Nitartha Digital Library
Tibetan
ཀློང་ཆེན་ཆོས་འབྱུང་།


   
   
   
   
   
   
   
   
སྤྱི་དོན་ལྔ་པ། བསྟན་པ་རིན་པོ་ཆེ་འཇིག་རྟེན་འདིར་ཇི་སྲིད་གནས་པའི་ཚད་བསྟན་པ།
   
   
   
   
   


 
previousསྤྱི་དོན་ལྔ་པ། བསྟན་པ་རིན་པོ་ཆེ་འཇིག་རྟེན་འདིར་ཇི་སྲིད་གནས་པའི་ཚད་བསྟན་པ།next

སྤྱི་དོན་ལྔ་པ། བསྟན་པ་རིན་པོ་ཆེ་འཇིག་རྟེན་འདིར་ཇི་སྲིད་གནས་པའི་ཚད་བསྟན་པ།


LR16_Page_452
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དོན་ལྔ་པ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་གནས་ཚད་བསྟན་པ་ལ་གསུམ་སྟེ། བསྟན་པ་རིན་པོ་ཆེ་འཇིག་རྟེན་འདིར་ཇི་སྲིད་གནས་པའི་ཚད་དང། སྔར་ཇི་ཙམ་དའས་པ་དང། ད་ཇི་ཙམ་གནས་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ཐེག་པ་ཐུན་མོང་པ་མ་གྲགས་པའི་བསྟན་རྩིས་ཀྱི་རྣམ་བཞག་དང། ཐེག་པ་མཐར་ཐུག་དཔལ་དུས་ཀྱི་འཁོར་ལོ་ལས་བྱུང་པའི་བསྟན་རྩིས་ཀྱི་རྣམ་བཞག་གཉིས་སུ་ཡོད་དོ། །ཐེག་པ་ཐུན་མོང་ལ་གྲགས་པའི་བསྟན་རྩིས་ཀྱི་རྣམ་བཞག་དང་པོ་ན་འདུལ་འཛིན་ཁ་ཅིག་བསྟན་པ་ལོ་བདུན་སྟོང་དུ་གནས་པ་ལ། སྐྱེ་རྒུའི་བདག་མོ་རབ་ཏུ་བྱུང་བས་ཉིས་སྟོང་བཤད་ཟེར། སྔ་སྟོང་དུ་གནས་པར་འདུལ་བ་ལུང་ཕྲན་ཚེགས་ལས་བཤད་ཟེར། མདོ་སྡེ་ཆོས་ཀྱི་གཟུགས་བརྙན་ལོ་ལྔ་བརྒྱ་སྟེ། ལོ་སྟོང་དུ་གནས་པར་གསུངས། སྙིང་རྗེ་ཆེན་པོ་པདྨ་དཀར་པོའི་མདོར་ལོ་ཕྱེད་དང་ཉིས་སྟོང་དང། ཟླ་བའི་


LR16_Page_453
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའི་མདོ་ལས་ཉིས་སྟོང་དང། བློ་གྲོས་མི་ཟད་པས་བསྟན་པའི་མདོའི་འགྲེལ་པར་ལོ་སྟོང་དང། རྡོ་རྗེ་གཅོད་པའི་འགྲེལ་པར་ལོ་ཕྱེད་དང་གསུམ་སྟོང་དུ་གནས་པར་གསུངས་ཤིང། འབུམ་ཊཱིཀ་ཞེས་ཡོངས་སུ་གྲགས་པ་ཡུམ་འབུམ་པ་དང། ཉིས་ཁྲི་ལྔ་སྟོང་པ་དང། ཁྲི་བརྒྱད་སྟོང་པ་རྣམས་ཀྱི་གཞུང་འགྲེལ་གནོད་འཇོམས་སུ། བསྟན་པ་ལོ་ལྔ་སྟོང་དུ་གནས་པར་གསུངས་པ་ལས། སྔ་མ་རྣམས་ནི་དྲང་དོན་དགོངས་པ་ཅན་ཡིན་ལ་འགྲེལ་པ་གནོད་འཇོམས་ལས་གསུངས་པ་འདི་སྒྲ་ཇི་བཞིན་པ་ཡིན་པར་མཁས་པ་རྣམས་བཞེད་དོ། །དེའི་ལུགས་ལྟར་ན། སྟོང་ཕྲག་རེ་རེ་ལ་ཕྱེད་ཕྱེད་དུ་བཅད་པས་ལྔ་བརྒྱ་པ་ཕྲག་བཅུ་ལ་ལེའུ་བཅུར་འགྱུར་ཏེ། དེ་ལ་ལྔ་བརྒྱ་དང་པོ་དང། གཉིས་པ་དང། གསུམ་པ་རྣམས་ལ་རིམ་པ་ལྟར་དགྲ་བཅོམ་པ་དང། ཕྱིར་མི་འོངས་པ་དང། རྒྱུན་དུ་ཞུགས་པ་མང་དུ་འབྱུང་བས། དགྲ་བཅོམ་པའི་ལེའུ་དང། ཕྱིར་མི་འོངས་པའི་ལེའུ་དང། རྒྱུན་དུ་ཞུགས་པའི་ལེའུ་ཞེས་བྱ་སྟེ། ཁོང་དུ་ཆུད་པའི་ལེའུ་གསུམ་དང། དེ་ནས་ལྔ་བརྒྱ་པ་བཞི་པ་དང། ལྔ་པ་དང། དྲུག་པ་རྣམས་ལ་གོ་རིམ་བཞིན་དུ་ལྷག་མཐོང་དང། ཏིང་ངེ་འཛིན་དང། ཚུལ་ཁྲིམས་དང་ལྡན་པ་མང་དུ་འབྱུང་བས། ལྷག་མཐོང་གི་ལེའུ་དང། ཏིང་ངེ་འཛིན་གྱི་ལེའུ་དང། ཚུལ་ཁྲིམས་ཀྱི་ལེའུ་དང་གསུམ་ཞེས་བྱ་སྟེ། སྒྲུབ་པའི་ལེའུ་གསུམ་དང། དེ་ནས་ལྔ་བརྒྱ་བདུན་པ་དང། བརྒྱད་པ་དང། དགུ་པ་ལ་རིམ་པ་ལྟར། ཆོས་མངོན་པ་དང། །མདོ་སྡེ་དང། འདུལ་བ་སྟོན་པ་མང་དུ་བྱུང་བས། མངོན་པའི་ལེའུ་དང། མདོ་སྡེའི་ལེའུ་དང། འདུལ་བའི་ལེའུ་གསུམ་སྟེ། ལུང་གི་ལེའུ་གསུམ་


LR16_Page_454
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ལྔ་བརྒྱ་པ་བཅུ་པ་ནི་རབ་ཏུ་བྱུང་བའི་རྟགས་ཙམ་ལས་ལྟ་སྤྱོད་རྣལ་མ་དང་མི་ལྡན་པས་རྟགས་ཙམ་འཛིན་པའི་ལེའུ་སྟེ། འདི་ཉིད་ལ་ལྔ་བརྒྱ་ཐ་མ་ཞེས་བཤད་དོ། །དེ་ལ་སློབ་དཔོན་འཇམ་དཔལ་གྲགས་པས། ལྔ་བརྒྱ་པ་ཕྲག་བཅུ་པོ་ལ་མངོན་པར་རྟོགས་པའི་དུས་གསུམ་དང། སྒྲུབ་པའི་དུས་གསུམ་དང། ལུང་གི་དུས་གསུམ་དང། རྟགས་ཙམ་འཛིན་པའི་དུས་གཅིག་ཅེས་བཤད་ལ། དང་པོ་ལ་འབྲས་བུའི་དུས་ཞེས་ཀྱང་བྱའོ། །ཐུབ་པའི་བསྟན་པ་ཚུལ་དེ་ལྟར་གནས་པ་ཡང། འཛམ་བུའི་གླིང་འདི་ཉིད་ཀྱི་དབང་དུ་བྱས་པ་ཡིན་ཅིང། སྔར་འདས་པའི་ལོ་གྲངས་ནི་ཡོངས་སུ་གྲགས་པ་ལ་སྟོན་པ་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱ་སུམ་ཅུ་རྩ་བདུན་ན་རྒྱལ་པོ་དགའ་བྱེད་བྱུང། དེ་ནས་ལོ་བརྒྱ་ན་རྒྱལ་པོ་ཟླ་སྲུངས་བྱུང། དེ་ནས་ལོ་ཉིས་བརྒྱ་སུམ་ཅུ་རྩ་བརྒྱད་ན་རྒྱལ་པོ་ཟླ་སྲུངས་བྱུང། དེ་ནས་ལོ་ཉིས་བརྒྱ་སུམ་ཅུ་རྩ་བརྒྱད་ན་རྒྱལ་པོ་མཛོད་མང་བྱུང༌། དེ་ནས་ལོ་བདུན་བརྒྱ་ཉིས་ཤུ་རྩ་བཞི་ནས་འཕྲོ་གཟུང་ནས་ལོ་བརྒྱད་བཅུ་བཞི་ན། བལ་པོའི་རྒྱལ་པོ་འོད་ཟེར་གོ་ཆ་བྱུང། དེ་ནས་ལོ་ཉིས་བརྒྱ་བཞི་བཅུ་རྩ་གཉིས་ན། བོད་ཀྱི་རྒྱལ་པོ་ཁྲི་གཙུགས་ལྡེ་བཙན་རལ་པ་ཅན་བྱུང་ཞིང། སྔ་རབས་མཁས་པ་མང་པོ་ཞིག་ནི། སྟོན་པ་ཤིང་ཕོ་བྱི་བ་ལ་བལྟམས་པར་འདོད། ཇོ་བོ་རྗེ་ནི་སྟོན་པ་ཤིང་ཕོ་བྱི་བའི་ལོ་ལ་ལྷུམས་སུ་ཞུགས། ཤིང་མོ་གླང་ལ་བལྟམས། ས་མོ་ཕག་ལ་སངས་རྒྱས། ཤིང་ཕོ་སྤྲེའུའི་ལོ་སྟོན་ཟླ་ཐ་ཆུང་གི་ཡར་ངོའི་ཚེས་བརྒྱད་ལ་འདས་པར་བཞེད་


LR16_Page_455
[མ་དཔེ་གཟིགས་ན་འདིར་གནོན།]

པས། དེའི་རྗེས་སུ་འབྲངས་ཏེ། མཆིམས་ནམ་མཁའ་གྲགས་ཀྱིས་མེ་ལོ་སྤྲུལ་ལ་བརྩིས་པ་ལ་ལོ་སུ་སྟོང་སུམ་བརྒྱ་དགུ་བཅུ་རྩ་གསུམ་འདས་པར་བཞེད་པས། ཆུ་ཕོ་ཁྱི་ཡན་ཆད་ལ་ལོ་སུམ་སྟོང་བཞི་བརྒྱ་ལྔ་བཅུ་རྩ་བརྒྱད་འདས་པར་བཞེད། ཆོས་རྗེ་ས་སྐྱ་པཎྜི་ཏས། སྟོན་པ་མེ་ཡོས་ལ་ལྷུམས་སུ་ཞུགས། ས་ཕོ་འབྲུག་པ་བལྟམས། ཆུ་ཕོ་སྟག་ལ་སངས་རྒྱས། མེ་མོ་ཕག་གི་དཔྱིད་ཟླའི་ཉའམ། སྟོན་ཟླའི་ཚེས་བརྒྱད་ལ་འདས་པར་བཞེད་ཅིང། རྗེ་བཙུན་གྲགས་པ་རྒྱལ་མཚན་ཞི་བར་གཤེགས་པའི་ཆོས་འཁོར་མེ་ཕོ་བྱི་བ་ལོ་ལ་མཛད་པའི་དུས་སུ་བརྩིབས་པས་སུམ་སྟོང་སུམ་བརྒྱ་བཞི་བཅུ་རྩ་དགུ་ལོན་པར་བཞེད་ལ། མེ་མོང་གླང་གི་ལོ་ལ་ཆུ་མིག་ཆོས་འཁོར་གྱི་དུས་སུ། བླ་མ་དམ་པ་ཆོས་རྒྱལ་འཕགས་པས་རྩིས་པས། སུམ་སྟོང་བཞི་བརྒྱ་དང་བཅུ་འདས་པར་བཞེད་དོ། །དེ་ནས་བླ་མ་ཏི་ཤྲི་ཀུན་དགའ་བློ་གྲོས་རྒྱལ་མཚན་དཔལ་བཟལ་བཟང་པོ་བོད་དུ་བསྙཻན་རྫོགས་ལ་བྱོན་པའི་དུས་སུ། ཆུ་ཕོ་ཁྱི་ལོ་ཡན་ཆད་ལ། ལོ་སུམ་སྟོང་བཞི་བརྒྱ་ལྔ་བཅུ་རྩ་ལྔ་འདས་པར་བཞེད་ཅིང། དེ་ནས་ལོ་སྐོར་དྲུག་ཅུ་པ་གནམ་འཕྱང་གི་ལོ་དང། ལོ་སྐོར་བཅུ་གཉིས་ལས། ས་ཕོ་ཁྱིའི་ལོ་ཡན་ཆད་ཀྱི་ལོ་སུམ་སྟོང་བཟི་བརྒྱ་དགུ་བཅུ་རྩ་གཅིག་འདས་ལ། ད་ལྟ་དགུ་བཅུ་རྩ་གཉིས་པ་བསྒྱུར་བྱེད་ཀྱི་ལོ་ས་མོ་ཕག་གི་སྟེང་ན་ཡོད་པས། འབྲས་བུ་དང། སྒྲུབ་པའི་དུས་གཉིས་ཀྱི་ལྔ་བརྒྱ་པ་ཕྲག་གསུམ་གསུམ་སྟེ། ལྔ་བརྒྱ་པ་ཕྲག་དྲུག་དང། ལུང་མངོན་པའི་དུས་ཀྱི་བཟི་བརྒྱ་དགུ་བཅུ་རྩ་གཅིག་ནི་འདས་ལ། ལྷག་མ་ལུང་མངོན་པའི་དགུ་དང། མདོ་སྡེ་དང་འདུལ་བ་དང་རྟགས་ཙམ་འཛིན་པ་རྣམས་ཀྱི་ལྔ་བརྒྱ་ཕྲག་གསུམ་སྟེ།


LR16_Page_456
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོང་དང་ལྔ་བརྒྱ་དང་དགུ་བཅུ་ལྷག་མར་ཡོད་ཅིང། འཆིམས་པའི་རྗེས་སུ་འབྲངས་པའི་ལུགས་ལ་འདས་ལོ་གསུམ་གྱིས་མང་བར་ཡོད་དོ། །ཁ་ཆེའི་པཎྜི་ཏ་ཤཀྱ་ཤྲཱི་ལྷ་དྲས་ཤིང་ཕོ་བྱི་བ་ལོ་ལ་ཁྲོ་པུར་རྩིས་པ་དང། མེ་མོ་ཡོས་ལ་སོལ་ནག་ཐང་ཆེན་དུ་བརྩིས་པར། སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི། །ཚེས་བརྒྱད་ནམ་གུང་མཉམ་པ་ལ། །ཟླ་བ་རི་བོ་ལ་ནུབ་ཚེ། །ཐུབ་དབང་ཡོངས་སུ་མྱ་ངན་འདས། དེ་རྗེས་ལོ་ནི་སྟོང་ཕྲག་གཅིག །བདུན་བརྒྱ་དང་ནི་ལྔ་བཅུ་དང། ཟླ་བ་གཉིས་དང་ཟླ་བ་ཕྱེ། །དེ་བཞིན་ཉི་མ་ལྔ་རབ་འདས། །ལོ་ནི་སྟོང་ཕྲག་གསུམ་དང་ནི། །ཉིས་བརྒྱ་དང་ནི་བཞི་བཅུ་དགུ །ཟླ་བ་དགུ་དང་ཉི་མ་བཅུ། །མ་འོངས་བསྟན་པའི་ལྷག་མར་གནས། །ཞེས་མེ་མོ་ཡོས་ཀྱི་དཔྱིད་འབྲིང་གི་ཚེས་ལྔ་ལ་བརྩིས་པ་དང། ལྕགས་ཕོ་རྟ་ལ་ས་སྐྱར་རྩིས་པའི་ལུགས་ཀྱི་ལོ་སྟོང་བརྒྱད་བརྒྱ་དྲུག་ཅུ་རྩ་ལྔ། ཆུ་ཕོ་ཁྱི་ལོ་ཡན་ཆད་ལ་འདས་པར་བཞེད་ལ། ཆོས་རྗེ་ས་སྐྱ་པའི་ཞལ་ནས། ལུགས་དེ་ནི་རྒྱ་གར་ན་ཉན་ཐོས་སེན་དྷ་པ་རྣམས་དུས་བརྗོད་པའི་ཚེས། སྟོན་པ་འདས་ནས་ལོ་འདི་སོང་ཞེས་ནུབ་རེ་བཞིན་བརྩི་བ་ཞིག་ཡོད་པ་ལ། དེའི་ལུགས་ལ་མ་ག་དྷའི་བྱང་ཆུབ་ཆེན་པོའི་སྐུའི་གཟུགས་ཏེ། སློབ་དཔོན་མཐོ་བཙུན་གྲུབ་རྗེ་དང། བདེ་བྱེད་བདག་པོས་མཛད་པར་བཞེད་ནས། ཙན་དན་གྱི་ལྡེ་གུ་སྤུངས་པ་ན་རང་བྱུང་དུ་བྱུང་བའི་དུས་དེ་ནས་བཟུང་པས་དུས་རྩིས་འཁྲུལ་ཏེ། སྟོན་པ་འདས་ནས་ལོ་འདི་སོང་ཞེས་བརྩིས་པས་དེའི་རྗེས་སུ་འབྲངས་ནས། རྒྱ་བལ་ཁ་ཆེའི་པཎྜི་ཏ་ཕལ་ཆེར་བཞེད་ཀྱང་ཡིད་བརྟན་པར་མི་བྱ་སྟེ། ལྷ་མོ་དྲི་མ་མེད་པའི་མདོ་ལུང་བསྟན་པར། ང་ཡོངས་སུ་མྱ་ངན་ལས་འདས་


LR16_Page_457
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་ཞེས་པ་བོད་ཡིན་པ་དང། ཀླུ་སྒྲུབ་ལ་སོགས་པ་ལུང་བསྟན་པའི་ལོ་གྲངས་དང། རྒྱལ་པོ་ལ་སོགས་པའི་བར་བརྩིས་ན་མི་འཐད་པའི་ཕྱིར་རོ་ཞེས་གསུངས་སོ། །ཁ་ཆེན་པཎ་ཆེན་གྱིས་བཞེད་པའི་ལུགས་དེ་ལ། གནམ་འཕྱང་གི་ལོ་དང་པོ་ས་ཕོ་ཁྱི་ལོ་ཡན་ཅད་ལ་ལོ་སྟོང་དང་དགུ་བརྒྱ་ཙམ་འདས་པར་གསལ་ལོ། །དཔལ་དུས་ཀྱི་འཁོར་ལོ་ལས་བྱུང་པའི་བསྟན་རྩིས་ཀྱི་རྣམ་བཞག གཉིས་པ་དུས་འཁོར་བའི་ལུགས་ཀྱི་བསྟན་རྩིས་ཀྱི་རྣམ་པ་བཞག་ནི། །མཁན་ཆེན་ཕྱོགས་ལས་རྣམ་རྒྱལ་གྱིས་སྒྱུར་བྱེད་ཀྱི་ལོ་ས་མོ་ཕག་ལོ་ཤར་བའི་དུས་ནས་བརྩིས་པས། དེ་བཞིན་གཤེགས་པས་ཐོག་མར་ཆོས་བསྟན་པའི་ལོ་ནས་བཟུང་བའི་བསྟན་པ་ལོ་ནིས་སྟོང་ཉིད་བརྒྱ། ཡང་ཆོས་རྗེ་གཡུང་སྟོན་པའི་བཞེད་པས། དུས་ཀྱི་འཁོར་ལོ་ནས། བཅོམ་ལྡན་འདས་ཐུན་མོང་པའི་འཁོར་གྱི་སྣང་ངོར། མྱ་ངན་ལས་འདས་པའི་ཚུལ་བསྟན་པ་དེའི་ཚེ། ཐུན་མོང་མ་ཡིན་པའི་འཁོར་རྒྱལ་པོ་ཟླ་བ་བཟང་པོ་ལ་སོགས་པ་ལ། དཔལ་ལྡན་འབྲས་སྤུངས་སུ་དུས་ཀྱི་འཁོར་ལོ་ཏིང་ངེ་འཛིན་གྱི་དམ་པ་དང་པོའི་བརྒྱུད་བསྟན་ནས། དེ་ནས་ལོ་དྲུག་བརྒྱ་ནས་རྒྱལ་པོ་གྲགས་ཤིང་བསྡུས་བརྒྱུད་སྡུད་པར་ལུང་བསྟན་ནོ། །དེ་ནས་ལོ་བརྒྱད་བརྒྱ་ནས་མ་ག་དྷར་ཀླ་ཀློ་འབྱུང་བར་ལུག་བསྟན། །དེ་ནས་ལོ་བརྒྱ་དང་བརྒྱད་


LR16_Page_458
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་རྩ་གཉིས་ནས། རིགས་ལྡན་རྒྱལ་ཀ་དང་དུས་མཚུངས་སུ། ཉུང་ངུའི་རྩིས་ཀྱི་མགོ་ཟུག་ནས། དེ་ནས་ལོ་ཉིས་བརྒྱ་ཉིས་ཤུ་རྩ་གཅིག་ནས། རབ་བྱུང་གི་ལོ་ལ་མ་ག་དྷའི་ཡུལ་དུ་ཉུང་ངུའི་རྩིས་དར་བར་ལུང་བསྟན། དེ་ནས་ལོ་དྲུག་ཅུ་སྐོར་ལྔ་དང། དེ་ནས་ཆུ་མོ་ལུག་གི་བར་ལ། ལོ་བཅུ་དྲུག་འདས་པ་འདི་རྣམས་ཀྱི་རྩིས། གཟའ་དང། ཚེས་དང། ཉི་སྐར་ལ་སོགས་པ་ཐམས་ཅད་མ་འཕྱུགས་པ་འགྲིག་གི་འདུག་པ་དང། སྔ་རབས་པ་རྣམས་ཀྱི་བསྟན་རྩིས་ཁ་མི་མཐུན་པ་དུ་མ་སྣང་བ་རྣམས་ལ་བརྟཊ་ཤིང་དཔྱད་ནས། རྒྱུ་མཚན་དང་ལྡན་པ་རྣམས་ལ་རྗེས་སུ་དཔགས་པ་ཡིན་ནོ། །ཞེས་གསུངས་པས། དམ་པ་དང་པོའི་རྒྱུད་གསུངས་ནས། ཆུ་མོ་ལུག་གི་ལོ་ཡན་ཆད་ལ་ཉིས་སྟོང་ཉིས་བརྒྱ་བཅུ་དགུ་སོང། དེ་ནས་ལྕགས་མོ་གླང་ཡན་ལ་བདུན་ཅུ་དོན་དགུ་སོང་ནས། ཆུ་ཕོ་སྟག་ལོ་ཤར་བ་ཡིན། དེ་རྣམས་དྲིལ་བས་ཉིས་སྟོང་ཉིས་བརྒྱ་དགུ་བཅུ་གོ་བརྒྱད་སོང། ཡང་ཤཱཀྱའི་དགེ་སློང་སྔགས་འཆང་དང་དཔལ་ལྡན་བཟང་པོས། ས་མོ་བྱའི་ལོ་ལ་མཚལ་གུང་ཐང་གགི་གཙུག་ལག་ཁང་དུ་བརྩིས་པའི་ལུགས་ལ། སྟོན་པ་བརྒྱད་ཅུ་བཞེས་པའི་ཚེ། །མི་གནས་དབྱིངས་སུ་མྱ་ངན་འདས། །བསྟན་པའི་རྩིས་བཏབ་འདི་ནས་གཏོང། གཞན་ཡང་ལུང་ཆེན་བསྟན་བཅོས་ལས། གཡུལ་བརྟན་འོག་ཏུ་ཉེས་སྟོང་ན། །ཞེས་པ་རྒྱལ་པོ་གཡུལ་བརྟན་གྱི། །མེ་ཡོས་རབ་བྱུང་ལོ་གཅིག་ལ། །ཁྱི་ལ་བཅོས་ནས་ལོ་སྟོང་དང། དགུ་བརྒྱ་དགུ་བཅུ་རྩ་གཅིག་ན། །སྟོན་པ་སངས་རྒྱས་འཁྲུངས་པར་སྣང། །དེ་ནས་སུམ་ཅུ་རྩ་དགུ་ནས། །དགའ་བྱེད་འོག་ཏུ་བརྒྱད་བརྒྱ་སྟེ། །ལྟ་སྲུང་སུམ་བརྒྱ་སུམ་ཅུ་གཅིག །རྗེས་མ་བདུན་བརྒྱ་ཉིས་ཤུ་བཞི།


LR16_Page_459
[མ་དཔེ་གཟིགས་ན་འདིར་གནོན།]

བལ་ནས་བརྒྱད་བརྒྱ་བརྒྱད་ཅུ་བཞི། །སྟོན་པ་འཁྲུངས་ནས་ལོ་འདིའི་བར། །ཉིས་སྟོང་བདུན་བརྒྱ་བདུན་ཅུ་བརྒྱད། །ལྷ་མོ་དྲི་མེད་ལུག་བསྟན་ཚེ། །ང་འདས་ལོ་ནི་ཉིས་སྟོང་དང། །ལྔ་བརྒྱ་འདས་ཚེ་གདོང་དམར་ཡུལ། །ཁ་བ་ཅན་དུ་ཆོས་འབྱུང་ཞེས། གསུང་པའི་ལུང་བསྟན་ལོ་གྲངས་དང། །ཡར་ཀླུང་འོན་བུ་བླ་ཁང་དུ། །མཐོ་དོ་སྙན་ཞལ་བྱུང་དང་འགྲིག །ལོ་དེ་ས་ཕོ་སྤྲེ་འུ་ཡི། །བལ་ནས་རྒྱལ་པོ་ལོ་ཡི་ལྷག །བརྒྱ་དང་དགུ་བཅུ་གོ་བརྒྱད་ཀྱི། །མེ་ཡོས་རབ་བྱུང་ལོ་དེ་ལ། །འོད་ཟེར་གོ་ཆས་ལོ་བཅོས་ནས། །བསྟན་པ་བརྩིམས་པས་ཉིས་སྟོང་དང། །བདུན་བརྒྱ་ལོ་འདིས་འདས་པར་བཞེད། །དེ་ནས་ལོ་བཅུ་མེ་མོ་གླང༌། །དབང་ཕྱུག་ལོ་ལ་བོད་ཀྱི་རྗེ། །རྒྱལ་པོ་སྲོང་བཙན་སྒམ་པོ་འཁྲུངས། །དེ་ནས་ཉེར་གཅིག་ས་ཕོ་ཁྱི། གནམ་འཕྱང་ལོ་ལ་ལྷ་ས་བཏབ། །དེ་ནས་ཉེར་གཅིག་ས་ཕོ་ཁྱི། གནམ་འཕྱང་ལོ་ལ་ལྷ་ས་བཏབ། །དེ་ནས་ལོ་བརྒྱ་ལྔ་བཅུ་བཞི། །ལྕགས་རྟ་བག་ཡོད་ལོ་དེ་ལ། །ཁྲི་སྲོང་ལྡེ་བཙན་རྒྱལ་པོ་འཁྲུངས། །དེ་ནས་ཉིས་ཤུ་ལྕགས་ཕོ་སྟག །རྣམ་འགྱུར་ལོ་ལ་བསམ་ཡས་བཏབ། །དེ་ནས་ཉིས་ཤུ་ལྕགས་མོ་ཕག །འགལ་བྱེད་ལོ་ལ་ཁྲི་རལ་གྱིས། །འུ་ཤར་རྡོ་ཡི་ལྷ་ཁང་བརྩིགས། །དེ་ནས་ལོ་བཅུ་ལྕགས་ཕོ་སྤྲེལ། །དྲག་པོའི་ལོ་ལ་གླང་དར་མ། །རྒྱལ་སར་བྱུང་ནས་ལོ་གཉིས་ནས། །སྔ་དར་བསྟན་པའི་གཞུག་བསྡུས་ཤིང། །རྒྱལ་ས་ལོ་ལྔ་ཤིང་མོ་གླང། །ཁྲོ་བོའི་ལོ་ལ་རྒྱལ་པོ་བསྒྲལ། །སྟོན་པ་འདས་ནས་ལོ་འདིའི་བར། །ཉིས་སྟོང་དགུ་བརྒྱ་གོ་བདུན་འདས། །དེ་ནས་ལ་བརྒྱ་བཅུ་གསུམ་ནས། དབུས་གཙང་མི་དྲུག་ཡར་ལ་འཁོར། །དེ་ནས་ཉེར་གསུམ་ལྕགས་སྤྲུལ་ལ། །རིན་ཅེན་བཟང་པོས་མངའ་རིས་སླེབས། །དེ་ནས་སོ་


LR16_Page_460
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བྱི་བའི་ལོ། །དཔལ་ལྡན་ས་སྐྱའི་དགོན་པ་བཏབ། །དེ་ནས་ཅུ་གཉིས་ཆུ་ཕག་ལ། ཨ་ཏི་ཤ་ཡིས་བསམ་ཡས་ཕེབས། །དེ་ནས་ལོ་བརྒྱ་དྲུག་ཅུ་བཞི། །མེ་མོ་ལུག་ལ་གུང་ཐང་བཞེངས། །དེ་ནས་ལོ་བརྒྱ་བཞི་བཅུ་ཡི། །མེ་ཡོས་རབ་བྱུང་ལོ་དེ་ལ། །མཁས་བཙུན་ཆེན་པོ་དབུས་སུ་བྱོན། །དེ་ནས་ད་བར་བཞི་བཅུ་གཅིག །ས་བྱ་ཞི་བའི་ལོ་འདི་འདས། །བསྟན་པ་ལྔ་སྟོང་ལོར་གནས་པའི། །སུམ་སྟོང་ལྔ་བརྒྱ་ཉིས་ཤུ་འདས། །དགུ་བརྒྱ་བརྒྱད་ཅུ་ཐམ་པ་ལུས། །རྟགས་ཙམ་འཛིན་པ་དེ་ནས་འཆར། །འབྲས་བུ་སྒྲུབ་པ་ལུང་གསུམ་གྱི། །ད་ལྟ་ལུང་གི་དུས་ཡིན་ནོ། །དེ་སྣོད་གསུམ་གྱི་མངོན་པར་འདས། །མདོ་སྡེའི་སྟོང་ནས་ཉིས་ཤུ་འདས། །འབྲས་བུའི་དུས་ན་སྐྱེ་བོ་རྣམས། །ཚེ་ལོ་བརྒྱ་པ་ཡིན་པ་ལ། །ལོ་བརྒྱ་སོང་ཚེ་དབུ་མའི་ཆ། །ལོ་གསུམ་ཕྱོགས་གསུམ་འབྱུང་བ་ལ། །ཕྱི་ནང་གཞན་གསུམ་གྱིས་བགོས་པས། །ནང་གི་སྐྱེ་བོའི་ཚེ་ཚད་ལ། །ལོ་བརྒྱ་སོང་ཚེ་ལོ་རེ་དང། །ཕྱོགས་རེ་ཚེ་ཡི་ཚད་ལ་བྲི། །དེ་ནས་དེང་སང་སྐྱེ་བོ་ཡི། །ཚེ་ཚད་དྲུག་ཅུ་རྩ་གཅིག་དང། །ཞག་སྔ་དབྱུ་གུར་བཅས་པ་ཡོད།


previousསྤྱི་དོན་ལྔ་པ། བསྟན་པ་རིན་པོ་ཆེ་འཇིག་རྟེན་འདིར་ཇི་སྲིད་གནས་པའི་ཚད་བསྟན་པ།next