Nitartha Digital Library
Tibetan
ཀློང་ཆེན་ཆོས་འབྱུང་།


   
རྩོམ་པ་པོའི་ལོ་རྒྱུས་རགས་བསྡུས།
   
   
   
   
   
   
   
   
   
   
   
   


 
no previousརྩོམ་པ་པོའི་ལོ་རྒྱུས་རགས་བསྡུས།next

རྩོམ་པ་པོའི་ལོ་རྒྱུས་རགས་བསྡུས།


LR16_Page_001
[མ་དཔེ་གཟིགས་ན་འདིར་གནོན།]

རྩོམ་པ་པོའི་ལོ་རྒྱུས་རགས་བསྡུས། ཆོས་འབྱུང་ནི་པོ་ཆེའི་གཏེར་མཛོད་བསྟན་པ་གསལ་བར་བྱེད་པའི་ཉི་འོད་ཅེས་པའི་རྩོམ་པ་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་ནི་གཡོ་རུ་གྲའི་ཆ་སྟོད་གྲོང་དུ་སློབ་དཔོན་པདྨའི་དངོས་སློབ་དཔལ་རྟ་མཆོག་རོལ་པའི་གྲུབ་ཐོབ་མཆོག་དབྱངས་ཀྱི་གདུང་དང། འབྲོམ་སྟོན་རྒྱལ་བའི་འབྱུང་ནས་ཀྱི་གདུང་ལས་བྱོན་པའི་འབྲོམ་བཟའ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ས་ཕོ་སྤྲེལ་གྱི་ལོའི་སྤྱི་ལོ་དབོ་ཟླ་གཉིས་པའི་ནང་མཚན་ལྟས་བཟང་པོས་མདུན་བསུས་ནས་མངལ་གྱི་ཆུ་འཛིན་ལས་གྲོལ། དགུང་ལོ་ལྔ་པ་ལ་བྲིས་ཀློག་ལེགས་པར་མཁྱེན་པ་བྱུང་བ་དང། བདུན་པ་ལ་ཡབ་ལས་བདེ་གཤེགས་དང་སྨན་རྩིས་ལ་སོགས་པ་གསན་སྦྱོང་གནང་བ་ནས་བཟུང་སྟེ་ཕྱི་ནང་རིག་གཞུང་ཐམས་ཅད་ལ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པའི་དབུ་ཚུགས། དགུང་ལོ་བཅུ་གཉིས་པའི་ཚེ་བསམ་ཡས་པ་མཁན་པོ་བསམ་གྲུབ་རིན་ཆེན་དང། སློབ་དཔོན་ཀུན་དགའ་འོད་ཟེར་ལས་རབ་བྱུང་གི་དངོས་པོ་བརྙེས་ནས་མཚན་ཚུལ་ཁྲིམས་བློ་གྲོས་ཞེས་གསོལ། དེ་རྗེས་སློབ་དཔོན་བཀྲ་ཤིས་རིན་ཆེན་དང། དབང་ཡེ་ཤེས། ཁྲོ་ཕུ་བ། རིན་པོ་ཆེ་ཟ་ལུང། གནས་གསང་ཕུའི་གླིང་སྟོད་གདན་རབས་བཅོ་ལྔ་པ་


LR16_Page_002
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་བཙན་དགོན་པ་དང་བཅུ་དྲུག་པ་ཆོས་དཔལ་རྒྱལ་མཚན། དཔང་ལོ་བློ་གྲོས་བརྟན་པ་སོགས་མཁས་མཆོག་མང་པོ་ལས་འདུལ་བ་དང་ལམ་འབྲས། ཆོས་དྲུག ཕྱག་རྡོར་འཁོར་ཆེན། བྱ་སྤྱོད། རྣལ་འབྱོར། དུས་ཀྱི་འཁོར་ལོ་ལ་སོགས་པའི་སྔགས་རྒྱུད་དང། ཞང་ཚལ་པའི་གདམས་སྐོར། རྒོད་ཚང་བའི་ལམ་ཁྲིད། གཅོད་ཡུལ། ཞི་བྱེད་སྔ་ཕྱི་བར་གསུམ་ལ་སོགས་པ། ད་དུང་བྱམས་པ་ཆོས་ལྔ་དང། ཚད་མ་སྡེ་བདུན། ཕར་ཕྱིན་དབུ་མ་ལ་སོགས་པའི་མཚན་ཉིད་ཐེག་པའི་ལུང་རིགས། དེ་བཞིན་སྒྲ་དང། སྙན་དང་གས། སྡེབ་སྦྱོར། ཟློས་གར་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཐམས་ཅད་ལ་གསན་བསམ་མཐར་ཕྱིན་པའི་སྣ་ཞགས་རིང་དུ་བསྐྱངས། རྒོལ་བ་ངན་པའི་ཁྱུ་མཆོག་རྭ་གཅིག་པའི་བརྟུལ་ཞུགས་འཛིན་པ་རྣམས་སྒྲུབ་པ་དང། སུན་འབྱིན་པའི་རྐང་པ་མཆོག་གིས་རྣམ་པར་བརྫི་བ་དང། ཕམ་པར་བྱས་ནས་ཅང་མི་སྨྲ་བའི་གནས་བཀོད་པས་བསམ་ཡས་ལུང་མང་བའམ། ཀློང་ཆེན་རབ་འབྱམས་པ་ཞེས་པའི་མཚན་གྱི་བ་དན་ཕྱོགས་བཞིར་འགྱེད། དེ་ལྟར་ལུང་དང་རིགས་པའི་གནས་རྒྱ་ཆེན་པོ་ལ་མི་འཇིགས་པའི་ཉམས་བརྟས་པར་གྱུར་ནའང། གངས་རིའི་ཁྲོད་ན་གཞུང་ལུགས་དང་མན་ངག་མང་དུ་གནས་པ་ལ་ཕྱོགས་དང་རིས་སུ་བཅད་པ་སྤངས་ཏེ། བུང་བ་གཞོན་ནུས་བྲང་རྩིའི་སྙིང་པོ་ལ་མྱོས་པ་བཞིན་དུ་དན་བག་པ་དང། སློབ་དཔོན་གཞོན་ནུ་དོན་གྲུབ། མྱོས་པའི་མཐིང་མ་བ། སངས་རྒྱས་གྲགས་པ་བཅས་པའི་བླ་ལས་མདོ་སྒྱུ་སེམས་གསུམ་རྙིང་མ་རྒྱུད་འབུམ་གྱིས་གཙོས་མང་དག་གསན་པ་དང། ད་དུང་སློབ་དཔོན་གཞོན་


LR16_Page_003
[མ་དཔེ་གཟིགས་ན་འདིར་གནོན།]

ནུ་རྒྱལ་དང། གཞོན་རྡོར། རྗེ་རང་བྱུང་རྡོ་རྗེ། དབང་ཚུལ། ས་སྐྱ་པ་བླ་མ་དམ་པ། ཤུག་གསེབ་རི་པ་གཞོན་རྡོར་ལ་སོགས་པ་ལས་གསུང་གི་ཉིང་ཁུ་བཞེས་ཏེ་གངས་རིའི་ཁྲོད་ན་གྲགས་པའི་གྲུབ་མཐའ་ཐལ་མོ་ཆེ་ཐུགས་སུ་ཆུད་ཅིང། འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པའི་ཐུགས་རབ་སྐྱེས། དེ་ལྟར་སྐྱེས་བ་ཆེན་པོ་རྒྱལ་བ་གཉིས་པར་གྲཊ་པ་འདི་གསན་བསམ་གྱི་ཡང་རྩེར་སོན་ནའང་རྣམ་པ་ཀུན་ཡུ་འཁོར་བའི་རང་བཞིན་ལ་ཐུགས་སྐྱོ་ཤས་དང་ངེས་འབྱུང་ཚད་མེད་པ་འཁྲུངས་ནས་ནགས་ཁྲོད་དམ་དབེན་གནས་དག་ཏུ་ཡོན་གཉེར་བའི་དགོངས་པ་གཏོད་ནས། གནས་ངེས་མེད་དུ་འཁྱམས་ཤིང་སྒྲུབ་པ་འབའ་ཞིག་ལྷུར་ལེན་མཛད། འོད་ལུས་བསྒྲུབས་པས་མཚོན་གྲུབ་པའི་རྟགས་མཐའ་ཡས་པ་སྟོན་ཞིང་སྙིང་ཏིག་གི་ལྟ་བའི་མཐར་ཐུག་པ་བྱུང་བར་གྲགས་ལ། སྒྲུབ་གནས་ཀྱང་བསམ་ཡས་མཆིམས་ཕུ་དང། ཨོ་རྒྱན་རྫོང། ལྷ་རི་བྲག གྲ་ཕུ། ཤུག་གསེབ། གངས་རི་ཐོད་དཀར། གཞུ་སྟོད་ཏི་སྒྲོ། ཡེར་པ། ཡར་ལྷ་ཤམ་པོ། བུམ་ཐང། སྐྱམ་བུ་དཔལ་གྱི་དགེ་སྡིངས། གོང་པོ་རིའི་གླ་བ་ལུང། ཀོང་པོ་རྩ་གོང་གི་ཕུ་རྣམས་སུ་ཡིན་ཞིང། ལྷོ་འབྲོག དབུ་གཡོར། ལྷོ་མོན་གྱི་ཡུམ་མཐའ་དག་ཏུ་ཁྲིད་ཉན་སྟོང་ཕྲག་ཚོགས་པ་ལན་མང་བྱུང་བས་ཀུན་པའི་མཁྱེན་ཆོས་རྗེ་ཞེས་པའམ། ངག་གི་དབང་པོ་དང་དྲི་མེད་འོད་ཟེར་ཞེས་པའི་མཚན་བསྟོད་ས་གཞིའི་ཁྱོན་ན་གྲགས། གང་དེས་མཛད་པའི་གསུང་རབ་བཀའ་རྩོམ་ཤིན་ཏུ་མང་བས་རེ་རེའི་མཚན་བྱང་འགོད་པར་དཀའ་ཡང་རྣམ་གྲངས་ཙམ་བཀོད་ན་ཐུན་


LR16_Page_004
[མ་དཔེ་གཟིགས་ན་འདིར་གནོན།]

མོང་དང་ཐུན་མོང་མ་ཡིན་པའི་བསྟན་བཅོས་སྐོར་ལ་ཆོས་སྡེ་དགུ་བཅུ་རྩ་བརྒྱད་དང། ཁྱད་པར་ནང་གི་བསྟན་བཅོས་སྐོར་ལ་ཆོས་སྡེ་བརྒྱ་དང་ཉི་ཤུ་རྩ་བརྒྱད་ལྷག་ཙམ། ངེས་དོན་གསང་བའི་བསྟན་བཅོས་སྐོར་ལ་ཆོས་སྡེ་ཉི་བརྒྱ་དྲུག་ཅུ་རྩ་གསུམ། གཞན་ཡང་ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་ཅེས་བྱ་བ་འདི་ཉིད་དང། ཆོས་སྤྱོད་ལམ་གྱི་རིམ་པ་ཤི་གསོན་གྱི་བསྔོ་བ་རིན་ཆེན་ཕྲེང་བ་ལ་སོགས་དངོས་སུ་ལག་ཏུ་བཏོན་རྒྱུ་ཡོད་པ་ཙམ་ཡིན་མོད། དུས་དེ་རང་ལ་བསྡུ་བའི་བརྩོན་འགྲུས་ཉུང་བའམ། མཁས་རྨོངས་ཀྱི་བསྟན་བཅོས་ལ་བྱེ་བྲག་མི་ཕྱེད་པའི་ཤུགས་ཀྱིས་ནུབ་པའང་ཡོད་སྲིད། ཞིབ་ཏུ་མཁྱེན་པར་འདོད་ན་དཀར་ཆག་རིན་པོ་ཆེའི་མཛོད་ཁང་ཞེས་བྱ་བར་གཟིགས་པར་མཛོད། གཞན་ཡང་གང་དེའི་གསུང་གི་བདུད་རྩི་མྱོང་བ་ལས་བྱུང་བའི་དངོས་སློབ་གཙོ་བོ་དག་ནི། ཞོག་ཐར་གླིང་པ་མཁས་གྲུབ་བདེ་ལེགས་རྒྱ་མཚོ་དང་མཁས་གྲུབ་ཆོས་ཀྱི་གྲགས་པ། མཁས་གྲུབ་ཁྱབ་གདལ་ལྷུན་གྲུབ་སྟེ་གྲགས་པ་ཐོབ་པའི་མཁས་གྲུབ་གསུམ། མདོ་ཁམས་པ་འདན་སྒོམ་ཆོས་ཀྱི་གྲགས་པ། རྒྱལ་སྲས་བཟོད་པ། བླ་མ་དཔལ་མགོན་པ། གུ་རུ་ཡེ་ཤེས་རབ་འབྱམས། གཞོན་ནུ་སངས་རྒྱས་ཏེ་ཐུགས་ཀྱི་སྲས་ལྔ། སྤྲུལ་སྐུ་དཔལ་འབྱོར་རྒྱ་མཚོ། སློབ་དཔོན་སངས་རྒྱས་ཀུན་དགའ། སློབ་དཔོན་བློ་གྲོས་བཟང་པོ། སྟག་མགོ་བྱ་བྲལ་ཆོས་རྗེ་སྟེ་བསྟན་པ་སྤེལ་བའི་བཤེས་གཉེན་བཞི། ཕ་རྒོད་རྟོགས་ལྡན་རྒྱལ་པོ། རྣལ་འབྱོར་པ་འོད་ཟེར་གོ་ཆ། རིག་འཛིན་འོད་གསལ་རང་གྲོལ། བྱ་བཏང་བསོད་ནམས་འོད་ཟེར་ཏེ་གྲུབ་པ་ཐོབ་པའི་རྣལ་འབྱོར་བཞི་ལ་སོགས་པའི་དངོས་སློབ་མང་


LR16_Page_005
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བྱུང་འདུག་ལ་རིང་བརྒྱུད་དང་ཉེ་བརྒྱུད་ལ་སོགས་པ་རྩིས་ན་ཤིན་ཏུ་མང་ཞེས་གསུང་བ་ཐོས་སོ། །ཆོས་འབྱུང་འདིའི་ཞལ་བྱང་དུ་ཀློང་ཆེན་རབས་འབྱམས་ཀྱིས་མཛད་པ་ཞེས་འཁོད་བཞིན་དུ་ཞབས་ཤོག་མཛད་བྱང་ཐོག་ཐེག་པ་མཆོག་གི་རྣལ་འབྱོར་པ་རྒྱལ་སྲས་ཐུགས་མཆོག་རྩལ་གྱིས་ཆུ་ཕོ་སྟག་གི་ལོ་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བརྒྱད་ལ་དཔལ་བསམ་གྲུབ་བདེ་ཆེན་དགོན་པར་ཡོངས་སུ་རྫོགས་པར་སྦྱར་བའོ་ཞེས་འཁོད་འདུག་ལ་དཔྱད་གཞིའི་མ་ཕྱི་གཉིས་ལག་སོན་བྱུང་བའི་ཞབས་ཤོག་ཏུའང་གོང་དང་མཚུངས་པའི་མཚན་དང་གནས་དུས་བཀོད་འདུག དེར་བརྟེན་ཆོས་འབྱུང་འདི་བརྩམས་ཟིན་པའི་དུས་ཚོད་ནི་སྤྱི་ལོ་རབ་བྱུང་དྲུག་པའི་ཆུ་ཕོ་སྟག་གི་ལོའི་སྨིན་དྲུག་ཟླ་བའི་ཚེས་བརྒྱད་ལ་ཡིན་ཞིང་དཔལ་བསམ་གྲུབ་བདེ་ཆེན་དགོན་པར་བརྩམས་མཇུག་འགྲིལ་བ་ཤེས་ནུས་ཀྱང་རྩོམ་པ་པོའི་མཚན་མི་འདྲ་བ་གཉིས་འཁོད་པས་དོགས་སློང་ཅུང་ཟད་ཙམ་མཆིས་འདྲ་ཡང། ཞིབ་ཏུ་བརྟགས་ན་མཛད་བྱང་ནི་ཆོས་འབྱུང་འདིའི་རྩོམ་པ་པོ་ཉིད་ཀྱིས་བཀོད་པར་མཛད་པ་ཞིག་ཡིན་པ་དང། ཞལ་བྱུང་ཐོག་གི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པ་ཞེས་ཞེ་ཚིག་འཁོད་པ་འདི་ནི་ཕྱིས་ཀྱི་དུས་སུ་གང་དེའི་སློབ་བརྒྱུད་ཆེ་གེ་མོ་འམ། གང་ལ་མོས་གུས་མཆོག་ཏུ་མངའ་བའི་སྐྱེ་བོ་དག་གིས་འགོད་གནང་མཛད་པ་ཞིག་ཡིན་པ་ནི་རིག་པས་དཔོག་ནུས་པ་མ་ཟད། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དགོངས་པ་ཞི་དབྱིངས་སུ་འཐིམ་པའི་ལོ་དུས་ནི་སྤྱི་ལོ། །བོད་རབ་བྱུང་དྲུག་པའི་ཆུ་ཡོས་ལོར་ངེས་པས་དུས་ལ་འགལ་བ་མེད་པ་


LR16_Page_006
[མ་དཔེ་གཟིགས་ན་འདིར་གནོན།]

དང། ལྷག་པར་འཇིག་མེད་གླིང་པས་ཆོས་འབྱུང་འདི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ཡིན་པར་གསུངས་འདུག གང་དེའི་མཚན་ལ་ཐེག་པ་མཆོག་གི་རྣལ་འབྱོར་ཞེས་ཚང་མས་འབོད་ཀྱིན་ཡོད་ལ། རྒྱལ་སྲས་ཐུཊ་མཆོག་རྩལ་ཞེས་པ་དེ་ཡང་མཚན་གྱི་རྣམ་གྲངས་གཞན་ཞིག་ཡིན་པར་ངེས། འོན་ཏང་མཁས་པ་འགའ་ཞིག་གིས་རྒྱལ་སྲས་ཐུགས་མཆོག་རྩལ་ཞེས་པ་དེ་ཀློང་ཆེན་རབ་འབྱམས་ཀྱི་མཚན་མིན་ཞེས་གསུངས་མྱོང་འདུག་ཅིང། ཨ་འཛོམ་རྒྱལ་སྲས་སྲས་རིན་པོ་ཆེ་འགྱུར་མེད་རྡོ་རྗེ་དང་སྒོ་འཇོ་མཁར་ལེགས་སྤྲུལ་སྐུ་པདྨ་བདེ་ཆེན་གཉིས་ནས་ཆོས་འབྱུང་འདི་ཀ༔ཐོག་རྒྱ་ར་ཀློང་ཆེན་ནམ་མཁའ་ཆོས་ཀྱི་རྒྱལ་མཚན་གྱི་ཡིན་པའི་ངོས་འཛིན་གནང་ཚུལ་ཡང་མཁས་པ་དག་གི་གསུང་ངག་ལས་ཐོས་མོད། ངེད་ཅག་ནི་གནང་དེའི་ཆོས་བརྒྱུད་འཛིན་པ་འཇིགས་མེད་གླིང་པའི་གསུང་ལ་མངོན་པར་བསྟོད་ནས་རྒྱལ་སྲས་ཐུགས་མཆོག་རྩལ་ཞེས་པ་དེ་ཡང་ཀློང་ཆེན་རབ་འབྱམས་པའི་གསང་མཚན་ཞིག་ལ་ངོས་བཟུང་ཞུ་རྒྱུ་ཡིན་པས་རྣམ་དཔྱོད་ལྡན་པ་དག་གིས་དཔྱད་པར་མཛད་དུ་གསོལ། བུ་བྱུང་དབང་འདུས་ཀྱིས། ལོའི་ཟླ་བ་པ་ལ་ལྷ་སར་བྲིས།


no previousརྩོམ་པ་པོའི་ལོ་རྒྱུས་རགས་བསྡུས།next