Nitartha Digital Library
Tibetan
ཀློང་ཆེན་མཛོད་བདུན་ཨ་འཛོམས་པར་མ།

31 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]


31  collapse section
11   
 
  
རིམ་ཁང་གསུམ་པ། འཁོར་བའི་ཆོས་རབ་ཏུ་དབྱེ་བ།
  
 
 
  
  
 
  
  
  
  
 


31 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]

 
previousརིམ་ཁང་གསུམ་པ། འཁོར་བའི་ཆོས་རབ་ཏུ་དབྱེ་བ།next

རིམ་ཁང་གསུམ་པ། འཁོར་བའི་ཆོས་རབ་ཏུ་དབྱེ་བ།


LRAZ005_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་གདུལ་ཞིང་སྣོད་བཅུད་ཀྱི་རིམ་པ་བསྟན་ནས། ད་ནི་རྡོ་རྗེའི་གནས་གསུམ་པོ་དེ་དག་གི་ཁམས་ལ་ཡོད་པའི་ཆོས་ཀྱི་ཕུང་པོ་ལ་སོགས་པའི་རྣམ་གྲངས་དབྱེ་བ་ནི། ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། ཁམས་རྣམས་དང་ནི་ཕུང་པོ་དང་། །སྐྱེ་མཆེད་རྣམས་དང་དབང་པོ་དང་། །ཡུལ་དང་ཡུལ་ཅན་ཤེས་པ་རྣམས། །ཇི་ལྟར་གནས་པ་གཏན་ལ་དབབ། །ཅེས་གསུངས་པའི་དོན་ལ་ལྔ་སྟེ། ཡུལ་ཁམས་ཀྱི་དབྱེ་བ། རྟེན་ཕུང་པོའི་རང་བཞིན། རྣམ་པ་སྐྱེ་མཆེད་ཀྱི་ཁྱད་པར། འཛིན་བྱེད་དབང་པོའི་ངོ་བོ། ཡུལ་དང་ཡུལ་ཅན་གྱི་རྣམ་པའོ། །དང་པོ་ནི། མང་ཞིང་རྒྱ་ཆེ་བའི་དོན་


LRAZ005_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ན་ཁམས་ཞེས་བྱ་སྟེ། དབྱེ་ན། ཕྱི་ཡུལ་གྱིས་བསྡུས་པ་དང་། ནང་སེམས་ཀྱིས་བསྡུས་པ་གཉིས་ལས། དང་པོ་ནི། འབྱུང་བ་ལྔ་སྟེ། གཟུགས་ཅན་སྐྱེད་ཅིང་གནས་པ་དང་། འཇིག་པའི་རྒྱུ་རྐྱེན་དང་རྟེན་དང་ངོ་བོ་བྱེད་པ་ཡིན་ནོ། །དེ་ཡང་སའི་མཚན་ཉིད་སྲ་ཞིང་འཐས་པ། ཆུའི་མཚན་ཉིད་རླན་ཞིང་གཤེར་བ། མེའི་མཚན་ཉིད་ཚ་ཞིང་བསྲེག་པ། རླུང་གི་མཚན་ཉིད་གཡོ་ཞིང་འདེགས་པ། ནམ་མཁའི་མཚན་ཉིད་ཡངས་ཤིང་གོ་འབྱེད་པའོ། །དེ་དག་གིས་སྣོད་བཅུད་སྐྱེད་ཅིང་འཛིན་པ་སྟེ། དེ་ཉིད་ལས་ཕྱི་ཡུལ་གྱིས་བསྡུས་པའི་ཁམས་ནི་ལྔ་སྟེ། སའི་ཁམས་ཀྱིས་ལུས་ཀྱི་གཞི་སྐྱེད་པས་ན་ཁམས་སོ། །ཆུའི་ཁམས་ཀྱིས་མིང་དུ་འཛིན་པས་ན་ཁམས་སོ། །མེའི་ཁམས་ཀྱིས་ཡུལ་རྣམས་སྨིན་པར་བྱེད་པས་ན་ཁམས་སོ། །རླུང་གི་ཁམས་ཀྱིས་གཡོ་བའི་འཇིག་རྟེན་ཐམས་ཅད་བརྟེན་པས་ན་ཁམས་སོ། །ནམ་མཁའི་ཁམས་ཀྱིས་དབང་པོ་རྣམས་འཛིན་པར་བྱེད་པས་ན་ཁམས་སོ་ཞེས་སོ། །ནང་སེམས་ཀྱིས་བསྡུས་པའི་ཁམས་ནི་སྣོད་དང་བཅུད་དུ་སྣང་བ་གཉིས་ལས། སྣོད་ནི་ལས་ཀྱིས་བསགས་པས་ཡུལ་ལྟར་སྣང་བ་སྟེ། དབྱེ་ན། ཕྱི་ཡུལ་སྣང་སེམས་ཀྱི་འཁྲུལ་པ་ལས་བྱུང་བ་དང་། ནང་སེམས་སྣང་རྩལ་ལས་རང་བཞིན་དུ་ཤར་བ་གཉིས་སོ། །དང་པོ་ནི་ཡུལ་སྣང་སེམས་ཀྱི་བག་ཆགས་ཏེ་རྨི་ལམ་བཞིན་ནོ། །དབྱེ་ན། འདོད་པའི་ཡུལ་གླིང་བཞི་ལ་


LRAZ005_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དང་། གཟུགས་ཀྱི་ཡུལ་འོད་ལྔ་རང་གསལ་འཇའ་ཚོན་ལྟ་བུ་དང་། གཟུགས་མེད་པའི་ཡུལ་ཏིང་ངེ་འཛིན་རང་སྤྲུལ་གཞན་ལ་མི་སྣང་བ་རྣམས་ཏེ། ཉི་ཟླ་ཁ་སྦྱོར་ལས། ནང་སེམས་ཀྱིས་བསྡུས་པའི་ཁམས་ལ་གཉིས་ཏེ། སེམས་ཅན་སྡུད་པར་བྱེད་པའི་སྣོད་ཀྱི་ཁམས་དང་། སེམས་ཉིད་ལས་བྱུང་བའི་ཁམས་ཉིད་དོ། །སྣོད་ཀྱི་ཁམས་ནི། སེམས་ཅན་དྲན་པ་གཞི་ཆེ་བ་ལས་བྱུང་བའི་གཟུགས་ཀྱི་ཁམས་དང་། དྲན་པ་ཡས་པ་ལས་བྱུང་བའི་གཟུགས་མེད་པའི་ཁམས་དང་། དྲན་པ་གུད་དུ་འཛིན་པ་ལས་བྱུང་བའི་འདོད་པའི་ཁམས་སོ་ཞེས་སོ། །གཉིས་པ་ནང་སེམས་སྣང་རྩལ་ལས་རང་བཞིན་དུ་ཤར་བ་ནི། རིག་པ་ཡོད་པས་དེ་ལ་སྒྲིབ་བྱེད་ཀྱི་རང་རྩལ་མ་རིག་པ་ཀུན་གཞི་དང་། དེ་ལ་བརྟེན་པ་ཀུན་གཞི་རྣམ་པར་ཤེས་པའི་སེམས་དང་། ཡིད་དང་དབང་པོ་སྒོ་ལྔའི་ཤེས་པར་བྱུང་བ་ནི། གསེར་གྱི་ས་གཞིར་ཏ་ལའི་ལྗོན་ཤིང་ཆགས་ཏེ་ཡལ་ག་དང་མེ་ཏོག་དང་འདབ་མ་བྱུང་བ་བཞིན་ནོ། །འདི་ལ་དབྱེ་ན། ཡུལ་དང་། དབང་ཤེས། ཚོར་བ་གསུམ་ལས། ཡུལ་ནི་སྐབས་འདིར་ཤེས་པ་དྲུག་གི་སྔ་ལོགས་པའི་ཤེས་པ་ཙམ་པོ་ད་ལྟར་བའི་ཡུལ་དུ་བཏགས་པས་ན་དབང་རྟེན་དྲུག་གི་མིང་ནས་བརྗོད་པ་ཡིན་ཏེ། དབང་རྟེན་ཡང་མིག་ལ་སོགས་པའི་རྟེན་གྱི་སྒྲས་གོ་བར་བརྗོད་པས་ཤེས་པ་ལ་མིག་ལ་སོགས་པའི་ཁམས་སུ་བཏགས་པ་དྲུག་གོ། དབང་ཤེས་ནི། མིག་ལ་སོགས་པའི་ད་ལྟར་བའི་ཤེས་


LRAZ005_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲུག་གོ། །ཚོར་བ་ནི། མ་འོངས་པའི་ཆ་སྟེ་རྣམ་པ་དྲུག་གོ། །ཡུལ་གང་ལ་རྣམ་ཤེས་འཇུག་ཀྱང་། སྔ་ལོགས་པའི་ཤེས་པ་དྲུག་གང་རུང་གི་རྒྱུན་ཡོད་པ་ནི་ཡུལ་ཞེས་བྱའོ། །དེ་ཉིད་སྐད་ཅིག་གིས་དེའི་རྣམ་པར་འཛིན་པ་ནི་ད་ལྟའི་ཤེས་པའོ། །དེའི་རྗེས་ལ་བདེ་སྡུག་བར་མ་གསུམ་གང་རུང་དུ་ཚོར་བ་ནི་འདུས་ཏེ་རེག་པའི་ཚོར་བ་ཞེས་བྱའོ། །དེའང་ཡུལ་དང་ཤེས་པ་འདུས་པ་ལས་དེའི་རྣམ་པར་ཚོར་བའི་ཕྱིར་རོ། །དེ་ལྟར་དྲུག་ཚན་གསུམ་ལ་རྣམ་གྲངས་བཅོ་བརྒྱད་དུ་དབྱེ་བ་ནི། དེ་ཉིད་ལས། སེམས་ཉིད་ལས་བྱུང་བའི་ཁམས་ནི། ཤེས་པ་རང་གསལ་གྱི་ཆ་ལས་བྱུང་བའི་མིག་གི་ཁམས་དང་། ཤེས་པ་རྩེ་གཅིག་པ་ལས་བྱུང་བའི་རྣ་བའི་ཁམས་དང་། ཤེས་པ་མཐའ་ཡས་པ་ལས་བྱུང་བའི་སྣའི་ཁམས་དང་། ཤེས་པ་རྣམས་གཅིག་ཏུ་འདུས་པ་ལས་བྱུང་བའི་ལྕེའི་ཁམས་དང་། ཤེས་པ་ཀུན་ཏུ་འཇུག་པ་ལས་བྱུང་བའི་ཡིད་ཀྱི་ཁམས་དང་། ཤེས་པ་རྣམས་ཀྱི་རྟེན་བྱེད་པ་ལས་བྱུང་བའི་ལུས་ཀྱི་ཁམས་དང་། མིང་དང་ཁ་དོག་འཛིན་པས་ན་མིག་གི་རྣམ་པར་ཤེས་པའི་ཁམས་དང་། གྲུབ་པའི་ལས་འཛིན་པར་བྱེད་པའི་རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། གཞན་རྗེས་སུ་འཛིན་པར་བྱེད་པའི་སྣའི་རྣམ་པར་ཤེས་པའི་ཁམས་དང་། དངོས་པོ་ཉམས་སུ་མྱོང་བར་བྱེད་པའི་ལྕེའི་རྣམ་པར་ཤེས་པའི་ཁམས་དང་། དངོས་པོ་དང་དངོས་པོ་མེད་པ་ཐམས་ཅད་ལ་ཁྱབ་པར་བྱེད་པའི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་


LRAZ005_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཐམས་ཅད་ཀྱི་དོན་སྡུད་པར་བྱེད་པས་ན་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། དངོས་པོ་རྣམས་ལ་ལོག་པར་རྟོག་པ་འཛིན་ཅིང་ཡུལ་སྒྲུབ་པས་ན་མིག་གི་འདུས་ཏེ་རེག་པའི་ཁམས་དང་། རྣ་བའི་ཡིད་འཛིན་ཅིང་འཕྲོ་བ་སྒྲུབ་པར་བྱེད་པས་ན་རྣ་བའི་འདུས་ཏེ་རེག་པའི་ཁམས་དང་། ཡས་པའི་ཤེས་པ་རྣམས་གཅིག་ཏུ་སྡུད་ཅིང་གཞན་གྱིས་ཡིད་འཕྲོག་པར་བྱེད་པས་ན་སྣའི་འདུས་ཏེ་རེག་པའི་ཁམས་དང་། གང་གིས་དངོས་པོ་རྣམས་རྗེས་སུ་འཛིན་ཅིང་ཉེ་བར་ལེན་པས་ན་ལྕེའི་འདུས་ཏེ་རེག་པའི་ཁམས་དང་། དྲན་པ་ཐམས་ཅད་གཅིག་ཏུ་སྡུད་ཅིང་ཡུལ་ཀུན་ལ་འཇུག་པས་ན་ཡིད་ཀྱི་འདུས་ཏེ་རེག་པའི་ཁམས་དང་། རགས་པ་དུ་མ་རྣམས་འཛིན་ཅིང་འབྱུང་བ་རྣམས་འདུས་པས་ན་ལུས་ཀྱི་འདུས་ཏེ་རེག་པའི་ཁམས་སོ། །དེའི་ཕྱིར་ན་ཁམས་དེ་དག་རྣམས་ཀྱང་ཡུལ་འཛིན་པར་བྱེད་པ་ཡིན་ནོ། །དེ་ཡང་འཁྲུལ་པ་ཉིད་ནང་དུ་འཛིན་པའི་ཆ་ལས་བྱུང་བའོ་ཞེས་སོ། །གཉིས་པ་རྟེན་ཕུང་པོའི་རང་བཞིན་འདུས་ཤིང་འཕུངས་པ་ལྟར་འཚོགས་པ་གཅིག་ཏུ་གྱུར་པའི་ཆ་ནས་ཕུང་པོ་ཞེས་བྱ་སྟེ། དབྱེ་ན། རྟོག་པ་དང་བཅས་པའི་ཕུང་པོ་དང་། རྟོག་པ་མེད་པའི་ཕུང་པོ་གཉིས་ལས། དང་པོ་ནི། ཟག་བཅས་འཇིག་རྟེན་པ་སོ་སོའི་སྐྱེ་བོའི་ཕུང་པོ་ལྔ་སྟེ། གཞིག་ཅིང་གཞོམ་དུ་རུང་བ་གཟུགས་ཀྱི་ཕུང་པོ་དང་། མྱོང་ཞིང་སྲེད་པར་གྱུར་པ་ཚོར་བའི་ཕུང་པོ་དང་། གཡོ་ཞིང་ཡུལ་ལ་འཇུག་པ་འདུ་ཤེས་ཀྱི་ཕུང་པོ་དང་། བྱེད་ཅིང་བག་ཆགས་སོགས་


LRAZ005_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདུ་བྱེད་ཀྱི་ཕུང་པོ་དང་། རིག་ཅིང་ཡུལ་དུ་བྱེད་པ་རྣམ་པར་ཤེས་པའི་ཕུང་པོའོ། །རྟོག་པ་མེད་པའི་ཕུང་པོ་ནི། འཕགས་པ་འཇིག་རྟེན་ལས་འདས་པ་རྣམས་ཀྱི་སོ་སོ་རང་གི་རིག་པའི་ཆ་ལ་གནས་པ་ལྔ་སྟེ། ཞི་གནས་དང་ལྷག་མཐོང་གི་རང་བཞིན་ཏིང་ངེ་འཛིན་གྱི་ཕུང་པོ་དང་། རང་རང་གི་ཉོན་མོངས་པ་ལས་གྲོལ་བ་ཡེ་ཤེས་ཀྱི་ཕུང་པོ་དང་། རང་དང་སྤྱིའི་རང་བཞིན་གཟིགས་པ་ཤེས་རབ་ཀྱི་ཕུང་པོ་དང་། དྲི་མའི་ཕྱོགས་ལས་རྣམ་པར་དག་པ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། སྤྲོས་པ་དང་རྟོག་པ་ལས་གྲོལ་བ་རྣམ་པར་གྲོལ་བའི་ཕུང་པོའོ། །འདི་དག་གིའང་སློབ་ལམ་གྱིས་བསྡུས་པའི་ཆ་རྣམས་དོར་ནས་གོང་དུ་བགྲོད་པ་ཙམ་གྱི་ཆ་ནས་སྤང་བྱའི་ཕྱོགས་སུ་བརླན་པའོ། །མི་སློབ་པའི་དུས་ཀྱི་ཡོན་ཏན་ནི་དེ་ལྟར་མ་ཡིན་ནོ། །གཅིག་ཏུ་ན་གྲོལ་བའི་ཚེ་ཕུང་པོ་ཞེས་པའི་མིང་དུའང་མི་གནས་ཏེ། ཕུང་པོ་དག་ལས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་འབྱུང་བའི་ཕྱིར་ཕྱོགས་གཅིག་ཏུ་བརྗོད་ཀྱང་འགལ་བ་མེད་པར་ཤེས་པར་བྱའོ། །ཇི་སྐད་དུ་ཉི་ཟླ་ཁ་སྦྱོར་ལས། ཕུང་པོ་རྣམས་ནི་འདི་ལྟ་སྟེ། །རྟོག་པས་སྦགས་པའི་ཕུང་པོ་དང་། །རྟོག་པ་རྣམས་རང་བཞིན་གྱིས་མེད་པའི་ཕུང་པོའོ། །རྟོག་པས་སྦགས་པའི་ཕུང་པོ་ནི། འདི་ལྟ་སྟེ། དངོས་པོ་ཐམས་ཅད་གཅིག་ཏུ་འདུས་ཏེ་གྲུབ་པས་ན་གཟུགས་ཀྱི་ཕུང་པོ་དང་། ཉམས་སུ་མྱོང་བ་ཐམས་ཅད་གཅིག་ཏུ་འདུས་པས་ན་ཚོར་བའི་ཕུང་པོ་དང་། དབང་པོ་རྣམས་ཀྱི་འཛིན་པ་གཅིག་ཏུ་


LRAZ005_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པས་ན་འདུ་ཤེས་ཀྱི་ཕུང་པོ་དང་། ཕྲ་བའི་ཉོན་མོངས་པ་རྣམས་འདུས་པས་ན་འདུ་བྱེད་ཀྱི་ཕུང་པོ་དང་། ཤེས་པ་ཐམས་ཅད་འདུས་པས་ན་རྣམ་པར་ཤེས་པའི་ཕུང་པོའོ། །མི་རྟོག་པའི་ཕུང་པོ་ནི་འདི་ལྟ་སྟེ། བསམ་གཏན་ཐམས་ཅད་འདུས་པས་ན་ཏིང་ངེ་འཛིན་གྱི་ཕུང་པོ་དང་། རིག་པ་ཉིད་ཟག་པ་ཟད་པའི་ཕྱིར་རྣམ་པར་གྲོལ་བ་ཡེ་ཤེས་ཀྱི་ཕུང་པོ་དང་། དེ་ཉིད་ཀྱི་དོན་སྐྱེ་མེད་དུ་སྣང་བས་ན་ཤེས་རབ་ཀྱི་ཕུང་པོ་དང་། དྲི་མ་རྣམས་མངོན་དུ་དག་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པའི་ཕྱིར་རྣམ་པར་གྲོལ་བའི་ཕུང་པོའོ་ཞེས་སོ། །གསུམ་པ་རྣམ་པ་སྐྱེ་མཆེད་ཀྱི་ཁྱད་པར་ནི། གང་ཞིག་གང་ལས་སྐྱེ་ཞིང་མཆེད་པར་གྱུར་པས་སྐྱེ་མཆེད་ཅེས་བྱ་སྟེ། དབྱེ་ན། ཡུལ་གྱི་རྣམ་པ་ལས་རང་གི་སྐད་ཅིག་ཕྱི་ལོགས་ཀྱི་རྒྱུན་དང་དེ་འཛིན་བྱེད་ཀྱི་ཤེས་པ་གཉིས་སྐྱེ་ཞིང་མཆེད་པར་བྱེད་པ་མིག་གི་གཟུང་ཡུལ་གཟུགས་ལ་སོགས་པ་དྲུག་དང་། ཤེས་པའི་རྣམ་པ་ལས་སྐད་ཅིག་ཕྱི་ལོགས་སུ་སྐྱེ་ཞིང་ཡུལ་ལ་མཆེད་རུང་དུ་སྐྱེས་པ་གཟུགས་ལ་གཟུགས་སུ་ཤེས་པ་མིག་གི་རྣམ་ཤེས་ལ་སོགས་པ་དྲུག་སྟེ། སྐྱེ་མཆེད་བཅུ་གཉིས་སུ་གནས་པ་ནི། ཡང་དེ་ཉིད་ལས། སྐྱེ་མཆེད་ནི་གཉིས་ཏེ། གཟུང་བའི་སྐྱེ་མཆེད་དང་། འཛིན་པའི་སྐྱེ་མཆེད་དོ། །དེ་ཡང་གཟུགས་ལ་འདུ་ཤེས་སུ་སེམས་པ་དང་། སྒྲ་ལ་འདུ་ཤེས་སུ་སེམས་པ་དང་། དྲི་ལ་འདུ་ཤེས་སུ་སེམས་པ་


LRAZ005_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རོ་ལ་འདུ་ཤེས་སུ་སེམས་པ་དང་། ཆོས་ལ་འདུ་ཤེས་སུ་སེམས་པ་དང་། རེག་ལ་འདུ་ཤེས་སུ་སེམས་པ་དང་། མིག་གི་གཟུང་བའི་ཆ་དང་། རྣ་བའི་གཟུང་བའི་ཆ་དང་། སྣའི་གཟུང་བའི་ཆ་དང་། ལྕེའི་གཟུང་བའི་ཆ་དང་། ཡིད་ཀྱི་གཟུང་བའི་ཆ་དང་། ལུས་ཀྱི་གཟུང་བའི་ཆ་སྟེ་བཅུ་གཉིས་སོ་ཞེས་སོ། །བཞི་པ་འཛིན་བྱེད་དབང་པོའི་ངོ་བོ་ནི། ཡུལ་འཛིན་པ་ལ་དབང་བྱེད་པས་ན་དབང་པོ་ཞེས་བྱ་སྟེ། དབྱེ་ན་གཟུགས་ཅན་དང་པོའི་ཆ་ལས་བྱུང་བ་དང་། ཤེས་རབ་ཀྱི་ཆ་ལས་བྱུང་བ་གཉིས་ལས། དང་པོ་ནི། རགས་པ་ཕུང་པོ་གཟུགས་ཅན་དང་པོའི་བདག་རྐྱེན་ལས་བྱུང་བ། གཟུགས་ལ་འཛིན་ནུས་སུ་སྐྱེད་པ་མིག་གི་དབང་པོ་ལ་སོགས་པ་ལྔ། རྣམ་པར་རིག་བྱེད་ཤེས་པ་དང་པོའི་གཟུགས་ཅན་གྱི་བདག་རྐྱེན་ལས་བྱུང་བ་ཡིད་ཀྱི་དབང་པོ་དང་དྲུག་གོ། །གཉིས་པ་ནི། ཡུལ་ལ་སྤྱོད་ནུས་སུ་སྐྱེས་པའི་ཤེས་པའི་ཆ་སྟེ། དད་པ་ལ་སོགས་པ་རྣམ་པ་དྲུག་གོ། །ཡང་ཉི་ཟླ་ཁ་སྦྱོར་ལས། དབང་པོ་ནི་གཉིས་ཏེ། གཟུགས་ཀྱི་ཆ་ལས་བྱུང་བའི་དབང་པོ་དང་། ཤེས་རབ་ཀྱི་ཆ་ལས་བྱུང་བའི་དབང་པོའོ། །གཟུགས་ཀྱི་ཆ་ལས་བྱུང་བའི་དབང་པོ་ནི་དྲུག་སྟེ། རགས་པ་སའི་ཆ་འཛིན་པ་མིག་གི་དབང་པོ་དང་། བསྐྱོད་པ་རླུང་གི་ཆ་འཛིན་པ་རྣ་བའི་དབང་པོ་དང་། སྡུད་པ་ཆུའི་ཆ་འཛིན་པ་སྣའི་དབང་པོ་དང་། སྨིན་པ་མེའི་ཆ་འཛིན་པ་ལྕེའི་དབང་པོ་དང་། ཁྱབ་པ་ནམ་མཁའི་ཆ་འཛིན་པ་ཡིད་ཀྱི་དབང་པོ་


LRAZ005_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འདུས་པ་སྣ་ཚོགས་པའི་ཆ་འཛིན་པ་ལུས་ཀྱི་དབང་པོའོ། །ཤེས་རབ་ཀྱི་ཆ་ལས་བྱུང་བའི་དབང་པོ་ནི་དྲུག་སྟེ། སེམས་རྣམ་པར་གདུང་བ་དད་པའི་དབང་པོ་དང་། སེམས་རྣམ་པར་རྣོ་བའི་ཆ་ལས་བྱུང་བ་བརྩོན་འགྲུས་ཀྱི་དབང་པོ་དང་། བར་མ་ཆད་པར་ཚིག་དོན་འཛིན་པ་དྲན་པའི་དབང་པོ་དང་། ཆོས་ཉིད་སྟོང་པ་མངོན་དུ་སློང་བ་ཉེ་བར་ལེན་པའི་དབང་པོ་དང་། ལྟ་བའི་དོན་ཉེ་བར་ལེན་པ་ཤེས་རབ་ཀྱི་དབང་པོ་དང་། མི་རྟོག་པའི་དོན་ཉེ་བར་སྐྱེད་པར་བྱེད་པ་སེམས་རྣམ་པར་ཞི་བའི་དབང་པོའོ་ཞེས་སོ། །ལྔ་པ་ཡུལ་དང་ཡུལ་ཅན་གྱི་རྣམ་པ་ནི། གཟུང་བ་དང་འཛིན་པའི་རྣམ་པར་སྐྱེས་པ་སྟེ། དབྱེ་ན་གཟུང་ཡུལ་དངོས་པོར་སྣང་བ་ཆོས་ཅན་གྱི་ཆ་དང་། དེའི་རང་བཞིན་སྟོང་པ་ཆོས་ཉིད་ཀྱི་ཆ་སྟེ། ཡུལ་དང་ཡུལ་མ་ཡིན་པ་ཡུལ་ཅན་ཤེས་པ་སྟེ། དེ་ཡང་ཡུལ་ལ་འཆར་ཡང་མཐར་འཛིན་ཐམས་ཅད་དང་བྲལ་བ་དང་། ཡུལ་ལ་འཆར་བ་མ་ཡིན་ཞིང་བརྗོད་པ་ལས་འདས་པའི་བློ་དམ་པ་སྟེ། སྔ་མ་དེ་ཉིད་ལས། ཡུལ་ནི་གཉིས་ཏེ། དངོས་པོའི་ཡུལ་དང་། སྟོང་པ་ཉིད་ཀྱི་ཡུལ་ལོ། །དངོས་པོའི་ཡུལ་ནི་འདི་ལྟ་སྟེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། ཆོས་དང་། རེག་ཏུ་སྣང་བ་དང་། འབྱུང་བ་ཆེན་པོ་བཞིར་སྣང་བ་དང་། འཇུག་པའི་རྐྱེན་ཐ་དད་དུ་སྣང་བ་རྣམས་སོ། །སྟོང་པའི་ཡུལ་ནི། སྟོང་པ་ཉིད་ཐམས་ཅད་དང་། མཐར་འཛིན་པའི་ཤེས་པ་ཐམས་ཅད་དང་བྲལ་བའོ། །ཡུལ་མ་ཡིན་པ་


LRAZ005_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གཉིས་ཏེ། མཐའ་ལས་འདས་པ་རྣམས་དང་། ལྟ་བ་ལས་འདས་པའོ། །མཐའ་ལས་འདས་པ་ཞེས་བྱ་བ་ནི། དངོས་པོ་ཐམས་ཅད་ལ་བདག་ཏུ་མི་འཛིན་པའོ། །ལྟ་བ་ལས་འདས་པ་ཞེས་བྱ་བ་ནི། བརྗོད་དུ་མེད་པ་ཞེས་བྱའོ་ཞེས་སོ། །དེ་ལྟར་རྣམ་པར་དབྱེ་བ་རྣམས་ནི། སྒྱུ་མ་དང་རྨི་ལམ་ལྟར་དོན་དུ་སྣང་བ་ཉིད་ནས་མ་གྲུབ་ལ། ངོ་བོ་ཉིད་ཀྱིས་སྟོང་ཞིང་མེད་པ་གསལ་སྣང་གི་འཁྲུལ་སྣང་ཙམ་སྟེ། སེམས་ཉིད་རང་བྱུང་ཡེ་ཤེས་ཀྱི་ངོ་བོ་མ་རིག་པ་ལས་བྱུང་ཞིང་། ངོ་བོ་སྒྲིབ་བྱེད་དུ་སྐྱེས་ལ། འདི་དག་གི་འཁྲུལ་སྣང་སངས་པ་ན། དྲི་མ་མེད་པའི་འོད་གསལ་མངོན་དུ་གྱུར་པ་ཞེས་བྱའོ། །ད་ལྟ་ནི་འདི་དག་ལས་དང་ཉོན་མོངས་པས་སྐྱེད་པའི་རང་བཞིན་ལས་དང་ཉོན་མོངས་ཉིད་ཀྱི་ངོ་ཁ་ལ་བརྟེན་ཞིང་གནས་ལ། དེ་ཡང་ཚུལ་བཞིན་མ་ཡིན་པའི་ཀུན་ཏུ་རྟོག་པ་རྣམ་ཤེས་ཚོགས་དྲུག་གམ་བདུན་ཀུན་གཞི་དང་བཅས་པ་ལ་བརྟེན་ཞིང་དེ་ཉིད་རང་བྱུང་གི་ཡེ་ཤེས་སེམས་ཀྱི་དེ་ཁོ་ན་ཉིད་རང་བཞིན་རྣམ་དག་ལ་གནས་ལ། དེ་ནི་གང་ལའང་མི་གནས་པས་རང་བྱུང་གི་ཡེ་ཤེས་ཞེས་བྱ་སྟེ། རྒྱུད་བླ་མ་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་བརྟེན། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། །


LRAZ005_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་མ་ཡིན། །ཅེས་སོ། །དེ་ལ་ལས་ནི་རྣམ་པར་དཀར་བ་དང་། གནག་པ་དང་། འདྲེས་མ་གསུམ་མམ། བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལས་གསུམ་མོ། །བསོད་ནམས་ཀྱི་ལས་ནི། སྐབས་འདིར་འཁོར་བའི་བདེ་འབྲས་སྐྱེད་པ་དགེ་བ་བཅུ་ལ་སོགས་པ་བསོད་ནམས་ཆ་མཐུན་པ་རྣམས་སོ། །བསོད་ནམས་མ་ཡིན་པ་ནི། མི་དགེ་བ་བཅུ་དང་མཚམས་མེད་པ་ལྔ་ལ་སོགས་པའོ། །མི་གཡོ་བ་ནི། ཁམས་གོང་མའི་སར་སྐྱེད་པའི་ལས་ཏེ་གཞན་དུ་མི་གཡོ་བར་འབྲས་བུ་འབྱིན་པའི་ཕྱིར་རོ། །ཉོན་མོངས་པ་ནི་དྲུག་སྟེ། ཉི་ཟླ་ཁ་སྦྱོར་ལས། ཉོན་མོངས་པ་ནི་དྲུག་སྟེ། མ་རིག་པ་ཞེས་པ་ནི་གཞི་འཁྲུལ་རྟོག་གི་ཆ་འཛིན་པའོ། །གཏི་མུག་ནི་ཤེས་རབ་ཀྱི་ཆ་ལས་འཁྲུལ་པའོ། །ཞེ་སྡང་ནི་སྐྱེད་པའི་རིམ་པའི་ཆ་ལས་འཁྲུལ་པའོ། །ང་རྒྱལ་ནི་ལྟ་བའི་ཆ་ལས་འཁྲུལ་པའོ། །འདོད་ཆགས་ནི་སྣང་བའི་ཆ་ལས་འཁྲུལ་པའོ། །ཕྲག་དོག་ནི་མ་རྟོགས་པའི་ཆ་ལས་འཁྲུལ་པའོ། །དེ་དག་ལ་སོགས་ཏེ། ཉོན་མོངས་པ་ནི་བསམ་པ་རྣམས་རྗེས་སུ་འཛིན་པའི་སེམས་དང་། དྲན་པ་རྣམས་རྗེས་སུ་འཛིན་པའི་ཡིད་དང་། མཚམས་སྦྱོར་བའི་བག་ཆགས་དང་ཐེ་ཚོམ་ཐམས་ཅད་ཀྱི་གཞིར་གྱུར་པའི་རྟོག་པ་དང་། ཡུལ་དང་དངོས་པོ་འཛིན་པའི་ཆ་


LRAZ005_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ཏེ་དཔག་ཏུ་མེད་དོ་ཞེས་སོ། །རྣམ་པར་དབྱེ་ན་རྟོག་ཚོགས་ཀྱི་རིམ་པས་བརྒྱད་ཁྲི་བཞི་སྟོང་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། དེ་དག་ཆ་མཉམ་པ་ལ་ཉི་ཁྲི་ཆིག་སྟོང་ཆིག་སྟོང་ཡོད་དོ། །དེ་ཐམས་ཅད་ཀྱང་མེད་པ་ལ་བདག་ཏུ་འཛིན་པ་སྨིག་རྒྱུ་ལ་ཆུར་འཁྲུལ་པ་ལྟ་བུ་ལས་བྱུང་ཞིང་ཐག་པ་ལ་སྦྲུལ་འཛིན་འདྲ་སྟེ། སྣོད་བཅུད་དང་ཉོན་མོངས་པ་ཐམས་ཅད་མེད་པ་གསལ་སྣང་གི་སྣང་བར་ཤར་བ་ཉིད། མུ་ཏིག་ཕྲེང་བ་ལས། དེ་ལྟར་སྣང་བ་སྣ་ཚོགས་རྣམས། །ཐག་པ་ལ་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་ལ་དེར་བཟུང་བས། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །དེ་ཡང་བརྟགས་ན་ཐག་པ་ཉིད། །སྣོད་བཅུད་ཡེ་ནས་སྟོང་པ་སྟེ། །དོན་དམ་ཀུན་རྫོབ་གཟུགས་ཅན་ནོ། །སྦྲུལ་མཐོང་དེ་ཉིད་མཐོང་བས་བདེན། །ཐག་མཐོང་ཡང་དག་ཉིད་དུ་བདེན། །དཔེར་ན་མཐོ་ལ་བྱ་གནས་བཞིན། །བདེན་པ་གཉིས་ཀྱི་རང་བཞིན་ནི། །འཇིག་རྟེན་ཀུན་རྫོབ་ཙམ་དུ་སྟེ། །ཡང་དག་ཉིད་ལ་འབྲེལ་པ་མེད། །སྟོང་པ་ཉིད་ཀྱི་དབྱིངས་ལས་ནི། །དེ་ཡི་ངོ་བོ་ཐམས་ཅད་གྲོལ། །ཞེས་པ་དང་། སྔ་མ་ལས། ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན། །ཞེས་སོ། །དེ་ལྟར་སྣོད་དང་བཅུད་ཀྱི་ཁམས་ཕུང་པོ་ལ་སོགས་པ་འདི་དག་ལ་འཁོར་བའི་ཆོས་སུ་བརྗོད་པས་ན། རང་བཞིན་ཤེས་ནས་མྱ་ངན་ལས་འདས་པ་སོ་སོ་ཡང་དག་པའི་ངོ་བོ་ཉིད་དོན་དམ་པའི་བདེན་པ་ལ་འཇུག་
པར་བྱེད་དོ། །འདིར་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། དེ་ཀུན་འཁོར་བའི་རྒྱུ་འབའ་ཞིག་ལགས་པས་ཞེས་འབྱུང་བ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། འཁོར་བའི་ཆོས་རབ་ཏུ་དབྱེ་བ་སྟེ་རིམ་ཁང་གསུམ་པའོ།། །།


previousརིམ་ཁང་གསུམ་པ། འཁོར་བའི་ཆོས་རབ་ཏུ་དབྱེ་བ།next