུ་དྲུག་ཁ་གྱེན་བསྟན་བསྒོམ་པ་དམིགས་སྐོར་དྲུག་པའོ། །སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་དཀར་པོ་རྩ་འདབ་སོ་གཉིས་ཕྲེང་དུ་བསྒྲིགས་པ་ཁ་ཐུར་བསྟན་བསྒོམ་པ་དམིགས་སྐོར་བདུན་པའོ། །དབུ་མའི་མས་སྣར་ཀྵ་དམར་ནག་མོའི་རང་བཞིན་མགོ་ཐུར་བསྟན་དབུ་མའི་མས་སྣར་སྣེ་ཚུད་ཙམ་བསྒོམ་པ་དམིགས་སྐོར་བརྒྱད་པའོ། །ལྟེ་བའི་རྩ་འཁོར་གྱི་དབུས་སུ་ཨཾ་དམར་པོ་མགོ་གྱེན་བསྟན་བསྒོམ་པ་དགུ་

(༤༠༣)པའོ། །སྙིང་གའི་དབུས་སུ་ཧཱུྃ་སྔོན་པོ་མགོ་ཐུར་བསྟན་བསྒོམ་པ་བཅུ་པ། མགྲིན་པར་ཨྃ་དམར་པོ་མགོ་གྱེན་བསྟན་བསྒོམ་པ་བཅུ་གཅིག་པ་སྤྱི་བོ་ཧཾ་དཀར་པོ་མགོ་ཐུར་བསྟན་བསྒོམ་པ་བཅུ་གཉིས་པ། རོ་མ་ལ་ཀ་ནས་ཧའི་བར་གསལ་བྱེད་པོ་གསུམ་མམ། ཡང་ན། ང་ཉ་སྤངས་པའི་ཀྵ་ཡི་བར་པོ་གཉིས་འདི་ཁ་ཡིན་པས་གང་བདེ་བྱ་ཞིང་ཁ་དོག་དམར་པོ་མགོ་གྱེན་བསྟན་བསྒོམ་པ་དམིགས་སྐོར་བཅུ་གསུམ་པ། རྐྱང་མ་ལ་ཨཱ་ལི་ཚར་གཉིས་ཁ་དོག་དཀར་པོ་མགོ་འཐུར་བསྟན་རྐྱང་མའི་མས་སྣར་ཨཱཚེག་དྲག་ཅན་གྱི་བར་བརྩེགས་པར་བསྒོམ་པ་བཅུ་བཞི་པའོ། །ལྟེ་བའི་ནང་སྐོར་གྱི་རྩ་འདབ་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་ཨ་ཀ་ཙ་ཊ་ཏ་ས་ཡ་ཤ་བསྒོམ་པ་བཅོ་ལྔ་པའོ། ཕྱི་སྐོར་ལ་དབྱངས་གསལ་ལྔ་བཅུ། ཨཱ་ཨཱི་ཨཱུ་ཨཻ་ཨཽ་ཨཱརྣམས་ཁ་དོག་དམར་པོ་མགོ་གྱེན་བསྟན་བསྒོམ་པ་བཅུ་དྲུག་པ། སྙིང་གའི་འདབས་མ་བརྒྱད་ལ་ཕྱོགས་ཨཱ་ཨི་ཨཱུ་ཨཻ་སྟེ་བཞི། མཚམས་བཞིར་གཡས་ནས་བཙམས་ཏེ་ཡ་ར་ལ་ཝ་རྣམས་ཁ་དོག་སྔོན་པོ་མགོ་ཐུར་

(༤༠༤)བསྟན་བསྒོམ་པ་བཅུ་བདུན་པ། མགྲིན་པའི་ནང་སྐོར་གྱི་རྩ་འདབ་ལ། ཨ་ཨི་ཨུ་ཨེ་ཕྱི་སྐོར་ལ། རྀ་ལྀ་བཞི་སྤངས་པའི་དབྱངས་བཅུ་གཉིས་ཁ་དོག་དམར་པོ་གྱེན་བསྟན་བསྒོམ་པ་བཅོ་བརྒྱད་པའོ། །སྤྱི་བོའི་རྩ་འདབས་ལ་དབྱངས་ཡིག་རྣམས་ཚར་གཉིས་ཁ་དོག་དཀར་པོ་མགོ་འཐུར་བསྟན་བསྒོམ་པ་བཅུ་དགུ་པའོ། །བཤང་སྒོར་རླུང་གི་དཀྱིལ་འཁོར་སྔོ་སྐྱ་ཟླ་གི་གསལ་བཏབ་སྟེ་ཉི་ཤུ་པའོ། །སེམས་ལྟེ་བའི་ཨཾ་ལ་གཏོད་དེ་བཟུང་བ་ཉེར་ཅིག་པའོ། །རླུང་ཕྱིར་འགྲོ་བ་དང་བསྟུན་རྩ་འཁོར་ཡིག་འབྲུ་རྣམས་མས་ནས་རིམ་པར་གསལ་བཏབས་ནང་དུ་འོང་བའི་ཚེ་ཡས་ནས་རིམ་པས་གསལ་བཏབ། གནས་པའི་ཚེ་ལྟེ་བའི་ཨཾ་ལ་ཐིམ་པའི་ཚུལ་གྱིས་ཅུང་ཟད་བཞག་གོ །དེ་ལྟར་ན་རྒྱུད་རིམ་ལ་དམིགས་སྐོར་ཉེར་གཉིས་པོ། གཉིས་པ་ཉམས་ལེན་སྔགས་ཀྱི་རིམ་པ་ལ་གཏུམ་མོའི་འཁོར་ལོ་བཞི་ལ་བརྟེན་པ་ནི། རྩ་གསུམ་འཁོར་ལོ་བཞི་ཡིག་འབྲུ་དང་བཅས་པ་རྒྱུད་རིམ་ལྟར་གསལ་བཏབ་ནས་མདུན་གྱི་ནམ་མཁར་སངས་རྒྱས་ཐམས་ཅད་མ་ལུས་པའི་ངོ་བོ་རྩ་བའི་

(༤༠༥)བླ་མ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་རྣམ་པར་གསལ་བཏབ། རླུང་བུམ་པ་ཅན་བཟུང་བས་འོག་རླུང་སྤྱོད། དེས་གཤང་སྒོའི་རླུང་གི་དཀྱིལ་འཁོར་བསྐྱེད་པས་དེའི་རླུང་གིས་ཀྵ་ཡིག་མེ་འབར། རོ་མ་ནས་སོང་། དེས་ལྟེ་བའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལྕགས་བསྲེག་པ་བཞིན་དུ་བསྲེག་ཤིང་ཨཾ་མེར་འབར་བར་བསྒོམ་པར་དམིགས་སྐོར་དང་པོའོ། །ཡང་རོ་མ་ནས་སོང་། སྙིང་ཁའི་འཁོར་ལོ་བསྲེག་པ་གཉིས་པའོ། །ཡང་རོ་མ་ནས་སོང་། མགྲིན་པའི་འཁོར་ལོ་བསྲེག་པ་གསུམ་པའོ། །ཡང་རོ་མ་ནས་སོ། །སྤྱི་བོའི་འཁོར་ལོ་བསྲེགས་པ་བཞི་པའོ། །སྣ་བུག་གཡས་ནས་སོང་མདུན་གྱི་འཁོར་ལོ་བདེ་མཆོག་གི་ཤངས་ལམ་བརྒྱུད། སྐུའི་འཁོར་ལོ་བཞི་ཁྱབ་གཞུང་གཏུམ་བྱ། བདུད་རྩི་རྣམས་བསྡུས། ཤངས་གཡོན་ནས་བྱུང་། རང་གི་སྣ་བུག་གཡོན་ནས་ཞུགས། རྐྱང་མའི་ལམ་བརྒྱུད། སྤྱི་བོའི་འཁོར་ལོ་བདུད་རྩིས་གང་ཞིང་ཡི་གེ་རྣམས་གོབས་པར་བསྒོམ་པ་ལྔ་པའོ། །རིམ་པས་རྐྱང་མར་བརྒྱུད། མགྲིན་པའི་ཨོཾ་སོགས་ཡི་གེ་རྣམས་གསོས་དྲུག་པའོ། རྐྱང་མའི་ལམ་བརྒྱུད། སྙིང་གའི་ཡི་

(༤༠༦)གེ་རྣམས་གསོས་བདུན་པའོ། །དེ་བཞིན་དུ་རྐྱང་མ་ནས་བརྒྱུད། ལྟེ་བའི་ཨཾ་ལ་ཕོག་ཡི་གེ་ཐམས་ཅད་གསོས་ཤིང་བདུད་རྩིས་གང་། འབར་འཛག་ལ་སེམས་གཏད་དེ་བརྒྱད་པའོ། །དེ་ནས་ཡང་རླུང་བཟུང་བས་ཀྵ་མེ་འབར། མེ་ལྕེ་ཕྲ་བ་ཞིག་དབུ་མའི་ལམ་ནས་སོགས། ལྟེ་བའི་ཨཾ་ལ་ཕོག་པས་དེ་མེ་འབར། མེ་ལྕེ་རིམ་བཞིན་སོང་། སྙིང་གའི་ཧཱུྃ་ཡིག་སྲེག་དགུ་པའོ། མེ་དེ་དབུ་མ་ནས་སོང་། མགྲིན་པའི་ཨོཾ་བཅོམ་བཅུ་པའོ། སྤྱི་བོའི་ཧཾ་ལ་ཕོག་པས་བསྲེགས་བཅུ་གཅིག་པའོ། རིམ་བཞིན་བརྒྱུད། སྨིན་མཚམས་གསེར་གྱི་སྒོ་ནས་ཞུགས། དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བྱས། བདུད་རྩི་བྱུང་བ་སྤྱི་གཙུག་ཛ་ལནྡྷ་ར་ནས་ཞུགས། ཧཾ་ཡིག་སོགས་སྤྱི་བོའི་ཡི་གེ་རྣམས་བདུད་རྩིས་གང་བས་ཆེས་གསལ་བར་བསྒོམ་བཅུ་གཉིས་པའོ། གཞན་རྣམས་འདྲ་བ་ལས་མགྲིན་པའི་ཡི་གེས་གསོས་བཅུ་གསུམ་པའོ། ཡང་བབ། སྙིང་གའི་ཡི་གེ་རྣམས་སོ། བཅུ་བཞི་པའོ། དེ་ལས་ཀྱང་བབ། ལྟེ་བའི་ཡི་གེ་རྣམས་གསོས། ཨོཾ་ལ་སེམས་གཏད་བཅོ་ལྔ་པའོ། དེ་ལྟ་བུ་ཚར་

(༤༠༧)གཅིག་སྔོན་དུ་བཏང་ནས། དེ་ནས་གཏུམ་མོའི་མེ་སྤྱི་བོའི་ཧཾ་ཡིག་གི་བར་འབར། སྙིང་ག་མགྲིན་པ་སྤྱི་བོའི་བར་གྱི་འཁོར་ལོའི་ཡིག་འབྲུ་དང་བཅས་པ་བསྲེགས། བཅུ་དྲུག་པའོ། །དེ་ནས་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་མི་བྱེད་པར་ཧཾ་ལས་བདུད་རྩི་བྱུང་། མགྲིན་པ་སྙིང་ག་ལྟེ་བའི་བར་གྱི་འཁོར་ལོ་དང་ཡིག་འབྲུ་རྣམས་གསོས། དེ་ཀའི་འབར་འཛག་ལ་སེམས་གཏད་དེ་བསྒོམ་བཅུ་བདུན་པའོ། །དེ་ལྟར་ན་སྔགས་ཀྱི་རིམ་པ་ལ་དམིགས་སྐོར་བཅུ་བདུན་ནོ། །གསུམ་པ་སྐྱེ་བ་ཡེ་ཤེས་ཀྱི་རིམ་པ་ནི། སྔགས་རིམ་གྱི་གཏུམ་མོའི་དམིགས་པ་དེ་བཞིན་གཤེགས་པའི་རྒྱུད་ལས་འགྲོ་འོང་བཅས་པ་ཚར་གཅིག་ཉམས་སུ་བླང་ནས་དེ་ནས་དེ་བཞིན་གཤེགས་པའི་རྒྱུད་ལས་འགྲོ་འོང་མི་བྱེད་པའི་གཏུམ་མོའི་མེ་སྤྱི་བོའི་ཧཾ་གི་བར་འབར་བས་ཧཾ་བདུད་རྩིར་ཞུ། མགྲིན་པའི་ཨོཾ་ལ་ཐིམ། དམིགས་སྐོར་གཅིག །དེ་ཡང་ཞུ་སྙིང་གའི་ཧཱུྃ་ལ་ཧཱུྃ། གཉིས་པའོ། དེ་ཡང་ཞུ་ལྟེ་བའི་ཨཾ་ལ་ཐིམ། གསུམ་པའོ། དེ་ཡང་ཞུ་དཀར་དམར་འདྲེས་པའི་ཐིག་ལེ་དེ་རྡོ་རྗེ་ནོར་བུའི་རྩེར་སླེབ་པ་ལ་སེམས་བཟུང་

(༤༠༨)བཞི་པའོ། །མཐུན་འཇོག་ཀར་སྤྱི་བོའི་ཧཾ་ལ་ཐིམ་པར་བསྒོམ་ལྔ་པའོ། ནོར་བུའི་རྩེ་མོར་བཟུང་བས་དེར་བདེ་བས་བརྒྱལ་བ་ལྟ་བུ་བྱུང་ཚེ་ཡར་རྡོ་རྗེའི་སྐེད་པ་ཙམ་དུ་དྲངས། དྲུག་པའོ། དེ་ཡང་བདེ་བར་མི་བཟོད་ན་བྱུང་ཚེ་ཡར་རྡོ་རྗེའི་རྩ་བར་དྲངས་བདུན་པའོ། ཡང་ཡར་ལྟེ་འོག་ཏུ་དྲངས། བརྒྱད་པའོ། ཡང་ཡར་ལྟེ་བར་དྲངས། དགུ་པའོ། དེ་བཞིན་དུ་ལྟེ་བ་ནས་སྙིང་གའི་བར་ལ་ཆ་བཞིར་བྱས་ཏེ། ཡར་རིམ་བཞིན་དྲངས། བཅུ་པ་ནས་བཅུ་གསུམ་པའི་བར་རོ། །དེ་བཞིན་དུ་སྙིང་ག་ནས་མགྲིན་པའི་བར་ལ་བཞི། དམིགས་སྐོར་བཅུ་བདུན་པའི་བར་རོ། །མགྲིན་པ་ནས་སྤྱི་བོའི་བར་ལ་བཞི། དམིགས་སྐོར་ཉེར་གཅིག་པའི་བར་དོ། དེ་རྣམས་སུ་སེམས་འཛིན་ཅིང་ཁྱད་པར་འཁོར་ལོ་བཞི་ཡི་གཙོ་བོར་སེམས་གཏོད་དེ་ཉེར་གཅིག་པའོ། །མདོར་ན་ཡས་བབ་ལ་བཞི་དང་། མས་བརྟན་ལ་དགའ་བ་བཅུ་དྲུག་གི་རྗེས་དྲན་བཅུ་དྲུག་གོ །དེ་ལྟར་ན་ཡེ་ཤེས་ཀྱི་རིམ་པ་ལ་དམིགས་སྐོར་ཉེར་གཉིས་པའོ། །བཞི་པ་འབྲས་བུ་གསང་བའི་རིམ་པ་ནི། སྔགས་རིམ་འཁོར་ལོ་བཞི་ལྡན་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་

(༤༠༩)འོང་དང་བཅས་པ་ཚར་གཅིག་ཉམས་སུ་བླངས་ནས། དེ་ནས་གཏུམ་མོའི་མེ་སྤྱི་བོའི་ཧཾ་བར་འབར་བས་ཧཾ་བདུད་རྩིའི་རང་བཞིན་དུ་ཞུ། མགྲིན་པའི་ཨོཾ་ལ་ཐིམ་པར་བསམ་སྟེ་སེམས་འཛིན། དམིགས་སྐོར་གཅིག་གོ །ཨོཾ་ཡང་ཞུ་སྙིང་གའི་ཧཱུྃ་ལ་ཐིམ་པ་ལ་སེམས་གཏད་དེ། དམིགས་སྐོར་གཉིས་པའོ། །དེ་ལས་ཀྱང་དྭངས་མ་བྱུང་། ལྟེ་བའི་ཨཾ་ལ་ཐིམ་པར་བསམ་ལ་དེ་ལ་སེམས་འཛིན། དམིགས་སྐོར་གསུམ་པའོ། །དེ་ནས་ཁམས་སུམ་ཐམས་ཅད་འོད་དུ་ལྟེམ་ཞུ་རང་ལ་ཐིམ་པར་བསམ། དེ་ཙམ་ལ་སེམས་གཏད། བཞི་པའོ། དེ་ཡང་ཡལ། སྙིང་གའི་ཧཱུྃ་དང་ལྟེ་བའི་ཨཾ་དེ་གཉིས་བར་གྱི་དབུ་མ་དང་བཅས་པ་ཙམ་ལ་སེམས་གཏད་དེ་ལྔ་པའོ། །དེ་གཉིས་ཀྱང་འོད་དཀར་དམར་དུ་ཞུ། དཀར་དམར་འདྲེས་པའི་ཐིག་ལེ་ལ་སེམས་གཏད། དྲུག་པའོ། དེ་ཡང་གློག་ཡལ་བ་བཞིན་ཡལ་སོང་། དེ་ཀའི་ངང་ལ་མཉམ་པར་འཇོག་ཅིང་རླུང་བུམ་པ་ཅན་འཛིན། བདུན་པའོ། །དེ་ལྟར་ན་གསང་རིམ་ལ་དམིགས་སྐོར་བདུན། ཀུན་དྲིལ་དམིགས་སྐོར་དྲུག་ཅུ་རྩ་བརྒྱད་དོ། །དེ་ན་རང་ཉིད་སྐད་ཅིག་ཙམ་

(༤༡༠)གྱི་ཧེ་རུ་ཀར་ཝལ་བསམ་ལ། དེའི་སྣ་བུག་གཉིས་ཙམ་མ་གཏོག་བར་གྱི་ཀ་བ་མེད་པ་ལྟ་བུ་སྲབ་མོ་ཞིག་ཏུ་སྒོམ། རླུང་ནང་དུ་འོང་བ་དང་མཉམ་དུ་དེར་རླུང་ལྗང་སྔོན་ཤས་ཆེ་བས་ལྗང་ནག་དུད་པ་ལྟ་བུ་ཞིག་གུ་ལུ་ལུ་བྱུང་། ལུས་ཀྱི་ནང་དུ་སོང་བས་ལུས་ཀྱི་ནང་ཐམས་ཅད་རིམ་གྱིས་གང་སྟེ་ནང་ཆུང་ངུ་དུད་བས་ཁེངས་པ་ལྟ་བུ་ཞིག་ཏུ་བསྒོམ། འདི་གེགས་སེལ་ཡིན་ཀྱང་དམིགས་པ་ཕྱི་མ་འདི་དང་སྦྲེལ་ནས་དང་པོ་ཉིད་ནས་བསྒོམ་པས་རྩ་རླུང་གི་ཟུག་མི་འབྱུང་ཞིང་། ཡོན་ཏན་ཁྱད་པར་ཅན་སྐྱེ་བའི་དགོས་པ་ཡོད་དོ། །འཁྲུལ་འཁོར་གྱི་ལུས་སྦྱོང་བོག་འདོན་གེགས་སེལ་སོགས་ནི་མན་ངག་གི་ཡིག་ཆ་གཞན་དུ་བཞུགས་པ་དང་། བླ་མའི་ཞལ་གྱི་གདམ་པ་ལས་ཤེས་པར་བྱའོ། །གསུམ་པ་རྗེས་ནི། དེ་ལྟར་བསྒོམ་པའི་དགེ་བའི་རྩ་བ་རྣམས་སེམས་ཅན་གྱི་དོན་དུ་སྔོན་བ་སྨོན་ལམ་གང་འགྲུབ་བྱའོ། །གཞན་ཡང་བླ་མེད་ཀྱི་ཁྲིད་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་དང་གཞན་ཡང་། བཀའ་བབ་བཞི་ཡི་གདམས་པའི་ཆུ་བོ་ཆིག་འདྲེས་སུ་གྱུར་པ། དཔའ་ནཱ་རོ་ཏ་པའི་ཆོས་དྲུག་སྟེ། གཏུམ་མོའི་ལམ་གྱི་གཞུང་ཤིང་། སྒྱུ་ལུས་ལམ་གྱི་བོག་འདོན་

(༤༡༡)རྨི་ལམ་ལམ་གྱི་ཚོད་འཛིན་འདོད་གསལ་ལམ་གྱི་སྙིང་པོ་སྟེ་རྩ་བའི་ཆོས་བཞི་དང་། བར་དོ་ལམ་གྱི་བློ་ཆོད། འཕོ་བ་ལམ་གྱི་སྐྱེལ་མ་སྟེ། ཡན་ལག་གི་ཆོས་གཉིས་བསྣན་པའོ། །ཚིག་གིས་དྲེགས་པའི་མཁས་མང་གི། གྲུབ་པ་ཀུན་གྱི་ཡང་ནས་ཡང་། ཐེག་པ་མཆོག་གི་དོན་སྟོན་པའི། ངེས་གསང་བླ་ན་མེད་པ་ཡི། ལམ་འདི་བཤད་ཅིང་མངོན་གསལ་མཛད། ཡེ་ཤེས་དཔལ་གྱི་མངོན་ཁེངས་པའི། རིགས་སྔགས་འཆང་བའི་མཁས་རྣམས་ཀྱིས། དགོངས་པའི་སྙིང་པོའང་འདི་ཁོ་ན་དེ་ཕྱིར་རབ་མཆོག་ཕུལ་བྱུང་ཉིད། ཐ་དད་མི་མཐུན་རྩོད་པའི་ལམ། རྟོག་གེའི་རིང་དུ་གོམ་བྱེད་པ། ངལ་བ་འབྲས་མེད་དེ་མ་ཡིན། ༈ གཉིས་པ་ལམ་གྱི་རྩ་བ་དམ་ཚིག་གི་རྣམ་བཞག་བསྟན་པ་ནི། ཐུན་མོངས་མ་ཡིན་པའི་དམ་ཚིག་དང་། ཐུན་མོངས་གི་དམ་ཚིག་གཉིས་སོ། དང་པོ་ནི། རྩ་རྒྱུད་ལས་དེ་ནས་རྣལ་འབྱོར་རྒྱུད་དུ་ནི། རྙེད་དཀའི་དམ་ཚིག་ང་ཡིས་བསྟན། སྐྱེས་པ་བུད་མེད་གཡོན་ནས་འགྲོ། འདོད་པའི་འབྲས་བུ་སྟེར་བར་བྱེད། ཁྱིམ་དང་ཞིང་དང་རྣམ་གནས་

(༤༡༢)པ། །ཤིན་ཏུ་རིང་ཡང་ཤེས་པར་འགྱུར། །ཤྲཱི་ཧེ་རུ་ཀ་རྣལ་འབྱོར་མཆོག །སློབ་དཔོན་རྣལ་འབྱོར་མ་ཉིད་ཡིན། །རྒྱུད་འདི་རྒྱུ་ནི་སྒྲུབ་པ་པོ། །ལེགས་པ་ཉིད་དུ་འགྱུར་བ་སྟེ། །བརྙས་མི་བྱ་ཞིང་སྤང་མི་བྱ། །ཅི་ནུས་བ་ཡི་མཆོད་པ་བྱ། །ཁྭ་གདོང་ལ་སོགས་བརྒྱད་འདི་དག །མོས་དང་དད་པ་འཕེལ་བྱེད་པ། །རྟག་པར་དངོས་གྲུབ་རྣམས་ཀྱི་རྒྱུ། །དམ་ཚིག་རྣམས་ཀྱང་བསྐྱང་བར་བྱ། །ལྷ་མོ་གཞན་དང་ཀུན་སྦྱོར་བ། །འདོད་ལ་རྨོངས་པས་མྱུར་འགྲོ་མ། །མི་གཡོ་བདག་གཞན་གཉིས་མེད་པ། །གཉིས་སུ་མིན་དང་ཐོག་མེད་མིན། །དམ་ཚིག་སྤྱད་པ་སྤྱོད་པ་དང་། །བུ་མེད་དབང་ཕྱུག་ཤིན་ཏུ་སྦྱར། །ཚངས་སྤྱོད་དེ་བཞི་བསམ་གཏན་གནས། །ཁྲོ་མེད་རྒྱུན་གྱི་ཀུན་ཏུ་སྤྱོད། །འདི་བརྒྱད་དམ་ཚིག་ཀུན་སྤྱོད་ཡིན། །སྒྲུབ་པ་ལ་ནི་གནས་པ་ཡི། །སྒྲུབ་པ་པོ་ཡ་རྟག་ཤེས་བྱ། ཅེས་གསུངས་ཏེ། འདིའི་ཐོག་མ་ནི་སྒྲུབ་པར་བྱ་བའི་དམ་ཚིག་དང་། ཕྱི་མ་བདུན་སྤང་བར་བྱ་བའི་དམ་ཚིག་གོ །སྡོམ་པ་ནི། གཡོན་པའི་ཀུན་སྤྱོད་རྨོངས་པས་བགྲོད། ཐ་དད་འཛིན་དང་གུས་པ་ལྷོད། ཕྱག་རྒྱ་མི་

(༤༡༣)སྒྲུབ་ཕྱག་རྒྱ་འབྲལ། སྤྱོད་པ་ཉམས་དང་དམ་རྫས་ཁྲོ། ཅེས་བྱའོ། །དང་པོ་ནི་གཡོན་པའི་ཀུན་སྤྱོད། ཚོགས་འཁོར་དང་ལག་མཆོད་ལ་སོགས་པའི་ཁྱད་པར་གྱི་དུས་སུ་མ་བྱས་ན་ལྟུང་བ་ཡིན་ཞིང་། རྒྱུན་གྱི་དུས་སུ་ཉིན་རེ་བཞིན་དྲན་ཅིང་བྱེད་པའི་འདུན་པ་མ་ཉམས་པ་དགོས་སོ། །གཉིས་པ་ནི། རྨོངས་པས་བསྒྲོད་པ་སྤང་པ་ཞེས་བྱ་སྟེ། ཡུལ་ཕྱག་རྒྱའི་མཚན་ཉིད། མཆོག་དམན་འབྲིང་གསུམ་གང་དུ་ཡང་ལྡན་པ་མ་ཡིན་པའི་བུད་མེད་ལས་ཀྱིས་མ་འཁྱུད་པ་ལ་བསམ་པ་ཆགས་སེམས་འབའ་ཞིག་གིས་ཀུན་ནས་བསླངས་ཏེ་དགོས་པ་ཆོས་དགེ་བ་ལ་གཟུང་བ་སོགས་དང་རོ་མཉམ་པར་བྱེད་པའི་དོན་མ་ཡིན་པར། སྦྱོར་བ་དེ་ལ་བསྒྲོད་པས་མཐར་ཐུག་བྱ་བ་ཟིན་ཞིང་ཐུན་མཚམས་སུ་གཉེན་པོས་མ་སླེབ་ན་ལྟུང་བའོ། །དེ་ཡང་རྩ་རྒྱུད་ལས། །ཕོ་ཉ་མ་གཏོགས་གཞན་དག་ལ། །འདོད་ལ་རྨོང་པས་བགྲོད་མི་བྱེད། །ཕོ་ཉ་མོ་ཞན་རྟག་ཐར་པ། །འབད་པ་ཡིས་ཀྱང་ལོངས་སྤྱོད་བྱ། ཞེས་གསུངས་ཏེ་དམ་ཚིག་འདི་ནི་ཕོ་ཉ་མོ་སྒྲུབ་པའི་སྐབས་སུ་མ་བཤད་པ་ཡིན་ཡང་། ལས་དང་པོ་པས་ཀྱང་དེ་དང་ཕྱོགས་

(༤༡༤)མཚུངས་པར་སྤྱོད་པའི་ཁྱད་པར་ཞིག་གོ །གསུམ་པ་ནི། ཐ་དད་འཛིན་པའི་ལྟུང་བ་སྟེ། ཆོས་ཉིད་གཡོ་བ་མེད་པ་དེ་ནི་རང་གཞན་གྱི་དབྱེ་བ་མེད་པར་མཉམ་ཉིད་དུ་ཁྱབ་པ་ཡིན་ཡང་། དེ་ལྟར་མ་རྟོགས་པས་རང་གཞན་སོ་སོར་འབྱེད་ན་ལྟུང་བ་སྟེ། དེ་ཡང་ཐུན་མཚམས་བཞིར་གཉེན་པོས་སླེབ་ན་ལྟུང་བར་མི་འགྱུར་ལ། དེ་བས་ན་ཆོས་ཐམས་ཅད་གནས་ལུགས་སྟོང་པར་ཡང་མཉམ། རང་བཞིན་བདེ་གསལ་དུ་ཡང་མཉམ། ངོ་བོ་ཧེ་རུ་ཀའི་དཀྱིལ་འཁོར་དུ་ཡང་མཉམ་པ་དེ་མི་རྟོག་པའི་ཡེ་ཤེས་ཀྱིས་ཐུན་བཞིར་བསྐྱོང་ཐུབ་ན་རབ། ཐ་ན་མོས་སྒོམ་ཙམ་ཡང་ཐུན་བཞིར་དྲན་དགོས་ཏེ་དེ་ལས་འདས་ན་ལྟུང་བ་སྟེ་ལྟ་བ་དེ་ལྟ་བུའི་དོན་གོ་ནས་མི་སྐྱོང་ན་དེ་ལྟར་ཡིན་ལ། མ་གོ་གོང་དུ་ཡིན་ཡང་དེ་འདྲ་དེས་མོས་པའི་ཡུལ་ཙམ་དུ་ཡང་ལྟ་བ་དེ་ཚོལ་དགོས་པ་ལས་མི་ཚོལ་ན་ལྟུང་བའི་ཕྱོགས་མཐུན་འབྱུང་བའོ། །བཞི་པ་ནི། གུས་པ་ལྷོད་པའི་ལྟུང་བ་སྟེ། ལམ་གཞན་ལ་མོས་པས་ལམ་འདི་ལས་ལམ་གཞན་མཆོག་ཏུ་འཛིན་པའམ། ལམ་འདི་ལ་སྐྱོན་དུ་འཛིན་པས་ཆོས་འདི་ལ་གུས་པ་དམན་པར་གྱུར་

(༤༡༥)པ་ནི་ལྟུང་བ་སྟེ། ལམ་འདི་སྒྲུབ་པ་ལ་ཆེད་ཆེར་མི་འཛིན་པའོ། །ལྔ་པ་ནི། ཕྱག་རྒྱ་མི་བརྟེན་པའི་ལྟུང་བ་སྟེ། རྫོགས་རིམ་ལ་བརྟེན་ནས་དོན་གྱི་བདེ་སྟོང་མཚོན་ནུས་ཤིང་། བྱང་ཆུབ་ཀྱི་སེམས་བཅིང་བར་ནུས་པ་དང་། བསྐྱེད་རིམ་ཕྱོགས་ལ་མོས་པའི་སྒོ་ནས་སྟོང་པ་དང་སྙིང་རྗེ་དང་ལྷའི་རྣལ་འབྱོར་ལ་གནས་ཤིང་། དཔེའི་ཡེ་ཤེས་མཚོན་ནུས་པས་ལས་ཀྱི་ཕྱག་རྒྱ་མི་བསྟེན་ན་ལྟུང་བའོ། །འདི་ལྟུང་བ་འབྱུང་བའི་དུས་ཚད་ནི། སམྦུ་ཊི་ལས། དེ་ལྟར་གང་ཞིག་རྣལ་འབྱོར་པས། གལ་ཏེ་པདྨ་འཛིན་པ་ལ། སྔོན་དུ་ཉི་མ་རེ་རེ་འམ། ལོ་ལ་རེག་པར་མི་བྱེད་ན། དམ་ཚིག་ཉམས་པར་འགྱུར་རོ་ཞེས་གསུངས་པས། དུས་ཀྱི་མཐའ་ལོ་གཅིག་ལ་གཟུང་མདོ། ལས་རྒྱ་དངོས་སུ་སྒྲུབ་པ་མི་ནུས་ན་ཡིད་ཀྱིས་བྱའོ། །དྲུག་པ་ནི། ཕྱག་རྒྱ་དང་འབྲལ་བའི་ལྟུང་བ་སྟེ། ལས་རྒྱ་ལ་བསྟེན་ནས་ཡེ་ཤེས་སྒྲུབ་པའི་མགོ་བརྩམ་པ་ནས་ཡེ་ཤེས་བརྟན་པར་མ་བྱས་ཀྱི་བར་དང་སྤྱོད་པ་ལ་སོགས་པར་ལན་ཅིག་ཞུགས་ནས་རང་ལམ་གྱི་འབྲས་བུ་མངོན་དུ་མ་གྱུར་བར། གྲོགས་ཤེས་རབ་མ་དང་མི་འབྲལ་བར་བྱ་སྟེ་བྲལ་ན་ལྟུང་བའོ། །བདུན་པ་ནི།

(༤༡༦)སྤྱོད་པ་ཉམས་པའི་ལྟུང་བ་སྟེ། ཞུ་བདེ་འཛག་མེད་མ་ཐོབ་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་བཟུང་ཟློག་གི་སྦྱོར་བས་ཕྱིར་མི་ལྟུང་ཞིང་སྤྱི་བོར་མི་གཡོ་བ་སྟེ་རྟན་པར་བྱེད་དགོས་པ་ལས་དམིགས་གསལ་དབང་བསྐུར་བ་དང་བཅུད་ལེན་ལ་སོགས་པའི་དོན་མ་ཡིན་པར། བྱང་ཆུབ་ཀྱི་སེམས་ཀུན་ལྟ་བུ་ཆེད་དུ་ཉམས་པར་བྱེད་ན་ལྟུང་བའོ། །བརྒྱད་པ་ནི། དམ་ཚིག་གི་རྫས་ལ་ཁྲོ་བའི་ལྟུང་བ་སྟེ། འདིར་ཁྱད་པར་གྱི་ཤེས་རབ་མའི་བྷ་ག་ལས་བྱུང་བའི་ཁུ་རྡུལ་གྱི་རྫས་བསྟེན་དགོས་པ་ལས། མི་གཙང་བའི་སེམས་ཀྱིས་སྤང་ན་ལྟུང་བའོ། །འདིའི་གསུམ་པ་རིགས་བཟང་ངན་དུ་འབྱེད་པ་ལྟུང་བར་བཤད་པའང་ཡོད་དེ། དེའི་གཉེན་པོའང་མཉམ་ཉིད་དུ་ཤེས་པ་ཉིད་ཡིན་པས་གནས་གཅིག་པར་འགྱུར་རོ། །དམ་ཚིག་བརྒྱད་པོ་འདི་དག་ལ་གནས་པས་ཁྭ་གདོང་མ་ལ་སོགས་པ་བརྒྱད་པོ་རྣམས་སྒྲུབ་པ་པོ་མོས་ཤིང་དད་པ་སྟེ། ཤིན་ཏུ་དགྱེས་པས་དངོས་གྲུབ་རྩོལ་བར་འགྱུར་རོ། །དེ་ལ་གཡོན་པའི་ཀུན་སྤྱོད་ནི། འཇིག་རྟེན་ན་རྟག་གཡས་ནས་སྤྱོད། རྐང་པ་གཡོན་པ་སྔོན་ལ་འདོར། ལག་པ་གཡོན་པ་སྔོན་དུ་བསྒྱུར། གཡོན་གྱི་སྤྱོད་པས་རབ་མཆོག་བྱེད། ལུས་ཀྱི་ཡོན་

(༤༡༧)པས་རྣམ་པར་འཁྲིལ། །གཡོན་པ་ཡིས་ནི་ཚིམ་པར་བཟའ། བརྟུལ་ཞུགས་མ་ཉམས་བརྟུལ་ཞུགས་རྫོགས། སྒྲུབ་པོ་དེ་ནི་དམ་ཚིག་བརྩོན། ཞེས་པ་དང་བརྡ་ནི་ལྔ་པོ་བསྟེན་པ་དག །སྒྲུབ་པ་པོ་ཡི་ལག་གཡོན་གྱིས། འདི་ནི་དཔའ་བོའི་གནས་ཡིན་ཏེ། བརྡ་རྣམས་ལ་ནི་རབ་འཇུག་པའོ། །ཁམས་གསུམ་རྒྱུ་དང་མི་རྒྱུར་བཅས། འགྲོ་ཀུན་གཡོན་ལས་བྱུང་བ་ཡིན། ཞེས་གསུངས་ཏེ། དེ་ལ་གཡོན་པའི་ཀུན་སྤྱོད་ཀྱི་ངོ་བོ། དེའི་མཚན་དོན། དེའི་བྱེད་ལས་སམ་དགོས་པ། དེ་ལ་ཕོ་ཉ་མོ་རྣམས་གཉིས་པའི་རྒྱུ་མཚན། གཡོན་པའི་ཀུན་སྤྱོད་ཀྱི་རྣམ་གྲངས་བཤད་པའོ། །དང་པོ་ནི། ལག་པ་གཡོན་པ་བྱིན་གྱིས་བརླབ་ཤིང་། དེས་ལུས་ཀྱི་ཆ་ཐམས་ཅད་ལ་རེག་པས་བྱིན་གྱིས་བརླབས། །དེ་ནས་ཟ་བ་འགྲོ་བ་ལེན་པ་ལ་སོགས་པ་ལྷའི་དག་པ་དང་མཚོན་དོན་དྲན་པར་བྱས་ལ། གཡོན་པས་བྱ་བ་དེ་དང་དེ་བྱེད་པ་ཡིན་ནོ། །གཉིས་པ་ནི་ལུས་ཀྱི་གཡོན་པའི་ཆ་བདེ་བ་ཆེན་པོ་མཚོན་པ་དང་། གཡས་ཀྱི་ཆ་རྣམས་སྣང་སྟོང་གཉིས་སུ་མེད་པའི་ལྷ་སྐུར་མཚོན་ན། བདེ་བ་ནི་རང་བཞིན་ལྷ་སྐུ་ནི་རྣམ་འགྱུར་ཡིན་ལ། ཡང་ལྷ་སྐུ་ནི་རྒྱས་གདབ་བྱ་ཡིན་ཞིང་། བདེ་སྟོང་གི་ཡེ་ཤེས་ནི་རྒྱས་

(༤༡༨)འདེབས་བྱེད་ཡིན་པ། ལྷ་སྐུ་གསལ་སྟོང་དང་ཐིག་ལེ་བདེ་སྟོང་གཉིས་ཀར་གདོད་མ་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་ལ་ཡང་ཡོད། རྟོགས་བྱེད་ཀྱི་ཐབས་ལའང་གཉིས་ཀར་དགོས་མདོ་ཀྱི། བདེ་སྟོང་ཉིད་གཙོ་བོ་དང་བྱེད་པོ་ཡིན་ནོ། །དེ་ཡང་གཞི་ཆོས་ཉིད་ལ་གནས་ཚུལ་ནི། དཔེར་ན་གསེར་ལས་ལུགས་སུ་བླུག་པའི་གླང་པོ་ཆེའི་གཟུགས་ལ་རང་བཞིན་གྱི་གསེར་ཡིན། རྣམ་པ་གླང་པོའི་གཟུགས་ཡིན་ན། དེ་གཉིས་རྫས་སུ་ཐ་དད་མེད་ཀྱང་གསེར་ཡིན་པའི་ལྡོག་ཆ་གཙོ་བོ་ཡིན་པ་བཞིན་ཏུ་ལྷ་སྐུའི་རང་བཞིན་བདེ་བ་ཡིན་པས་ལྡོག་ཆ་བདེ་བ་གཙོ་བོ་ཡིན་ལ། ལམ་གྱི་གནས་སྐབས་སུ་ཡང་བདེ་བ་ཆེན་པོ་ཉིད་བསྒོམ་པས་ལྷ་སྐུ་རང་ཤར་དུ་འབྱུང་ལ། མ་དག་པའི་ལུས་གནས་གྱུར་པའི་ལྷ་སྐུ་འཇའ་ཚོན་ལྟ་བུ་ཡང་བདེ་བའི་ལམ་གྱིས་སྒྲུབ་དགོས་པའི་ཕྱིར། ལམ་གྱི་གཙོ་བོ་བདེ་བ་ཡིན་ནོ། །དེ་བས་ན་གཡོན་གྱི་ཕྱོགས་ནི་ཁམས་དཀར་པོའི་དབང་དུ་བྱས་ནས་བདེ་སྟོང་གི་ཡེ་ཤེས་མཚོན་ལ། གཡོན་གྱི་སེར་མོ་ལྔ་ནི་ཐབས་བདེ་བའི་ཕྱོགས་ཀྱི་འབྱུང་བ་ལྔའི་དངས་མ་ཡེ་ཤེས་ལྔའི་བརྡ་དོན་ཏེ། དེ་ནི་གདོད་

(༤༡༩)མའི་ཆོས་ཉིད་ཐབས་ཀྱི་དངས་མ་ལྔ་པོ་དཔའ་བོ་སྟེ། དཔའ་ཧེ་རུ་ཀ་རིགས་ལྔའི་གནས་ཏེ་རང་བཞིན་ཡིན་ལ་སེམས་ཉིད་བདེ་སྟོང་གཉིས་སུ་མེད་པའི་རང་སྣང་ལས་དངས་མ་ལྔའི་དཔའ་བོར་རྟག་ཏུ་འཆར་བ་ལ། དཔེར་ན་གསེར་ལ་གཡའ་བཞིན་དུ། སེམས་བདེ་བ་འཁྲུལ་བཅས་དང་། ལུས་འབྱུང་བ་ལྔའི་ཆོས་འགྱུར་བཅས་རྣམས་འབྱུང་བ་ཡིན་ཏེ། དེ་ལས་ནི་མ་དག་འཁོར་བའི་ཁམས་གསུམ་སྣོད་དང་བཅུད་ཐམས་ཅད་འབྱུང་ངོ་། །ཡང་གདོད་མ་དེ་ལམ་དུ་བྱས་པ་ལས་ནི། སེམས་བདེ་བ་རྣམ་དག་ཧེ་རུ་ཀ་དང་། ལུས་འབྱུང་བའི་དངས་མ་རྣམ་དག་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིམ་ལྔ་སོགས་བྱུང་སྟེ། ཡེ་ཤེས་མྱ་ངན་ལས་འདས་པའི་ཁམས་གསུམ་སྣོད་བཅུད་ཐམས་ཅད་བྱུང་ངོ་། །འགྲོ་ཀུན་གཡོན་ལས་བྱུང་བའི་བརྡ་དོན་གྱི་གཙོ་བོ་ནི་དེ་ལྟར་ཡིན་ལ། ཡང་སྟོང་པ་ཙམ་གྱི་ལྡོག་ཆ་ནས། སྟོང་པ་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་འབྱུང་བ་ཙམ་དང་། འཇིག་རྟེན་ཀུན་རྫོབ་ཏུ་ལུས་ཀྱི་གཡས་སྐྱེས་པ་དང་། གཡོན་བུད་མེད་ཀྱི་ཚུལ་དུ་གནས་ཞེས་གྲགས་ལ། འགྲོ་བ་རྣམས་བུད་མེད་ཀྱི་ཆོས་ལས་འབྱུང་ངོ་། །ཞེས་ཀྱང་འགའ་

(༤༢༠)ཞིག་འཆད་དོ། །ཡང་ཁ་ཅིག་གཡོན་ཁུ་བའི་ཁམས་ཡིན་ལ། དེ་ལས་འགྲོ་བ་ཐམས་ཅད་འབྱུང་བ་ཡིན་ནོ། །ཞེས་ཀྱང་འདྲོང་ན། དེ་གཉིས་འགལ་བ་ལྟར་བྱུང་མདོ་ཀྱི། ཐབས་དང་ཤེས་རབ་ཕན་ཚུན་རྒྱས་བཏབ་ཀྱི་དབང་དུ་བྱས་ན་འགལ་བ་ནི་མི་འགྱུར་ལ། ཡང་མངལ་སྐྱེས་མ་གཏོགས་གཞན་ལ་དེ་མི་འགྲིག་པས་མི་འཐད་དོ་སྙམ་ན། དེང་སོང་ནི་གདུལ་བྱའི་གཙོ་བོ་མངལ་སྐྱེས་ཡིན་པས་ཀྱང་མི་འགལ་ལོ། །གཞན་ཡང་སྒོང་སྐྱེས་ནི་མངལ་སྐྱེས་དང་མཚུངས་ཤིང་། སྐྱེས་གནས་གཞན་གཉིས་ཡང་དྲོད་ནི་བུད་མེད། གཤེར་ནི་ས་བོན་གྱི་ཆོས་དང་ཡོད་པ་དང་། རྫུས་སྐྱེས་ལ་གནས་ཀྱི་ནམ་མཁའ་ནི་བུད་མེད། འབྱུང་བའི་རྡུལ་ནི་ས་བོན་གྱི་ཚུལ་དུ་ཡོད་པས་འགྲོ་བ་ཀུན་ལ་སྦྱོར་དུ་ནི་རུང་བས། འོན་ཀྱང་དེ་དག་མཚོན་དོན་གྱི་གཙོ་བོ་ནི་མ་ཡིན་ནོ། །ལག་སོར་ལ་ཡེ་ཤེས་ལྔའི་དག་པ་ཡིན་པ་བཞིན་དུ། དེས་བྱུགས་ཤིང་རེག་པས་ལུས་ཐམས་ཅད་ཡེ་ཤེས་ལྔའི་དག་པར་མོས་དགོས་ལ། བུད་མེད་ལ་གཡོན་གྱི་བརྡ་ཆད་ཀྱིས་གསུངས་པ་ཤིན་ཏུ་མང་མདོ་ཀྱང་། སྐབས་འདི་ནི་ཤེས་རབ་མ་རྣམས་མཉེས་པར་

(༤༢༡)བྱེད་པའི་རྒྱུའི་གཙོ་བོ་ཐབས་ཡིན་པའི་ཕྱིར། ཁམས་དཀར་པོ་ཐབས་ཀྱི་ཆོས་ལ་སྦྱོར་བ་ཉིད་འཐད་ཚབ་ཆེའོ། །དེ་ལྟར་ན་གཡོན་པའི་ཀུན་སྤྱོད་ནི་བྱེད་པའི་སྐབས་སུ་ཆོས་ཐམས་ཅད་སེམས་སུ་ལུ་ལ། སེམས་དེའི་རང་བཞིན་སྤྲོས་པ་དང་བྲལ་བའི་བདེ་བ་ཆེན་པོའོ། །དེའི་སྣང་ཆ་སྣང་བ་ཐམས་ཅད་ཧེ་རུ་ཀ་རིགས་ལྔའི་རང་བཞིན་ཡིན་ལ། འགྲོ་ལེན་སོགས་གདོང་དུ་བབ་པའི་བྱ་བ་གང་ཡིན་པ་དེ་ལ་རང་བཞིན་བདེ་བ་ཆེན་པོ་དང་ལྷ་སྐུའི་རྣམ་རོལ་ལོ། །ཞེས་ཐ་ན་མོས་པའི་སྒོ་ནས་ཀྱང་སྦྱང་དགོས་སོ། །གསུངས་ནི། རྐང་པ་གཡོན་པ་སྔོན་དུ་འདོར་བས་ལྟེ་བའི་རྩ་འཁོར་དག་བྱེད་དང་། ལག་གཡོན་སྔོན་དུ་གྱུར་པས་སྙིང་གའི་འཁོར་ལོ་དང་། གཡོན་གྱིས་མཆོད་ཅིང་ཕྱག་འཚལ་བས་སྤྱི་བོའི་འཁོར་ལོ་དང་། གཡོན་གྱིས་གཟའ་བས་མགྲིན་པའི་འཁོར་ལོ་དང་། གཡོན་གྱིས་སྔོན་དུ་འཁྱུད་པས་གསང་བའི་འཁོར་ལོ་དག་པར་བྱེད་དེ། འདི་དག་འཁོར་ལོ་དེ་དང་དེའི་བྱེད་ལས་ཡིན་ལ། དེ་དག་ལ་གཡོན་པའི་ཀུན་སྤྱོད་ཀྱིས་རྟེན་འབྲེལ་བསྒྲིགས་པས་རང་རྒྱུད་ལ་བལྟོས་ནས་རྩ་འཁོར་དེ་དག་ལ་དག་པས་

(༤༢༢)རྒྱས་བཏབ་པ་དང་། གཞན་རྒྱུད་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་བརློབས་པར་འགྱུར་ཞིང་། ཡང་དགོས་ཕོ་ཉ་མོ་རྣམས་ལ་ཐབས་རིགས་ལྔ་སོགས་ཀྱི་བརྡའ་སྟོན་པས་དགྱེས་པར་འགྱུར་བ་ཡིན་ནོ། །བཞི་པ་ནི། གཡོན་པའི་ཀུན་སྤྱོད་གྱི་དེ་ཁོ་ན་ཉིད་ཤེས་ནས། གཡོན་པའི་ཀུན་སྤྱོད་བྱེད་པའི་སྒྲུབ་པ་པོ་ཕོ་མོ་དེ་དག་ནི། ཞིང་རྣམས་སུ་སྤྱོད་པའི་ཚེ། ཞིང་སྐྱེས་ཀྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་རང་དང་སྤྱོད་པ་མཐུན་པར་གཟིགས་ནས། སྤུན་ནི་སྤུན་སྡུག་པ་བཞིན་དུ་དགྱེས་པར་འགྱུར་ལ། ཞིང་དུ་མི་རྒྱུ་བར་རང་གི་ཁྱིམ་དུ་གནས་པ་རྣམས་ལའང་ཞིང་ན་གནས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས། སྒྲིབ་པ་མེད་པའི་སྤྱན་གྱིས་གཟིགས་ནས་དབུ་བཞིན་དུ་བརྩེ་བར་མཛད་དོ། །ཁྲག་འཐུང་མངོན་འབྱུང་ལས་ཀྱང་། རྟག་ཏུ་གཡོན་པ་ཡིས་ནི་བྱ། བུད་མེད་རྣམས་ལ་མཐུན་པར་སྤྱོད། དེ་ཡིས་ངེས་པར་རྟག་ཏུ་འབྱུང་། ཞེས་དང་རང་ཡུལ་ལག་པ་གཡོན་པས་སྟོན། དེ་ཡི་རང་གི་རིགས་ནི་དྲན། སྒྲུབ་པོའི་ལུས་ལ་ཕན་པ་ཡིན། ཞེས་གསུངས་པ་ལྟར་རོ། །དེ་ལ་རྟེན་སྐྱེས་པའི་བུད་མེད་

(༤༢༣)ཅི་ཡིན་ཡང་རུང་། རྒྱུད་ཀྱི་རྒྱལ་པོ་འདི་ནི་རྣལ་འབྱོར་མའི་ཐབས་དང་དངོས་གྲུབ་གཙོ་བོར་སྟོན་པའི་ཕྱིར། དངོས་གྲུབ་ནི་རྡོ་རྗེ་ཕོ་ཉ་མོ་རྣམས་ཀྱིས་སྩོལ་བར་མཛད་དོ། །སྒྲུབ་པ་པོ་སྐྱེས་པ་ཕོ་ཉ་མོའི་འདུ་བ་ཐོབ་པར་འགྱུར་བ་ལྷ་མོའི་བྱིན་རླབས་ལས་འབྱུང་བར་མ་ཟད། གྲུབ་པོ་བུད་མེད་གང་ཞིག་ཞིང་སྐྱེས་ཀྱི་དཔའ་བོ་འདུ་བ་ཐོབ་པ་ཡང་ཕོ་ཉ་མོའི་བཀའ་ལ་བརྟེན་ནས་འབྱུང་བ་ཡིན་པས། དཔའ་བོ་ནི་རང་དབང་དུ་སྤྱོད་ མ་ཡིན་ཏེ། རྣལ་འབྱོར་མ་ཉིད་རང་དབང་དུ་སྤྱོད་པ་ཉིད་ཡིན་ནོ། །དེ་བས་ན་སློབ་དཔོན་གྱི་དམ་ཚིག་སྤྱི་ཁྱབ་ཏུ་འཇུག་པ་དེར་བསྲུང་དགོས་པ་མ་ཟད། རྒྱུད་འདིའི་ལུགས་ལ་ཕོ་ཉ་མོ་རྣམས་ཀྱང་རྡོ་རྗེ་སློབ་དཔོན་ཉིད་དོ། །དེའི་ཕྱིར་རྩ་ལྟུང་དང་པོ་ལ་ཡང་ཡུལ་གྱི་སྒོ་ནས་གཞན་དང་རྒྱ་ཆེ་ཆུང་ཅུང་ཟད་ཡོད་ལ། ཕོ་ཉ་མོ་ཞེས་ཟེར་བ་ཅི་ལ་ཟེར་ན། སྤྱིར་ཕོ་ཉ་གསུམ་ཀ་ཡང་ཡིན་མདོ་ཀྱི་སྐབས་འདིར་ནི། རང་བཞིན་གྱིས་གྲུབ་པའི་ཞིང་སྐྱེས་སྔགས་སྐྱེས་གཉིས་དང་། དེ་དག་གིས་བྱིན་གྱིས་བརླབས་པའི་རྟགས་མངོན་དུ་གྱུར་པའི་བུད་མེད་གཞན་ཡང་ཡིན་གྱིས། རིག་མ་ཙམ་ལ་ཕོ་ཉ་མོར་མི་བརྗོད་དེ། །

(༤༢༤)སྒྲུབ་པ་པོ་ཡེ་ཤེས་ཅུང་ཟད་སྐྱེས་ན། དེ་དག་དངོས་སུ་ཤེས་པ་ཡིན་ལ། ལས་དང་པོ་པས་ནི་ཕལ་ཆེར་མོས་པའི་ཡུལ་དུ་བྱེད་དགོས་པ་ཤས་ཆེའོ། །དེ་ལ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ནི། དཔལ་ཧེ་རུ་ཀའི་ཡང་འདྲེན་པ་ཡིན་ཏེ། དེ་ལྟར་ཡང་། དེ་ནས་ཞེས་སོགས་དག་ཆེན་པོས། རྒྱུད་ནི་རྫོགས་པར་གྱུར་པ་གང་། འཁོར་ལོ་སྡོམ་པའི་འདྲེན་པ་མོ། །རྡོ་རྗེ་ཕག་མོ་ལ་འདུད་དོ། །ཞེས་གསུངས་ཏེ། དེའི་དོན་ལྷ་ལ་བཟང་ངན་ནམ་སྟོབས་ཆེ་ཆུང་ཡོད་པའི་དོན་མིན་མདོ། དག་བྱ་དག་བྱེད་ཀྱི་དབང་དུ་བྱས་ནས་ཤེས་རབ་རྩ་བ་ཡིན་ཞིང་། ཐབས་ཡན་ལག་ཡིན་པ་དང་། བདེ་བ་ཆེན་པོ་ཡང་རྣམ་པ་ཀུན་ལྡན་གྱི་སྟོང་པས་སྒྲུབ་དགོས་པ་དང་། དེ་ལས་ཀྱང་དམིགས་ཀྱིས་གསལ་བར། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་ཆོ་ག་དང་ལས་ཚོགས་དངོས་གྲུབ་ཐམས་ཅད་རྡོ་རྗེ་ཕག་མོའི་ཡེ་ཤེས་ལས་བྱུང་བའི་རིག་སྔགས་ཀྱི་སྒྲུབ་པ་ཁོ་ན་ཡིན་པའི་དོན་ཏེ། དཔེར་ན་ཡུམ་གྱི་སྙིང་པོ་ཡུམ་གྱི་ཡེ་ཤེས་ལས་སྤྲུལ་པ་སྨོས་མ་དགོས་ཀྱང་ཡབ་ཀྱི་སྙིང་པོ་ཡང་རྒྱུ་ཡུམ་གྱི་སྙིང་པོ་ལས་སྐྱེས་ཤིང་ཧེ་རུ་ཀའི་རིགས་སྔགས་ཀྱི་རྣམ་པར་གྱུར་པ་སྟེ། ཡུམ་གྱི་སྔགས་ཀྱི་རྒྱུ་མཐུན་པའི་

(༤༢༥)འབྲས་བུ་ཡིན་ནོ། །དེའི་ཕྱིར་སྒྲུབ་པོ་བདག་ཉིད་ཧེ་རུ་ཀའི་རྣལ་འབྱོར་དང་མ་བྲལ་ཡང་ཕོ་ཉ་མོ་རྣམས་བདག་གི་རྡོ་རྗེ་སློབ་དཔོན་དུ་འགྱུར་རོ། །ལྔ་པ་ནི། དེ་ལ་གཡོན་པའི་ཀུན་སྤྱོད་ཕྱི་ནི་ལུས་ཀྱི་སྤྱོད་པ་དེ་རྣམས་ཡིན་ལ། ནང་གི་ནི་རྩ་འཁོར་ལོ་རྣམས་དག་པའི་རྟེན་འབྲེལ་བསྒྲིགས་པ་དེ་ཡིན་ཞིང་། གསང་བའི་དེ་ནི་ཤེས་རབ་མའི་གཡོན་གྱི་ཕྱོགས་སུ་བབས་པའི་རྩ་ནཱ་ར་སི་ཀ་བསྐུལ་ཏེ་རྗེས་ཆགས་ཀྱི་མཆོད་པ་ཡིན་ལ། དེ་ཁོ་ན་ཉིད་ཀྱི་གཡོན་པའི་ཀུན་སྤྱོད་ནི། མཚོན་དོན་དག་པ་དེ་རྣམས་ཡིན་ཡང་། དེ་མངོན་དུ་མ་གྱུར་བར་དུ་མོས་པའི་སྒོ་ནས་དག་པ་དྲན་པ་ལ་བྱའོ། །དེའི་ལུགས་ལ་ཕོ་ཉའི་ལམ་བྱ་བ་ཡང་ཆགས་ལམ་སྤྱི་ལ་མི་ཟེར་གྱི་ཕོ་ཉ་མོའི་སྒྲུབ་པ་དང་འགྲེལ་བར་ཁོ་ན་ལ་བྱའོ། །གཡོན་པའི་ཀུན་སྤྱོད་ཆོས་འདིའི་ཁྱད་ཆོས་ཆེན་པོར་བཤད་ལ། ཕྱོགས་འདིར་བྱུང་བའི་བདེ་མཆོག་པར་རློམ་པ་ཕྱིས་བྱུང་ཕལ་ཆེར་ལ་མིང་རྐྱང་དུ་ལུས་འདུག་པས། རྒྱུད་གཞུང་རྣམས་ལ་འཐོར་ཐབས་སུ་འབྱུང་བའི་དོན་འདུས་ཤིང་གསལ་བར་བཤད་པ་ཡིན་ནོ། །ཞེས་དེ་ལྟར་རྣམ་བཤད་ལྷན་སྐྱེས་གཟི་འོད་རྒྱས་པ་ལས་བྱུང་

(༤༢༦)བ་ལྟར་དང་། གཉིས་པ་ཐུན་མོངས་གི་དམ་ཚིག་ནི། རྩ་རྒྱུད་ལས། རྒྱུད་ཀུན་གྱི་ནི་ཐུན་མོང་སྟེ། རྒྱུ་མེད་པར་ནི་རྣམས་མི་བྱ། གསང་བ་འདི་ནི་མི་བསྟན་ཏེ། རབ་ཏུ་འབད་དེ་སྦ་བར་བྱ། ཅེས་སོགས་ཀྱི་བསྟན་པ་ཡིན་ལ། ཇི་སྐད་དུ། རྡོ་རྗེ་ཐེག་པར་གནས་རྣམས་ཀྱི། བརྟུལ་ཞུགས་ཉི་ཤུ་རྩ་ལྔ་སྟེ། སྲོག་གཅོད་རྫུན་དུ་སྨྲ་བ་དང་། གཞན་གྱི་བུད་མེད་ནོར་འཕྲོག་དང་། ཆང་འཐུང་མྱོས་པར་བྱེད་པ་སྟེ། སྤང་ཞིང་བསླབ་པའི་གཞི་ལྔའོ། །རྒྱན་སོགས་ཁ་ན་མ་ཐོའི་ཟས། ངན་ཚིག་བསྟན་བཅོས་སྨྲ་བ་དང་། མུ་སྟེགས་ཀླ་ཀློའི་ཆོས་སྤྱོད་པ། རྣམ་ལྔ་བྱ་བ་མིན་པ་ལྔ། དུད་འགྲོ་བྱིས་པ་བུད་མེད་དང་། སྐྱེས་པ་མཆོད་རྟེན་བསྣུན་མི་བྱ། དགེ་བའི་གྲོགས་དང་རྗེ་བོ་དང་། དགེ་འདུན་རྣམས་དང་རྒྱལ་བ་དང་། ཡིད་བརྟན་རྣམས་ལ་འཁུ་མི་བྱ། གཟུགས་སྒྲ་དྲི་རོ་རེག་བྱ་ལ། མིག་སོགས་དབང་པོའི་ཞེན་མི་བྱ། འདི་རྣམས་དང་པོའི་བརྟུལ་ཞུགས་སོ། །ཞེས་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་དེ་དག་རྣམས་ནི་ལས་དང་པོ་པ་དག་གི་བསླབ་པར་བྱ། དུས་འཁོར་ལས་གསུངས་པ་དང་། གཞན་ཡང་། ཐུན་མོངས་

(༤༢༧)སྤྱི་ཡི་སྡོམ་པ་ནི། རྣམ་པ་ལྔ་རུ་རྒྱལ་བས་གསུངས། སངས་རྒྱས་རྣལ་འབྱོར་སྡོམ་པ་ནི། སྨོན་འཇུག་སེམས་བསྐྱེད་ཚུལ་ཁྲིམས་དང་། ཞེས་སོགས་ཐེག་ཆེན་གྱི་གཞུང་ཐམས་ཅད་གསུངས་པའི་རིགས་ལྔའི་སྡོམ་པ་དང་། ཁྱད་པར་བླ་མེད་སྡོམ་པ་ནི། རྡོ་རྗེའི་རིགས་ལ་སྲོག་གཅོད་དེ། ཞིང་བཅུ་རླུང་དང་རྟོགས་པ་གསུངས། ཞེས་སོགས་ཁྱད་པར་བ་རྣམས་དང་བཅས་པ་ལ་ལེགས་པར་སློབ་བོ། །ལྟུང་བའི་ཚུལ་གྱི་རྣམ་དབྱེ་ཡང་། དེ་ལ་རྣམ་དབྱེའི་དག་ཚིག་ནི། རྩ་ལྟུང་བཅུ་བཞི་ཡན་ལག་བརྒྱད། གཞན་ཡང་དམ་ཚིག་བཅོ་ལྔ་དང་། ཡན་ལག་རྣམ་གྲངས་བཅས་པའོ། །ཞེས་སོགས་གསུངས་པ་རྣམས་ཀྱང་མ་ཉམས་པ་ལེགས་པར་བསྲུང་བར་བྱ་བ་ཁོ་ན་ཉིད་དེ། མ་ཉམས་རབ་ནི་ཚེ་གཅིག་གིས། རྡོ་རྗེ་སེམས་དཔའ་ཉིད་འགྲུབ་ཅིང་། ཐུན་མོང་དངོས་གྲུབ་ཐམས་ཅད་ཀུན། །ཐོག་མེད་བསམ་པ་ཙམ་གྱིས་འགྲུབ། ཞེས་སོགས་གསུངས་པའི་ཕྱིར་ཏེ་ཚུལ་འདི་ནི་རྒྱས་པར་དཀྱིལ་ཆོག་ཏུ་འཆད་པར་བྱའོ། །ལྔ་པ་སྒྲུབ་པའི་འབྲས་བུ་ནི། དེ་ལྟར་རྡོ་རྗེ་ཐེག་པའི་ཆོས་ཚུལ་དག་ཐོས་པ་དང་། མཐོང་བ་དང་། དེ་ལ་དད་པ་ཙམ་ཡང་སྐྱེ་བ་དུ་མའི་སྔོན་ནས་སངས་རྒྱས་

(༤༢༨)ཀྱི་བྱིན་གྱི་བརླབས་ཀྱི་མཐུས་ངེས་པས། ལེགས་པའི་དཔལ་མཐའ་ཡས་པར་ཐོབ་པར་འགྱུར་ན། རྣལ་འབྱོར་གང་ཞིག་རྩེ་གཅིག་ཉམས་སུ་ལེན་པ་ཉིད་ལ་ནི་སྨོས་ཅི་དགོས། དེ་ལྟའི་ཚུལ་ཡང་རྣམ་པ་ལྔ་ལས། དང་པོ་ཚོགས་ལམ་ལ་ཐུན་མོང་གི་ཉམས་ལེན་ནི་མདོ་ལུགས་ཀྱི་ལམ་རིམ་གཞན་དུ་རྒྱས་པར་གསུངས་པ་ལྟར་ལ། འོན་ཀྱང་འདིར་བསྒོམ་བྱ་དྲན་པ་ཉེར་བཞག་བཞི་ནི་གོང་དུ་བསྟན་པའི་བསྐྱེད་རྫོགས་གཉིས་འབད་པས་བསྒོམ་པར་བྱ་ཞིང་ཡེ་ཤེས་ཕེབ་པའི་རྟོགས་པ་སྐྱེས་པ་དེའི་ཚེ། ཚོགས་ལམ་ཆུང་ངུའི་རྟོགས་པ་ཐོབ་སྟེ་ལམ་དུ་ཞུགས་པ་ཡིན་ནོ། །དེ་ནས་མཉམ་བཞག་རིམ་གཉིས་དང་། རྗེས་ཐོབ་རྒྱུད་ཀྱི་སྦྱོར་བས་སེམས་ཅན་གྱི་དོན་བྱེད་ཅིང་། ཡང་དག་སྤང་བ་བཞི་བསྒོམ་པས་རྗེས་སྤྱོད་དང་། གཉིད་དང་རྨི་ལམ་ན་ཡང་རིམ་གཉིས་ཀྱི་བསྒོམ་ཀྱང་རྒྱུན་བརྟན་དུ་བྱུང་བའི་ཚེ། ཚོགས་ལམ་འབྲིང་པོའི་རྟོགས་པ་སྐྱེས་པ་ཡིན་ནོ། །དེ་ནས་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བརྟེན་ཏེ། ལྷ་སྐུ་དང་བདེ་སྟོང་གི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་འབད་པས་ཡེ་ཤེས་ལ་དབང་བའི་རྟོགས་པ་སྐྱེས་པའི་ཚེ། ཚོགས་

(༤༢༩)ལམ་ཆེན་པོར་སླེབ་པོ་ཡིན་ནོ། །དེ་ནས་རིམ་གཉིས་ཁོ་ན་ལ་འབད་པས་བདེ་སྟོང་གི་དྲངས་པའི་མངོན་ཤེས་ལྔ་རིམ་གྱིས་འབྱུང་ཞིང་། ཐུན་མོང་གི་དངོས་གྲུབ་འཕྲལ་དུ་དོན་དུ་གཉེར་ན། འདིའི་དྲོད་ཐོབ་ནས་སྤྱོད་པ་སྤྱད་པས་མངོན་ཤེས་ལྔ་དང་། དངོས་གྲུབ་བརྒྱད་ལ་ལ་སོགས་པ་རྫས་ཀྱི་རིག་འཛིན་དང་། འདོད་ཁམས་དང་གཟུགས་ཁམས་ཀྱི་རིག་འཛིན་ལྟ་བུ་ལུས་ཀྱི་རིག་པ་འཛིན་པ་རྣམས་སྒྲུབ་པར་བྱེད། ཐུན་མོང་གི་དངོས་གྲུབ་ལ་འདུན་པའི་སྤྱོད་པ་དེས་འཕྲལ་དུ་མཆོག་གི་དངོས་གྲུབ་ཐོབ་པ་ལ་གེགས་སུ་འགྲོ་བས་ད་ལྟར་གྱི་མིའི་ཚེ་ཚད་ཙམ་ལ་ནི་མཆོག་གི་དངོས་གྲུབ་མི་ཐོབ་ཀྱང་ཚེ་ལ་དབང་བ་ཐོབ་པ་ཡིན་པས་རིམ་གྱི་ལུས་རྟེན་དེ་ཉིད་ལ་སངས་རྒྱས་པ་ནི་ཡིན་ནོ། །བསྐྱེད་རིམ་གཙོ་བོར་མཛད་པའི་སྔོན་གྱི་སློབ་དཔོན་དག་གིས་ཀྱང་། རིག་པ་འཛིན་པའི་ལམ་ཉིད་ཀྱིས། ཚེ་ལ་དབང་བའི་རིག་འཛིན་ཐོབ། རིག་པ་འཛིན་པའི་ཚེ་ཉིད་ཀྱིས། སངས་རྒྱས་སྒྲུབ་པར་བཞེད་པ་ཡིན། ཅེས་ཀྱང་གསུངས་པ་ཡིན་ནོ། །དེ་ལ་གྲུབ་ཆེན་བརྒྱད་གྲུབ་པས་ནི། ཚེའི་རིག་འཛིན་པ་གྲུབ་པའི་ངེས་

(༤༣༠)པ་མེད། རྫས་ཀྱི་རིག་པ་འཛིན་པ་རྣམས་རྫས་དང་བྲལ་བ་ན་ནུས་པ་ཉམས་པ་ཤིན་ཏུ་མང་སྟེ་ཡིད་འཕྲོག་མ་གཙུག་གི་ནོར་བུ་དང་བྲལ་བས་མཁའ་ལ་འགྲོ་མ་ནུས་པ་དང་། རེ་ལུས་གཏམ་རྒྱུད་བཞིན་ནོ། །འདོད་ཁམས་གྱི་རིག་པ་འཛིན་པ་ནི། ཚོགས་ལམ་ཆེན་པོ་པ་དེས་ལས་ཀྱི་ཕྱག་རྒྱའི་བདེ་སྟོང་རྩེ་གཅིག་ཏུ་བསྒོམས་ཤིང་ཐུན་མོངས་གི་དྲོད་ཐོབ་པ་ན་སྤྱོད་པ་སྤྱོད་ཅིང་། སྒྲུབ་པ་རྩམས་པས་ལུས་འདོད་ཁམས་གྱི་ལྷ་དང་བསྐལ་བ་མཉམ་པ་རིག་སྔགས་དང་དངོས་གྲུབ་སྣ་ཚོགས་བྱེད་པ་ཚེ་ལ་དབང་བར་འགྱུར། འདིའི་ལུས་ནི་ཡོན་ཏན་བརྒྱད་ལྡན་ཡིན་པས་མིའི་ནང་དུ་འོང་མདོ་ཀྱི། མི་ཕལ་པ་རྣམས་ཀྱིས་མི་མཐོང་ཞིང་སྤྲུལ་པས་འགྲོ་བའི་དོན་བྱེད་དོ། །གཟུགས་ཀྱི་རིག་འཛིན་ནི། །གཞན་གོང་མ་དང་འདྲ་བ་ལས་སྤྱོད་པའི་ཚེ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་འབའ་ཞིག་སྤྱོད་པས་ལུས་གཟུགས་ཁམས་ཀྱི་ལྷ་དང་སྐལ་བར་མཉམ་པར་འགྱུར། དེའི་ལུས་དངོས་ཀྱིས་ནི་མིའི་ནང་དུ་འོང་བ་མེད་ལ། སྤྲུལ་པ་ནི་སྣ་ཚོགས་པས་སེམས་ཅན་གྱི་དོན་བྱེད་དོ། །སྔ་མ་ལ་ལས་རྒྱའི་རིག་པ་འཛིན་པ་དང་། འདི་ལ་

(༤༣༡)ཡེ་རྒྱའི་རིག་པ་འཛིན་པ་ཞེས་བཤད་པ་ནི་སྤྱོད་པའི་སྐབས་ལ་དགོངས་པ་ཡིན་ནོ། །དེ་རྣམས་ཀྱིས་ཀྱང་སླར་བསྒོམ་བྱ་ནི་རྫོགས་པའི་རིམ་པ་ཁོ་ན་ཡིན་ནོ། །དེ་མན་ཆད་ནི་བསྐྱེད་རིམ་འབའ་ཞིག་གིས་ཐོབ་པ་ཡང་ཡོད། རྫོགས་རིམ་ཉིད་བསྒོམ་པ་ཡང་ཡོད། གཉིས་ཅར་བསྒོམ་ཀྱང་རུང་སྟེ། རྫོགས་རིམ་གྱི་ཐུན་མོང་མ་ཡིན་པའི་རྟོགས་པ་མ་སྐྱེས་པས། བསྐྱེད་རིམ་ལས་རྟོགས་པ་མི་མཐོ་བས་དེའི་རྟོགས་པ་འདུ་སྟེ། རྟོགས་པའི་སྒོ་ནས་སྐྱེད་རིམ་གྱིས་བགྲོད་བྱའི་ལམ་དུ་བཞག་གོ །གཉིས་པ་སྦྱོར་ལམ་ནི་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་འདོད་པ་རྣམས་ཀྱིས་རྫུ་འཕྲུལ་གྱི་རྐང་པ་བཞི་ཐོབ་ནས་རེ་ཞིག་ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་སྤྱོད་པ་མི་སྤྱོད་པས། བསྐྱེད་རིམ་ཅི་རིགས་པ་སྒོམ་ཡང་རུང་། མ་བསྒོམ་ཀྱང་རུང་རྫོགས་རིམ་ཉིད་ལ་འབད་བས་སྣང་བ་གསུམ་མམ། ལམ་དུས་ཀྱི་དགའ་བ་དང་པོ་གསུམ་གྱི་རྟོགས་པ་སྐྱེས་པའི་ཚེ། སྦྱོར་ལམ་དྲོད་ཆེ་འབྲིང་ཆུང་གསུམ་གྱི་རྟོགས་པ་སྐྱེས་པར་འཇོག །དེ་ཙམ་ལ་ལས་རྒྱ་བསྟན་དགོས་པའི་ངེས་པ་མེད་མདོ། ལམ་དུས་ཀྱི་ཉེར་ཐོབ་ཆེན་པོའི་ཁྱད་དགའི་ནང་ཚན་

(༤༣༢)སེམས་དབེན་མཐར་ཐུག་གི་འོད་གསལ་ལམ། དཔེའི་འོད་གསལ་མཐར་ཐུག་སྐད་ཅིག་མ་དང་པོ་སྦྱོར་ལམ་དྲོད་ཆེན་པོའི་ཕྱི་མཐའ་ཁམས་ཐིམ་རིམ་གྱི་ཉམས་རྣམས་འཆི་བ་འོད་གསལ་ཇི་ལྟ་བ་བཞིན་དུ་འབྱུང་བ་དེ་ཐོབ་པ་ལ་ནི་སྤྱོད་པ་སྤྱོད་པའི་མིན་ནའང་ཕྱག་རྒྱ་བསྟེན་པ་དགོས་ཤིང་། དྲོད་ཆུང་ངུའི་རྟོགས་པ་ནི་རྫོགས་རིམ་གྱི་དྲོད་དེ་འདི་མ་སྐྱེས་དགོང་དུ་རྫོགས་རིམ་གྱི་སྤྱོད་པ་སྤྱོད་དུ་མི་རུང་སྟེ། ཡེ་ཤེས་ཀྱི་སྐུ་འགྲུབ་པ་ཅུང་ཟད་འབྱོངས་འགྲོ་བའི་ཕྱིར་རོ། །དཔེའི་འོད་གསལ་མཐར་ཐུག་དེའི་རྒྱུན་ཐོག་དེ་ལས་ལོངས་མ་ཐག་ཏུ་རླུང་སེམས་ཙམ་གྱི་སྐུ་འགྲུབ་སྟེ། འདི་ཐོབ་ནས་སྦྱོར་ལམ་རྩེ་མོར་འཇོག་པ་ཡིན་ནོ། །དེ་ནས་ལས་ཀྱི་ཕྱག་རྒྱའི་རྣམ་ཐར་ལ་རྩེ་གཅིག་ཏུ་འབད་པས་མ་དག་པའི་ལུས་འདི་དངས་མར་གནས་གྱུར་ཏེ། སེམས་ཙམ་གྱི་སྐུ་དེ་ལ་ཐིམ་པ་ན། འཇའ་ལུས་རྡོ་རྗེའི་སྐུའི་རིག་པ་འཛིན་པ་ཞེས་བྱ་སྟེ། འདི་ནི་ཁམས་གསུམ་གང་གི་ལུས་སུ་ཡང་མི་རྟོགས་ལ། འོན་ཀྱང་དབེན་པ་མ་མཐོང་བས་འཇིག་རྟེན་ལས་འདས་པའི་རིག་པ་འཛིན་པར་ནི་མི་འཇོག་གོ །རླུང་སེམས་ཙམ་

(༤༣༣)གྱི་སྐུ་འགྲུབ་ཀྱང་རགས་པའི་ལུས་གནས་མ་གྱུར་ན་རིག་པ་འཛིན་པའི་སྐུར་མི་འཇོག་ཅིང་། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཞེས་བྱ་བ་ཟུང་འཇུག་གྲུབ་ནས་ནི། རགས་པའི་ལུས་གནས་མི་འགྱུར་མི་སྲིད་པས་ཟུང་འཇུག་གི་སྐུ་ཐམས་ཅད་འཇིག་རྟེན་ལས་འདས་པའི་རིག་འཛིན་ནོ། །རླུང་སེམས་ཙམ་གྱི་སྐུ་འདི་གྲུབ་ནས་ཡུལ་ཉི་ཤུ་རྩ་བཞིའི་གནས་བཞིར་སྤྱོད་པ་སྤྱད། དེའི་རྡོ་རྗེ་ཕོ་ཉ་མོ་རྣམས་དང་འདུ་བ་ཐོབ་པས་སྤྱི་བོ་ལ་སོགས་པ་བཞིའི་རྩ་ཁམས་རླུང་རྣམས་དབུ་མར་འགགས་པ་ན། སྦྱོར་ལམ་གྱི་ས་དང་པོའོ། །དེ་ནས་ཉེ་བའི་གནས་བཞི་དང་རྣ་བ་གཡོན་པ་ལ་སོགས་པ་བཞིས་པ་གཉིས་པ་དང་། དེ་ནས་ཉེ་བའི་དུར་ཁྲོད་ཀྱི་བར་བརྒྱད་ལ། ལུས་ཀྱི་གནས་གཉིས་གཉིས་སྦྱར་ཏེ། གནས་དེ་དང་དེར་ཕྱིན་པ་ན། དེའི་ཕོ་ཉ་མོ་རྣམས་ཀྱི་འདུ་བ་ཐོབ་པས་ལུས་ཀྱི་གནས་དེ་དང་དེའི་རྩ་རླུང་ཐིག་ལེའི་ནུས་པ་ཕྲ་མོར་རྣམས་དབུ་མར་ཐིམ་ཞིང་འགགས་པ་ལས་སྦྱོར་ལམ་གྱི་ས་རེ་རེའི་རྟོགས་པ་སྐྱེ་སྟེ་སྦྱོར་ལམ་ས་བཅུའོ། །འདི་ལ་མཐོང་ལམ་དང་། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་གཉིས་འཐུང་སྤྱོད་དང་།

(༤༣༤)ཉེ་བའི་འཐུང་སྤྱོད་དུ་འཇུག་གོ །གང་ལྟར་རླུང་སེམས་ཙམ་གྱིས་སྐུ་འགྲུབ་ནས། རང་བཞིན་བརྒྱད་བཅུའི་རྣམ་རྟོགས་མངོན་གྱུར་མ་སྤངས་ཀྱི་བར་དུ་སྦྱོར་ལམ་རྩེ་མོ་ཡིན་ཏེ། མཉམ་བཞག་ཏུ་ཕྱག་རྒྱའི་ལམ་གྱི་བདེ་སྟོང་གཙོ་བོར་བསྒོམ། རྗེས་ཐོབ་ཏུ་ཚོགས་ཀྱི་འཁོར་ལོའི་སྤྱོད་པ་སྤྱོད་པ་སྟེ། དབང་པོ་ལྔ་གཙོ་བོར་བསྒོམ་པ་ཡིན་ནོ། །རང་བཞིན་བརྒྱད་ཅུའི་མངོན་གྱུར་ནུབ་ནས། དོན་གྱི་འོད་གསལ་གྱི་དངོས་རྒྱུའི་སྣང་བའི་ཡེ་ཤེས་མ་སྐྱེས་ཀྱི་བར་དུ་སྦྱོར་ལམ་བཟོད་པ་ཡིན། དེ་ཐོབ་ནས་ཆོས་མཆོག་ཏུ་འཇོག་ཆོས་མཆོག་གི་སྣང་མཆེད་ཐོབ་གསུམ་གྱི་སྐད་ཅིག་མ་གསུམ་ལམ་དུས་ཀྱི་ལྷན་སྐྱེས་ཞེས་བྱ་བ་འཇིག་རྟེན་པའི་ལྷན་སྐྱེས་མཐར་ཐུག་པ་སྟེ་སྤྱིར་རང་བཞིན་བརྒྱད་ཅུ་མངོན་གྱུར་ཐིམ་ནས་ལམ་གྱི་ལྷན་སྐྱེས་ཐོབ་པ་ཡིན་ནོ། །བཟོད་པ་དང་ཆོས་མཆོག་གཉིས་སུ་སྟོབས་ལྔ་གཙོ་བོར་བསྒོམ་མོ། །གསུམ་པ་ནི་ཆོས་མཆོག་སྐད་ཅིག་མ་གསུམ་པ་དེ་ནས་བར་མ་ཆད་དུ་དོན་གྱི་འོད་གསལ་མཐོང་ལམ་སྐྱེ་སྟེ། རང་བཞིན་བརྒྱ་བརྒྱད་དམ་བཅུ་ཅུའི་ས་བོན་སྤོང་། དེར་བྱང་ཆུབ་ཡན་ལག་བདུན་བསྒོམ། འདི་ཡན་ཆད་

(༤༣༥)ཀྱི་དགའ་བ་བཞི་ནི་འབྲས་བུའི་དགའ་བཞིའོ། །བཞི་པ་སྒོམ་ལམ་དངོས་དང་། རྟོག་པ་བཅད་པའོ། །དང་པོ་ནི། དེ་ལས་ལངས་མ་ཐག་ཏུ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པ་ཡིན་ཏེ། འདི་ཕན་ཆད་བསྒོམ་ལམ་མོ། །དེ་ཡང་ས་བཅུའི་བདག་ཉིད་དེ། ས་ཡི་ངོ་བོ་ནི་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ཡེ་ཤེས་གོང་མའི་ཡོན་ཏན་གཞི་རྟེན་ཏེ། ཟུང་འཇུག་གི་སྐུ་དེ་འགྲུབ་མ་ཐག་ཏུ་ཐུགས་འོད་གསལ་ལ་སླར་ཞུགས་ཏེ་ལྡང་མི་སྲིད་ཅེས་བོད་མང་པོ་དག་ཟེར་ན་ཡང་། ས་བརྒྱད་པ་མ་ཐོབ་པ་དེ་སྲིད་དུ་མཉམ་རྗེས་མཐའ་དད་པར་ཡོད་པས་དེ་ནི་མི་འཐད་མདོ། འོན་ཀྱང་བདེ་སྟོང་གི་ཡེ་ཤེས་དང་འབྲལ་བ་མི་སྲིད་ཅིང་། ཡེ་ཤེས་ཀྱི་སྐུ་དེ་ཡང་རྒྱུན་ཆད་པ་མེད་པས་སྐུ་དང་ཡེ་ཤེས་ཟུང་འཇུག་ཏུ་ནི་འཇོག་གོ །ས་བཅུ་པོ་འདིར་འཕགས་ལམ་ཡན་ལག་བརྒྱད་བསྒོམ་ཞིང་དངོས་སུ་སྤྱོད་པ་སྤྱོད་པ་དང་། སྤྲུལ་པས་སེམས་ཅན་གྱི་དོན་ཚད་མེད་པ་བྱས་པས་ས་རེ་རེའི་རྟོགས་པ་མྱུར་བ་མྱུར་བར་རྫོགས་པ་སྟེ། རིམ་གྱི་རྡོ་རྗེ་འཆང་ཆེན་པོ་ཉིད་མངོན་དུ་བྱེད་དོ། །སྒོམ་སྤོང་སྣང་བ་གསུམ་པོ་ལ་ཆེ་ཆུང་གུར་ཕྱེ་བ་པ་ལྷག་པ་དགུས་སྤང་ཏེ་

(༤༣༦)སེམས་སེམས་བྱུང་ཐམས་ཅད་གནས་གྱུར་པ་ལ་སེམས་བྱུང་གི་རང་བཞིན་སྣང་བ་གསུམ་གྱི་ངོས་འཛིན་དང་དེ་སྤོང་ཚུལ་མ་གཏོགས་གཞན་གནས་གྱུར་ཚུལ་མདོ་དང་འདྲའོ། །འོན་ཀྱང་ཕུང་ཁམས་སྐྱེ་མཆེད་རགས་པ་གོང་དུ་གྱུར་ཟིན་ཀྱང་དངས་མ་ཕྲ་བ་གནས་འགྱུར་ཚུལ་རྒྱས་པར་ཤེས་པར་བྱའོ། །གཉིས་པ་ནི། ས་འདི་དག་གི་ཡོན་ཏན་ནི། ལམ་ཐུན་མོང་གི་སྐབས་སུ་བཤད་པ་བཞིན་ཤེས་དགོས་ཏེ། དེས་ན་དུས་ཀྱི་འཁོར་ལོ་ཏིང་ངེ་འཛིན་གྱི་སྐབས་ཀྱི་ས་བཅུ་གཉིས་དང་། ལམ་འབྲས་བུ་བཤད་པའི་ས་བཅུ་གཉིས་པོ་དེ་དག་ནི་གོང་དུ་བཤད་པའི་སྦྱོར་ལམ་གྱི་ས་བཅུ་གཉིས་པ་དེ་ཡིན་པར་མངོན་ཏེ། དེ་ལྟར་མ་ཡིན་ན། མདོ་ལུགས་ཀྱི་འཕགས་པ་ལས། སྔགས་ལུགས་ཀྱི་འཕགས་པ་ཡོན་ཏན་ཆུང་བར་འགྱུར་བའི་སྐྱོན་ཡོད་ཏེ། སྦྱོར་དྲུག་གི་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་པས་ནི། ཞིང་ཁམས་སྟོང་དང་ཉི་ཤུ་ཙམ་གྱི་ལྐོག་གྱུར་གྱི་དོན་མཐོང་བ་ལས་མ་བཤད་ཅིང་། ལམ་འབྲས་ནས་ཀྱང་ལོངས་སྐུའི་ཞིང་ཁམས་རབ་བཀྲམ་ལ་སོགས་པ་བསྐུལ་བ་སོགས་ལས་མ་བཤད། འདིའི་ལོངས་སྐུའི་ཞིང་ཁམས་ནི། སྟོང་གསུམ་ཁྲག་ཁྲིག་ཅིག་ཡིན་པར་འཆད། མདོ་ལུགས་ལ་ནི་ས་བཅུ་པའི་མདོ་བཞིན་

(༤༣༧)ཏེ། འཇུག་པ་ལས་ཀྱང་། རེ་ཞིག་བཅུ་པ་འདི་དེའི་ཡོན་ཏན་དག །ངག་གི་སྤྱོད་ཡུལ་ལས་ཆེས་འདས་འགྱུར་ཞིང་། ངག་གི་སྤྱོད་ཡུལ་མ་ཡིན་སྡོམ་རྣམས་ན། རྡུལ་དག་ཇི་སྙེད་ཡོད་པ་དེ་སྙེད་འགྱུར། ཅེས་གསུངས་སོ། །དེས་ན་དུས་ཀྱི་འཁོར་ལོ་རྒ་ཤི་སོགས་རྟེན་འབྲེལ་གསུམ་འགགས། མ་དག་པའི་ལུས་གནས་གྱུར། ལེན་པ་པོ་གསུམ་འགགས། ངག་རླུང་གནས་གྱུར། རེག་པ་སོགས་གསུམ་འགགས། སེམས་ཁུ་བ་གནས་གྱུར། རྣམ་ཤེས་སོགས་གསུམ་འགགས། ཐ་མལ་པའི་ཡེ་ཤེས་འཛག་བདེའི་བག་ཆགས་གནས་གྱུར་རྟེན་འབྲེལ་རེ་རེ་འགགས་པ་ལས་རེ་རེ། དེ་ནས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པར་བཤད་དེ། སྦྱོར་ལམ་ས་བཅུ་གཉིས་སོ། །དེ་ཡང་ལས་རླུང་སྟོང་བརྒྱད་བརྒྱ་པ་རེ་རེ་འགགས་པས་དེའི་ས་རེ་རེ་ཐོབ་པར་བཤད་པས། བླ་མ་གོང་མ་རྣམས་བདེ་ཀྱཻ་ལ་སོགས་པའི་སྐབས་སུ་ཡང་རླུང་ཐིམ་པ་ལ་ས་ལམ་གྱི་རྣམ་བཞག་མཛད་པ་ལ། དེ་འདྲ་གང་ནས་ཀྱང་མ་བཤད་ཅེས་ཟེར་བ་ནི། བརྫུན་གྱིས་རང་གི་སློབ་མ་རྣམས་མགོ་བསྐོར་བ་ཡིན་ནོ། །གནས་ལ་སོགས་པ་བཅུ་པོ་དེ་དག་རབ་ཏུ་དགའ་བ་སོགས་བཅུར་ཤིན་ཏུ་གསལ། འཐུང་སྤྱོད་

(༤༣༨)མོས་སྤྱོད་ཀྱི་ས་དང་། ཉེ་བའི་འཐུང་སྤྱོད་སངས་རྒྱས་ཀྱི་སར་བཞག་པའང་ཡོད། ས་བཅུ་རྒྱུན་མཐའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བར་ཆད་མེད་ལམ་དེ་ས་བཅུ་གཅིག་པ་དཔེ་མེད་ཡེ་ཤེས་དང་། འཐུང་སྤྱོད་ཡིན་ལ། རྣམ་གྲོལ་ལམ་སངས་རྒྱས་ཡེ་ཤེས་སྐད་ཅིག་མ་དང་པོ་དེ། ས་བཅུ་གཉིས་པ་ཡེ་ཤེས་ལྡན་དང་། ཉེ་བའི་འཐུང་སྤྱོད་དེ་སྐད་ཅིག་གཉིས་པ་ཕན་ཆད་ཁྱད་པར་ལམ་ནི། ས་བཅུ་གསུམ་རྡོ་རྗེ་འཛིན་པའི་སར་བཤད་པ་ཡང་ཡོད་ལ། ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ནི། ས་བཅོ་ལྔ་བཤད་དེ་མོས་སྤྱོད། ས་དང་པོ་རབ་དགའ་ནས་ཀུན་ཏུ་འོད་ཀྱི་བར་རིམ་པ་བཞིན་སྦྱར་བས་ཀུན་ཏུ་འོད་པ་བཅུ་གཉིས་པ། ཀུན་ཏུ་སྣང་བ་མཆེད་པའི་འོད་ནི། སྤྲུལ་སྐུའི་ས་ཏེ་བཅུ་གསུམ་པ། ཀུན་ཏུ་སྣང་བ་ཐོབ་པའི་འོད་ནི། ལོངས་སྐུའི་ས་སྟེ་བཅུ་བཞི་པ། བརྗོད་དུ་མེད་ཅིང་ཚད་མེད་པ་ནི། བདེ་བ་ཆེན་པོའི་སྐུའི་ས་སྟེ་བཅོ་ལྔ་པར་ཡིན་པར་གསུངས་པས་གཞན་རྣམས་གོ་བླ་ལ་ཀུན་ཏུ་འོད་རྒྱུན་མཐའི་ཡེ་ཤེས་དང་། ལྷག་མ་གསུམ་པོ་སངས་རྒྱས་ཀྱི་ས་ཡི་སྐུ་གསུམ་ལ་འཇོག་པར་མངོན་ནོ། །གཞན་ཡང་ཚོགས་ལམ་ཆེན་པོའི་སྐབས་དང་། སྦྱོར་ལམ་དྲོད་ཀྱི་སྐབས་སུ་སྤྱོད་པ་

(༤༣༩)སྤྱད་པས་རྩ་རླུང་ཐིག་ལེའི་ནུས་པ་རགས་པ་རྣམས་དབུ་མར་ཐིམ་པ་ལ་ལྟོས་ནས་ཀྱང་། ས་བཅུ་དང་བཅུ་གཉིས་སོགས་སུ་བཞག་པ་ཅི་རིགས་པ་ཡོད་པས་ས་བཅུ་བཞིའི་མིང་ཙམ་གྱིས་གཅིག་དུ་འཁྲུལ་པ་མི་བྱའོ། །རྩ་རླུང་ཐིག་ལེའི་ནུས་པ་ཕྲ་མོ་འགགས་ཞེས་བྱ་བའི་དོན་ནི། རྩ་རླུང་དེ་དག་གི་འཁོར་བའི་རྣམ་རྟོགས་བསྐྱེད་པའི་ནུས་པ་དེ་འགགས་པས་རྟོགས་པ་མངོན་གྱུར་སྤངས་ཤིང་། ཕྱིན་ཆད་སྐྱེ་བར་ཡང་མི་འགྱུར་རོ། །རགས་པ་ཐིམ་པ་ནི། རེས་འགའ་བ་སྟེ། དུས་གཞན་དུ་ན་མངོན་གྱུར་དུ་ཡང་སྐྱེ་བའོ། ཡང་རྡོ་རྗེ་སྙིང་པོ་རྒྱན་ལས། ཀུན་ཏུ་འོད་ཀྱི་ས་ཆེན་པོ། དེ་ཉིད་ཉི་མའི་དཀྱིལ་འཁོར་འདྲ། བདུད་རྩི་འོད་ནི་གཉིས་པ་སྟེ། ཤིན་ཏུ་འོད་གསལ་ཟླ་བ་འདྲ། ནམ་མཁའི་འོད་ནི་གསུམ་པ་སྟེ། ནམ་མཁའ་ཇི་བཞིན་རབ་ཏུ་གནས། རྡོ་རྗེ་འོད་ནི་བཞི་པ་སྟེ། ས་དེའི་འོད་ནི་ཡིད་དགའ་བོ། ལྷག་པའི་བསམ་པ་གཏན་སྦྱོར་བས། རྡོ་རྗེ་ཞེས་ནི་ཡོངས་སུ་བརྟགས། ལྔ་པ་རིན་ཆེན་འོད་ཅེས་བྱ། དབང་བསྐུར་བ་ལ་རབ་ཏུ་གནས། པདྨའི་འོད་ནི་དྲུག་པ་སྟེ། པདྨ་བཞིན་དུ་རབ་ཏུ་སྐྱེ། རང་བཞིན་དག་པའི་སེམས་ཉིད་ཀྱིས།

(༤༤༠)དྲི་མ་མེད་པ་ཡོངས་སུ་འཛིན། བདུན་པ་ལས་ཀྱི་འོད་ཅེས་པ། སངས་རྒྱས་ཕྲིན་ལས་བྱེད་པར་འདོད། བརྒྱད་པ་དཔེ་མེད་ཅེས་པ་སྟེ། དེ་ལ་དཔེ་ནི་ཡོད་མ་ཡིན། དཔེ་ལྡན་ཞེས་པ་དགུ་པ་སྟེ། ཐམས་ཅད་དཔེ་ནི་སོ་སོར་རྟོགས། བཅུ་པ་ཤེས་རབ་འོད་ཅེས་པ། སངས་རྒྱས་པ་ནི་བླ་ན་མེད། བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། ས་ཆེན་རབ་ཏུ་འོད་གསལ་བ། བཅུ་གཉིས་སོ་སོའི་བདག་ཉིད་རིགས། རྣལ་འབྱོར་ཡེ་ཤེས་རབ་ཏུ་རྫོགས། ཞེས་པ་བཅུ་གཉིས་གསུངས་པ་ནི། བོད་ཀྱི་མཁས་པ་ཁ་ཅིག་སངས་རྒྱས་ཀྱི་ས་འབའ་ཞིག་ལ་སྦྱོར་ཁ་ཅིག་འཕགས་ལམ་ས་བཅུ་གཉིས་ལ་སྦྱོར། འགའ་ཞིག་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་ལ་སྦྱོར་མདོ། དེ་ཐམས་ཅད་ལ་གནོད་བྱེད་རེ་འཇུག་པར་སྣང་ཞིང་རང་ལུགས་ནི་འཕགས་ལམ་གྱི་ཡེ་ཤེས་ཟུང་འཇུག་ལ་ལྡོག་ཆས་ཕྱེ་བས་བཅུ་གཉིས་བྱུང་བ། གོང་མའི་ཡོན་ཏན་སྐྱེ་བའི་གཞི་ཡིན་པས་ས་ཞེས་བཏགས་ཏེ། རིམ་པ་བཞིན་དུ་མ་རིག་པ་ཤེས་སྒྲིབ་ཀྱི་མུན་པ་སེལ་བ་དང་། འཛག་མེད་ཀྱི་བདེ་བའི་འོད་དང་བཅས་པ་དང་། ཆོས་ཐམས་ཅད་ནམ་མཁའ་ལྟར་མཐོང་བ་དང་། ལྷག་བསམ་བརྟན་པོ་རང་དོན་གྱི་

(༤༤༡)རྣམ་པར་རྟོག་པས་མི་ཕྱེད་པས། གཞན་དོན་ལ་དགའ་བ་དང་ལྡན་པ་དང་། འདོད་པའི་ལྷས་དབང་བསྐུར་བའི་ཡེ་ཤེས་དང་། སེམས་རང་བཞིན་གྱིས་དག་པར་མཐོང་བ་དང་སྨོན་ལམ་གྱི་དབང་གིས་སངས་རྒྱས་ལ་སོགས་པར་སྤྲུལ་ནས་ཕྲིན་ལས་བྱེད་པ་དང་། དཔེ་ལས་འདས་པའི་ཡེ་ཤེས་ཏེ། བརྗོད་བྲལ་དུ་མཐོང་བ་དང་། ཆོས་ཐམས་ཅད་ཀྱི་དཔེ་དང་རྒྱུ་མཚན་རྟོགས་པ་དང་། ཤེས་བྱ་ལ་བློ་གྲོས་བླ་ན་མེད་པ་རྒྱས་པ་དང་། ཤེས་སྒྲིབས་ཀྱི་མུན་པའི་བག་ཆགས་སེལ་བ་དང་། སོ་སོར་རང་གིས་རིག་པའི་ཡེ་ཤེས་མངོན་དུ་གྱུར་པའོ། །ལྔ་པ་མི་སློབ་ལམ་ལ་སྦྱོར་ཚུལ་ནི། སྤྱིར་སོ་སོའི་སྐྱེ་བོའི་དུས་སུ་དཔེའི་འོད་གསལ་མཐར་ཐུག་མངོན་དུ་བྱེད་པ་ཡང་དབང་བསྐུར་བའི་རྐྱེན་གྱིས་ཐོབ་པར་མང་ཞིང་། ཁྱད་པར་མཐོང་ལམ་མངོན་པར་བྱང་ཆུབ་པ་དང་། འཚངས་རྒྱ་བའི་ཚེ་ངེས་པར་དབང་བསྐུར་བར་ལྟོས་པ་ཡིན་ནོ། །དེ་ལ་སྔ་མ་ནི་སྤྲུལ་པའི་སྐུའི་དབང་བསྐུར་ལ། ཕྱི་མ་ནི་ལོངས་སྐུ་རྡོ་རྗེ་འཆང་ལ་སོགས་པ་ཕྱོགས་བཅུ་རབ་འབྱམས་མུ་མེད་པའི་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བའོ། །དེ་ཡང་དེ་ལྟར་དབང་བསྐུར་བས་ཤེས་རབ་ཡེ་ཤེས་རྒྱུན་མཐའ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་འགྱུར་བའི་བག་ཆགས་

(༤༤༢)ཕྲ་མོ་ཡང་སྤངས་ཏེ། ཀུན་གཞི་གནས་གྱུར་པས་སྐད་ཅིག་གཉིས་པར་མངོན་པར་རྫོགས་པར་འཚང་རྒྱ་བའོ། །འདིར་མངོན་པར་བྱང་ཆུབ་པའི་རིམ་པ་དང་། དེའི་མཆོད་པའི་བཀོད་པ་ཕུན་སུམ་སུམ་ཚོགས་པ་ལྟས་དང་བཅས་པ་ཡང་འབྱུང་ངོ་། །འོ་ན་རྒྱུད་ནས་མངོན་པར་བྱང་ཆུབ་པའི་རིམ་པ་བཤད་པ་ནི་མཐོང་བའི་ལམ་གྱི་སྐབས་མ་ཡིན་ནམ་ཞེ་ན་དེ་དང་རིག་མའི་སྐྱེས་བུ་གྲུབ་པའི་ལྟས་བཤད་པ་རྣམས་དངོས་བསྟན་དེ་ལྟར་ཡིན་མདོ་ཀྱི། དེ་བས་ཀྱང་ཆེས་ཆེར་རྒྱ་ཆེ་ཞིང་འཇམ་ཀླས་པ་འདིར་འབྱུང་བ་ཡིན་ནོ། །གསུམ་པ་འབྲས་བུའི་རྒྱུད་ལ། རྟེན་གང་ལ་མངོན་དུ་བྱེད་པ། མི་སློབ་པའི་ཡེ་ཤེས་ཀྱི་ངོ་བོ། དེ་ཡི་ཁྱད་པར་གྱི་ཆོས་སྐུ་དང་ཡེ་ཤེས་ཀྱི་རྣམ་བཞག་གོ །དང་པོ་ནི་མིའི་སྐྱེ་བ་འདི་ཉིད་ལ་སངས་རྒྱ་བར་གསུང་པ་བརྟེན་ནས་རྟེན་མི་ལུས་ཡིན་པ་འདོད་པ་ནི་ཕྱོགས་འདི་ན་ཤིན་ཏུ་མང་ན་ཡང་འཁོར་བ་བའི་ལུས་ལ་སངས་རྒྱས་པའི་སེམས་མི་སྲིད་པས་མི་འཐད་དོ། །ས་དང་པོའི་རྗེས་ཐོབ་ཏུ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ། ཐ་མལ་པའི་ལུས་རྩ་ཁམས། ངག་རླུང་། སེམས་རྣམ་རྟོག་རྣམས་ནི་སྔ་ནས་འགགས་ཏེ། དེས་ན་ཡེ་ཤེས་ཀྱི་སྐུ་དེ་

(༤༤༣)ཡང་ཇེ་བཟུང་དུ་སོང་ནས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ལུས་རྣམ་པ་ཐམས་ཅད་previous hit ལོངསསྤྱོདརྫོགས next hit་སྐུ་དང་ཕྱོགས་མཚུང་པ་ཞིག་གི་རྟེན་ལ་སངས་རྒྱས་པ་ཡིན་ནོ། །འོན་ཀྱང་མ་དག་པའི་ཕུང་པོ་དེ་དབྱིངས་སུ་ཟད་པ་མ་གཏོགས་བོར་བ་མ་ཡིན་པས། ཚེ་གཅིག་དང་སྐྱེ་བ་གཅིག་ལ་སངས་རྒྱས་མི་ཐོབ་པ་ནི་མ་ཡིན་ནོ། །གཉིས་པ་ལ་གསུམ་གྱི་དང་པོ་ངོ་བོ་ནི་ཁྱབ་པ་དང་རྟག་པའི་མཚན་ཉིད་ཅན་ཏེ། འདི་ན་ཁ་ཅིག་སྟོང་པ་ཉིད་ཙམ་ཁྱབ་པ་དང་རྟག་པར་འདོད་ཀྱི་སྐུ་ཁྱབ་རྟག་ཏུ་མི་འདོད། གཞན་དག་ནི་ཁྱབ་པའི་དོན་སྤྲུལ་previous hit ་གང་དགོས་སུ་འབྱུང་བ་ལ་འཆད་དེ། གཉིས་ཀས་ཀྱང་ལོངསསྤྱོདརྫོགས next hit་སྐུ་འབྱུང་གྱུར་གྱི་ལུས་ཕྲ་བ་ཞིག་ཏུ། འདོད་པར་སྣང་ངོ་། འབྱུང་བ་དང་འབྱུང་གྱུར་ལ་རྒྱུན་གྱི་རྟག་པ་གཏན་མི་སྲིད། མེད་པར་དགག་པའི་མཚན་ཉིད་ཅན་ཙམ་ཆོས་སྐུའི་ཆ་ཤས་སུ་འཇོག་པའི་སྐབས་ཀྱང་ཡོད་མདོ་ཀྱི་ཡན་ལག་བདུན་ལྡན་གྱི་སྐུ་ཁྱབ་རྟག་ཏུ་བཞག་པས། དེ་ཡང་མ་ཡིན་ཏེ། མེད་དགག་ལ་ཡན་ལག་བདུན་རྩི་རྒྱུ་མེད་པའི་ཕྱིར། དེས་ན་ལུགས་དེ་གཉིས་ནི། ཁྱབ་རྟག་གི་མིང་ཙམ་ཐོབ་

(༤༤༤)ཀྱང་དོན་མ་ཤེས་པའོ། །དེས་ན་རང་ལུགས་ནི་སྐུ་དང་ཡེ་ཤེས་གཉིས་པོ་ངོ་བོ་གཅིག་ཡིན་པའི་ཡན་ལག་གི་ཡེ་ཤེས་ཀྱི་སྐུ་ཡང་ཤེས་པ་ཁོ་ན་ཡིན་ནོ། །ཁ་གཅིག་ཆོས་སྐུ་དང་ལོངས་སྐུ་ངོ་བོ་གཅིག་པར་བཤད་པ་དང་། ལོངས་སྐུ་དེ་ལ་གཉིས་མེད་ཀྱི་སྐུ་གསུངས་པས་གཟུགས་སྐུ་སངས་རྒྱས་ཀྱི་བསྡུས་པར་འདོད་པ་དང་། ཞེས་པ་ལས་ངོ་བོ་ཐ་དད་པའི་བེམ་པོར་འདོད་པ་དང་ཡེ་ཤེས་མེད་པར་འདོད་པ་སོགས་ཀླུ་སྒྲུབ་ཀྱི་དགོངས་པར་འཆད་པ་ནོར་ཞེས་གསུངས་པ་ནི་གཟུགས་སྐུ་གདུལ་བྱའི་རྒྱུད་ཀྱིས་བསྡུས་པར་བཞེད་པའི་སྐྱེས་ཆེན་ཀུན་ལོངས་སྐུ་མཚན་ཉིད་པ་གཟུགས་སྐུར་མི་བཞེད་པས་ཕྱོགས་སྔ་མ་ལོངས་ཤིག །ལྷག་མ་རྣམས་རང་གི་གྲུབ་མཐའ་ལ་ཅོ་འདྲི་བར་སོང་བ་ཡིན་ཏེ། དེ་ཡང་ཁྱེད་ཉིད་ཀྱིས་ལོངས་སྐུ་རླུང་སེམས་ལ་གྲུབ་པར་འབད་དེ་བསྒྲུབ་པས་བེམ་པོ་དང་ངོ་བོ་གཅིག་པའི་ཤེས་པ་གཅིག་པའི་འཇོག་པ་ལས་ཐ་ཆད་པའི་ཁས་ལེན་ཅི་ཡོད། གཟུང་འཛིན་གཉིས་ཡོད་བཞིན་དུ་མི་སྣང་བའི་ཡེ་ཤེས་འཁྲུལ་པ་དེ་འདྲ་འདོད་པ་བས་ཡེ་ཤེས་མེད་ཅེས་སྨྲ་བའང་བཟང་ངོ་། །དེས་ན་གང་དགོས་སུ་སྤྲུལ་པ་འབྱུང་བར་མ་ཟད། སྐུ་

(༤༤༥)དེ་ཉིད་ཀྱང་ཆོས་ཐམས་ཅད་ལ་ཉེ་རིངས་མེད་ཅིང་གནས་འདི་ན་ཡོད་ཀྱི་གཞན་ན་མེད་དོ་ཞེས་སོགས་དབྱེ་བ་མེད་པས་དངོས་པོ་ཐམས་ཅད་ཁྱབ་པ་དང་། ངོ་བོ་རིགས་མི་འདྲར་འགྱུར་བ་དང་རྒྱུན་ཆད་པ་གཏན་མི་སྲིད་པས་རྟག་པའོ། །དེས་ན་སྐུ་དང་ཡེ་ཤེས་གཉིས་ཀ་ཁྱབ་རྟག་གོ །གཉིས་པ་མཚན་ཉིད་ནི་ཟུང་འཇུག་ཆེན་པོ་སྟེ། སྤངས་རྟོགས་ཆེན་པོ་དང་ལྡན་པའོ། །འདི་ལ་ཁ་ཅིག་རྒྱུན་མཐའི་རྗེས་ཐེག་སུ་ཆོས་སྐུ་འོད་གསལ་བདེ་ཆེན་ཐོབ་ནས་དེའི་སྐད་ཅིག་གཉིས་པར་ལོངས་སྐུར་ལྡང་། ཁ་ཅིག་སྐུ་གཉིས་དུས་མཉམ་དུ་འགྲུབ་ཟེར། གཉིས་ཀར་ཡང་མི་སློབ་པའི་ཟུང་འཇུག་གི་ངོས་འཛིན། སེམས་ཆོས་སྐུ་དང་ལུས་ལོངས་སྐུ་མཉམ་དུ་བྱུང་བ་ལ་ཟུང་འཇུག་ཟེར་ཏེ། སྐུ་དང་ཐུགས་ཐ་དད་དུ་འདོད། འོན་ཀྱང་བདེ་ཆེན་དང་སྐུ་ལ་གཉིས་སྣང་མེད། སློབ་པའི་ཟུང་འཇུག་གི་སྐུ། ངེས་ངོར་གཉིས་སྣང་མེད། སྣང་ངོར་ཡོད་ཅེས་ཟེར་རོ། །འོ་ན་སངས་རྒྱས་ལ་གཟིགས་པ་འཁྲུལ་པ་ཡོད་པར་འགྱུར་ཏེ། ལུས་སེམས་ཀྱི་ཆོས་

(༤༤༦)སྐུ་གཉིས་ཐ་དད་དངོས་ནས་ཡོད་པ་དེ་གཉིས་སུ་མི་སྣང་བ་གཟིགས་པའི་ཕྱིར། སློབ་པའི་ཟུང་འཇུག་གི་གཉིས་སྣང་ཤེས་ངོར་འགགས་པ་དེ་ཡང་ངེས་ངོ་མ་ཡིན་པར་ལོག་རྟོག་གི་ངོ་བོར་འགྱུར་ཏེ། གཉིས་སུ་ཡོད་པ་དངོས་གནས་ཡིན་པ་ལ་གཉིས་སུ་མེད་པར་འཛིན་པའི་ཕྱིར་ཅེས་པའི་ཐལ་འགྱུར་ལྡོག་ཏུ་མེད་པ་ཡིན་ནོ། །འོ་ན་ཅི་ཞེ་ན། རྣམ་པར་མི་རྟོག་པ་རང་གིས་རིག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་མེད་པར་ཡང་གཟིགས་ལ། མེད་བཞིན་དུ་སྣང་བ་དང་སྣང་བཞིན་པ་དང་སྣང་བར་འགྱུར་བ་ཐ་ན་རྡུལ་ཕྲན་གཅིག་གཡོ་མཚུན་རྒྱུ་འབྲས་དང་བཅས་པ་གཅིག་ཀྱང་མ་ལུས་པར་ཡེ་ཤེས་གཅིག་གིས་གཅིག་ཅར་མཁྱེན་པ་ནི་ཆོས་སྐུ་དང་། དེའི་སྣང་བ་འགགས་པ་མེད་པ་སྐུ་དང་ཞིང་ལ་སོགས་སྣ་ཚོགས་པར་འཆར་བ་ནི་ལོངས་སྐུ་དང་། མེད་པ་ལ་འཁྲུལ་པའི་སེམས་ཅན་སྒྲོལ་བའི་ཐབས་ཀྱང་སྟོན་པའི་ཡེ་ཤེས་ནི་སྤྲུལ་སྐུ་སྟེ་དེ་གསུམ་ཅར་ཡེ་ཤེས་ཅིག་ཉིད་ཀྱི་ལྡོག་ཆ་ཡིན་པ་ནི། སྐུ་གསུམ་ཟུང་འཇུག་གི་དོན་ནོ། །དེ་ཡང་སེམས་ཅན་མཐའ་དག་གི་དོན་མངོན་པར་འདོད་པ་མ་ཚང་བ་མེད་པ་

(༤༤༧)དུས་ཡོལ་བ་མེད་པ། ཡོངས་སུ་རྫོགས་པ་བཏང་སྙོམས་སུ་ལུས་པར་དང་དོན་མེད་པར་འབྱུང་བ་གཏན་མི་སྲིད་ལ་རྣམ་པར་རྟོགས་པ་ཅུང་ཟད་མི་མངའ་ཞིང་ཤེས་བྱ་ཐམས་ཅད་མཁྱེན་པ་སྟེ། བསམ་གྱི་མི་ཁྱབ་པའི་གནས་འདི་ལ་ཕྱག་འཚལ་ལོ། །ཞེས་རིགས་ཀྱི་རང་བློས་ཕར་རྒྱས་མ་འགེགས་ཤིག །སྤངས་པ་ཆེན་པོ་ནི་བག་ཆགས་དང་བཅས་པའི་སྒྲིབ་པ་མཐའ་དག་གདོད་ནས་དག་པར་གཟིགས་པའོ། །གཟུངས་ཀྱི་དབང་ཕྱུག་གིས་ཞུས་པའི་མདོར། བྲལ་བ་བློ་ཡིས་ཟད་པ་མ་ཡིན་ཏེ། གདོད་ནས་ཟད་པས་དེ་ཕྱིར་ཟད་པས་དེ་ཕྱིར་ཟད་ཅེས་བྱ། ཅེས་སོ། །རྟོགས་པ་ཆེན་པོ་ནི་པྲ་ཕབ་སོགས་ལྟར་འཁོར་འདས་གཞི་ལམ་སོགས་ཆོས་ཐམས་ཅད་མ་བརྟགས་པར་མཁྱེན་པའོ། །གསུམ་previous hit ་ནི། ཡན་ལག་སྟེ། སློབ་དཔོན་ཆེན་པོ་ངག་དབང་གྲགས་པས། ལོངསསྤྱོདརྫོགས next hit་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། སྙིང་རྗེས་ཡང་གང་རྒྱུན་མི་འཆད་དང་འགེགས་པ་མེད། ཅེས་གསུངས་པ་ལྟར། བདུན་གྱི་དང་པོ་ནི། previous hit ལོངསསྤྱོདརྫོགས ་སྟེ་མཚན་དཔེ་ཡོངས་སུ་རྫོགས་པའོ། །གཉིས་པ་ནི། ཁ་སྦྱོར་ཏེ་རང་སྣང་གི་རིག་མ་དང་མཉམ་པར་སྦྱོར་བའོ། །

(༤༤༨)ལ་འགའ་ཞིག་སངས་རྒྱས་ཀྱི་སས་བསྡུས་པ་ན་ལྷ་ཕོ་མོའི་དབྱེ་བ་མེད་དེ་སྤྲུལ་པ་ཁོ་ན་ཡིན་པས་ཡབ་ཡུམ་ཞལ་སྦྱོར་དྲང་དོན་ཏེ་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་ཙམ་ལ་འཇོག་པ་ཡིན་ཟེར། ཞལ་ཕྱག་སྣང་བ་ཡོད་ཕྱིན་ཡབ་ཡུམ་གྱི་རྣམ་པ་འགོག་མི་ཐུབ་ཅིང་། ཡན་ལག་བདུན་གྱི་སྐབས་སུ་སྟོང་ཉིད་སྙིང་རྗེ་གཉིས་ཡན་ལག་ཟུར་དུ་བགྲངས་པས་དེ་མི་འཐད་ལ། དེས་ན་རང་ལུགས་ནི། གསང་འདུས་ནས། དེ་བཞིན་གཤེགས་པ་རྣམས་འདོད་ཡོན་གྱི་དགའ་བས་རོལ་པ་ལ། ཐུགས་བརྒྱུད་བསྐུལ་བ་བཤད་པས་དག་སྣང་རབ་འབྱམས་ཀྱི་སྣང་བ་ལ་རིག་མ་སོགས་འདོད་ཡོན་དུ་སྣང་བའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་དགྱེས་པས་རོལ་པ་ཡང་རྡོ་རྗེ་ཐེག་པའི་ལུགས་ལ་ཡོད་དེ། གསུམ་པ་ནི། བདེ་ཆེན་ཏེ་རང་བཞིན་ལྷན་སྐྱེས་ཀྱི་བདེ་བའི་ངོ་བོར་གནས་པའོ། །བཞི་པ་ནི། རང་བཞིན་མེད་པ་སྟེ་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་པའོ། །ལྔ་པ་ནི། སེམས་ཅན་རྣམས་ལ་དམིགས་པའི་སྙིང་རྗེ་དང་རྟག་ཏུ་བཅས་པའོ། །དྲུག་པ་ནི་རྒྱུན་མི་འཆད་པ་སྟེ་སྐུ་དང་ཡེ་ཤེས་གཉིས་ཅར་རྒྱུན་གྱི་རྟག་པའོ། །བདུན་པ་ནི། འགོག་པ་མེད་པ་སྟེ་ཐུགས་སྣང་མེད་ཀྱི་འགོགས་པ་ལ་

(༤༤༩)འཇུག་པ་དང་། གཟུགས་སྐུ་རེ་ཞིག་རྒྱུན་ཆད་པའི་འགོགས་པ་མེད་པའོ། །ཁ་ཅིག་ཡེ་ཤེས་རྒྱུན་མི་འཆད་པ་དང་སྐུ་འགོགས་པ་མེད་པ་ཞེས་སྦྱོར་བའང་ཡོད་དེ་མི་འགལ་བ་མངོན་དབང་དུས་སུ་དབང་གི་ཡེ་ཤེས་ཀྱང་ཡན་ལག་བདུན་ལྡན་དང་། བསྐྱེད་རྫོགས་གཉིས་སུ་ཡང་དེ་ལྟར་བསྒོམ་པས་སངས་རྒྱས་ཀྱི་སྐུ་ཡང་ཡན་ལག་བདུན་ལྡན་དུ་ཐོབ་ཅེས་པ་ནི། སྤྱིར་རྒྱུད་གཞུང་ཐམས་ཅད་ཀྱི་དགོངས་པ་དང་། ཁྱད་པར་སློབ་དཔོན་ཆེན་པོ་ཡེ་ཤེས་ཞབས་རྗེས་འབྲང་དང་བཅས་པས་རྩལ་དུ་བཏོན་པའོ། །གསུམ་པ་ལ། སྐུ་དང་ཡེ་ཤེས་གཉིས་ལས། དང་པོ་ལ་སྤྱིར་ཐེག་པ་འདིར་སྐུ་བཅུ་དྲུག་དང་། སྐུ་བཅུ་གཉིས་དང་། དམ་པ་རིགས་བརྒྱའི་དབྱེ་བས་སྐུ་བརྒྱ་ལ་སོགས་པ་ཟད་པ་མེད་པ་ཞིག་བཀའ་རྩལ་མདོ་ཀྱི། སྙིང་པོ་མདོར་བསྡུས་སུ་བརྗོད་ན། སྐུའི་ཞིང་ངོ་བོ་དབྱེ་བ་ཕྲིན་ལས་འཇུག་ཚུལ་ལོ། །དང་པོ་ལ། སྤྱིར་གང་དུ་འཚང་རྒྱ་བའི་གནས་ལམ་ཐུན་མོང་གི་སྐབས་སུ་བཤད་པ་ལྟར་སྣ་ཚོགས་པར་འབྱུང་མདོ་ཀྱི། དོན་དམ་པར་ནི་བཙུན་མོའི་བྷ་ག་དང་གསང་བ་ཞེས་བྱ་བའི་མིང་ཅེས་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་ཉིད་རྣམ་པ་ཐམས་ཅད་པ་སངས་རྒྱས་ཀྱི་

(༤༥༠)པ་ཞེས་གྲགས་པ་དེ་ཁོ་ན་ཡིན་ཏེ། དཔལ་སམྦྷུ་ཊི་ལས་ཀྱང་། རིག་མའི་སྐྱེས་བུ་གྲུབ་པ་ནི། གང་དུ་ཡང་མི་གནས། གང་དུ་ཡང་མི་འགྲོ། ཐོག་མ་དང་ཐ་མ་དང་དབུས་དང་བྲལ་བ་གཉིས་སུ་མེད་པ། གནས་གསུམ་དུ་སྣང་བ། ཐམས་ཅད་དུ་སོན་པ་ཅེས་གསུངས་པས། དེས་ན་དེའི་ཞིང་ལ་ཕྱོགས་ཆ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལ་ཉེ་རིང་གི་དབྱེ་བ་ནི་མེད་དེ། གོང་དུ་བཤད་པ་ལྟར་ཀུན་དུ་ཁྱབ་པ། སྤྲོས་པ་དང་བྲལ་བའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་དེ་ཉིད་ཞིང་གི་སྣང་བ་ཤར་བའི་དག་སྣང་འབའ་ཞིག་ཡིན་པས་སོ། །ཡེ་ཤེས་ཀྱི་གཟིགས་པ་འཇུག་ཅིང་འགྲོ་བའི་དོན་སྤྱོད་པའི་ཞིང་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡིན་ནོ། །དེ་ཡང་མ་དག་པའི་ཞིང་དུ་སངས་རྒྱས་ཀྱི་སྣང་བ་འགྱུར་བ་ན། དེ་ཡང་ཞིང་དངོས་སུ་འཇོག་མདོ། གཙོ་བོར་ས་ཐོབ་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ཏེ་རྡུལ་གཅིག་རྡུལ་སྙེད་ཀྱི་སངས་རྒྱས་བཞུགས་པར་གསུངས་པའང་འདིའི་སྣང་བ་ཡིན་ལ། མདོ་དགོངས་འགྲེལ་ལས། ཤིན་ཏུ་རྣམ་པར་དག་ཅིང་དབང་བསྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད། ཅེས་གཞལ་ཡས་ཁང་ལ་བཤད་པའང་

(༤༥༡)འདིའོ། །དེས་ནས་སངས་རྒྱས་རྣམས་ཞིང་ཁམས་ཐ་དད་པར་བལྟ་བར་མི་བྱའོ། །ཐུན་མོངས་མ་ཡིན་པར་འཁོར་ལོ་བདེ་མཆོག་གི་ལམ་འདི་གྲུབ་པ་པོ་རྣམས་ལ་དངོས་གྲུབ་རྩོལ་བའི་སྤྲུལ་པའི་སྐུ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཉེ་བར་སྤྱོད་པའི་ཞིང་གི་གཙོ་བོ་ནི། ཡུལ་ཉེར་བཞི་དུར་ཁྲོད་བརྒྱད་རྣམས་ཡིན་ནོ། །གཉིས་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡིན་ཏེ། གང་ཟག་གཅིག་ཉིད་མངོན་པར་བྱང་ཆུབ་པ་ནི་ཕུང་ཁམས་སྐྱེ་མཆེད་གནས་གྱུར་པའི་ལྷ་སུམ་ཅུ་རྩ་བདུན་ནམ། རྩ་ཁམས་ཀྱི་རང་བཞིན་གནས་གྱུར་པའི་ལྷ་དྲུག་ཅུ་རྩ་གཉིས་ལྟ་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་མ་ལུས་པར་གཅིག་ཅར་དུ་འགྲུབ་པ་ཡིན་ནོ། །གསུམ་པ་ནི། རེ་ཞིག་སྐུ་གཅིག་ནས་དྲུག་གི་བཞག་པ་ལ་དང་པོ་ནི་ཟུང་འཇུག་གི་སྐུ་གཅིག་པུའོ། །གཉིས་པ་ནི་སངས་རྒྱས་རང་སྣང་གིས་བསྡུས་པ་ཆོས་སྐུ་དང་། གདུལ་བྱ་གཞན་སྣང་གི་བསྡུས་པ་གཟུགས་སྐུ་གཉིས་སོ། །གསུམ་པ་ལ། མདོ་ལུགས་སུ་བཤད་པའི་སྐུ་གསུམ་མམ། འདི་ཉིད་ཀྱི་ལུགས་ནི། རང་སྣང་ངམ་གཞན་སྣང་གི་མཚན་དཔེ་ཅན་གྱི་སྐུ་ནས། རྩི་ཤིང་ནགས་ཚལ་ལ་སོགས་པ་སྣང་

(༤༥༢)བའི་བར་གྱི་གཟུགས་བརྙན་ནི་སྐུ་རྡོ་རྗེ་དང་། གསུངས་དབྱངས་ཡན་ལག་རྒྱ་མཚོའི་སྒྲ་སྙན་ནི་གསུངས་དང་། ཟུང་འཇུག་གི་ཡེ་ཤེས་ནི་ཐུགས་ཏེ་རྡོ་རྗེ་གསུམ་མམ། སྟོང་པ་ཆོས་སྐུ་དང་། བདེ་བ་ལོངས་སྐུ་དང་། གསལ་སྣང་སྤྲུལ་པའི་སྐུར་བཤད་པའང་ཡོད་ལ། གཞན་མདོ་དང་འདྲ་བ་ལས་ཟུང་འཇུག་གི་ཡེ་ཤེས་ཆོས་སྐུར་བཤད་པ་དང་། ཐུགས་གསུང་སྐུ་གསུམ་ཡང་རིམ་པས་ཆོས་ལོངས་སྤྲུལ་སྐུ་གསུམ་དུ་བཤད་པ་ཡིན་ནོ། །བཞི་པ་ནི། སྟོང་པ་ངོ་བོ་ཉིད་སྐུ། བདེ་བ་ཆོས་སྐུའི་བདེ་ཆེན་གྱི་སྐུ། སངས་རྒྱས་རང་སྣང་གི་གསུངས་ལོངས་སྐུ་དང་སྤྲུལ་སྐུར་འཇོག་པ་རྡོ་རྗེ་བཞིའི་སྐུའམ། རང་སྣང་གི་སྐུ་ལོངས་སྐུ་དང་། ཐུགས་རྗེ་ཆེན་པོར་སྤྲུལ་སྐུར་འཇོག་པའང་ཡོད་དོ། །ལྔ་པ་ནི། རིགས་ལྔ་དང་ཡེ་ཤེས་ལྔའི་དབྱེ་བས་སྐུ་ལྔ་དང་། དྲུག་པ་ནི། ཁྱབ་བྱེད་བདེ་བ་ཆེན་པོའི་སྐུ་བསྣན་པས་དྲུག་གོ །མཚན་དཔེའི་སྐུ་རླུང་སྟེ་འོད་ཀྱི་ལུས་ལས་གྲུབ་པར་འདོད་པ་ནི། རྡོ་རྗེ་གུར་ལས། མཚན་བཟང་པོ་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་བཅུའི་བརྒྱན་

(༤༥༣)པའི་སྐུ་འདི་ནི་དེ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཡུལ་རྣམས་ཀྱི་རྒྱུས་དང་བསྒྲུབ་པར་བྱ་བ་ཡིན་པས་ནའོ། །ཕྱག་ན་རྡོ་རྗེས་ཡང་གསོལ་པ། ཅི་བཅོམ་ལྡན་འདས་བེམ་པོའམ། རྡོ་རྗེ་འཛིན་གྱི་བཀའ་སྩལ་པ། ང་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཞེས་གསུངས་པས་ངེས་པར་བཀག་པ་ཡིན་ནོ། །སྐུ་མཚན་དཔེའི་བརྒྱན་པ་ཞིག་བྱུང་ན་བེམ་པོར་གྱུར་རམ་སྙམ་པ་ལ་ཡེ་ཤེས་ཡིན་ཅེས་གསུངས་པས། རང་ལས་གྲུབ་པ་ཡིན་པ་བཀག་ཅིང་། མེ་ལོང་ལྟ་བུའི་ཡེ་ཤེས་དེ་ལོངས་སྐུའི་ངོ་བོར་བཤད་པས་བྱམས་པའི་གཞུང་དང་ཤིན་ཏུ་མཐུན་པར་གསུངས་སོ། །བཞི་པ་ནི། སེམས་རང་བཞིན་འོད་གསལ་མངོན་དུ་མཛད་པ་ལས། སྤངས་རྟོགས་ཁྱད་པར་ཅན་གྱི་མཐུས་ཕྱོགས་བཅུ་ནམ་མཁས་གར་ཁྱབ་ཏུ། དུས་ནམ་མཁའ་ཇི་སྲིད་བར་སེམས་ཅན་གྱི་དོན་མཛད་དགོས་པས་ཁྱབ་པ་དང་རྟག་པ་དེ་ཡང་ཚངས་དགོས། ཕྲིན་ལས་ཀྱི་རྒྱུ་ཡི་གཙོ་བོ་ཡང་དེ་གཉིས་སོ། །དགོས་སུ་རྣལ་འབྱོར་མའི་རྒྱུད་ཀྱི་ལམ་ལ་ཞུགས་པ་རྣམས་དང་། ཡང་དགོས་སུ་འཁོར་ལོ་སྡོམ་པའི་ལམ་ལ་ཞུགས་པའི་རྣལ་འབྱོར་ཅན་རྣམས་ལ་ཕྲིན་ལས་འཇུག་པའི་ཚུལ་ཐུན་མོངས་

(༤༥༤)མ་ཡིན་པ་ནི། རྡོ་རྗེ་ཕོ་ཉ་མོ་རྣམས་ཀྱི་འདུ་བ་ཁྱད་པར་ཅན་ལ་བརྟེན་ནས་དཔལ་ཧེ་རུ་ཀ་ཉིད་ཀྱི་གོ་འཕང་ལ་སྦྱོར་བ་སྟེ་རྒྱས་པར་གོང་དུ་འཆད་པར་ལྟར་རོ། །གཞན་ཡང་། སྒྲུབ་པོ་ཉིད་རྟགས་གཅིག་རྩམ་མཐོང་བའི་ཚེ་ཚེ་ཡི་དུས་བྱེད་པ་དག་ནི། དོན་མེད་དུ་མི་འགྱུར་ཏེ། སེམས་ངལ་བསོ་བ་ཙམ་དུ་ཚེ་ཡི་དུས་བྱས་པ་མ་ཡིན། མ་ཡིན་ཡང་རུང་སྟེ་དེའི་ཚེ་ཁྲག་འཐུང་རྣལ་འབྱོར་མ་དཔལ་མཁའ་འགྲོའི་ཚོགས་རྣམས་ཀྱི་ངོ་མཚར་བའི་བཀོད་པ་མཐའ་ཡས་པ་དང་བཅས་མཁའ་སྤྱོད་ཀྱི་གནས་སུ་ཁྲིད་པར་འགྱུར་རོ། །ཞེས་སོགས་ཀྱང་གསུངས་པར་ལྟར་ཤེས་པར་བྱ་ཞིང་། གཉིས་པར་ཡེ་ཤེས་ཀྱི་རྣམ་བཞག་ནི་རྒྱས་པར་གང་དུ་ཡང་འཆད་པས་རྟོགས་ནུས་ལ། བཞི་པ་ཀུན་ཁྱབ་ཆོས་ཉིད་ཀྱི་སྙིང་པོ་ནི། མདོར་བསྡུ་ན། བདེ་སྟོང་དབྱེར་མེད་ལྷན་སྐྱེས་བརྗོད་པ་དང་བྲལ་བའི་ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོའི་ཤྲི་ཧེ་རུ་ཀ་དེ་ཉིད་དོ། །འདིར་སྨྲས་པ། ཁྱབ་བདག་མགོན་པོའི་ཉིན་མོར་བྱེད་པ་ཡིས། གསུང་གསང་འོད་ཀྱི་སྣང་བ་རབ་སྤྲོས་པས།

(༤༥༥)ནང་གི་མུན་སྟུག་སྲིད་པ་ཀུན་བཅོམ་ནས། བློ་གྲོས་རྣམ་དག་སྙིང་པོའི་པདྨོ་རྒྱས། ཉུང་ངུའི་དོན་རྟོགས་ཟབ་དང་རྒྱ་ཆེའི་གཞུང་། རྡོ་རྗེ་ཐེག་པ་བླ་མེད་སྙིང་པོའི་དོན། ཤིན་ཏུ་རྟོགས་དཀའ་སུ་ཡི་ཡུལ་མིན་ཀྱང་། རྣམ་གསལ་ལེགས་བཤད་སྨྲས་འདི་བླ་མའི་དྲིན། འཕགས་པ་མཆོག་རྣམས་གྱིས་བསྐྱེད་པའི། གཞུང་བཟང་སཾ་བྷ་ར་ཡི་འབྲས། བཅུད་ཀྱིས་གསོས་པའི་གཞོན་ནུ་ཉིད། སྐྱེ་བོའི་མིག་ལ་ཡ་མཚན་གྱུར། ལྷན་སྐྱེས་བདེ་ཆེན་ཡེ་ཤེས་དོན། བརྗོད་བྲལ་ཉིད་ཅེས་སྨྲ་བ་བརྫུན། སྲིད་པ་ཧྲུལ་པོར་བྱེད་པའི་གཏམ། ཟབ་དོན་གསལ་བར་སྨྲས་འདི་ཅི། དེ་ལས་བྱུང་བའི་རྣམ་དཀར་ཆ། ཁ་བ་དུང་དང་པད་རྩའི་ཚོགས། གཅིག་གཅིག་བསྡུས་ལེགས་བྱས་གཟུགས་འཆང་བ། ཕྲ་མོའི་དངོས་པོར་མཆིས་གང་དགེས། གང་འདུལ་སྤྲུལ་པ་སྟོང་གི་མཆོག་སྦྱིན་གྱིས། འབྱམས་ཀླས་འགྲོ་འདིར་ཀུན་དགའི་དཔལ་སྟེར་བ། བརྩེ་གཏེར་སྙིང་རྗེའི་གཏེར་ཆེན་འཇིག་རྟེན་དབང་། ཞབས་པད་བསྐལ་པའི་སྲིད་འདིར་གཡོ་མེད་གསོལ། ལེགས་བྱས་ཕུན་སུམ་

(༤༥༦)ཚོགས་པ་ཀུན་གྱི་དཔལ། དགེ་མཚན་བྱེ་བ་ཕྲག་བརྒྱའི་འབྱུང་གནས་མཆོག །ངེས་དོན་བསྟན་དང་དེ་འཛིན་སྐྱེས་བུ་ཡིས། སྲིད་འདིར་ཡུན་དུ་དགེ་བའི་དཔལ་གྱུར་ཅིག །སྣ་ཚོགས་ཐེག་པ་མཆོག་གི་གྲོང་ཁྱེར་དབུས། བཞི་ལམ་འབྲས་བུའི་རྒྱན་མཛེས་ཕོ་བྲང་མཆོག །གྲུབ་བརྙེས་མེས་པོའི་རྒྱལ་ཐབས་རྨད་བྱུང་དེར། འཇུག་པའི་དབང་བཞིའི་ཡེ་ཤེས་སྒོ་འབྱེད་ཤོག །སྣང་སྟོང་བདེ་བའི་ཆགས་བྲལ་པདྨའི་ཚལ། ལྔ་ལྡན་གཏུམ་མོའི་ཉིན་བྱེད་ཀྱིས་རྒྱས་པའི། དབང་གི་སྤྱོད་པས་སྒོམ་མེད་སྤྲོས་བྲལ་ཆེ། ལྷན་སྐྱེས་ཡེ་ཤེས་ཆེན་པོ་རྟག་བརྟན་ཤོག །གཉིས་རྟོག་འཁྲུལ་པའི་རབ་རིབ་ཀུན་བསལ་ནས། སེམས་ཉིད་དག་པའི་སྣང་བའི་མེ་ལོང་ངོས། རབ་འཆར་སྐུ་དང་ཡེ་ཤེས་ཡོན་ཏན་ཕྲིན། མཉམ་ཉིད་ཐུགས་ཀྱི་ངོ་བོ་ངེས་རྙེད་ཤོག །གཏོང་དང་བཏུལ་ཕོད་གང་གིས་བསམ་པ་ཡི། ནོར་འཛིན་ཚོགས་ཀུན་ཡོངས་སུ་རྫོགས་བྱེད་པ་བཟོད་པའི་རྟེན་ལྡན་པ་ཡི་བརྒྱ་བྱིན་གྱིས། ཆབ་སྲིད་འཇིག་རྟེན་རྒྱན་དུ་འབར་གྱུར་ཅིག །འཇིག་རྟེན་ཀུན་ཏུ་ལྷ་ཡི་བདག་པོ་ཡི། མཛེས་ལྡན་ལག་པའི་པདྨོས་རབ་གཏོར་

(༤༥༧)བ། དགེ་མཚན་དུ་མ་རྒྱས་པའི་མེ་ཏོག་ཆར། འཆི་མེད་དགའ་བའི་ཚོགས་ཀྱིས་གང་གྱུར་ཅིག །འདི་སྨྲ་པོ་ཡང་ཚེ་རབ་བསགས་པའི་སྡིག །རྩ་ལྟུང་ཡན་ལག་ཀུན་དཀྲིས་མན་ངག་པའི་དྲི། རྣམ་དག་དགེ་བའི་ཆར་གྱིས་མངོན་བཀྲུས་ནས། རང་རྒྱུད་དག་པའི་ཤེལ་ཁམས་གསལ་གྱུར་ཅིག །བསྐྱེད་རྫོགས་འཇོ་སྒེགས་མཛེས་སྡུག་མི་དམན་ཞིང་། ཟབ་ལམ་ལང་ཚོའི་རྣམ་པར་བརྒྱན་པའི་ལུས། ཐབས་མཆོག་བདེ་སྟེར་པད་དཀར་མིག་ཅན་དེས། ཟུང་འཇུག་བདེ་ཆེན་རྣམ་ཀུན་སྦྱིན་གྱུར་ཅིག །རྣམ་སྨིན་ལས་ཀྱི་བཀོད་པའི་མེ་ལོང་ངེས། སྣ་ཚོགས་རི་མོ་བཀྲ་བའི་དཀར་ནག་གི །དོན་ཅན་དོན་མེད་འབྲེལ་ཐོབ་གཟུགས་སྣང་ཀུན། ཆོས་དབྱིངས་ཡེ་ཤེས་ཉིད་དུ་གཅིག་གྱུར་ཅིག །ཇི་སྲིད་མཐར་ཐུག་བྱང་ཆེན་མཆོག་གི་བར། མ་ནོར་དམ་པའི་མགོན་གྱི་རྗེས་བཟུང་ཞིང་། གསང་ཆེན་དྷརྨའི་དོན་བཟང་ཀློང་གྱུར་ནས། སྲིད་མཚོ་སྒྲོལ་བའི་དད་དཔོན་ཉིད་གྱུར་ཅིག །བརྗོད་པ་བྲལ་ཡང་བརྗོད་པ་ཀུན་གྱི་རྒྱུ། དངོས་བྲལ་དངོས་པོའི་རང་བཞིན་ལྷན་སྐྱེས་ཡེ་ཤེས་དཔལ།

(༤༥༨)སྙིང་པོའི་དོན་དམ་ཆོས་དབྱིངས་དེ་བཞིན་ཉིད་ཀྱི་དོན། མཐའ་ཀླས་འགྲོ་འདིས་མངོན་སུམ་མྱུར་དུ་རྟོགས་གྱུར་ཅིག །དེ་ལྟར་དཔལ་ལྡན་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔ་ལས་འཁོར་ལོ་སྡོམ་པ་ལྷ་ལྔའི་སྒྲུབས་ཐབས་རྒྱལ་དབང་མི་བསྐྱོད་ཞབས་ཀྱིས་བརྩལ་བའི་དོན་ཕྱིན་ཅི་མ་ལོག་པ་རྣམ་པར་བཤད་པ་ཡིད་བཞིན་འདོད་འབྱུང་གསང་ཆེན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བ་འདི་ཡང་། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཧེ་རུ་ཀ་དཔལ་རྡོ་རྗེ་འཆང་ཆེན་པོ་དཔལ་ཀརྨ་པ་བཅུ་གསུམ་པའི་ཞལ་སྔ་ནས་དོན་གྱི་ཆ་རྣམས་བོད་སྔ་མ་འགའ་དང་འགའི་བཤད་རྗེས་སུ་འབྲང་བར་མ་ཡིན་པའི། རྒྱལ་བ་རང་བྱུང་ཞབས་དང་། རྗེ་བཙུན་ཏཱ་ར་ན་ཐ་དང་ཀུན་མཁྱེན་འཇམ་མགོན་བླ་མ་བཅས་ཀྱི་གསུང་གི་ལེགས་བཤད་ལྟར་རྩ་བར་བཀོད་པའི་རྣམ་བཤད་རྒྱས་པ་འདི་ལྟ་བུར་མྱུར་དུ་གྱིས་ཤིག་ཅེས་རྟེན་འབྲེལ་གྱི་རྫས་ཀྱི་གནང་སྐྱེས་དང་ལྷན་དུ་བཀའ་ཡི་གཅོད་པན་སྤྱི་བོར་འཆིང་བར་མཛད་ཅིང་སླར་ཡང་འབྱུང་འགྱུར་གྱི་ལུང་བསྟན་དང་བཅས་རྡོ་རྗེའི་གསུང་གསང་ལེན་དུ་མར་ཕེབ་པ་བཞིན་རྗེ་དེ་ཉིད་ཀྱི་སློབ་མའི་ཐ་ཤལ་ཀརྨ་ངེས་དོན་བསྟན་འཛིན་ཕྲིན་ལས་རབ་རྒྱས་ཞེས་སམ། མིང་གཞན་ཀརྨ་རརྣ་ཞེས་བྱ་བས། ཀུན་དགའི་ལོ་ཁྲུམ་སྟོད་ཀྱི་ཟླ་བའི་རྒྱལ་བ་གསུམ་པའི་ཚེས་ལ། ལྷར་བཅས་འགྲོ་བའི་སྐྱབས་གཅིག་ཇོ་བོ་ཡིད་བཞིན་

(༤༥༩)ནོར་བུ་བཞུགས་པའི་ཉེ་ལོག་ལྷ་ལྡན་སྨོན་གླིང་དུ་དབུ་བརྩམས་ཤིང་། སླར་བོད་ཆེན་ལྗོངས་སུ་འབྱོར་ནས་བར་སྐབས་སུ་དབང་ལྷ་སྲས་དམ་པའི་སྐུ་རིམ་བསྒྲུབ་པ་དང་རིན་དངུལ་ཆུ་ཆེན་མོའི་སྨན་སྦྱོར་ལག་ལེན་བསྟར་དགོས་དང་། གཞན་ཡང་དོན་ལྡན་དང་དོན་བྲལ་གྱི་བྱ་བའི་འཁོར་ལོ་སྣ་ཚོགས་ཀྱི་གཡེངས་བས་རེ་ཤིག་ལུས་ཀྱང་། སླར་བརྩོན་པ་ཆེན་པོའི་འདམ་བུའི་ལོ་སྒྲོན་ཟླ་བའི་དམར་ཕྱོགས་ཀྱི་དགའ་བ་དང་པོའི་ཚེས་དགེ་བར་སྡེ་བཞི་དགེ་བཅུའི་རྒྱལ་ཁབ་ཆེན་པོའི་ས་ཡི་ཆར་བླ་མའི་གདན་པར་རང་གཤགས་དབེན་པ་ཟླ་མཛེས་སུ་ལེགས་པར་གྲུབ་པའི་ཡི་གེ་པ་ནི་ཧྱ་གྲྀ་ཝ་ཨརྨུར་བརྡྷ་མན་གྱིས་བྲིས་པ་ཕྱོགས་ཀུན་ཏུ་དགེ་མཚན་དར་ཞིང་རྒྱས་པར་གྱུར་ཅིག །སརྦ་ཤཱུ་བྷ་མངྒ་ལཾ།


no previousno next