Nitartha Digital Library
Tibetan
 
previousམཛོད་ཆེན་བདུན་སྤར་དུ་བསྒྲུབས་པའི་དཀར་ཆག་རིན་ཆེན་མེ་ལོང་།no next

མཛོད་ཆེན་བདུན་སྤར་དུ་བསྒྲུབས་པའི་དཀར་ཆག་རིན་ཆེན་མེ་ལོང་།

༄༅། །མཛོད་ཆེན་བདུན་སྤར་དུ་བསྒྲུབས་པའི་དཀར་ཆག་རིན་ཆེན་མེ་ལོང་བཞུགས་སོ། །

༄༅། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་གསང་མཛོད་འཛིན། །རྒྱལ་དབང་པདྨ་ཀཱ་ར་དང་། །དབྱེར་མེད་བླ་མའི་ཞབས་ལ་འདུད། །བླ་མ་མཆོག་དང་ཐུབ་དབང་རྡོ་རྗེ་འཆང་། །འཇམ་དཔལ་ཀུན་དུ་བཟང་སོགས་རྒྱལ་བའི་སྲས། །འཛམ་གླིང་རྒྱན་མཆོག་རྨད་བྱུང་སློབ་མར་བཅས། །བསྟན་འཛིན་དམ་པའི་ཚོགས་ལ་གུས་ཕྱག་འཚལ། །སྟོན་པ་སྐུ་གསུམ་བསྟན་པ་ཐེག་པ་དགུ། །དེ་འཛིན་རྨད་བྱུང་མཁས་དང་གྲུབ་པའི་ཚོགས། །རབ་འབྱམས་ཡི་དམ་དཔའ་བོ་མཁའ་འགྲོ་དང་། །དམ་ཅན་སྲུང་མར་བཅས་པས་དགེ་ལེགས་སྩོལ། །རྒྱལ་བའི་ཆོས་མཛོད་ཀུན་གྱི་མཐར་ཐུག་པ། །ཟབ་གསང་ཐེག་མཆོག་ངེས་གསང་སྙིང་པོའི་དོན། །གངས་ཅན་ཁྲོད་འདིར་ཉི་ལྟར་གསལ་མཛད་གང་། །ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་པའི། །གསུང་རབ་དྲི་མེད་ཡིད་བཞིན་ནོར་བུའི་མཛོད། །བྱང་ཆུབ་ཡན་ལག་བདུན་གྱི་གྲངས་ལྡན་པ། །མི་ཟད་ཆོས་སྦྱིན་སྤར་གྱི་ལེགས་བྱས་འདིའི། །ལོ་རྒྱུས་དཀར་ཆག་མདོར་བསྡུས་དགོད་པར་བྱ། །

དེ་ལ་ཐོག་མར་དགེ་བ་བསྟན་བཅོས་རྩོམ་པ་པོ་དང་། དེའི་གསུང་རབ་འདི་ཉིད་སྤར་དུ་བསྒྲུབས་པའི་ལོ་རྒྱུས། བར་དུ་དགེ་བ་གླེགས་བམ་གྱི་ཆོས་ཚན་རྣམས་ཀྱི་བཞུགས་བྱང་། ཐ་མར་དགེ་བ་རྣམ་དཀར་གྱི་དངོས་པོ་ཡོངས་སུ་བསྔོ་བ་གསུམ་ལས། དང་པོ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་སྒྲོན་མེའི་སྐལ་བ་བཟང་པོ་ལ་རྣམ་འདྲེན་སངས་རྒྱས་སྟོང་བྱོན་པའི་བཞི་པ་བདག་ཅག་གི་སྟོན་པ་མཚུངས་མེད་ཤཱཀྱའི་རྒྱལ་པོ་ཉིད་ཀྱི་བསྟན་པ་ལ། གསང་སྔགས་འབྲས་བུའི་ཐེག་པ་རྒྱ་ཆེར་བྱུང་ཞིང་མཁས་ཤིང་གྲུབ་བརྙེས་རྣམས་ཀྱིས་འཛིན་སྐྱོང་སྤེལ་གསུམ་མཛད་པར་གྱུར་ལ། གངས་ཅན་བོད་ཀྱི་ཡུལ་འདིར་མཁན་སློབ་ཆོས་གསུམ་དང་། པཎ་ཆེན་བི་མ་མི་ཏྲ་དང་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་སོགས་སྔ་འགྱུར་གྱི་དུས་དང་། དེ་རྗེས་སུ་ལོ་པཎ་སྐྱེས་མཆོག་དུ་མ་རིམ་པར་བྱོན་ནས་རྒྱུ་དང་འབྲས་བུའི་ཆོས་ཀྱི་བཤད་སྒྲུབ་རྒྱ་ཆེར་སྤེལ་བར་མཛད་པའི་བསྟན་འཛིན་དམ་པ་ངོ་མཚར་གཅིག་བས་གཅིག་ལྷག་ལྟ་བུ་དུ་མ་བཞུགས་མོད་ཀྱི། ཀུན་གྱི་ནང་ན་མཁྱེན་རྟོགས་ཀྱི་ཡོན་ཏན་འགྲན་ཟླ་དང་བྲལ་བ་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་པ་དྲི་མེད་འོད་ཟེར་ཞེས་མཚན་གྱི་གྲགས་པས་རྒྱལ་བའི་ཞིང་ཐམས་ཅད་དུ་ཁྱབ་པ་འདི་ཉིད་བསྐལ་པ་མང་པོའི་སྔོན་ནས་བདེ་བར་གཤེགས་པ་རི་རབ་མར་མེའི་རྒྱལ་མཚན་ཞེས་པར་སངས་རྒྱས་སུ་ཟིན་ཀྱང་། མཐའ་ཡས་པའི་འགྲོ་ཀུན་ནམ་ཡང་མི་གཏོང་བའི་ཐུགས་རྗེ་ཆེན་པོས་གདུལ་བྱ་མཐའ་དག་རྗེས་སུ་འཛིན་པའི་ཐབས་མཁས་ཀྱི་རོལ་པས། ཐུན་མོང་བའི་སྣང་ངོར་དག་པ་དང་དང་མ་དག་པའི་སྐྱེ་སྲིད་སྤྲུལ་པའི་ཟློས་གར་དུ་མར་སྣང་བ་ལས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་མོ་ལྷ་ལྕམ་པདྨ་གསལ་དུ་སྐྱེ་བ་བཞེས་པ་དགུང་ལོ་བརྒྱད་ལོན་པ་ན་གྲོང་བར་གྱུར་པ་ལ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་དེའི་རོ་ལ་རྣམ་ཤེས་བཀུག་ནས་དྲན་པ་རྙེད་པར་གྱུར་ཅིང་ཡབ་སྲས་གཉིས་ཀར་རྫོགས་ཆེན་མན་ངག་སྡེའི་དགོངས་བཅུད་མཁའ་འགྲོ་སྙིང་ཐིག་གི་དབང་དང་གདམས་ངག་རྣམས་བྱིན་རླབས་འཕོ་བའི་སྟོབས་ཀྱིས་ཅིག་ཆར་དུ་བསྟན་ནས། སྲས་མོ་ལ་གསང་མཚན་པདྨ་ལས་འབྲེལ་རྩལ་དུ་བཏགས། ཟབ་ཆོས་རྣམས་སྒྲོམ་བུར་བཅུག་པ་སྤྱི་བོར་བཞག་ནས་ཆོས་འདིའི་བདག་པོར་སྨོན་ལམ་དང་གཏད་རྒྱ་བཅས་ཏེ་མ་འོངས་པ་ན་འོད་གསལ་སྙིང་ཐིག་དང་ཁྱད་པར་ཆོས་འདི་སྤེལ་བར་བྱེད་པའི་ལུང་བསྟན་བཅས་མཛད་པ་ལྟར། དེ་ཉིད་སྐྱེ་བ་བརྒྱུད་པའི་མཐར་དཔའ་བོ་སྒང་པ་སྤྲུལ་སྐུ་རིན་ཆེན་ཚུལ་རྡོར་རམ། གསང་མཚན་པདྨ་ལས་འབྲེལ་རྩལ་དུ་གྲགས་པ་དེར་གྱུར་ནས། ལྡང་ལྷའི་ཁྲ་མོ་བྲག་ནས་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་ཆོས་སྐོར་སོགས་གདན་དྲང་བ་པོ་དེ་ཉིད་ཀྱི་སྐུ་ཡི་སྐྱེ་བ་རྗེས་མ་ནི། ཀུན་མཁྱེན་ཆེན་པོ་འདི་ཉིད་ཡིན་ཏེ། རྫོགས་པ་ཆེན་པོ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། ཆོས་འདི་མཆོག་ཏུ་འཛིན་པ་རིག་འཛིན་དགའ་རབ་རྡོ་རྗེ་ནས་བཟུང་སྟེ་དམ་པ་བཅུ་དྲུག་ལུང་བསྟན་པའི་ནང་ཚན། དེ་འོག་སྒྲ་མཁས་དཔའ་འཛིན་ནོ། །ཞེས་པས་རྗེ་འདི་ཉིད་དུ་ལུང་བསྟན་པར་སྔོན་གྱི་དམ་པ་དུ་མས་བཞེད། གཞན་སྙིང་ཐིག་གི་བསྟན་པའི་བབ་ལུགས་ཆེན་མོར། ལྡང་མ་ལྷུན་གྲུབ་རྒྱལ་མཚན་མན་ཆད། ལོ་བརྒྱ་རེའི་མཚམས་སུ་རྫོགས་ཆེན་བསྟན་པ་གསལ་བྱེད་བི་མ་ལ་མི་ཏྲའི་སྤྲུལ་པ་རེ་རེ་འབྱུང་བར་གསུངས་པའི་གཅིག་རྗེ་འདི་ཉིད་ཡིན་པར་བཤད།

དེ་ཡང་བདག་ཉིད་ཆེན་པོ་འདི། དབུས་ཀྱི་གཡོ་རུའི་ཆ། གྲའི་ཕུ་སྟོད་གྲོང་དུ་ངན་ལམ་བཙན་པོ་འོད་ཀྱི་དཀྱིལ་འཁོར་ཅན་ཅེས་བྱ་བའི་རིགས་བརྒྱུད་ཡོན་ཏན་ཅན་གྱི་བྱེ་བྲག །རོག་ཅེས་པའི་རུས་ཏེ། སྔོན་གྱི་སད་མི་བདུན་གྱི་རྒན་གསུམ་གྱི་ནང་ཚན་ཡེ་དབང་བསྲུང་བ་ཞེས་པ་དང་། སློབ་དཔོན་ཆེན་པོས་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དབང་གནང་བའི་ཚེ། པདྨ་གསུང་གི་དཀྱིལ་འཁོར་དུ་མེ་ཏོག་བབ་པ་དེས་མཆིམས་ཕུའི་དབེན་རྩར་སྒྲུབ་པ་མཛད་པས། རྟ་མཆོག་པདྨ་དབང་ཆེན་དངོས་སུ་གྲུབ་དབུ་གཙུག་ནས་རྟ་སྐད་དྲག་པོ་སྲིད་གསུམ་ཁྱབ་པར་སྒྲོག་པ་ངན་ལམ་རྒྱལ་བ་མཆོག་དབྱངས་ཞེས་རྗེ་འབངས་ཐུགས་ཀྱི་སྲས་དགུའི་བྱེ་བྲག་ཏུ་གྱུར་པ་དེ་ཉིད་དང་ཡང་གདུང་བརྒྱུད་གཅིག་པའི་བརྒྱུད་པ་བར་མ་ཆད་པའི་གདུང་རབས་ཉེར་ལྔ་པ། མེས་པོ་ལྷ་སྲུང་ཞེས་བདུད་རྩི་སྨན་གྱི་དངོས་གྲུབ་བརྙེས་པ་དགུང་ལོ་བརྒྱ་དང་ལྔ་ཐུབ་པ་དེའི་སྲས། སློབ་དཔོན་བསྟན་སྲུང་ཞེས་རིག་གནས་ཕལ་ཆེར་མཁྱེན་ཞིང་སྔགས་ཀྱི་རྣལ་འབྱོར་ལ་ནང་བྱན་ཆུད་པ་ཞིག་དང་། བཀའ་གདམས་བསྟན་པའི་བདག་པོ་རྒྱལ་བ་འབྲོམ་སྟོན་པའི་གདུང་རིགས་ལས་བྱོན་པའི་འབྲོམ་བཟའ་བསོད་ནམས་རྒྱན་ཞེས་པ་སྟངས་དཔྱལ་གཉིས་ཀྱི་སྲས་སུ་འཁྲུངས་པ་སྟེ། དང་པོ་ལྷུམས་སུ་ཞུགས་པའི་དུས་ཡུམ་གྱི་མནལ་ལམ་དུ་སེང་གེ་ཆེན་པོ་གཅིག་གི་དཔྲལ་བ་ན་ཉི་མའི་དཀྱིལ་འཁོར་གྱི་འོད་ཀྱིས་སྲིད་གསུམ་གསལ་བ་གཉིས་ཤར་བ་ཞིག་རང་ལ་ཐིམ་པར་རྨིས།

རབ་བྱུང་ལྔ་པའི་ཕུར་བུ་ཞེས་པ་ས་ཕོ་སྤྲེའུའི་གནམ་ལོ། གནམ་སྨེ་བརྒྱད་དཀར་ཡོད་པའི་རྒྱུ་སྐར་དབོ་ཡི་ཟླ་བའི་ཡར་ངོའི་ཚེས་བཅུའི་ཉིན་མོར། རེས་གཟའ་ཉི་མའི་བུ་དང་། རྒྱུ་སྐར་ནབས་སོ་རྩེ་བའི་དུས་སུ་སྐུ་བཙས་པ་དང་མཉམ་དུ་བུད་མེད་ནག་མོ་ཁྲོ་ཚུལ་རལ་གྲི་ཐོགས་པ་གཅིག་གིས་འདི་ངས་བསྲུང་ངོ་ཞེས་ཕྱག་ཏུ་བླངས་ནས་སླར་ཡུམ་ལ་གཏད། ཕྱིས་སུའང་ལྷ་མོ་ནམ་གྲུ་མ་དེས་གཉེར་ཀ་དང་ཞབས་ཏོག་དངོས་སུ་བྱེད་པ་ལན་མང་དུ་མཐོང་། དེར་སྙིང་རྗེ་དང་མཁྱེན་རབ་རང་བཞིན་གྱིས་གཞན་ལས་ཁྱད་དུ་འཕགས་པ་བྱུང་བས། ལོ་ལྔ་ནས་བྲིས་ཀློག་ལེགས་པར་མཁྱེན། ཡབ་ལས་བཀའ་བརྒྱད་སོགས་ཀྱི་སྒྲུབ་ཕྲིན་སྐོར་དང་སྨན་རྩིས་སོགས་བྱང་ཆུབ་པར་གསན། དགུང་ལོ་དགུའི་སྟེང་དུ་ཉི་ཁྲི་དང་བརྒྱད་སྟོང་པ་གཉིས་བརྒྱ་ཚར་གཅིག་བཏོན་པས་ལྷག་མ་མེད་པར་ཐུགས་སུ་ཆུད། དགུང་ལོ་བཅུ་གཉིས་པར་བསམ་ཡས་པའི་མཁན་པོ་བསམ་འགྲུབ་རིན་ཆེན་དང་། སློབ་དཔོན་ཀུན་དགའ་འོད་ཟེར་ལས་རབ་ཏུ་བྱུང་། མཚན་ཚུལ་ཁྲིམས་བློ་གྲོས་སུ་གསོལ། བསྟན་པའི་རྩ་བ་འདུལ་བ་ལ་ཉན་བཤད་ཕུལ་དུ་ཕྱིན་པ་མཛད། དགུང་ལོ་བཅུ་བཞིའི་དུས་འདུས་སྡེ་རྣམས་སུ་བཤད་པ་རྒྱ་ཆེན་པོ་མཛད།

དགུང་ལོ་བཅུ་དགུའི་བར་ཇོ་བོ་རྗེའི་ཐུགས་སྲས་རྔོག་ལེགས་པའི་ཤེས་རབ་ཀྱིས་བསྐྲུན་པའི་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭ་ཆེན་པོ་ལུང་རིགས་ཀྱི་དབྱར་རྔ་ལྡིར་བ་དེར། རྔོག་གི་གདན་ས་འཛིན་པ་བདུན་པ། གཙང་པ་འཇམ་དཔལ་སེང་གེའི་དུས་ནས་གླིང་སྟོད་སྨད་ཀྱི་གདན་ས་གཉིས་སུ་གྱེས་པའི། གླིང་སྟོད་ཀྱི་གདན་རབས་བཅོ་ལྔ་པ་སློབ་དཔོན་བཙན་དགོན་པ་དང་། གདན་རབས་བཅུ་དྲུག་པ་བླ་བྲང་ཆོས་དཔལ་རྒྱལ་མཚན་གཉིས་ཀྱི་དྲུང་ནས། བྱམས་ཆོས། ཚད་མ། ཕར་ཕྱིན། དབུ་མ་སོགས་གཞུང་ལུགས་དུ་མ་གསན་ཞིང་དཔྱིས་ཕྱིན་པར་ཐུགས་སུ་ཆུད། ལོ་དྲུག་གི་བར་དུ་ཆོས་གྲྭར་སྦྱང་བ་ཕུལ་ཕྱིན་མཛད། སྐད་གཉིས་སྨྲ་བ་དཔང་ལོ་བློ་གྲོས་བརྟན་པ་ལས། ཚད་མ་སྡེ་བདུན་གྱི་རྣམ་བཤད། ཤེར་སྙིང་འགྲེལ་བཤད། སྒྲ་དང་སྙན་ངག་སྡེར་སྦྱོར་མཐའ་དག་གསན་ནས་མཐར་ཕྱིན་པར་མཛད། ཤེས་རབ་ཀྱི་ལྷ་འཇམ་དབྱངས་དང་། དབྱངས་ཅན་མ། མི་གཡོ་དཀར་པོ། ཕག་དཀར་ཤེས་རབ་གསལ་བྱེད་སོགས་ཀྱི་སྒྲུབ་པ་མཛད་པས་ལྷ་དེ་དག་སོ་སོའི་ཞལ་གཟིགས་ཤིང་ལུང་བསྟན་ཐོབ།

ཁྱད་པར་རྡོ་རྗེ་དབྱངས་ཅན་མའི་ཕྱག་མཐིལ་དུ་བཞག་ནས་གླིང་བཞི་རི་རབ་དང་བཅས་པ་སོགས་ཞག་བདུན་དུ་ཞིབ་པར་གཟིགས་སུ་བཅུག །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་མདུད་གྲོལ་བས་བློ་གྲོས་ཕྱོགས་མེད་དུ་རྒྱས། ཁྱད་པར་རྒོལ་ངན་གཉིས་འཐུང་འཇོམས་པའི་སྨྲ་བའི་སེང་གེ་ཆེན་པོ་ཚད་མ་རིག་པའི་དབང་ཕྱུག་ཏུ་གྱུར་ཅིང་། གཞུང་ལུགས་མུ་མེད་འཆད་པའི་སྤོབས་པ་མཐའ་ཡས་པ་སུས་ཀྱང་གཏིང་དཔོག་མི་ནུས་པ་མངའ་བར་གྱུར་པས་ན། གསང་ཕུ་ལ་སོགས་པའི་རིགས་གྲྭ་རྣམས་སུ། བསམ་ཡས་ལུང་མང་པ་དང་། ཀློང་ཆེན་རབ་འབྱམས་པ་ཞེས་མཁས་པའི་གྲགས་སྙན་གྱི་རྒྱལ་རྔ་བསྒྲགས་པས་ས་ཡི་སྟེང་ཀུན་དུ་ཁྱབ། བརྒལ་བརྟགས་བྱེད་འདོད་པའི་རྒོལ་བ་རྣམས་ཀྱང་ལུང་དང་རིགས་པའི་གཟི་འོད་ཆེན་པོས་ཟིལ་གྱིས་གནོན་པ་ཉི་མས་མེ་ཁྱེར་ལྟར་གྱུར་ནས་རྗེ་འདིའི་སྤོབས་པ། གཏུགས་པ་མེད་པ་ལ་སུས་ཀྱང་འགྲན་ནུས་པའི་རེ་བ་བྲལ་ཏེ་ཀུན་གྱི་ཞབས་པད་དང་དུ་བླངས་ཤིང་བླ་མར་བཀུར། གཞན་ཡང་སློབ་དཔོན་གཞོན་རྒྱལ་སོགས་ལས་འདུལ་མདོ་ཕར་ཕྱིན་གྱི་བཤད་ལུང་དང་བཀའ་གདམས་ཆོས་སྐོར། ཁྲོ་ཕུ་པའི་ཆོས་སྐོར། སྒྲུབ་ཐབས་བརྒྱ་རྩ་དང་རྒྱ་མཚོ་སོགས་དང་། ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལས་ཐུགས་བསྐྱེད་ཆེན་མོ་དང་ལམ་འབྲས་སོགས་གདམས་པ་ཟབ་དགུ་སྣ་ཚོགས། ཞི་བྱེད་བརྒྱུད་འཛིན་རྨ་སོ་ཀཾ་གསུམ་དུ་གྲགས་པའི་སོ་ཡི་སློབ་བརྒྱུད་ཤུགས་གསེབ་རི་པ་གཞོན་རྡོར་ལས། དོ་ཧ་སྐོར་གསུམ། རི་ཆོས་སྐོར་གསུམ། རྟེན་འབྲེལ་བརྒྱ་རྩ། ཟ་ལུང་རིན་ཆེན་ལས་ཞང་ཚལ་པའི་ཆོས་སྐོར། རྒོད་ཚང་པའི་ལམ་ཁྲིད། དམ་པའི་ཞི་བྱེད་སྔ་ཕྱི་བར་གསུམ། མ་ཅིག་གི་གཅོད་ཡུལ། སློབ་དཔོན་བཀྲ་ཤིས་རིན་ཆེན། དབང་ཡེ། སྟོན་ཚུལ། ཁྲོ་ཕུ་པ་རྣམས་ལས་དབང་རྡོ་རྗེ་ཕྲེང་བ་སོགས། བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་དང་། བདེ་ཀྱེ་གསང་འཇིགས། རྡོ་རྗེ་གུར། མཁའ་འགྲོ་རྒྱ་མཚོ། སངས་རྒྱས་ཐོད་པ། དུས་ཀྱི་འཁོར་ལོ་སོགས་རྒྱུད་སྡེ་གོང་འོག་གི་སྒྲུབ་ཐབས་ཆེ་ཕྲ་དང་དབང་ལུང་གདམས་ཁྲིད་བཤད་པ་དང་བཅས་པ། སྦྱོར་དྲུག་ཆོས་དྲུག་ལམ་འབྲས་སོགས་ཀྱི་བཞེད་གཞུང་སོ་སོ་བ་དུ་མ། བཅུད་ལེན་རྩ་རླུང་སོགས་ཀྱི་ཉམས་ཁྲིད་དང་བཅས་པ་སྨིན་རྒྱས་སུ་གསན།

ཁྱད་པར་དཔལ་ས་ར་ཧ་དང་དགོངས་སྤྱོད་མི་གཉིས་པ་ཆོས་རྗེ་ཀརྨ་པ་ཆེན་པོ་ཀུན་མཁྱེན་རང་བྱུང་རྡོ་རྗེའི་ཞལ་སྔ་ནས་སྦྱོར་དྲུག་གེགས་སེལ་དང་བཅས་པ། ནཱ་རོ་ཆོས་དྲུག །སྐུ་གསུམ་ངོ་སྤྲོད། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དང་། རྒྱལ་པོ་ལུགས། གསང་འདུས། སཾ་བུ་ཊི། མཧཱ་མཱ་ཡཱ། གཤིན་རྗེ་གཤེད་དམར་ནག་སོགས་ཆོས་བཀའ་རྒྱ་ཆེར་གསན། དན་འཕགས་གཞོན་ནུ་དོན་འགྲུབ། མྱོས་མཐིང་མ་བ་སངས་རྒྱས་གྲགས་འོད་སོགས་བླ་མ་བཞི་ལས། སྔ་འགྱུར་མདོ་སྒྱུ་སེམས་གསུམ། རྙིང་མ་རྒྱུད་འབུམ་གྱི་གཙོའི་བཀའ་གཏེར་གྱི་ཆོས་ཚུལ་ཆེ་ཕྲ་མཐའ་དག་ཚང་བར་གསན། ལྕོག་ལ་བྲག་ཕུག་ཏུ་ཟླ་བ་ལྔར་མུན་པའི་རྣལ་འབྱོར་ལ་བཞུགས་ཚེ་རྗེ་བཙུན་སྒྲོལ་མས་ཞལ་གཟིགས་པས་ཉིད་ཀྱི་དབུ་རྒྱན་ཕུད་ནས་ཁོང་གི་དབུ་ལ་གསོལ། དེང་ནས་བཟུང་སྟེ་བྱིན་གྱིས་བརླབས་ཤིང་དངོས་གྲུབ་སྦྱིན་པར་བྱའོ་ཞེས་གསུངས། དེ་ནས་ཟླ་བ་གསུམ་གྱི་བར་བདེ་གསལ་མི་རྟོག་པའི་ཏིང་འཛིན་ཟབ་མོས་ཉིན་མཚན་དང་མཉམ་རྗེས་མེད་པར་ཕྱམ་གདལ་དུ་འགྲོ་བར་བྱུང་། དེ་ནས་བཅད་རྒྱ་གྲོལ་ཏེ་ཡར་སྟོད་སྐྱམ་གྱི་ཕུ་ན་རིག་འཛིན་ཆེན་པོ་ཀུ་མཱ་རཱ་ཛ་མཇལ་བར་ཕྱིན་པས། བླ་མའི་ཞལ་ནས་མདངས་ལྷའི་བྱ་ཡིན་ཟེར་བའི་བྱ་ཡ་མཚན་ཅན་ཞིག་ལ་བྱ་ཕྲན་སྟོང་གིས་བསྐོར་ནས་ངའི་དཔེ་ཆ་རྣམས་ཁྱེར་ནས་ཕྱོགས་ཐམས་ཅད་དུ་ཁྱབ་པར་སོང་བ་རྨིས་པས། བདག་གི་ཆོས་འདིའི་བརྒྱུད་པ་འཛིན་པ་གཅིག་འོང་བར་འདུག་གསུངས་ཤིང་དགྱེས་སྤྲོའི་གསུང་གིས་དབུགས་དབྱུང་མཛད། རྗེ་བཙུན་དམ་པ་མཆོག་དེའི་དྲུང་ནས་སྔ་འགྱུར་བཀའ་གཏེར་གྱི་གདམས་པ་སྤྱི་དང་། རྫོགས་པ་ཆེན་པོའི་ཆོས་རྣམས་ཞུས།

དེ་ལོའི་དཔྱིད་ཀྱི་ཟླ་བ་གཉིས་སུ་ལུང་སྟོང་གཅིག་ནས་གཅིག་ཏུ་འཕོ་བསྐྱས་ལན་དགུ་དགོས་པ་བྱུང་བས་ལུས་སེམས་ལ་ངན་དུབ་དྲག་པོས་གདུང་བར་གྱུར་ཀྱང་། དེའི་རིང་ལ་དངུལ་ཆུའི་བཅུད་ལེན་འབའ་ཞིག་ལས་ཁམ་ཟས་ཐམས་ཅད་སྤངས་ཏེ་ཆོས་ཕྱིར་དཀའ་སྤྱད་ཆེན་པོ་མཛད། དེ་ཡང་རྫོགས་ཆེན་སྡེ་གསུམ་གྱི་སྐོར་ཡོངས་རྫོགས་དང་ཁྱད་པར་རྫོགས་པ་ཆེན་པོ་མན་ངག་སྡེའི་ཕྱི་ནང་གསང་སྐོར་གྱི་རྒྱུད་མང་པོ། གསང་བ་བླ་ན་མེད་པའི་དབང་བཞི། ཟབ་མོ་པོད་བཞི་ཡང་ཕྲན་དང་བཅས་པ། རྒྱུད་བཅུ་བདུན་ཊཱི་ཀ་དང་བཅས་པ། མན་ངག་བརྒྱ་བཅུ་དགུ་ཡང་ཕྲན་དང་བཅས་པ། ལེགས་ལྡན་ལྕམ་དྲལ། སྔགས་བདག་མ། ཁྱབ་འཇུག་རྡོར་ལེགས་སོགས་ཀྱི་སྒྲུབ་ཐབས་མན་ངག་ཡོངས་རྫོགས་བཅས་བུམ་པ་གང་བྱོའི་ཚུལ་དུ་གནང་ཞིང་བསྟན་པའི་རྒྱལ་མཚན་ཆེན་པོར་མངའ་གསོལ། བླ་མ་དེའི་དྲུང་དུ་སྒྲུབ་པ་ལ་སྙིང་པོར་དྲིལ་ནས་ལོ་བདུན་བར་དུ་ཉམས་ལེན་བྱེད་པའི་དམ་བཅའ་ཕུལ་བ་བཞིན། མཆིམས་ཕུ་སོགས་སྒྲུབ་གནས་རྣམས་སུ་བསྒོམ་ཞིང་སྐབས་སུ་བླ་མའི་དྲུང་དུ་ཉམས་ལེན་གྱི་ཞུན་ཐར་དང་གདམས་ངག་གི་མཐའ་རྒྱ་ཆོད་པར་མཛད། འདི་སྣང་ལ་ཆགས་ཞེན་མེད་ཅིང་འཁོར་འདས་ལ་རེ་དོགས་ཀྱི་གཟེབ་ལས་གྲོལ། བླ་མ་དེ་ཉིད་ཀྱི་དྲུང་དུ་འཁོར་གསུམ་ཡོངས་དག་གི་སྒོ་ནས་བརྒྱ་འབུལ་ཚན་ལྔ། ཟླ་བ་བྱུང་ངོ་ཅོག་གི་ཡར་མར་གྱི་ཚེས་བཅུ་དང་བརྒྱད་རྣམས་ལ་དཔའ་བོ་མཁའ་འགྲོ་རྣམས་ལ་དུས་ཀྱི་མཆོད་པ་རྒྱ་ཆེན་པོའི་ཚོགས་གཏོར་ཕུལ། ནམ་མཁའ་འཇའ་འོད་ཀྱི་ཚོམ་བུའི་དཀྱིལ་འཁོར་དུ་ལྷ་སྐུའི་རྣམ་པ་བགྲང་ཡས་སུ་སྣང་བ་ནི། ལྷུན་གྲུབ་ཐོད་རྒལ་གྱི་ལམ་ལས་རིག་པ་སྐུར་སྨིན་པའི་གནད་ཀྱིས་རྟོག་ཚོགས་རང་གྲོལ་འོད་གསལ་གཉུག་མའི་ངང་དུ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་གནས་པར་གྱུར་ཅིང་། སྐབས་འགར་པད་འབྱུང་ཞི་དྲག་ཀུན་བཟང་ཞི་ཁྲོའི་ལྷ་ཚོགས། ཆེ་མཆོག་ཞལ་ཕྱག་རྒྱས་པ་བསྐྱེད་རྫོགས་ཆེན་མོ་ལྟར་དང་། ཕག་མོ་དམར་ནག །རྡོར་སེམས། རྟ་མགྲིན། ཚེ་དཔག་མེད། སྒྲོལ་མ་རྣམས་ཀྱི་ཞལ་དངོས་སུ་གཟིགས་པ་དང་། དཔལ་མགོན་ཕྱག་བཞི་པ། རྡོ་རྗེ་བདུད་འདུལ། དགེ་བསྙེན་ཉེར་གཅིག །སྔགས་བདག་རལ་གཅིག་མ། གཟའ་རཱ་ཧུ་ལ། དམ་ཅན་རྡོར་ལེགས་རྣམས་ཀྱི་རང་གཟུགས་དངོས་སུ་བསྟན་ཏེ་ཅི་བགྱིའི་བཀའ་ཉན་པར་ཞལ་གྱིས་བཞེས།

ཕྱིས་སུ་ངེས་གསང་སྙིང་པོའི་ཆོས་སྡེ་རྣམས་ཀྱི་བསྟན་བཅོས་བརྩམ་པའི་ཚེ་མ་གཟའ་དམ་གསུམ་གྱིས་ཤོག་ལས་དང་ཡི་གེ་པ་སོགས་དངོས་སུ་བགྱིད་པར་གཞན་གྱིས་མངོན་སུམ་མཐོང་། རྨུགས་འཛིན་དབང་པོས་ནོར་བུ་ཕུལ། རྡོ་རྗེ་གཡུ་སྒྲོན་མས་རང་གི་ཕྱི་ནང་གསང་གསུམ་གྱི་སྒྲུབ་ཚུལ་རྣམས་ཕུལ། སྔོན་གྱི་དུས་ཉང་ཏིང་འཛིན་བཟང་པོ་ལ་རྡོ་རྗེ་ལེགས་པས་ཁམས་སུ་སེར་བ་ཕབ་སྟེ་འབྲུ་རྔ་མོང་གི་རྒྱབ་ཁལ་བརྒྱ་འབུལ་བྱུང་བ་ལ་བརྟེན་ནས་དབུ་རུ་ཞྭའི་ལྷ་ཁང་བཞེངས་པ་དེ་ཉིད་ཕྱིས་ཞིག་རལ་དུ་སོང་བ། རྗེ་འདི་ཉིད་ལ་བི་མ་ལས་ཞལ་དངོས་སུ་བསྟན་ནས་ཕྱོགས་དེར་སྡིགས་མཛུབ་གཏད་ནས་ཞིག་གསོས་དགོས་པར་ལུང་བསྟན་པ་ལྟར། ཞིག་གསོས་མཛད་ཚེ་སྔར་མནན་པའི་ཐོད་པ་མང་པོ་ནམ་མཁའ་འཕར་སོང་བ་སྡིགས་མཛུབ་གཏད་ནས་ཏིང་ངེ་འཛིན་གྱིས་མཐུས་སླར་བཀུག་སྟེ་སྔར་བཞིན་མནན། དབུ་རྩེའི་རྒྱབ་ནས་ལྷ་ཁང་གསོ་བའི་ཐེབས་སུ་གསེར་འགུ་ཙེ་གང་བཅུས། གཏེར་གཞན་མང་པོ་འདུག་ཀྱང་མ་བཞེས། དམ་ཅན་བྱིས་པ་གཡུ་ཡི་རྣ་རྒྱན་ཅན་དུ་སྤྲུལ་ནས་ཉིན་བཞིན་བཟོ་བོའི་གྲོགས་བྱས། དེར་རྡོ་རིང་ཆེན་པོ་གཉིས་འགྱེལ་འདུག་པ་དཔང་དང་ཐབས་གང་བྱས་ཀྱང་བསླང་མ་ནུས་པ་ན། གཏོར་མ་ཕུལ་ཞིང་བདེན་ཚིག་བརྗོད་དེ་སྐུ་ཆོས་བརྡབ་པས་བདེ་བླག་ཏུ་སློང་ནུས་པ་སོགས་ངོ་མཚར་དཔག་ཏུ་མེད་པའི་མཛད་པ་བསྟན། སེམས་ཅན་རིགས་མི་གཅིག་པའི་ཐོད་པ་སྣ་ཚོགས་སུ་སྔོན་མནན་པ་རྣམས་དང་། སླར་ཡང་དེ་འདྲ་མང་པོ་ཁ་བསྣན་བྱས་ཏེ། མནན་པར་བརྩམ་པ་ན། རླུང་དྲག་པོ་གཡོས་ཤིང་ས་རྡོའི་ཆར་བབ། ཐོད་པ་རྣམས་འཕར་ཅིང་ཕན་ཚུན་བརྡབ་ཅིང་འཁྲོལ་བར་བྱེད། དེ་ནང་ཆེ་ཤོས་ཞིག་ནམ་མཁར་ཤོར་བས་སྡིགས་མཛུབ་ཀྱིས་ཕབ་སྟེ་ཞབས་འོག་མནན། དེ་ཚེ་བླ་མ་དྲག་པོའི་སྐུར་བཞེངས་པ་ཀུན་གྱིས་དངོས་སུ་མཐོང་། ཐོད་པ་རྣམས་ཕྲ་མེན་མཆོད་རྟེན་གྱི་ཞབས་སུ་མནན། ལྷ་ཁང་ལ་རབ་གནས་མཛད་དུས་སྐུའི་བཀོད་པ་དུ་མས་ངོ་མཚར་བའི་མཛད་པ་བསྟན། ཉིད་ཀྱི་གཟིགས་སྣང་ལ། ཐུབ་པ་ཆེན་པོ། བྱམས་པ། གནས་བརྟན་བཅུ་དྲུག་རྣམས་ཀྱིས་ཞལ་འཛུམ་ལྷག་ལྷག་སྟོན་པ་དང་། བྱམས་པས་ཕྱག་མཛུབ་གདེངས་ནས། ཁྱོད་ཀྱི་སྐྱེ་བའི་མཐར་པདྨ་བརྩེགས་པའི་ཞིང་ལ་དེ་བཞིན་གཤེགས་པ་རི་རབ་མར་མེའི་རྒྱལ་མཚན་དུ་འཚང་རྒྱའོ་ཞེས་ལུང་བསྟན་ཐོབ།

མཆིམས་ཕུ་ནས་ཟབ་གཏེར་གྱི་ཤོག་དྲིལ་འགའ་ཞིག་གདན་དྲངས་པར་མཛད། མདོ་སྔགས་ཀྱི་ཆོས་གྲྭ་རྣམས་དང་། རིས་བྲལ་གྱི་བསྟན་འཛིན་ཐམས་ཅད་ལ་བཀུར་སྟི་ཚོགས་བསགས་བསྙེན་བཀུར་རྒྱ་ཆེར་མཛད། ས་ཕག་ལོར་དུས་གཟིང་འོང་བ་མཁྱེན་ཏེ་ལྷོ་མོན་དུ་ཕེབ། ཕྱོགས་དེར་སྔོན་རྒྱལ་བསྟན་དར་ཆ་ཆུང་ཡང་། མོན་ཡུལ་བུམ་ཐང་དུ་འདུལ་ཞིང་རྒྱ་ཆེར་བྱུང་སྟེ། ཚོགས་པ་འབུམ་ཕྲག་འདུ་བའི་དགེ་འདུན་གྱི་སྡེ་ཆེན་པོ་བཙུགས་ཏེ་མིང་ཐར་པ་གླིང་དུ་བཏགས། སློབ་དཔོན་སངས་རྒྱས་ཀུན་དགའ་བསྐོ་འཇག་གནང་། སྔ་འགྱུར་གྱི་ཆོས་དང་རྫོགས་ཆེན་གྱི་བཤད་སྒྲུབ་རྒྱ་ཆེར་སྤེལ། རྗེ་ཉིད་མཁའ་འགྲོ་སྙིང་ཐིག་གི་ཆོས་ཀྱི་བདག་པོ་ཡིན་ཡང་མ་འོངས་པའི་གང་ཟག་སྔགས་ལ་རང་གར་འཇུག་ཅིང་ཆོས་ལ་དབང་ཟ་བའི་སྲོལ་ངན་སེལ་བྱེད་དུ། དྭགས་པོ་བྱར་ན་གཏེར་སྟོན་གྱི་དངོས་སློབ་ཤོའི་རྒྱལ་སྲས་ལེགས་པ་ལས་མཁའ་འགྲོ་སྙིང་ཐིག་གི་ཆོས་སྐོར་མཐའ་དག་གསན། ལྷ་སར་བྱོན་ནས་ཇོ་བོ་མཇལ་དུས་ཇོ་བོའི་མཛོད་སྤུ་ནས་འོད་ཟེར་སྤྲོས་ཏེ་རྗེ་ཉིད་ཀྱི་མཛོད་སྤུར་ཐིམ་པས། སྔར་བྱ་རྒོད་ཕུང་པོའི་རི་དང་། ལི་ཡུལ་རྣམས་སུ་པཎྜི་ཏ་མཧཱ་མུ་དྲ་སོགས་སུ་སྐུ་འཁྲུངས་པ་དང་། ཆོས་ཐམས་ཅད་ཀྱི་དོན་ཐུགས་ལ་བཀྲ་ལམ་གྱིས་གསལ་བ་བྱུང་། ཡང་ལན་གཅིག་ཇོ་བོ་མཇལ་ཚེ་ཇོ་བོའི་སྐུ་ལས་གསེར་ལྟ་བུའི་འོད་ཟེར་འཕྲོ་ཞིང་། དབུའི་སྟེང་ན་འོད་ཀྱི་ནང་དུ་སངས་རྒྱས་རབས་བདུན། སྨན་བླ། བདེ་དགྱེས། སྤྱན་རས་གཟིགས་ནམ་མཁའ་རྒྱལ་པོ་དང་རྒྱལ་བ་རྒྱ་མཚོ་བསྟན་སྲུང་གི་ཚོགས་དུ་མ་དང་བཅས་པ་གཟིགས། གངས་རི་ཐོད་དཀར་དུ་བཞུགས་དུས་བི་མ་ལས་ཞལ་གཟིགས་ནས། ངའི་སྙིང་ཐིག་འདི་ལ་དོན་འདུས་གོ་སླ་བའི་ཉིང་ཁུ་ཞིག་རྩོམ། ཆོས་འདི་ཁྱོད་ལ་སྟོན་པའི་བླ་མ་ཀུ་མཱ་རཱ་ཛའི་སྐྱེ་བ་ད་ལྟའི་སློབ་མ་གཞོན་ནུ་སངས་རྒྱས་འདི་ལ་སྟོན། དེ་ནས་ཀྱང་སྣ་ལ་ཨ་ཡིག་གིས་མཚན་པའི་ཀུ་མུའི་མིང་ཅན་བདུན་འབྱུང་བས་ཆོས་འདི་འཛིན་སྤེལ་བྱེད་པར་ལུང་བསྟན་པ་བཞིན་མཁའ་འགྲོ་ཡང་ཏིག་དང་བི་མ་ཡང་ཏིག་སོགས་བརྩམས། གཞན་ཡང་དུས་ཀུན་དུ་རྩ་གསུམ་ལྷ་ཚོགས་སངས་རྒྱས་བྱང་སེམས་ཏིལ་གྱི་གོང་བུ་ལྟར་གཟིགས་ཤིང་། བསྟན་བཅོས་རྩོམ་པར་བཀའ་ཡི་གནང་བ་ཐོབ་ཚུལ་སོགས་བརྗོད་དུ་མི་ལང་ངོ་། །སྒྲུབ་པའི་གནས་ནི། ཤུག་གསེབ། ཨོ་རྒྱན་རྫོང་། ལྷ་རིང་བྲག་གྲ་ཕུ། བསམ་ཡས། གཞོ་སྟོད་ཏི་སྒྲོ་ བྲག་དཀར། ཡེར ། གངས་རི་ཐོད་དཀར། ཡར་ལྷ་ཤམ་པོ། མཆིམས་ཕུ། བུམ་ཐང་ཕྲག །སྐྱམ་གྱི་ཕུ་རྣམས་སུ་རིམ་གཉིས་ཀྱི་དྲོད་ཚད་བརྙེས་པས་ཏིང་ངེ་འཛིན་ལ་དབང་འབྱོར། དབུས་གཙང་ལྷོ་མོན་གྱི་ཡུལ་མཐའ་དག་ཏུ་ཁྲིད་ཉན་པ་སྟོང་ཕྲག་ཚོགས་པ་ལན་མང་དང་། སྐལ་ལྡན་གྱི་སློབ་མ་བགྲང་ལས་འདས་པ་ལ། མདོ་སྔགས་སྨིན་གྲོལ་སྤྱི་དང་། ཐེག་མཆོག་རྫོགས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་རྡོ་རྗེ་སྙིང་པོའི་གོ་འཕང་ལ་སྦྱར། ཁྱད་པར་མཆིམས་ཕུའི་རི་མོ་ཅན་དུ་ལས་ཅན་གྱི་འཁོར་དུ་མར་སྙིང་ཐིག་ཉམས་ཁྲིད་ཆེན་མོ་གནང་བའི་དུས་སུ་མེ་ཏོག་གི་ཆར་ཆེན་པོ་བབ། སྤྲོས་བཅས་སྤྲོས་མེད་ཀྱི་དབང་དང་ངོ་སྤྲོད་སོགས་ཀྱི་ཚེ། མཐིང་ག་ཁྱབ་པ་ཆེན་པོའི་འོད་དང་། ལྔ་ལྡན་ཡེ་ཤེས་ཀྱི་འོད་རྣམས་ཀྱིས་ནམ་མཁའ་དང་ས་གཞི་བར་སྣང་ཀུན་དུ་ཁྱབ་པ་ཀུན་གྱིས་མཐོང་། པད་འབྱུང་མཐིང་ག་དང་མཚོ་རྒྱལ་དམར་མོ་ཕྱག་ན་བུམ་པ་བསྣམས་པས་དབང་བསྐུར་བ་དང་། དཀྱིལ་འཁོར་གྱི་འགྲམ་དུ་བུ་མོ་གཞོན་ནུ་གཡུ་ལྟར་སྔོ་བ་བདུན་བྱུང་ནས་བྲོ་འཁྲབ་པ་སོགས་ཡ་མཚན་གྱི་རྟགས་དཔག་ཏུ་མེད་པ་བྱུང་། དེར་རྣལ་འབྱོར་མ་ཞིག་ལ་རྡོ་རྗེ་ཕག་མོ་ཡེ་ཤེས་པ་དངོས་སུ་བབ་སྟེ་གདམས་པའི་ལྷག་ཆད་བསལ། རྣལ་འབྱོར་པ་འོད་ཟེར་གོ་ཆས་སྐུ་གོང་མ་རིན་ཆེན་ཚུལ་རྡོར་གྱི་ལོ་རྒྱུས་སྐོར་ཞུ་ཞིང་དྲིས་པ་ལ་སྔ་ཕྱིས་ལོ་རྒྱུས་འགའ་ཞིག་དང་། སྔ་མའི་ལུང་བསྟན་ལྟར་ད་ལྟ་རིག་པ་ཚད་ལ་ཕེབས་ཏེ་སྣང་སྲིད་འོད་གསལ་དག་པའི་ཞིང་དུ་དངོས་སུ་ཤར་བ་འདི་ལོངས་སྐུའི་ཞིང་དར་ཅིག་ཉུལ་བ་ཡིན།

འདི་འོག་བུམ་ཐང་དུ་སྐྱེས་ནས་འགྲོ་དོན་རྒྱ་ཆེར་བསྒྲུབ་དགོས་ཚུལ་རྣམས་ལུང་བསྟན། བདག་ཉིད་ཆེན་པོ་འདིས་ཐེག་མཆོག་ཆོས་ཀྱི་དགའ་སྟོན་གྱིས་བསྐྱང་བའི་སློབ་ཚོགས་བགྲང་འདས་བྱུང་བའི་ནང་ནས་གཙོ་བོར་སྨྲོས་ན། ཞོགས་ཐར་པ་གླིང་པ་མཁས་གྲུབ་བདེ་ལེགས་རྒྱ་མཚོ། མཁས་གྲུབ་ཆོས་ཀྱི་གྲགས་པ། མཁས་གྲུབ་ཁྱབ་བརྡལ་ལྷུན་གྲུབ་སྟེ་གྲགས་པ་ཐོབ་པའི་མཁས་གྲུབ་གསུམ། མདོ་ཁམས་པ་འདན་སྒོམ་ཆོས་ཀྱི་གྲགས་པ། རྒྱལ་སྲས་བཟོད་པ། བླ་མ་དཔལ་མཆོག་པ། གུ་རུ་ཡེ་ཤེས་རབ་འབྱམས། གཞོན་ནུ་སངས་རྒྱས་ཏེ་ཉེ་བའི་ཐུགས་སྲས་ལྔ། སྤྲུལ་སྐུ་དཔལ་འབྱོར་རྒྱ་མཚོ། སློབ་དཔོན་སངས་རྒྱས་ཀུན་དགའ། སློབ་དཔོན་བློ་གྲོས་བཟང་པོ། སྟག་མགོ་བྱ་བྲལ་ཆོས་རྗེ་སྟེ་བསྟན་པ་སྤེལ་བའི་བཤེས་གཉེན་བཞི། ཕ་རྒོད་རྟོག་ལྡན་རྒྱལ་པོ། རྣལ་འབྱོར་འོད་ཟེར་གོ་ཆ། རིག་འཛིན་འོད་གསལ་རང་གྲོལ། བྱ་བཏང་བསོད་ནམས་འོད་ཟེར་ཏེ་གྲུབ་པ་ཐོབ་པའི་གང་ཟག་བཞི། གཞན་ཡང་སངས་རྒྱས་དཔལ་རིན། གྲགས་པ་དཔལ། གླུ་མཁན་བསོད་ནམས་སེང་གེ་སོགས་བསྟན་འཛིན་དགེ་བའི་བཤེས་གཉེན་དུ་མ་དང་། བསྟན་པ་སྟོབས་ཀྱིས་འདེགས་པའི་མི་ཆེན་ཡང་། ཐོག་མར་ཀུན་མཁྱེན་ཉིད་འབྲི་གུང་པའི་བླ་མར་སོང་བས་དད་མོས་ཆེར་མེད་ཀྱང་། ཕྱིས་སུ་མཁས་པ་དང་གྲུབ་པའི་རྣམ་ཐར་གྱི་ཐུགས་ཕྲོགས་ཏེ་ཏི་ཤྲཱིར་བཀུར་བར་མཛད་པ། གངས་ཅན་ཡངས་པའི་ནོར་འཛིན་ལ་སྟོབས་ཀྱི་འཁོར་ལོས་སྒྱུར་བ་མི་རྗེ་ཕག་མོ་གྲུབ་པ་ཏཱིའི་སི་ཏུ་བྱང་ཆུབ་རྒྱལ་མཚན་དང་། དབུར་ཏོད་ཁྲི་དཔོན་སི་ཏུ་ཤཱཀྱ་བཟང་པོ། ཡར་འབྲོག་ཁྲི་དཔོན་རྡོ་རྗེ་རྒྱལ་མཚན་རྣམས་དང་། སློབ་དཔོན་ཆེན་པོས་ལུང་བསྟན་དུ། འབྲི་ཞེས་བྱ་བའི་ས་ཕྱོགས་སུ༔ ཀུན་དགའི་མིང་ཅན་བདུད་ཀྱི་བུ༔ ལུས་ལ་མཚོན་ཆའི་རི་མོ་ཡོད༔ ཤི་ནས་དམྱལ་བར་སྐྱེ་བར་འགྱུར༔ ལྷོ་ཡི་ཕྱོགས་ནས་འཇམ་དབྱངས་ཀྱི༔ སྤྲུལ་པ་གཅིག་གིས་འདུལ་བར་བྱེད༔ མནར་མེད་གནས་ནས་ཐར་པར་འགྱུར༔ ཞེས་ཡོད་པ་དེ་འབྲི་གུང་སྒོམ་པ་ཀུན་རིན་གྱིས་མཐོང་བས་ཁོ་རང་དོགས་པ་སྐྱེས་ཏེ་རང་གི་ལུས་ལ་དཔྱད་པས་རྒྱབ་ངོས་སུ་རལ་གྲི་འདྲ་བའི་ཤ་མཚན་གཅིག་བྱུང་བས་ལུང་བསྟན་རྒྱུ་དེ་རང་ཉིད་ཡིན་པར་ངོས་བཟུང་། ངས་དབུས་གཙང་འདིར་འཁྲུག་པ་ཆེན་པོ་གཅིག་བྱེད་འདོད་ཡོད་ཀྱང་། དམྱལ་བར་འགྲོ་ན་དེ་ཙམ་བྱེད་པ་དགོས་པ་མི་འདུག་བསམ་སྟེ་ཕྱོགས་ཀུན་དུ་དྲིལ་བསྒྲགས་ཏེ་ལྷོ་ཕྱོགས་སུ་འཇམ་དཔལ་གྱི་སྤྲུལ་པ་གང་ཡོད་བཙལ་ཚེ། མཁས་པ་ཀུན་ཞལ་འཆམ་པར་ད་ལྟ་དབུས་གཙང་གཉིས་ན། བསམ་ཡས་པ་ལས་མཁྱེན་རབ་རྒྱ་ཆེ་བ་གཞན་མི་བཞུགས་པས་འཇམ་དཔལ་གྱི་སྤྲུལ་པ་དེ་ཉིད་ཡིན་པར་གླེང་བས་ངེས་པ་རྙེད་དེ་གཙུག་གི་ནོར་བུར་བཀུར་བར་བྱས་པས། གནས་སྐབས་སུ་ཡུལ་དུ་འཁྲུག་པ་མ་བྱུང་བས་སྐྱེ་དགུ་རྣམས་བདེ་བ་དང་། གདུལ་བྱ་དེ་ཉིད་ཀྱང་གནས་ངན་ལེན་པའི་དུཿཁ་ལས་ཐར་ཏེ་བྱང་གྲོལ་གྱི་ས་བོན་ཐེབས་པར་མཛད་པའི་འབྲི་གུང་སྒོམ་པ་ཀུན་དགའ་རིན་ཆེན་ལ་སོགས་པ་སྟོབས་འབྱོར་ལྡན་པའི་ཆེ་དགུ་དུ་མས་ཀྱང་ཞབས་པད་སྤྱི་བོས་བླངས།

དེ་ལྟ་བུའི་སྐུ་ཚེ་དེ་ཉིད་ཀྱི་མཛད་པ་རྫོགས་སུ་ཉེ་བ་ཆུ་མོ་ཡོས་ཀྱི་གནམ་ལོ་ཤར་བ་དགུང་ལོ་ལྔ་བཅུ་ང་དྲུག་བཞེས་པའི་ཚེ། སྐལ་ལྡན་དུ་མར་དབང་ཁྲིད་གསུང་བའི་དུས་གཅིག་རྒྱལ་སྲས་བཟོད་པ་ལ་སྣག་ཤོག་ཉེར་བསྡོགས་ཀྱིས་གསུངས་ནས། ད་ནི་མི་སྡོད་པདྨ་ལས་འབྲེལ་རྩལ། །འཆི་མེད་བདེ་ཆེན་བཙན་ས་འཛིན་དུ་འགྲོ། །གཡུལ་ལས་རྣམ་པར་རྒྱལ་བའི་ལྷ་དབང་དང་། །རྒྱ་མཚོའི་དོན་ཡོངས་གྲུབ་པའི་ཚོང་པ་བཞིན། །བསམ་གཏན་གྲུབ་པའི་དགའ་བས་ཆེས་ལྷག་གོ། །ཞེས་སོགས་བུ་སློབ་སྤྱི་ལ་ཞལ་ཆེམས་དྲི་མ་མེད་པའི་འོད་གནང་། ཐམས་ཅད་སྐྲག་ཅིང་སྐྱོ་བར་གྱུར་པ་ལ། དོགས་པ་དང་བྲེལ་བ་མི་དགོས། ལོང་ཡོད་དུས་ཀྱི་སྔ་གཏམ་ཡིན་གསུངས། སྒོས་སུ་སྙིང་ཐིག་པ་རྣམས་ལ་ཞལ་ཆེམས་གནད་ཀྱི་མེ་ལོང་གཉིས་གནང་། སླར་ཡང་ཟབ་རྒྱས་ཀྱི་ཆོས་འཁོར་དཔག་མེད་མཛད། སློབ་མ་རྣམས་ལ་སྤྱིར་ཆོས་དོན་དུ་གཉེར་དགོས་པ་དང་། ལྷག་པར་ཁྲེགས་ཆོད་དང་ཐོད་རྒལ་གྱི་ཉམས་ལེན་གནད་དུ་བསྣུན་དགོས། དེར་མ་གོ་བའི་སྐབས་བྱུང་ན་ཁོ་བོའི་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་འདི་བསམ་འཕེལ་གྱི་ནོར་བུ་དང་འདྲ་བས་ལྟ་རྟོགས་ཞིབ་མོར་གྱིས་ལ་སྒོམ་དང་འཁོར་བ་ཟད་སར་འཁྱོལ་ནས་མྱང་འདས་ཀྱི་ས་ལ་སླེབས་པར་འགྱུར་རོ་ཞེས་ལེགས་པར་གདམས།

སླར་ཡང་བསམ་ཡས་སུ་གདན་འདྲེན་བྱུང་བས། རྒྱ་མར་ཕེབས་ཏེ་ཞག་ཤས་དེར་བཞུགས། དེ་ནས་བསམ་ཡས་སུ་བྱོན་ནས་བཞུགས། དེ་ནས་མཆིམས་ཕུར་ཕེབས་ཏེ། གནས་འདི་རྒྱ་གར་གྱི་དུར་ཁྲོད་བསིལ་བའི་ཚལ་དང་མཚུངས་པ་ཡིན་པས། གཞན་དུ་སྐྱེ་བ་ལས་འདིར་འཆི་བ་དགའ་བས། སྒྱུ་ལུས་འདི་དུར་ཁྲོད་ཆེན་པོ་འདིར་འཇོག་པ་ཡིན་གསུངས་ནས། ཅུང་ཟད་བསྙུན་ཚུལ་བསྟན་ཡང་། ད་དུང་ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་བཞིན། རྒྱལ་གྱི་ཟླ་བའི་ཚེས་བཅུ་དྲུག་གི་ཉིན་མོ་ནས་མཆོད་གཏོར་རྒྱ་ཆེན་པོ་བཤམས། བཅོ་བརྒྱད་ཀྱི་ཉིན་བུ་སློབ་ཁ་ཤས་མདུན་དུ་ཡོད་པར་མཆོད་པ་ཞིག་ཤོམས་ལ་ཁྱེད་རང་རྣམས་འདོང་གསུངས། ངེད་རྣམས་འདིར་ཅུང་ཞིག་སྡོད་པར་ཞུས་པས། ང་རང་གི་ཚེ་ཚད་སྔ་ནས་རྫོགས་ཀྱང་ད་བར་དུ་ཏིང་ངེ་འཛིན་གྱིས་ཚེ་བསྲིང་བ་ཡིན། ད་ངའི་སྒྱུ་ལུས་གོག་པོ་འདི་འདོར་བ་ཡིན་པས་ཅ་ཅོ་མ་བྱེད་པར་མཉམ་བཞག་ལ་སྡོད་གསུངས་ནས། སྐུ་གདུང་ཉིད་ཆོས་སྐུའི་བཞུགས་སྟངས་ཀྱིས་བཞག་སྟེ། དགོངས་པ་འོད་གསལ་གདོད་མའི་གཞི་དབྱིངས་སུ་རེ་ཞིག་ཐིམ། སྐུ་གདུང་ཞག་ཉེར་ལྔའི་བར་དུ་བཞག་པས་དེའི་རིང་ལ་འཇའ་འོད་ཀྱིས་གུར་དང་མེ་ཏོག་གི་ཆར་བབ། རྒྱལ་ཟླ་དང་ཆོ་འཕྲུལ་ཟླ་བ་གཉིས་ཀར་འཁྱགས་པ་ཞུ་ཞིང་དྲོད་ཕེབ་ནས་སེ་བའི་ལོ་མ་རྒྱས་པ་སོགས་ངོ་མཚར་བའི་ལྟས་དུ་མ་དང་། གདུང་ཞུགས་ཁང་དུ་སྤྱན་དྲངས་ཚེ་ས་ཆེན་པོ་གཡོས་ཤིང་། སྒྲ་ཆེན་པོ་ཡང་ལན་བདུན་དུ་གྲགས། ཞུགས་ལ་སྦྱངས་ཚེ་ཐུགས་ལྗགས་སྤྱན་གསུམ་ཀ་སྐལ་ལྡན་གྱི་སློབ་མ་རྣམས་ཀྱི་པང་དུ་བྱོན། རིགས་ལྔའི་རང་བཞིན་གྱི་ཤ་རཱི་རམ་སོགས་གདུང་ཆེན་ལྔ་དང་། རིང་སྲེལ་ཕྲ་མོ་བགྲང་ལས་འདས་པ་དང་། རིང་སྲེལ་གྱི་གོང་བུ་དག་ལས་བརྒྱ་སྟོང་དུ་འཕེལ་བ་ཅན་སོགས་རྩོད་བྲལ་དཔག་ཏུ་མེད་པ་བྱུང་། དབུ་ཀླད་ཤིན་ཏུ་སྲ་བའི་རིང་སྲེལ་གྱི་གོང་བུ་གཅིག་ཏུ་འདྲིལ་བ་ཀོང་པོ་སོགས་སུ་ད་ལྟའང་བཞུགས། གདུང་གི་སྙིགས་མ་ཐལ་སོས་རྣམས་མཆིམས་ཕུའི་གནས་སུ་རྡོ་ཡི་མཆོད་རྟེན་ཆུང་ངུར་བཅུག་པ་ལས། དེང་སང་ཡང་དད་ལྡན་དག་གིས་རིང་སྲེལ་དུ་མ་རྙེད་པ་བྱུང་།

སླར་ཡང་ཆོས་སྐུའི་ངང་ལས་གཟུགས་ཀྱི་སྐུའི་རྣམ་རོལ་དུ་བཞེངས་ནས་བསྐལ་པ་ཇི་སྲིད་དུ་རྒྱལ་བའི་བསྟན་པ་སྤྱི་དང་ངེས་གསང་སྙིང་པོའི་རིང་ལུགས་དར་རྒྱས་སུ་སྤེལ་བར་མཛད་པ་ལས། སྐུའི་སྐྱེ་བ་དེ་མ་ཐག་པ་ནི་མོན་བུམ་ཐང་དུ་གཏེར་ཆེན་པདྨ་གླིང་པ་ཞེས། སྨན་མདོ་བུམ་ཐང་། སྐྱེར་ཆུ་ལྷ་ཁང་མེ་འབར་མཚོ་སོགས་གཏེར་གནས་ཁྱད་འཕགས་བཅོ་བརྒྱད་ནས་ཟབ་གཏེར་རྣམ་གྲངས་ཉེར་ལྔ་ཙམ་བཞེས་པ་དེ་ཉིད་སྐྱེ་བ་རིམ་བརྒྱུད་མཐར་མངོན་པར་འཚང་རྒྱ་བར་ལུང་བསྟན་ནོ། །

དེ་དག་ཐུན་མོང་ཕྱིའི་རྣམ་ཐར་ཆེ་ལོང་ཙམ་སྟེ་ཤིན་ཏུ་གསང་བའི་རྣམ་ཐར་ནི་ཟུར་ཙམ་ཡང་འདིར་སྨྲོས་པ་མེད་དོ། །མདོར་ན་བདག་ཉིད་ཆེན་པོ་འདི་ནི། ཐུན་མོང་གི་སྣང་ངོར་ཡང་གསན་བསམ་བསྒོམ་པ་རྒྱ་མཚོའི་མཐར་ཕྱིན་པ་མཁས་ཤིང་གྲུབ་པའི་རྣམ་ཐར་རྩོད་མེད་ཀྱི་གོ་འཕང་ལ་གནས་པ་ནི་ས་སྟེང་ཀུན་དུ་གྲགས་ཤིང་གྲུབ་མོད། ཡང་དག་པའི་དོན་དུ་རྗེ་འདི་ཉིད་ས་བཅུ་པ་ཆོས་ཀྱི་སྤྲིན་ལ་གནས་པ་ཡིན་པས་འཇམ་དཔལ་དང་གསང་བའི་བདག་པོ་དང་ཀུན་དུ་བཟང་པོ་སོགས་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས་དང་དགོངས་སྤྱོད་ཐ་དད་དུ་དབྱེ་བ་མེད་པའི་ཕྱིར་ལྷའི་ཞལ་གཟིགས་དང་། གྲུབ་པའི་ཆོ་འཕྲུལ་འགའ་ཞིག་མཛད་ཚུལ་སོགས་བདག་ཉིད་ཆེན་པོ་འདི་ལྟ་བུ་ལ་ཡ་མཚན་དུ་རྩི་བའི་འོས་མ་ཡིན་མོད་ཀྱང་། གདུལ་བྱ་ཐུན་མོང་པ་དག་གི་ངོར། གནས་གང་དུ་འཁྲུངས་པ། སྐུ་ཚེ་ཇི་ཙམ་བཞེས་པ། མཛད་པ་ཇི་ཞིག་བསྟན་པ་རྣམས་མ་སྨྲོས་ན་བློ་ཚིམ་པར་མི་འགྱུར་བས་སྡེ་དགེའི་མཛོད་བདུན་དཀར་ཆག་སྐལ་བཟང་རྣ་བའི་དགའ་སྟོན་ཞེས་ཞེ་ཆེན་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་གྱིས་ཀུན་མཁྱེན་ཆེན་པོའི་རྣམ་ཐར་རྒྱས་བསྡུས་དང་། ཆོས་འབྱུང་རྣམས་གུང་བསྒྲིགས་ནས་བརྩམ་པ་ལ་གཞི་བྱས་ཏེ་བཀོད་པ་ཡིན་ནོ། །

དེ་ལྟ་བུའི་རྒྱལ་བ་གཉིས་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ་ཉིད་ཀྱི་ཟབ་མོ་དགོངས་པའི་རྩལ་ལས་བྱུང་བའི་བསྟན་བཅོས་ཀྱི་སྐོར་ལ། ཐུན་མོང་རིག་གནས་ཀྱི་སྡེ་ཚན་དུ་གཏོགས་པ། ཡིག་སྡེབ་ཀྱི་སྦྱོར་བ་དཔག་བསམ་སྙེ་མ་ཆེ་ཆུང་གཉིས། དོར་བསྡུས། སྒྲའི་མཚམས་སྦྱོར་གྱི་བསྟན་བཅོས་རབ་གསལ་ཟླ་བ། སྡེབ་སྦྱོར་ཉི་མའི་ཤིང་རྟ། ལྕི་ཡང་གི་གནས་རིན་པོ་ཆེའི་ལྡེ་མིག །མངོན་བརྗོད་མེ་ཏོག་འཁྲི་ཤིང་། སྙན་དངགས་ཀྱི་བསྟན་བཅོས་མེ་ཏོག་ཀུན་དུ་རྒྱས་པའི་སྐྱེད་མོའི་ཚལ། དཔེ་བརྗོད་ཀླུ་ཤིང་གི་མེ་ཏོག །གཉིས་ཀ་སྤེལ་བ་ཚངས་པའི་གསུང་དབྱངས་ཏེ་སྡེ་ཚན་བཅུ། གཏམ་གྱི་ཚོགས་ལ། མིའམ་ཅི་ཀུན་དུ་དགའ་བའི་ཟློས་གར། པོ་ཊ་ལ་ཀུན་དུ་དགའ་བའི་གཏམ། གཞོན་ནུ་ཞི་བའི་རྟོགས་བརྗོད་མེ་ཏོག་གི་ཆུན་པོ། བློ་གསལ་རི་བོང་གི་རྟོགས་བརྗོད། ནགས་ཚལ་ཀུན་དུ་དགའ་བའི་གཏམ། ནགས་ཀྱི་གཏམ་པདྨ་དཀར་པོ། གངས་རིའི་རྒྱན། ཀུན་དུ་བཟང་པོ། ཀུ་མུ་ཏའི་འཁྲི་ཤིང་སྟེ་ནགས་ཀྱི་གཏམ་ལྔ། སློབ་དཔོན། རབ་བྱུང་། སྐྱེ་བོ། མཁས་བླུན། བཤེས་གཉེན། ཆོས་དང་ཆོས་མིན་བརྟག་པའི་རབ་བྱེད་དྲུག་སོགས་ཆོས་སྡེ་བཞི་བཅུ་རྩ་ལྔ། བསྟོད་ཚོགས་ཀྱི་སྡེ་ཚན་ལ། རྒྱལ་བ་སྲས་བཅས་ཀྱི་ཚོགས་དང་། འཇིག་རྟེན་པའི་ལྷ་ཆེན་པོ་རྣམས་དང་། རི་དང་། རྒྱ་མཚོ། སྒྲུབ་གནས་བསམ་ཡས་དང་གསང་ཕུའི་ཆོས་གྲྭ་སོགས། གཙུག་ལག་ཁང་དང་ཆོས་སྡེ་རྣམས་ལ་བསྟོད་པའི་སྡེ་ཚན་བཞི་བཅུ་རྩ་གསུམ། ནང་དོན་རིག་པའི་སྐོར་ལ། རྒྱུ་ཕར་ཕྱིན་ཐེག་པའི་ཆོས་སྡེར་གཏོགས་པ། བྱམས་ཆོས་ལྔའི་སྤྱི་དོན་གྱི་འགྲེལ་པ། ས་ལམ་གྱི་རྣམ་གཞག་རིན་པོ་ཆེའི་ཐེམ་སྐས་རྩ་འགྲེལ་དང་བཅས་པ། མངོན་རྟོགས་རྒྱན་གྱི་ལུས་རྣམ་གཞག་གི་གསལ་བྱེད་རྒྱན་གྱི་སྣང་བ། འདུལ་བ་ཀཱ་རི་ཀཱའི་གསལ་བྱེད་འོད་ཀྱི་སྙེ་མ། དབུ་མ་ཐལ་འགྱུར་གྱི་དཀའ་གནས། གསལ་བ་རབ་ཏུ་མི་གནས་པའི་དོན་བསྡུས། བསླབ་བྱ་རྒྱལ་སྲས་ལམ་བཟང་སོགས་ལེགས་བཤད་རྒྱ་ཆེ་བའི་ཆོས་སྡེ་ཉེར་གསུམ། འབྲས་བུ་སྔགས་ཀྱི་ཆོས་སྡེར་གཏོགས་པ། ཆོས་སྤྱོད་ཐམས་ཅད་ཀྱི་མངོན་པར་རྟོགས་པའི་རྒྱུད་ཀྱི་བཤད་འགྲེལ་བྱང་ཆུབ་ལྗོན་ཤིང་། རྒྱུད་སྡེ་སྤྱིའི་དོན་བཤད་རྡོ་རྗེ་འབྱུང་བ། དམ་ཚིག་གསུམ་བཀོད་ཀྱི་རྣམ་བཤད་ཉི་མའི་འོད་ཟེར།

གཞན་ཡང་ཡིད་བཞིན་མཛོད། རྒྱུད་གསང་སྙིང་གི་རྒྱས་འགྲེལ་ཕྱོགས་བཅུའི་མུན་སེལ། བསྡུས་དོན་ཁྲིད་ཡིག་སོགས་ཆོས་སྡེ་དགུ། སྔགས་ཀྱི་སྒྲུབ་འཕྲིན་སྐོར་ལ། གནས་བརྟན་བཅུ་དྲུག་གི་ཆོ་ག་གཞན་ཕན་ནོར་བུ། སྒྲོལ་མའི་མཎྜལ་བཞི་པའི་ཆོ་ག་བདེ་ལེགས་ཀུན་འབྱུང་། སྨན་བླའི་ཆོ་ག་ཡོན་ཏན་ཕྲེང་རྫོགས། སྤྱོད་རྒྱུད་སྒྲུབ་ཐབས་ཟླ་བའི་ནོར་བུ། རྣམ་སྣང་སྒྲུབ་ཐབས་ངན་སོང་ཀུན་སྦྱོང་། ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་སློབ་མ་གཞུག་ཅིང་དབང་བསྐུར་བའི་ཆོ་ག །མི་འཁྲུགས་པའི་སྒྲུབ་ཐབས་སྡུག་བསྔལ་ཀུན་སྦྱོང་། ཤཱཀ་ཐུབ་སྒྲུབ་ཐབས་འོད་ཟེར་ཀུན་འབྱུང་། བྱམས་པའི་སྒྲུབ་ཐབས་པདྨ་བརྩེགས་པ། གཞན་ཡང་འཇམ་དཔལ། དབྱངས་ཅན་མ། ཕག་མོ། མི་གཡོ་བ། ཛམ་བྷ་ལ་རྣམས་དཀར་སེར་དམར་སྔོ་ནག་སོགས་སོ་སོའི་སྒྲུབ་ཐབས་དུ་མ། དམར་པོ་སྐོར་གསུམ། འོད་ཟེར་ཅན། ནོར་རྒྱུན་མ། ཨཾ་གུ་ལི། དུག་སེལ་ཅན། རྣམ་རྒྱལ་མ་སོགས་དང་། དབང་ཕྱུག་ཁྱབ་འཇུག་སོགས་འཇིག་རྟེན་པའི་སྡེ་ཚན་དུ་གཏོགས་པ། གཞན་བྱ་སྤྱོད་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་གསར་རྙིང་ཐམས་ཅད་ཀྱི་རྩ་གསུམ་ཆོས་སྲུང་ནོར་ལྷར་བཅས་པའི་སྒྲུབ་ཐབས་དུ་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་སྒྲུབ་ཐབས་སྐོར་ཆོས་ཚན་བརྒྱད་ཅུ་རྩ་ལྔ། རྡོ་རྗེ་ཐེག་པའི་རྫོགས་རིམ་གྱི་སྐོར་ལ། བདེ་མཆོག་རིམ་ལྔའི་ཟབ་དོན་སྙིང་པོའི་ཡང་ཞུན། གསང་འདུས་རིམ་ལྔའི་ཟབ་དོན་འོད་གསལ་འཁོར་ལོ། སྦྱོར་དྲུག་བསྡུས་དོན་དེ་ཉིད་འདུས་པ། ལམ་འབྲས་བསྡུས་དོན་རིམ་གཉིས་འཁོར་ལོ། ཆོས་དྲུག་སྙིང་པོ་འོད་གསལ་རྣམ་སྦྱོང་སོགས་ཆོས་ཚན་ཉི་ཤུ་ལྷག་ཙམ་བཞུགས་པར་བཤད།

ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་གསང་ཆེན་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོའི་ལམ་ལ་དངོས་དང་བརྒྱུད་ནས་འཇུག་པའི་བསྟན་བཅོས་ཆེན་པོ་ནི། མཛོད་ཆེན་བདུན། ངལ་གསོ་སྐོར་གསུམ་གྱི་རྩ་བ་དང་། དེའི་ཡན་ལག་རང་གྲོལ་སྐོར་གསུམ། ཡང་ཏིག་རྣམ་པ་བཞི་ལ་སོགས་པའོ། །བསྟན་བཅོས་ཀུན་དྲིལ་བས་ཆོས་ཀྱི་སྡེ་ཚན་བརྒྱ་ཕྲག་གཉིས་དང་དྲུག་ཅུ་རྩ་གསུམ་དུ་བཞག་པ་ནི་མདོ་ཙམ་སྨྲོས་པ་ཡིན་གྱི། དེ་དག་སོ་སོའི་མཚན་གྱི་རྣམ་གྲངས་སོགས་བཀའ་འབུམ་གྱི་དཀར་ཆག་རིན་པོ་ཆེ་མཛོད་ཁང་དུ་གསལ་ཞིང་དཀར་ཆག་ཏུ་མ་ཐེབས་པའི་གསུང་ཐོར་བུ་འགའ་ཡང་ཡོད་པར་མངོན་ལ་ཕལ་ཆེར་དཀར་ཆག་ཏུ་ཐེབས་པ་འགའ་ཡང་དེང་སང་དཔེ་རྙེད་པར་མི་སྣང་ངོ་། །

དེ་ལ་ཀུན་མཁྱེན་ཆེན་པོའི་བསྟན་བཅོས་ཀྱི་གཙོ་བོ་ནི། མཛོད་ཆེན་བདུན་དང་། ངལ་གསོ་སྐོར་གསུམ། སྙིང་ཐིག་པོད་བཞི་རྣམས་ཡིན་པས། དང་པོ་མཛོད་བདུན་ནི། མདོ་རྒྱུད་བསྟན་བཅོས་མཐའ་དག་གི་དོན་ཐོས་བསམ་བསྒོམ་པས་གཏན་ལ་འབེབས་ཅིང་། ཐེག་པ་དང་གྲུབ་མཐའ་སྤྱིའི་གནད་སྟོན་པ། ཟབ་ཅིང་རྒྱ་ཆེ་བའི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་རྩ་བ་ལེའུ་ཉེར་གཉིས་པ། དེའི་དགོངས་འགྲེལ་ཊཱིཀ་ཆེན་པདྨ་དཀར་པོ། ཁྲིད་ཡིག་ཟབ་དོན་རྡོ་རྗེ་སྙིང་པོ་དང་བཅས་པ་ནི་དང་པོའོ། །གྲུབ་མཐའ་རིན་པོ་ཆེའི་མཛོད་ནི་ཡིད་བཞིན་མཛོད་རྩ་འགྲེལ་དུ་ཡང་ཕྱི་ནང་གི་གྲུབ་མཐའ་རྒྱས་པར་བཤད་མོད་ཀྱི། གཙོ་བོར་ནང་པའི་མདོ་དང་སྔགས་ཀྱི་གྲུབ་མཐའ་གསར་རྙིང་གི་བཞེད་སྲོལ་བཅས་རྒྱ་ཆེར་བསྟན་པ་ལེའུ་བརྒྱད་པ་སྟེ། མཛོད་འདི་གཉིས་ནི་རྒྱུ་འབྲས་ཀྱི་ཐེག་པ་ཀུན་གྱི་ལམ་གནད་སྤྱིར་བསྟན་པས་ཐོས་བསམ་གྱིས་སྒྲོ་འདོགས་གཅད་པར་བྱ་བའི་གཞུང་ཟབ་ཅིང་རྒྱ་ཆེ་བ་ཡིན་ནོ། །མན་ངག་རིན་པོ་ཆེའི་མཛོད་ནི་རྫོགས་པ་ཆེན་པོའི་ལམ་གྱི་སྔོན་འགྲོ། གང་ཟག་གང་ཡང་རུང་སྟེ། བསླབ་བྱ་དང་གདམས་པ་ལམ་དང་འབྲས་བུའི་ཆོས་རྣམས་ཀྱི་ཉམས་ལེན་གནད་འགག་དྲིལ་ནས་སྐལ་བཟང་རྣམས་ལ་ཞལ་གདམས་སུ་སྤེལ་བ། ཐམས་ཅད་དྲུག་ཚན་རེ་རེའི་ཆིངས་སུ་བསྟན་པ། དེ་རེ་རེ་ལའང་བསམ་ན་དོན་རྒྱ་ཆེན་པོ་འདུས་ཤིང་སེམས་ལ་འཆང་བའི་མན་ངག་ཏུ་གྱུར་པས་ཡོན་ཏན་རིན་པོ་ཆེའི་གཏེར་དང་ལྡན་པའོ། །ཁྱད་པར་དུ་འོད་གསལ་རྫོགས་པ་ཆེན་པོའི་ལམ་དངོས་ནི་ཀ་དག་ཁྲེགས་ཆོད་དང་། ལྷུན་གྲུབ་ཐོད་རྒལ་གཉིས་ཡིན་པས། ཀ་དག་ཁྲེགས་ཆོད་ཀྱི་ཉམས་ལེན། ཆོས་ཐམས་ཅད་གདོད་ནས་རྣམ་པར་དག་པའི་རང་བཞིན་རྫོགས་པ་ཆེན་པོ་བྱར་མེད་ཡེ་སངས་རྒྱས་པའི་དགོངས་དོན་རྗེན་པར་སྟོན་པ་ཆོས་དབྱིངས་རིན་པོ་ཆེའི་མཛོད་རྩ་བ་ལེའུ་བཅུ་གསུམ་པ། དེའི་འགྲེལ་པ་ལུང་གི་གཏེར་མཛོད་ཞེས་བྱ་བ། མཚན་གྱི་རྣམ་གྲངས་གཞན་ཆོས་དབྱིངས་གསལ་བ། རྟོགས་པའི་སྣང་བ། ཐེག་པའི་རྒྱལ་པོ་ཞེས་གྲགས་པ་དང་བཅས་པའོ། །འདི་ནི་གཙོ་བོ་ཀློང་སྡེའི་ཀ་དག་ཆོས་ཀྱི་དབྱིངས་སྟོན་ཚུལ་ཡིན་ཀྱང་ཀུན་བྱེད་རྒྱལ་པོ་སོགས་སེམས་ཀྱི་སྡེའི་ཀ་ནས་དག་པའི་སེམས་ཉིད་དམ་བྱང་ཆུབ་ཀྱི་སེམས་གཏན་ལ་དབབ་པ་དང་ཡང་མཐུན་ཞིང་། རང་གཞུང་ལས། སྡེ་གསུམ་ཀློང་དགུ་རྫོགས་པ་ཆེན་པོའི་དོན། །ཞེས་སོགས་གསུངས་པ་ལྟར་རྫོགས་ཆེན་སྡེ་གསུམ་གྱི་རྒྱུད་ལས་བསྟན་པའི་ཀ་དག་གི་དགོངས་པ་གཞི་ལམ་འབྲས་གསུམ་གྱི་གནད་གསལ་བར་བྱེད་པ་ཡིན་ནོ། །གནས་ལུགས་རིན་པོ་ཆེའི་མཛོད་ནི་རྫོགས་ཆེན་སྡེ་གསུམ་གྱི་ཀ་དག་ཁྲེགས་ཆོད་ཀྱི་དོན་འགྲེལ། རང་བྱུང་འོད་གསལ་ཡེ་ཤེས་ཀྱི་གནས་ལུགས་རྗེན་པར་སྟོན་པ། གཙོ་བོར་གསང་བ་མན་ངག་སྡེའི་ཁྲེགས་ཆོད་ཀྱི་ཉམས་ལེན་དང་མཐུན་ལ། ཐེག་པ་འོག་མ་པའི་སྤང་བླང་བྱ་རྩོལ་གྱི་གཟེབ་ལས་གྲོལ་བའི་གཉུག་མ་དེ་ཁོ་ན་ཉིད་ཀྱི་དོན་ལྷུག་པར་བསྟན་པ་རྡོ་རྗེའི་དོ་ཧ་ཆེན་མོ་མེད་པ་ཕྱལ་བ་ལྷུན་གྲུབ་གཅིག་པ་སྟེ། འོད་གསལ་རྡོ་རྗེ་རྩེ་མོའི་རང་ལུགས་ཀྱི་དམ་ཚིག་གི་མདོ་ཆིངས་ཆེན་པོ་བཞིའི་ཆིངས་སུ་བཅིངས་ཤིང་། དེ་རེ་རེ་ལའང་དེ་ཁོ་ན་ཉིད་དུ་གནད་བཀྲོལ། རང་བྱུང་ཡེ་ཤེས་སུ་འགག་བསྡམ། སྐྱེ་མེད་བསམ་ཡུལ་ལས་འདས་པར་ཆིངས་སུ་བཅིང་། རྒྱུ་འབྲས་བྱ་རྩོལ་ལས་འདས་པར་ལ་བཟླ་བ་སྟེ་རྡོ་རྗེའི་གནས་ཆེན་པོ་བཅུ་དྲུག་གི་རྣམ་པར་བསྟན་པ་རྩ་བ་ལེའུ་ལྔ་པ། དེའི་འགྲེལ་པ་དང་བཅས་པའོ། །དེས་ན་མཛོད་ཆེན་འདི་གཉིས་ནི་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་སྟོན་པའི་བསྟན་བཅོས་ཡིན་ལ། སྔ་མ་བཞག་ཐབས་གཙོ་བོར་བསྟན་པ་དང་། ཕྱི་མ་འདི་དེ་ཁོ་ཉིད་དུ་ལ་བཟླ་བ་གཙོ་བོར་མཛད་པ་ལྟ་བུ་ཡིན་ནོ། །ཐེག་མཆོག་རིན་པོ་ཆེའི་མཛོད་ནི་རྫོགས་པ་ཆེན་པོ་གསང་བ་མན་ངག་སྡེའི་རྒྱུད་བཅུ་བདུན་དང་། མན་ངག་བརྒྱ་བཅུ་དགུའི་དོན་འགྲེལ་སྟོན་པ་སྐུ་གསུམ་གྱི་བྱུང་ཚུལ་ནས་ལྷུན་གྲུབ་འབྲས་བུའི་རྣམ་གཞག་ལ་ཐུག་གི་བར་རིམ་པའི་ཁང་པ་ཉི་ཤུ་རྩ་ལྔས་རྒྱས་པར་བཤད་པ་འདིར་མན་ངག་སྡེ་གསང་བ་འོད་གསལ་སྙིང་ཐིག་གི་རྒྱུད་དང་མན་ངག་རྒྱ་མཚོ་ལྟ་བུ་གཞི་ལམ་འབྲས་བུའི་ཚུལ་ཐམས་ཅད་དང་། ཁྱད་པར་དུ་ལམ་ཁྲེགས་གཅོད་དང་ཐོད་རྒལ་གྱི་གསང་དོན་མ་སྦས་པར་བཀྲོལ་བ་འཇིག་རྟེན་གསུམ་ན་རྨད་དུ་བྱུང་བའི་རིན་ཆེན་གཅིག་པ་བ་ཉིད་དོ། །དེ་ལྟར་ཐེག་མཆོག་མཛོད་བརྗོད་བྱ་ཤིན་ཏུ་རྒྱ་ཆེ་བས་རིམ་ཁང་དྲུག་པ་མན་ཆད་ཀྱི་གནད་དོན་ཉམས་ཁྲིད་ལྟ་བུར་བསྡུས་ཏེ། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་བསྟན་པ་ནས། མཐར་ཐུག་འབྲས་བུའི་གྲོལ་ས་ཆེན་པོ་ལ་ཐུག་གི་བར་གྱི་རྡོ་རྗེའི་གནས་བཅུ་གཅིག་ཏུ་བསྟན་པ་ཚིག་དོན་རིན་པོ་ཆེའི་མཛོད་དམ། འོད་གསལ་མཛོད་དུའང་གྲགས་པ་འདི་ནི་ལམ་ཁྱེར་གནད་ཀྱི་དོན་འགྲེལ་ཟབ་མོའོ། །མཛོད་ཆེན་འདི་གཉིས་ནི་དོན་འདྲ་ལ་རྒྱས་བསྡུས་ཙམ་གྱི་ཁྱད་པར་ཡིན་ཞིང་། གསང་བ་མན་ངག་སྡེའི་དགོངས་པ་མཐར་ཐུག་པ་འོད་གསལ་སྙིང་ཐིག་གི་ལམ་གནད་ཚུལ་བཞིན་བསྟེན་པ་ཡིན་ནོ། །དེ་ལྟར་བྱང་ཆུབ་ཡན་ལག་བདུན་ནམ། རྒྱལ་སྲིད་རིན་པོ་ཆེ་བདུན་གྱི་གྲངས་དང་མཚུངས་པའི་མཛོད་ཆེན་བདུན་ཞེས་ཡོངས་སུ་གྲགས་པ་འདི་ནི། རྒྱལ་བའི་བསྟན་པ་མཐའ་དག་གི་དགོངས་དོན་འདུ་བའི་ལེགས་བཤད་ཀྱི་རྒྱ་མཚོ་ཆེན་པོ། ཟབ་གསང་རྡོ་རྗེའི་སྙིང་པོའི་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པས་གང་བ། སྐལ་བཟང་བློ་ཡི་འདོད་པ་ཅི་དགར་འཇོ་བའི་གཞུང་དམ་པ་གཞན་པའི་སྤྱོད་ཡུལ་ལས་འདས་པ་འཕགས་ཆེན་སེམས་དཔའ་ཆེན་པོའི་བསྟན་བཅོས་ཁྱད་པར་ཅན། རྒྱལ་བ་རྡོ་རྗེ་འཆང་གི་བཀའ་དང་རྣམ་དབྱེར་མེད་པ་ཉིད་དུ་གྲུབ་པའོ། །

ངལ་གསོ་སྐོར་གསུམ་ནི། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལེའུ་བཅུ་གསུམ་པ། དེའི་བསྡུས་དོན་ལྡེ་མིག་ཀུནྡའི་ཕྲེང་བ། རྒྱ་ཆེར་འགྲེལ་པ་ངེས་དོན་ཤིང་རྟ་ཆེན་པོ། བསྡུས་དོན་པདྨ་དཀར་པོ། དགེ་བ་གསུམ་གྱི་དོན་ཁྲིད་བྱང་ཆུབ་ལམ་བཟང་དང་བཅས་པ་འདི་ནི། རྒྱུ་འབྲས་ཐེག་པ་རྒྱ་མཚོའི་གནད་ཐམས་ཅད་འགལ་མེད་ལམ་གྱི་རིམ་པར་འཆར་ཞིང་། རང་སེམས་འོད་གསལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་དུ་ལྟ་བ་གཏན་ལ་འབེབ་པ་གཙོ་བོར་སྟོན་པ་ཡིན་ནོ། །གཉུག་མ་རང་གནས་ཀྱི་ཏིང་འཛིན་བསྒོམ་པའི་ལམ་ཟབ་སྟོན་པ་བསམ་གཏན་ངལ་གསོའི་རྩ་བ་རྡོ་རྗེའི་གནས་གསུམ་པ། དེའི་བསྡུས་དོན་པཎྜ་རཱི་ཀའི་ཕྲེང་བ། ཟབ་མོའི་གནས་ལུགས་དག་གིས་གསལ་བར་བྱེད་པའི་རྒྱས་འགྲེལ་ཤིང་རྟ་རྣམ་དག །འོད་གསལ་སྒོམ་པའི་དོན་ཁྲིད་སྙིང་པོ་བཅུད་བསྡུས་དང་བཅས་པ་ནི་བསྒོམ་པ་གཙོ་བོར་སྟོན་པའི་བསྟན་བཅོས་སོ། །ཆོས་ཀུན་ལ་བདེན་ཞེན་གྱི་འཆིང་བ་བཅད་ནས་སྒྱུ་མའི་དཔེ་བརྒྱད་ལྟར་སྟོན་པ་སྒྱུ་མ་ངལ་གསོ། རྩ་བ་ལེའུ་བརྒྱད་པ། བསྡུས་དོན་མནྡ་རའི་ཕྲེང་བ། བློ་གྲོས་སྣང་བ་རྒྱས་བྱེད་རྒྱས་འགྲེལ་ཤིང་རྟ་བཟང་པོ། འོད་གསལ་གྱི་དོན་གསལ་སྟོན་དོན་ཁྲིད་ཡིད་བཞིན་ནོར་བུ་དང་བཅས་པ་ནི། ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་ལྟར་ཤེས་ནས་གང་ལའང་མ་ཆགས་པར་བྱེད་པའི་སྤྱོད་པ་གཙོ་བོར་སྟོན་པའི་བསྟན་བཅོས་ཡང་དག་ཡིན་ནོ། །ངལ་གསོ་སྐོར་གསུམ་གྱི་ཆོས་འབྱུང་ཤེས་རབ་གསལ་བ་ཞེས་སྤྱི་དོན་ལེགས་བཤད་རྒྱ་མཚོ་དང་དཀར་ཆག་པདྨ་སྟོང་ལྡན་ཏེ་ངལ་གསོ་སྐོར་གསུམ་གྱི་རྩ་བ་དང་ཡན་ལག་གི་ཆོས་སྡེ་བཅོ་ལྔ་བཞུགས་སོ། །

སྙིང་ཐིག་པོད་བཞི་ནི། པཎ་ཆེན་བི་མ་ལས་རྩོམ་པར་བསྐུལ་བ་བཞིན་དུ་པཎ་ཆེན་དྲི་མེད་བཤེས་གཉེན་གྱི་རྫོགས་པ་ཆེན་པོའི་གདམས་ཟབ་བི་མ་སྙིང་ཐིག་ཅེས་གྲགས་པ་ཟབ་པ་པོད་བཞི་དང་མན་ངག་བརྒྱ་བཅུ་དགུ་སོགས་ཆོས་སྡེ་ཤིན་ཏུ་རྒྱས་པ་དེ་ཉིད། སྙིང་པོ་ཉུང་ངུར་བསྡུས་པ་བི་མ་ཡང་ཏིག་དང་། སྐུ་ཡི་སྐྱེ་བ་སྔ་མར་རྫོགས་ཆེན་པདྨ་སྙིང་ཐིག་གམ་མཁའ་འགྲོ་སྙིང་ཐིག་གི་དཔེ་གཏེར་ནས་གདན་དྲངས་པས་བརྗོད་བྱེད་ཚིག་གི་ཆ་དབང་བར་གྱུར་ཀྱང་། ཀུན་མཁྱེན་ཉིད་ཀྱི་སྐུ་དུས་སུ་ཁྲེགས་ཆོད་དང་ཐོད་རྒལ་གྱི་ཉམས་ལེན་རྩལ་རྫོགས་པས་འོད་གསལ་དག་པའི་སྣང་བ་ལོངས་སྐུའི་ཞིང་རབ་འབྱམས་མཐའ་ཀླས་པར་གཟིགས། ཤིང་མོ་ཡོས་ཀྱི་ལོར་འཆིམས་ཕུའི་གནས་སུ་མཁའ་འགྲོ་སྙིང་ཐིག་ཉིད་དགོངས་པའི་གཏེར་དུའང་བབ་ནས་བརྗོད་བྱའི་དོན་མ་ལུས་ཐུགས་ལ་ཤར་ཏེ། ཟབ་ཅིང་རྒྱ་ཆེ་བ་ཤོག་སྐྱ། ཡང་ཟབ་རྣམས་ཤོག་འདྲ། ཤིན་ཏུ་ཡང་ཟབ་རྣམས་ཤོག་སེར་ཏེ་སྐོར་གསུམ་དུ་འདུས་པའི་མཁའ་འགྲོ་ཡང་ཏིག་ཆོས་སྡེ་ལྔ་བཅུ་རྩ་ལྔ་པ་མཛད། མཁའ་འགྲོ་སྙིང་ཐིག་ཚིག་ཉུང་ལ་རྒྱུད་དོན་བརླིང་ཞིང་རྟོགས་དཀའ་བ་ལའང་དོན་རྒྱས་དཀྲོལ་ལྟ་བུར་ཡང་འགྲོ་ཞིང་། སྔར་རྫོགས་ཆེན་བཀའ་མའི་གདམས་སྐོར་རྣམས་བསྡོམ་པ་ཟབ་མོ་ཡང་ཏིག་གི་པོད་དང་གསུམ། དེ་ཐམས་ཅད་ཀྱི་ཉམས་ལེན་གནད་དུ་དྲིལ་བ། ཐིག་ལེ་མཆོག་གསང་རྫོགས་པ་ཆེན་པོའི་ཆོས་སྡེ་བླ་མ་ཡང་ཏིག་གམ། ཡང་ཟབ་ཡིད་བཞིན་ནོར་བུར་གྲགས་པའི་ཆོས་སྡེ་སུམ་ཅུ་རྩ་ལྔ་པ་སྟེ། དེ་ལྟར་བཞི་པོ་འདི་ནི་རྫོགས་པ་ཆེན་པོའི་ཉམས་ལེན་གནད་ཀྱི་མན་ངག་གི་ཆོས་སྡེ་ཡིན་ལ། དེ་ཀུན་གྱི་ནང་ན་སྙིང་པོར་དྲིལ་བ་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་འདི་གདམས་པ་ཐམས་ཅད་ཀྱི་མཐིལ་དུ་གདམས་པར་མཛད་པ་ཡིན་ནོ། །གཞན་སྙན་བརྒྱུད་ཐིག་ལེ་གསང་སྐོར་དང་བཅས་པ་སྟེ། སྙིང་ཐིག་སྡེ་གསུམ་གསུམ་དུ་བརྩིས་པའི་ཆོས་ཀྱི་རྣམ་གྲངས་བཞི་བཅུ་ལྷག་ཙམ་མོ། །

དེ་ལྟར་ལེགས་བཤད་ཀྱི་བསྟན་བཅོས་ཆེན་པོ་འདི་རྣམས་ནི། ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་གཟིགས་པའི་འཕགས་ཆེན་སེམས་དཔའ་ཆེན་པོའི་བསྟན་བཅོས་ཡིན་པས། ནོར་བའི་དྲི་མ་ནམ་ཡང་མི་སྲིད་ལ། སོ་སྐྱེས་མང་ཐོས་རིགས་ལམ་ལ་སྦྱང་བ་མཁས་པར་ཡོངས་སུ་གྲགས་པ་མང་པོ་དག་གིས་ཀྱང་འགྲན་པའི་འོས་མ་ཡིན་པས། གཞུང་འདི་རྣམས་སུ་རྒྱུ་དང་འབྲས་བུའི་ཐེག་པའི་རྣམ་གཞག་ཇི་ལྟར་མཛད་པ་ལྟར་བཟུང་བར་བྱས་ན། བློ་ལྡན་རྣམས་ཀྱི་དཔྱད་པའི་སྒོ་སྣ་ཚོགས་ཀྱིས་བརྟགས་ཀྱང་། བློ་གྲོས་ན་འཕར་བའི་ཚེ་ཆོས་རྗེ་ཉིད་ཀྱིས་ཇི་ལྟར་བསྟན་པ་ལྟར་ངེས་ཤིང་རྣམ་པ་གཞན་དུ་བསྒྱུར་མི་ནུས་པར་མཐོང་བས། ཤིང་རྟ་ཆེན་པོ་རྣམ་གཉིས་ཀྱི་གསུང་རབ་བཞིན་དུ་རྒྱལ་དབང་ཀློང་ཆེན་པའི་གསུང་རྣམས་ཀྱང་བསྟན་བཅོས་གཞན་ལས་ཁྱད་པར་འཕགས་པ་ཉིད་དུ་ངེས་པ་དང་། ཁྱད་པར་ཚེ་གཅིག་གིས་སངས་རྒྱས་འགྲུབ་པའི་མྱུར་ལམ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ཀྱི་མཐར་ཐུག་རྫོགས་ཆེན་ཨ་ཏི་ཡོ་གའི་ལམ་ཉམས་སུ་ལེན་པ་ལ། རྫོགས་ཆེན་གྱི་རྒྱུད་ལུང་ཟབ་མོ་རྣམས་ཀྱི་དགོངས་དོན་འཁྲུལ་པའི་དྲི་མ་ཅུང་ཟད་ཀྱང་མེད་པར་ཇི་ལྟ་བ་བཞིན་དུ་གསལ་ཞིང་མ་སྦས་པར་རྗེན་པར་སྟོན་པའི་བསྟན་བཅོས་འདི་རྣམས་རྣམ་གྲོལ་དོན་གཉེར་རྣམས་ལ་མིག་ཏུ་གྱུར་པའི་ཕྱིར། རྒྱལ་མཆོག་ལྔ་པ་ཆེན་པོ་སོགས་ངེས་པའི་དོན་ལ་མཁས་པའི་དབང་པོ་དུ་མས་ངེས་གསང་རྡོ་རྗེ་སྙིང་པོའི་ལམ་འཆད་པ་ལ། ཀུན་མཁྱེན་ཆེན་པོ་འདི་ཉིད་རྒྱུད་ཀྱི་སྡུད་པ་པོ་དང་མཚུངས་པར་བསྔགས་པ་ལྟར། བདག་ཉིད་ཆེན་པོ་འདིའི་གསུང་རབ་རྣམས་ནི་རྣམ་གྲོལ་དོན་གཉེར་གྱི་གང་ཟག་རིས་མེད་པ་དང་། ཁྱད་པར་སྔ་འགྱུར་རྙིང་མའི་བསྟན་ཞབས་སུ་སྐྱེས་ཤིང་། དེ་ཡི་གྲུབ་མཐའ་འཛིན་པར་ཁས་འཆེ་བ་དག་གིས་རྒྱུ་དང་འབྲས་བུའི་ཐེག་པའི་རྣམ་གཞག་དང་ཁས་ལེན་ཐམས་ཅད་བླ་མ་ཀུན་མཁྱེན་ཆེན་པོས་ཇི་ལྟར་བཞེད་པ་བཞིན་བཟུང་ན་རྙིང་མ་པ་ཡིན་པའི་མིང་དོན་དང་ལྡན་པར་འགྱུར་ལ། དེ་ལས་གཞན་དུ་གྱུར་ན་སྔ་འགྱུར་བའི་གྲུབ་མཐའི་ར་བ་ལས་འདས་ཏེ་རྒྱལ་བུ་དམངས་སུ་འཁྱམ་པ་ལྟར་འགྱུར་བ་ཡིན་ནོ། །

ངེས་དོན་ཉམས་སུ་ལེན་འདོད་རྣམས་ཀྱིས་ཀྱང་གཞུང་འདི་རྣམས་ལ་འཆད་ཉན་དང་བསྒོམ་སྒྲུབ་གཙོ་བོར་བྱ་དགོས་ཏེ། རྫོགས་པ་ཆེན་པོ་སོགས་ཀྱི་ཉམས་ལེན་གྱི་གནད་རྣམས་གཞུང་འདི་དག་ཏུ་བསྟན་པ་ལས་ལྷག་པ་སྔར་ཡང་མ་བྱུང་། ད་ལྟ་དང་མ་འོངས་པ་ན་འབྱུང་མི་སྲིད་པས། རྙིང་མ་པ་རྣམས་ཀྱིས་གཏེར་ཁ་སོ་སོའི་ཡིག་ཆའི་སྒྲུབ་འཕྲིན་གྱེར་འདོན་དང་། ཁྲིད་ཡིག་ཁོལ་བུ་ཙམ་ལ་རེ་ལྟོས་བྱས་ནས་ལུང་པ་རེ་ལ་ཆོས་ལུགས་རེ་འཛིན་པའི་ཞེན་ཚུགས་བཏང་ནས། བླ་མ་ཀུན་མཁྱེན་ཆེན་པོའི་གསུང་རབ་རྣམས་སྤྱི་ཕུད་དུ་འཁུར་ཏེ། ལུང་ནོད་པ་དང་། ཡི་གེ་འབྲི་བ་དང་། འཆད་ཉན་བྱེད་པ་དང་། དོན་སེམས་པ་དང་། བསྒོམ་པ་སོགས་ཆོས་སྤྱོད་བཅུ་ལས་རང་གི་ནུས་པ་དང་བསྟུན་ཏེ་ཅི་རིགས་སུ་འཇུག་དགོས་པ་ཡིན་ཏེ། སྔ་འགྱུར་རྙིང་མ་པ་རང་ལུགས་ཀྱི་དབང་དུ་བྱས་ན་ཡང་། སྔོན་གྱི་པཎ་གྲུབ་དང་ལོ་ཙཱ་བ་ཆེན་པོ་རྣམས་ཀྱི་བཞེད་པའི་རྗེས་སུ་ཞུགས་པའི་བསྟན་འཛིན་མཁས་པ་དང་གྲུབ་པའི་རྣམ་ཐར་རྨད་དུ་བྱུང་བ་དུ་མ་བྱོན་མོད་ཀྱི། ཐེག་པའི་རྒྱལ་པོ་འོད་གསལ་སྙིང་ཐིག་གི་བཀའ་བབ་པ་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་བཞེད་པ་ངེས་གསང་སྙིང་པོའི་གྲུབ་མཐའ་གཞི་ལམ་འབྲས་བུའི་རྣམ་གཞག་གི་གནད་མཐའ་དག་ཚང་ལ་མ་ནོར་བར་བསྟན་པའི་བསྟན་བཅོས་འདི་རྣམས་དང་མཚུངས་པ་གཞན་གང་ཡང་མ་བྱུང་བའི་ཕྱིར་དང་། རྒྱལ་བའི་དགོངས་པ་ཇི་ལྟ་བ་བཞིན་དུ་བསྟན་པའི་གཞུང་འདི་རྣམས་ལ་ལྟ་རྟོགས་གོམས་འདྲིས་བགྱིས་ན། བྱིན་རླབས་ཀྱི་གཟི་བྱིན་མཚུངས་པ་མེད་པའི་ཡེ་ཤེས་འཕོ་བའི་སྟོབས་ཀྱིས་གྲུབ་མཐའ་མཐའ་དག་གི་དཀའ་གནད་རང་གྲོལ་ནས། སེམས་ཆོས་ཉིད་གཉུག་མའི་དོན་ལ་རང་ཤུགས་ཀྱིས་གནས་པར་འགྱུར་བ་སོགས་ཡོན་ཏན་ཚད་མེད་པ་ཐོབ་པར་འབྱུང་བ་ནི། དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་ཀུན་མཁྱེན་གསུང་བསྟོད་ལས་ཇི་སྐད་བསྟན་པ་ལྟར་བློ་ལྡན་སྐལ་བཟང་རྣམས་ལ་རང་བློར་ཡིད་ཆེས་མངོན་སུམ་དུ་བསྐྱེད་པར་ནུས་པའི་ཕྱིར་རོ། །

བླུན་པོ་རང་མཐོང་ཅན་དག །ངེད་རང་གི་ཆོས་འདིས་ཆོ་ག་གཞན་ཅི་ཡང་མི་དགོས་ཞེས་སྨྲ་བ་དང་། རྙིང་མའི་རྒྱུད་ལུང་དང་ཀློང་ཆེན་པའི་གསུང་རྣམས་བཀའ་གཉན་ཞིང་ཟབ་པས་ཡིག་སྐྱོན་བསལ་བའི་ཞུས་དག་ཀྱང་མི་རུང་བ་སྐད་དུ་སྨྲ་བ་དང་། གཏེར་མ་རྣམས་གཉན་པས་ཆོག་འགྲིགས་ཀྱང་མི་རུང་བ་སྐད་དུ་སྨྲ་བའི་བླུན་པོའི་གསང་ཚིག་མཁས་པའི་ཚོགས་སར་དབྱུང་དུ་མི་རུང་བ་ངོ་མཐོན་དུ་བརྗོད་པ་འགའ་སྔར་ཡང་བྱུང་། ད་ལྟ་དང་ཕྱིས་སུ་ཡང་འབྱུང་མོད། རྙིང་མའི་རྒྱུད་ལུང་དང་བསྟན་བཅོས་ཟབ་མོ་རྣམས་དང་གཏེར་བྱོན་རྡོ་རྗེའི་གསུང་བ། སླད་མེད་རྣམས་ཟབ་ཅིང་བཀའ་གཉན་པ་ཡིན་པ་བདེན་ཞིང་། དེ་དག་གི་གཞུང་ལ་རྟོག་གེའི་བཅོས་བསླད་དང་ཕྱིན་ཅི་ལོག་ཏུ་ནོར་བར་བཤད་པ་མི་རུང་བ་ཡིན་ན་ཡང་ཡིག་སྐྱོན་ཡིན་ངེས་བཅོས་ནས་དཔེ་ཆ་དག་པར་བྱེད་པ་དང་། དགོངས་དོན་ཤེས་པའི་གང་ཟག་ཚད་ལྡན་ཆོས་ཀྱི་བདག་པོ་རྣམས་ཀྱིས་གཏེར་མའི་གཞུང་ལག་ལེན་དུ་འདེབས་པའི་ཆོག་འགྲིགས་མི་རུང་བ་ག་ལ་ཡིན་ཏེ། གཞུང་ལུགས་རྣམས་ནི་ཉམས་སུ་ལེན་པའི་ཕྱིར་གསུངས་པ་ཡིན་ལ། དེ་ཡང་བསྒོམ་པའི་སྔོན་དུ་བསམ་བྱུང་གིས་སྒྲོ་འདོགས་གཅོད་པ་དང་། དེའི་སྔོན་དུ་དཔེ་དག་པ་ལ་ཐོས་པ་བྱེད་དགོས་པ་ཡིན་གྱི། གཞུང་དེའི་དོན་ཅི་ཡང་མི་ཤེས་པར་དཔེ་ཆ་མུན་ཁྲོད་དུ་བཞུགས་པའམ་ཡང་ན་ཕྱི་རོལ་པ་ཕལ་གྱི་དོན་གང་ཡིན་མི་ཤེས་པའི་རིག་བྱེད་ཀྱི་གསང་ཚིག་ཀློག་པ་དང་ཚུལ་འདྲ་བར་གྱུར་ན་རྒྱུད་ལུང་བསྟན་བཅོས་ཟབ་བསྔགས་ཙམ་གྱིས་སུ་ལ་ཡང་ཕན་པར་དཀའ་ལ། ལག་ལེན་ཚད་ལྡན་མི་ཤེས་པར་ཆོ་གའི་ཡན་ལག་གོང་འོག་འཁྲུགས་པ་དང་། མ་ཚང་བ་དང་ནོར་བའི་སྒྲུབ་འཕྲིན་ངག་ནས་གྱེར་ཤེས་པ་ཙམ་ལ་འབྲས་བུ་ཆུང་བས་ན། རྨོངས་པ་དང་ཕྲག་དོག་གི་རྒྱུ་ལས་བྱུང་བའི་ལུང་རིགས་ཐོས་བྲལ་གྲོང་པ་རྒན་པོའི་ཁ་གཏམ་ཅལ་ཅོལ་སྨྲ་བ་ཙམ་ལ་མི་བརྟེན་པར། ལུང་དང་མན་ངག་གི་གནད་ཉམས་འོག་ཏུ་ཆུད་པར་བྱས་ནས། རྙིང་མ་བཀའ་གཏེར་གྱི་ཆོས་དང་། བསྟན་བཅོས་ཆེན་པོ་འདི་ལྟ་བུ་སོགས་ལ་གཅེས་སྤྲས་ཀྱིས་ཟབ་ཅིང་གཉན་པའི་འདུ་ཤེས་བཞག་ནས་དགོངས་དོན་ཚུལ་བཞིན་བརྟག་སྟེ་སྨྲ་བ་བྱུང་ན་རྗེས་སུ་ཡི་རངས་པའི་གནས་སོ། །

དེའི་ཕྱིར་ཁོ་བོ་ལའང་ཡིད་བཞིན་མཛོད་འགྲེལ་འདིར་ཆད་ལྷག་དང་ཡིག་སྐྱོན་མང་བ་བཅོས་པར་གྱིས་ཞེས་བཀའ་བབ་བདུན་ལྡན་ཀུན་གཟིགས་མཁྱེན་བརྩེའི་དབང་པོ་དང་། མཁན་ཆེན་པདྨ་རྡོ་རྗེ་སོགས་ཀྱི་བཀས་བསྐུལ་བ་བཞིན་ཡིག་སྐྱོན་ཡིན་ངེས་རྣམས་བཅོས་པ། སྡེ་དགེའི་སྤར་མ་དང་དཔེར་བསྡུར་བས་རྟོགས་ནུས་ལ། ཆད་འཛུད་རྣམས་ལོགས་སུ་བཞག་འདོད་ཀྱང་། སྐྱབས་མགོན་མཁྱེན་བརྩེས་གཞུང་དུ་བཙུད་ན་ལྟ་བདེ་ཞེས་བཀས་གནང་བ་ལྟར། གསར་འཛུད་ཡིན་པ་མི་ནོར་བའི་སླད་དུ་ཐོག་མཐར་གཡུང་དྲུང་གི་མཚན་མ་དང་། ཟུར་གསལ་གྱི་ཡིག་ཆར་ཡང་དེའི་ལོ་རྒྱུས་སོགས་ཞིབ་པར་བྲིས་པ་བཞིན། སླད་ནས་མ་དཔེ་དག་པ་རྙེད་སྲིད་ན་དེ་བཞིན་དུ་བཅོས་ཆོག་པར་འདུག་པས་འགལ་བ་མེད་པར་བསམ་ནས་བླ་མ་ཀུན་མཁྱེན་ཆེན་པོའི་གསུང་ལ་སྲི་ཞུ་དང་། དེ་འཛིན་རྣམས་ལ་ཕན་སེམས་ལྷད་མེད་ཡིན་གྱི། གྲགས་འདོད་དང་ཆོས་ལ་དབང་ཟོས་ཏེ་སྤྱི་བརྟོལ་ང་རྒྱལ་གྱིས་སྒོ་ནས་གང་བྱུང་བྱས་པའི་ཉེས་པ་ཅུང་ཟད་འབྱུང་སྙམ་ངེས་པར་མེད་ཀྱང་། གལ་ཏེ་སོ་སྐྱེ་དམན་པ་བདག་ལྟ་བུ་རྟོག་གེ་བས། འཕགས་ཆེན་སེམས་དཔའ་ཆེན་པོའི་རྡོ་རྗེའི་གསུང་གི་གསེར་དག་པའི་ཕྲེང་བ་ལ། རང་ཚིག་ར་གན་ལྟ་བུ་འགའ་ཟུང་བར་དུ་བཙུད་པའི་ནོངས་པ་མཆིས་ན་ལྷ་དང་མཁའ་འགྲོ་དང་ཕྱོགས་བཅུའི་མཁས་པ་རྣམས་ལ་སྙིང་ནས་མཐོལ་ཞིང་བཤགས་པར་བགྱིད་པས་ཐུགས་བརྩེ་བར་དགོངས་ཏེ་དག་ཅིང་ཚངས་པ་བསྩལ་ཏུ་གསོལ་ལོ། །

གོང་དུ་ཇི་སྐད་སྨོས་པ་དེ་ལྟ་བུར་མཛོད་ཆེན་བདུན་གྱི་གཞུང་འདི་ཉིད་གངས་ཅན་པའི་བསྟན་བཅོས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་འཕགས་ཤིང་དོན་ཟབ་ཅིང་རྒྱ་ཆེ་ལ་ཕྱོགས་ཞེན་གྱིས་མ་བསླད་པའི་གང་ཟག་སྤྱི་དང་། ཁྱད་པར་དུ་སྔ་འགྱུར་བ་ལ་མེད་དུ་མི་རུང་བའི་གཞུང་ཡིན་པས་ན་སྟོད་སྨད་ཀུན་དུ་རྒྱ་ཆེར་སྤེལ་བའི་ལྷག་བསམ་དྲི་མ་མེད་པ་སྟོན་ཟླ་གསལ་བའི་མདངས་ཀྱི་རྗེས་སུ་ཕྱོགས་པ་དང་ཤེས་རབ་ཀྱི་སྟོབས་རྨད་དུ་བྱུང་བས་དྲངས་ཏེ།

༈ རྒྱལ་བའི་དབང་པོ་ཀུན་མཁྱེན་ཀློང་ཆེན་པ་ལ་རྒྱུ་མཚན་ཤེས་ནས་ཡིད་ཆེས་ཀྱི་དད་པ་མི་ཕྱེད་པར་ཐོབ་པ། ལོ་ཆེན་བཻ་རོ་ཙ་ན་ངུར་སྨྲིག་གར་གྱི་རྣམ་རོལ་དུ་སྲིད་བཟུང་སྟེ་མདོ་ཁམས་སྨད་ཀྱི་ཡུལ་གྲུ་ཀུན་ལ་དམ་པའི་ཆོས་འདུལ་བའི་བསྟན་པ་རིན་པོ་ཆེ་དཀར་འབྱམས་སུ་སྤེལ་བའི་བྱེད་པོ་རུ་བྱོན་པ་སྙིགས་མའི་དུས་སུ་རྒྱལ་བའི་མཛད་སྤྱོད་ལ་འགྲན་དུ་བཟོད་པའི་རྣམ་ཐར་དྲི་མ་མེད་པ་མངའ་བའི་མཁས་གྲུབ་གཉིས་ལྡན་གྱི་བཤེས་གཉེན་ཆེན་པོ་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་སུ་འབོད་པ་གང་གི་སྤྲུལ་པའི་རོལ་གར་གཉིས་པ་རྒྱལ་སྲས་གཞན་ཕན་ཆོས་ཀྱི་སྣང་བ་འཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་ཞེས་བྱ་བ། སྟོད་གཙང་གི་ཡུལ་ཕྱོགས་སུ་རིགས་རུས་ཕུན་སུམ་ཚོགས་པ་ལ་ངོ་མཚར་གྱི་ལྟས་དང་བཅས་ཏེ་སྐྱེ་སྲིད་ཀྱི་པདྨོ་རྣམ་པར་འཁྲུངས་ཤིང་། ཆུང་ནས་ཐེག་ཆེན་གྱི་རིགས་སད་པ་དང་གསང་སྔགས་རྙིང་མའི་བསྟན་པ་ལ་གཅིག་ཏུ་དཀར་བའི་ལྷག་བསམ་སོགས་གཞན་དང་འགྲན་བྲལ་དུ་གྱུར་ཚེ། ཁམས་ཕྱོགས་སུ་ཞབས་སྐྱོད་གནང་སྟེ་སྐུ་ཡི་སྐྱེ་བ་སྔ་མའི་གདན་ས་དཔལ་སེང་གེ་རིའི་ཆོས་གྲྭ་ཆེན་པོར་གདན་སའི་མཐིལ་མཛད་དེ་དམ་པའི་ཚུལ་དགུའི་ཡོན་ཏན་གྱིས་བརྒྱན་པར་གྱུར་ནས་རྒྱལ་བའི་བསྟན་པ་སྤྱི་དང་། དེ་ལས་ཀྱང་འོད་གསལ་སྙིང་པོའི་བསྟན་པ་སྤེལ་བའི་འཕྲིན་ལས་རླབས་ཆེན་དང་། ཁྱད་པར་དུ་བསྟན་པའི་ཡང་སྙིང་སྒྲུབ་པའི་རྒྱལ་མཚན་བཙུགས་པ་ལས་མཆོག་ཏུ་གྱུར་པ་གཞན་མེད་པར་མཁྱེན་ཏེ། ལོ་གྲངས་བཅུ་ཕྲག་བཞི་རུ་སོན་དུ་ཉེ་བ་ལ་སྒྲུབ་པ་ཁོ་ནའི་རྣམ་ཐར་རྨད་དུ་བྱུང་བ་དམ་པ་གོང་མའི་མཛད་སྤྱོད་ལྟར་གཞན་སུས་ཀྱང་འགྲན་གྱི་ཟླ་མེད་པའི་མཛད་པ་སྒྲུབ་བརྒྱུད་ཡིད་བཞིན་ནོར་བུའི་བསྟན་པའི་མཛེས་རྒྱན་གཅིག་ཏུ་གྱུར་པའི་སྐབས་སུ། གཞན་ཕན་བྱང་ཆུབ་སེམས་ཀྱི་གོ་ཆ་བརྟན་པར་འཁྲུངས་ནས་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ཁྱད་འཕགས་མང་པོ་དང་། ཁྱད་པར་ཀུན་མཁྱེན་སངས་རྒྱས་གཉིས་པའི་གསུང་རབས་མཛོད་ཆེན་བདུན་སྤར་དུ་བསྒྲུབ་འདོད་ཀྱི་ཐུགས་བསྐྱེད་ཕུལ་དུ་བྱུང་བ་སྐྱེས་ཏེ། རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཉེ་ཆར་གྲུབ་ཆེན་ཤྲཱི་སེང་ཧའི་ཡེ་ཤེས་ཀྱི་སྐུས་བྱིན་གྱིས་བརླབས་པའི་གནས་མཆོག་དཔལ་སེང་གེའི་རིའི་ཆོས་གྲྭ་ཐུབ་བསྟན་ཉིན་བྱེད་གླིང་ཞེས་གྲགས་པ་སྔ་འགྱུར་རྙིང་མ་རང་ལུགས་འཁྲུལ་མེད་ཀྱི་མདོ་སྔགས་རབ་འབྱམས་ཀྱི་ཆོས་ཚུལ་ལ་མཁས་ཚུལ་གསུམ་གྱི་བྱ་བས་བསྟན་པ་རིན་པོ་ཆེ་བཤད་པའི་སྒོ་ནས་ཕྱོགས་ཀུན་དུ་སྤེལ་བའི་ངུར་སྨྲིག་དགེ་འདུན་གྱི་སྡེ་ཚོགས་མཁས་པའི་ཚུལ་བཙུན་པའི་ཚུགས་ཁྱད་དུ་འཕགས་པ་དུ་མ་མངའ་བའི་རིག་གྲོལ་གཉིས་ལྡན་ཤ་སྟག་རྒྱུན་མི་ཆད་པར་འདུས་པའི་ཆོས་སྡེ་ཆེན་པོ་དེ་ཉིད་དུ། སྤྲུལ་པའི་སྐུ་རིན་པོ་ཆེ་ཉིད་ཀྱི་ཕྱག་ཁར་འབྱོར་ལྡན་གཏོང་ཕོད་ཅན་གྱི་སྦྱིན་བདག་རྣམས་ཀྱིས་སྐྱབས་རྟེན་འབྲེལ་འཇོག་ཏུ་བཞག་པའི་དད་རྫས་རྣམས་དང་། གཤིན་པོའི་དགེ་རྩ་རུ་དམིགས་ཏེ་ཕུལ་བའི་དངོས་རྫས་ཆེ་ཕྲ་ཅི་རིགས་མཐའ་དག་རྣམ་དཀར་ལེགས་ཚོགས་ཀྱི་གཞི་མར་སྨིན་ངེས་བྱས་ཏེ། བྲི་སྐོས་མཁས་པ་རྣམས་ཀྱིས་ལག་གི་འདུ་བྱེད་བགྱིས། མཆོག་སྤྲུལ་རིན་པོ་ཆེ་ཉིད་ནས་མ་དཔེ་བུ་དཔེ་གཉིས་ཐོག་དཔེ་བསྡུར་དང་ཚིག་དོན་གྱི་ཆ་ལ་ཡང་ཡང་རྣམ་པར་དཔྱད་དེ་ཞུས་དག་ཞིབ་ནན་གང་ལེགས་སུ་བགྱིས་ཏེ། སྔ་མ་སྦྱིན་བདག་ལ་དཀར་ཚང་ནས་ཡིད་བཞིན་མཛོད་རྩ་འགྲེལ་དང་གྲུབ་མཐའ་མཛོད་གཉིས། གསང་བ་སྙིང་པོའི་རྣམ་བཤད་ཕྱོགས་བཅུ་མུན་སེལ་གསུམ་ལ་ཟུར་གསལ་ཆ་ལག་བཅས་སྤར་བརྐོས་ཡོད་སྟེང་། མན་ངག་མཛོད། གནས་ལུགས་མཛོད། ཆོས་དབྱིངས་མཛོད། ཐེག་མཆོག་མཛོད། ཚིག་དོན་མཛོད་བཅས་ལྔ་དང་། ངལ་གསོ་སྐོར་གསུམ་བཅས་ཀུན་རྩ་འགྲེལ་ལེ་ལག་དང་བཅས་པ་དང་། གསུང་ཐོར་བུའི་སྐོར་ཆ་ཚང་མ་བཅས་པའི་སྤར་གསར་དུ་བསྣན་ཏེ་གླེགས་བམ་རྣམས་གཞུང་འགྲིགས་བྱས་ནས་སྤར་དུ་འཁོད་པའི་བྱ་བ་གེགས་མེད་མཐའ་རྒྱས་སུ་གྲུབ་པ་ནི་ལོ་རྒྱུས་ཀྱི་རིམ་པའོ། །

༈ གཉིས་པ་གླེགས་བམ་ཆོས་ཚན་རྣམས་ཀྱི་བཞུགས་བྱང་ནི། ཨོཾ་སྭསྟི་སོགས་གོ་རིམ་བཞིན་དང་། གསུམ་པ་དེ་ལྟར་གྲུབ་པའི་ལེགས་བྱས་རྣམས་ཆུད་མི་ཟ་བའི་ཕྱིར་བསྔོ་བའང་སྔ་མ་དེ་གའི་འཕྲོས་སུ་སྤར་བྱང་བསྔོ་ཤིས་བཅས་འབྲེལ་བར་བཀོད་དེ་ཟུར་དུ་ཚན་གཅིག་བྱས་པ་བཞིན་ངེས་པས་ཁྱབ་ལ། ཞོར་འབྱུང་འདི་སྐབས་སུ་གསུངས་པའི་ཕན་ཡོན་ལུང་འདྲེན་གྱི་སྐོར་དང་སྐབས་དོན་གྱི་ཁྱད་པར་དམིགས་བསལ་བ་རྣམས་དཀྱུས་སུ་བྲིས་ན་ཆད་སྐྱོན་དུ་མི་འགྱུར་ཞིང་ལེགས་ལ་ཉེས་འགལ་ཀྱང་མེད་ཕྱིར་ཆེད་དུ་གཉེར་ཏེ་བཀོད་པ་ནི་འདི་ལྟར།

༈ གང་བསྔོ་བྱ་དགེ་བའི་རྩ་བ་འདི་ལྟ་བུ་ནི་རྣམ་དཀར་གྱི་བགྱི་བ་མཆོག་ཏུ་འཕགས་པ་ཞིག་ཡིན་ཏེ། དེའི་རྒྱུ་མཚན་གང་ཞེ་ན། གཏན་བདེ་ཐར་པའི་ལམ་ལ་འདྲེན་པ་བདེ་བར་གཤེགས་པའི་གསུང་རབ་དམ་པའི་ཆོས་རྣམས་ཀྱི་ཚིག་གཅིག་ཙམ་གྱི་སྒྲ་ཐོས་པ་ཡང་ཕན་ཡོན་རྒྱ་ཆེ་སྟེ། ཡིད་བཞིན་རིན་པོ་ཆེ་མཛོད་ལས། ཆོས་རྔ་བསྒྲགས་པ་ཐོས་པའི་སེམས་ཅན་རྣམས། །ངན་སོང་རྣམ་གྲོལ་ཉན་པ་སྨྲོས་ཅི་དགོས། །ཞེས་གསུངས་པ་ལྟར་ཡིན་ཞིང་། རྟོགས་པའི་ཆོས་ཐོབ་པ་ལས་མྱ་ངན་ལས་འདའ་བར་འགྱུར་ལ། རྟོགས་པའི་ཆོས་ཐོབ་པ་ཡང་སྔོན་དུ་ལུང་གི་ཆོས་ཐོས་པ་ལ་རག་ལས་ཤིང་། ལུང་གི་ཆོས་མིང་ཚིག་ཡི་གེའི་རང་བཞིན་ཅན་ཉན་པ་སོགས་ཀྱི་གཞིའམ་རྟེན་དུ་གྱུར་པ་ནི་གསུང་རབ་རྣམས་ཡི་གེར་འབྲི་བ་ཡིན་ལ། ཡི་གེ་འབྲི་བའི་ཐབས་ཀུན་གྱི་ནང་ན་སྤར་དུ་འགོད་པ་འདི་དོན་ཆེ་སྟེ། སྤར་དཔེ་དག་པར་བྱས་ན་དཔེ་དག་པ་བརྒྱ་ཕྲག་དུ་མ་ཚེགས་མེད་པར་འགྲུབ་ཅིང་མཛད་མེད་དུ་འཕེལ་ནས་ཕྱོགས་ཀུན་དུ་ཁྱབ་པར་འགྱུར་ཏེ། རྒྱལ་བའི་བསྟན་པ་རྒྱས་པའི་གསོས་སུ་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དམ་པའི་ཆོས་ཡི་གེ་འབྲི་བ་སོགས་ཆོས་སྤྱོད་བཅུ་པོ་རེ་རེ་ཡང་བསོད་ནམས་ཚད་མེད་པའི་རྒྱུ་ཡིན་ཏེ། དབུས་མཐའ་རྣམ་འབྱེད་ལས། སྤྱོད་པ་དེ་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་པ་དང་། དེ་ལས་ཀྱང་ཐེག་པ་ཆེན་པོའི་ཆོས་ཡི་གེར་འབྲི་བ་སོགས་ཕན་ཡོན་ཁྱད་པར་དུ་འཕགས་ཏེ། ལུང་སྔ་མ་ལས། ཁྱད་པར་ཕྱིར་དང་མི་ཟད་ཕྱིར། །གཞན་ལ་ཕན་འདོགས་མ་ཞིའི་ཕྱིར། །ཞེས་གསུངས་ཤིང་། ཐེག་ཆེན་གྱི་ཆོས་ཟབ་ཅིང་རྒྱ་ཆེ་བ་རྣམས་ཐོས་པའི་ཕན་ཡོན་ཚད་མེད་དེ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས། སངས་རྒྱས་སྤྱན་གྱི་ཞིང་གང་ངས་མཐོང་བ། །རིན་ཆེན་བཀང་སྟེ་དེ་བཞིན་གཤེགས་བྱིན་ཡང་། །འདི་ལྟ་བུ་ཡི་ཆོས་འདི་མ་ཐོས་ན། །དེ་ནི་བསོད་ནམས་ཆུང་ཞེས་ང་སྨྲའོ། །གང་གིས་དམ་པའི་དོན་ལྡན་ཕྲ་ཟབ་པ། །མདོ་སྡེ་བཟང་པོ་འདི་ནི་ཐོས་གྱུར་ནས། །ཀུན་དུ་འཛིན་ཞིང་བཟུང་ནས་ཀློག་བྱེད་པ། །འདི་ནི་དེ་བས་བསོད་ནམས་མཆོག་ཏུ་འཕགས། །འདི་ལྟར་རྒྱལ་བའི་ཆོས་ཀྱིས་ཉེར་གནས་ཤིང་། །ཆོས་ཀྱི་ངེས་པར་འབྱུང་གི་ཟང་ཟིང་མིན། །དེ་བས་གང་ཞིག་བདེ་གཤེགས་ཆོས་འཛིན་པ། །དེ་ནི་སངས་རྒྱས་ཀུན་ལ་བྱས་པ་གཟོ། །ཞེས་སོགས་ཐེག་ཆེན་དམ་པའི་ཆོས་ཚིགས་སུ་བཅད་པ་གཅིག་ཐོས་པ་དང་འཛིན་པ་སོགས་ཀྱི་ཕན་ཡོན་ཚད་མེད་པ་མདོ་ལས་གསུངས་པ་བཞིན་ནོ། །རྒྱུའི་ཐེག་པ་ལས་ཆེས་འཕགས་པ་འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་ནི་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལས་ཀྱང་ཤིན་ཏུ་དཀོན་ཞིང་། བརྒྱ་ལམ་རེས་འགའ་ཙམ་ལས་ཐོས་པར་དཀའ་ལ། གང་ཐོས་པ་ན་འབྲས་བུ་མཆོག་གི་གོ་འཕང་ལ་ངེས་པར་དབུགས་དབྱུང་བ་དང་འདྲ་སྟེ། སྒྱུ་འཕྲུལ་གསང་བ་སྙིང་པོ་ལས། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱངས་ལ་རབ་གནས་ཤིང་། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །འབྲས་བུ་གསང་ཆེན་འདི་ཡིན་ཏེ། །ཞེས་གསུངས་པ་བཞིན་དང་། སྔགས་བླ་མེད་ཀྱི་ལམ་ཐམས་ཅད་ཀྱི་མཐར་ཐུག་པ་ནི། དབང་བཞི་པའི་ལམ་སེམས་ཀྱི་ཆོས་ཉིད་རིག་སྟོང་གཉུག་མ་དོན་གྱི་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྫོགས་པ་ཆེན་པོ་ལ་མཐར་ཐུག་པ་ཡིན་པའི་ཕྱིར། ལམ་དེས་མཐར་ཐུག་གི་འབྲས་བུ་མངོན་དུ་བྱེད་ཅིང་དེ་ལས་ལྷག་པའི་ལམ་གཞན་མེད་དེ། རྒྱུད་གསང་བ་སྙིང་པོ་ལས། འབྱུང་དང་མ་འོངས་ཐམས་ཅད་ཀུན། །འདི་ཡིས་ལྷུན་གྱིས་གྲུབ་པར་འགྱུར། །འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་གསུངས་པ་ལྟ་བུ་ཡིན་པས་ན། རྒྱུ་འབྲས་ཐེག་པ་ཀུན་དང་མཐར་ཐུག་རྫོགས་པ་ཆེན་པོའི་རྒྱུད་དོན་གསལ་བར་བྱེད་པའི་བསྟན་བཅོས་ཆེན་པོ་འདི་རྣམས་དང་འབྲེལ་བའི་རྣམ་དཀར་གྱི་ཕུང་པོ་བསམ་པའི་ཡུལ་ལས་འདས་པ་ཡིན་ཏེ། མཐོང་ཐོས་དྲན་རེག་རྣམ་གྲོལ་གྱི་ལམ་ལ་འགོད་པར་འགྱུར་རོ། །རང་ལ་མེད་ན་ཆོས་སུ་མི་རྩི་བར་ཕྱོགས་རེའི་མིག་ཅན་དུ་སོང་བས། ཐེག་མཆོག་ཨ་ཏིའི་རྒྱུད་ལས་གསུང་བའི་འཇའ་ལུས་དང་བཏགས་གྲོལ་སོགས་ལ་སོམ་ཉི་བྱེད་པར་མི་རིགས་ཏེ། རྫོགས་ཆེན་ཁྲེགས་ཆོད་ཀྱི་ཉམས་ལེན་མཐར་ཕྱིན་པས་མ་དག་པའི་རླུང་སེམས་རང་འགགས་སུ་སོང་ནས་ལུས་རྡུལ་ཕྲན་དུ་དེང་བ་ཡོད་ལ། འོད་གསལ་ཐོད་རྒལ་གྱི་སྣང་བཞི་མཐར་ཕྱིན་ཚེ། གདོས་བཅས་རང་ལུས་འདི་འོད་དུ་ཡལ་ཏེ་རིག་པའི་ཡེ་ཤེས་འོད་གསལ་ཤིན་ཏུ་རྣམ་དག་གི་ངང་ལས་རང་ཤར་བའི་ཟུང་འཇུག་གི་ལྷ་སྐུ་ནམ་མཁའ་དང་མཉམ་པ་འགྲུབ་པ་ལ་འཇའ་ལུས་འོད་སྐུ་ཞེས་གསུངས་པ་འདི། རང་ལུས་འདི་ཉིད་ཉེར་ལེན་གྱི་རྒྱུར་བྱས་ནས་སྒྲུབ་དགོས་པ་གཏན་ནས་མིན་ནོ། །རིམ་ལྔར་ཕྲ་བའི་རླུང་སེམས་ལས་སྒྱུ་མའི་སྐུ་བསྒྲུབ་པ་འདི་ནི། རྣམ་ཤེས་དང་ཡེ་ཤེས། ལས་རླུང་དང་ཡེ་རླུང་གི་བྱེད་པ་འདྲེས་པ་ལས་བསྒྲུབ་པ་ཡིན་པས། འདི་མ་དག་པ་དང་དག་པ་སློབ་པ་དང་མི་སློབ་པའི་ལྷ་སྐུར་རིམ་བཞིན་གནས་འགྱུར་དགོས་པ་ཡིན་ནོ། །

སྔགས་ཕྱི་རྒྱུད་རྣམས་ལས་སྔགས་གྲུབ་པའི་མཐུས་འདོད་གཟུགས་ཀྱི་ལྷ་དང་སྐལ་བ་མཉམ་པའི་ལུས་སུ་གྱུར་ནས་མཁའ་སྤྱོད་ཀྱི་རིག་འཛིན་སོགས་གྲུབ་པ་ནི། སྔགས་ཀྱི་ལྷན་ཅིག་བྱེད་རྐྱེན་བྱས་པའི་མཐུས་རང་ལུས་འདི་ཉིད་དྭངས་མར་གནས་གྱུར་པ་ཡིན་ཏེ། དཔེར་ན་གསེར་འགྱུར་གྱིས་རྩིས་ལྕགས་ཉིད་གསེར་དུ་བསྒྱུར་བའམ། བཅུད་ཀྱིས་ལེན་པས་རྒས་ལུས་གཞོན་ནུར་གྱུར་པ་བཞིན་ནོ། །དེས་ན་འདི་གསུམ་ལ་ཕྲ་རགས་དང་དག་མ་དག་གི་ཁྱད་པར་གནམ་ས་ལྟར་ཡོད་པ་ཤེས་ན། འཕགས་སྐོར་གྱི་སྒྱུ་ལུས་བསྒྲུབ་ཚུལ་ཤེས་པས་རྙིང་མའི་འཇའ་ལུས་ཟེར་བ་བྱེ་མའི་འཆིང་བུ་ལྟར་འཇིག་ཟེར་བ། རྫོགས་ཆེན་གྱི་ཆོས་རྒྱུས་མེད་པའི་བབ་ཅོལ་གྱི་གཏམ་ཡིན་པའི་མཚང་མངོན་དུ་རྟོགས་པར་འགྱུར་རོ། །རྫས་དང་སྔགས་དང་ཏིང་ངེ་འཛིན་དང་ལྷ་ཡི་ནུས་པས་རགས་ལུས་དྭངས་མར་སྦྱོང་ནུས་ན། མཚན་བཅས་ཐབས་ཀྱི་རྫོགས་རིམ་ཀུན་གྱི་བླ་མར་གྱུར་པ། མཚན་མ་མེད་པའི་རྫོགས་རིམ་ཨ་ཏིའི་ལམ་གྱིས། ཆོས་ཉིད་གཉུག་མའི་དོན་དང་། རང་བཞིན་འོད་གསལ་གྱི་སྣང་བ་དངོས་ཡུལ་དུ་བྱས་ཤིང་གོམས་པའི་མཐུ་ཡིས་རགས་ལུས་སྦྱང་ནུས་པ་ལྟ་ཅི་སྨོས། དེས་ན་འདི་ལ་ཐེ་ཚོམ་སྐྱེ་བའི་གནས་ཅུང་ཟད་ཀྱང་མེད་དོ། །

དེར་མ་ཟད་ཐུན་མོང་གི་ཐེག་པར་རྟེན་ནས་འབྱུང་བའི་སྣང་བ་དང་། རང་བཞིན་མེད་པའི་སྟོང་པ་ཉིད་བདེན་གཉིས་ཟུང་འཇུག་ཏུ་བཤད་པ་ལམ་གྱི་སྙིང་པོ་ཡིན་ལ། སྔགས་བླ་མེད་དུ་རྫོགས་པའི་རིམ་པ་ཟབ་མོའི་ཐབས་ལས་ཤར་བའི་སྒྱུ་ལུས་དང་འོད་གསལ་བའི་བདེན་གཉིས་ཟུང་དུ་འཇུག་པ་འདི་ལམ་གྱི་དངོས་གཞི་ཡིན་ཞིང་། འདི་ནི་རྒྱུ་ཡི་ཐེག་པ་ལས་སྦས་པའང་ཡིན་ནོ། །དེ་ལྟ་བུའི་བདེན་གཉིས་དེ་དག་གི་གནད་མཐར་ཐུག་པ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་ངོ་བོ་ཀ་ནས་དག་པའི་སྟོང་ཉིད་འོད་གསལ་དང་། རང་བཞིན་ལྷུན་གྲུབ་ཏུ་གསལ་བའི་རང་གདང་འགག་མེད་གཉིས་ཟུང་དུ་འཇུག་པ་རྫོགས་པ་ཆེན་པོར་ལ་བཟླ་དགོས་པ་ཡིན་པས། ཨ་ཏི་ཡོ་གའི་དགོངས་པ་འདི་དག་མཐར་ཐུག་ངེས་པའི་དོན་ཡིན་ཕྱིར། མདོ་སྔགས་ཐམས་ཅད་ཀྱི་འབྲས་བུ་འདི་རང་ལ་ཐུག་པ་ཤེས་པར་བྱའོ། །བཏགས་གྲོལ་སོགས་ཀྱང་འཐད་དེ། ཐེག་པ་ཐུན་མོང་པའི་བཀའ་རྣམས་ལས་ཀྱང་། སོར་འབྲང་མའི་འཁོར་ལོ་རོ་ལ་ཐོགས་པའི་ལོ་རྒྱུས་དང་། གཟུངས་སྔགས་དམ་པ་ནང་དུ་བཅུག་པའི་མཆོད་རྟེན་གྱི་གྲིབ་མའམ་རླུང་ཕོག་པས་སྒྲིབ་པ་ལས་གྲོལ་བ་དང་། གཟུངས་སྔགས་ཟབ་མོ་སོགས་ལུས་ལ་འཆང་བ་དང་། གསང་སྔགས་ཁྱད་པར་ཅན་བཟླས་པའི་བྱེ་མས་གཤིན་པོའི་རུས་བུ་ལ་རེག་པས་ངན་སོང་ལས་གྲོལ་བ་ལ་སོགས་པ་བཏགས་པའམ་རེག་པས་གྲོལ་བའང་མང་དུ་གསུངས། དོན་ཡོད་མཆོད་པའི་ནོར་བུ་སྙིང་པོ་དང་། ཀཾ་ཀ་ནི་སོགས་རྩིག་པ་ལ་བྲིས་པ་འཆི་ཁར་མཐོང་ན་ངན་སོང་ལས་གྲོལ་བ་དང་། དེ་བཞིན་གཤེགས་པའི་སྐུ་རི་མོར་འབྲི་བའམ། བྲིས་པ་མཐོང་བ། དེ་ལ་མཆོད་པ་སོགས་སངས་རྒྱས་ལ་འབྲེལ་བའི་དགེ་རྩ་ཆུང་ངུའི་ཀྱང་མཐར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་དམ་ཆོས་པད་དཀར་ལས་གསུངས་པ་དང་། སངས་རྒྱས་ཀྱི་མཚན་དང་རིག་སྔགས་ཀྱི་སྒྲ་ཐོས་པའི་དུད་འགྲོ་སོགས་ཀྱང་མཐར་གྱིས་གྲོལ་བར་གསུངས་པ་དང་། རྒྱ་མཚོའི་ཆུ་སྲིན་གདུག་པ་ལ་སོགས་སངས་རྒྱས་ཞེས་པའི་མཚན་ཙམ་ཐོས་པས་དུད་འགྲོའི་སྐྱེ་གནས་ལས་ཐར་ཏེ་མིར་སྐྱེས་ནས་དགྲ་བཅོམ་པ་ཐོབ་པ་དང་། གཟུངས་སྔགས་ཁྱད་པར་ཅན་གྱིས་བསྔགས་པའི་རོལ་མོའི་སྒྲ་ཐོས་པས་འཚེ་བ་ཞི་ཞིང་རྣམ་གྲོལ་ཐོབ་པར་གསུངས་པ་དེ་འདྲ་མཐའ་ཡས་པ་ཡོད་པ་འདི་དག་ལ་ཐོས་པས་གྲོལ་བར་བཏགས་ཀྱང་འགལ་བ་ཅི་ཡང་མེད་དོ། །

ཡང་ཏིང་རྒྱལ་ལས། མི་གང་ཐུབ་པའི་ཟླ་བ་དྲན་བྱེད་པ། །དེ་ཡི་མདུན་ན་རྟག་ཏུ་སྟོན་པ་བཞུགས། །དེ་ནི་རྒྱ་ཆེར་མྱ་ངན་འདའ་བར་འགྱུར། །ཞེས་སངས་རྒྱས་དང་བྱང་སེམས་གསང་སྔགས་དང་རིག་སྔགས། དམ་པའི་ཆོས་དང་། ཆོས་ཉིད་ཟབ་མོ་འདི་རྣམས་ཡིད་ལ་བྱས་ཏེ་དྲན་པས་མཐར་གྱིས་སྲིད་ཞིའི་རྒུད་པ་ཀུན་ལས་རྣམ་པར་གྲོལ་བར་འགྱུར་བ་ཡིན་པས་དྲན་པས་གྲོལ་བའང་ཅི་སྟེ་མེད། མདོར་ན་སངས་རྒྱས་ཀྱི་ཡེ་ཤེས་ནི་ཤེས་བྱ་ཐམས་ཅད་ཀྱི་ནང་ན་སྟོབས་མཆོག་ཏུ་གྱུར་པའི་རྒྱུ་མཚན་གྱིས། དཀོན་མཆོག་གསུམ་ལ་བྱ་བ་བྱས་ཤིང་འབྲེལ་བའི་ལས་ཐམས་ཅད་འཁོར་བ་ན་འཁོར་བའི་གནས་སྐབས་རྣམས་སུ་ནམ་ཡང་ཟད་པར་མི་འགྱུར་ཞིང་། ཆུད་མི་ཟ་བར་འདུས་མ་བྱས་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུར་འགྱུར་བར་དེ་བཞིན་གཤེགས་པའི་བདེན་གསུང་བསླུ་བ་མེད་པས་ཡང་ནས་ཡང་དུ་བཀའ་བསྩལ་བ་འདི་ལ་སུ་ཞིག་གིས་ཐེ་ཚོམ་བྱེད་པ་དེ་ནི་བདུད་ཀྱི་བསླུས་པ་ཡིན་ནོ། །དེ་ལྟར་མཐོང་བ་སོགས་ཀྱིས་གྲོལ་བ་དེ་ཉིད་ཆུད་མི་ཟ་བ་བར་བདེན་ཡང་ཕལ་ཆེར་དགེ་རྩ་དེས་ནམ་ཞིག་ཡུན་རིང་པོའི་མཐར་གྲོལ་བ་ཐོབ་པ་ཡིན་ལ། རྒྱུ་ཡི་ཐེག་པའི་གཞུང་ལས་མ་གྲགས་པའི་དབང་བསྐུར་གྱི་ཆོ་གས་ཡེ་ཤེས་རྒྱུད་ལ་འཇོག་པ་སོགས་ཐབས་མཁས་ཀྱི་ཁྱད་པར་དུ་མ་སྔགས་རྒྱུད་རྣམས་སུ་བསྟན་པ་ཡོད་ཅིང་། ཐེག་པ་ཆེ་ཆུང་དང་རྒྱུ་འབྲས་ཀྱི་ཐེག་པ་རྣམས་གོང་ནས་གོང་དུ་ཡོན་ཏན་རྒྱ་ཆེར་འཕགས་པ་ལྟར་འབྲས་བུའི་ཐེག་པ་ཀུན་གྱི་མཐར་ཐུག་པའི་རྒྱལ་པོ་ཨ་ཏི་ཡོ་གའི་རྒྱུད་ལས། ལམ་གྱི་ཁྱད་ཆོས་དུ་མ་དང་ཆོས་ཉིད་ཀྱི་རང་སྒྲ་རྡོ་རྗེའི་ཚིག་ཁྱད་པར་ཅན་གྱི་སྔགས་དང་རིག་པའི་བྱིན་རླབས་ཆེན་པོའི་ཆོ་འཕྲུལ་ལྷག་པར་མངོན་པ་བཏགས་གྲོལ་སོགས་བཤད་པ་ནི། གཞན་ལས་བྱིན་སྟོབས་འཕགས་པས། གང་དག་སོ་སོའི་དད་མོས་ཀྱི་སྐལ་བ་བཞིན། རབ་ཚེ་འདི། འབྲིང་བར་དོ། ཐ་མ་སྐྱེ་བ་རྗེས་མ་ལྟ་བུར་ཡུན་མི་རིང་བ་ན་གྲོལ་བ་སྟེར་བའི་རྒྱུ་བྱེད་པའི་ཕྱིར། བཏགས་གྲོལ་ལ་སོགས་པའི་མིང་གིས་ཆེ་ཐང་དུ་བསྔགས་པ་ཡིན་པས། ཟབ་མོའི་ཐབས་ཀྱི་གདམས་པ་འདི་དག་ལ་སྨད་པའི་བདུད་ཀྱི་གསང་ཚིག་བཀྱེས་ན། སངས་རྒྱས་དང་དེའི་གསུང་ལ་སོམ་ཉིའི་སྒོ་ནས་སངས་རྒྱས་ཀྱི་འཕྲིན་ལས་འགོགས་པའི་ངག་གི་ཉེས་པ་ཤིན་ཏུ་ལྕི་བ་བསགས་པ་དང་། རང་ཉིད་ཟབ་མོའི་ཆོས་སྤང་བའི་ཉེས་པས་གོས་པ་དང་། གཞན་གྱི་དགེ་རྩ་ལ་གེགས་བྱེད་པའི་བདུད་ཀྱི་ལས་སུ་འགྱུར་བས་ཅི་ནས་ཀྱང་སྤང་བར་བྱས་ཏེ། ཟབ་མོའི་ཐབས་རྣམས་ལ་གུས་པས་བསྟེན་ན་རང་དང་གཞན་ལ་འདི་ཕྱི་ཕྲལ་ཡུན་ཀུན་དུ་དགེ་བར་འགྱུར་རོ། །དེ་ལྟར་འཕྲོས་དོན་ཅུང་ཟད་སྨྲོས་ནས། གང་ཞིག་ཐེག་མཆོག་དམ་པའི་ཆོས་ཀྱི་སྙིང་པོ་འདི་སྤར་དུ་བསྒྲུབ་པ་ནི་ཕན་ཡོན་ཆེ་ཞིང་དོན་ཆེན་མཚུངས་མེད་ཡིན་པར་ཤེས་ནས་རང་གི་ལེགས་བྱས་ལ་དགའ་ཞིང་ཡི་རངས་བར་བྱས་ན་དགེ་བའི་རྩ་བ་དེ་ཡང་འགྱོད་པ་སོགས་ཀྱིས་མ་གོས་པའི་དྲི་མ་མེད་པ་དང་གོང་ནས་གོང་དུ་རྒྱ་ཆེར་འཕེལ་བར་གསུངས་པའི་ཕྱིར་རང་དང་གཞན་གྱི་དགེ་རྩ་རྣམས་ལ་ཡི་རངས་ཤིང་། ལེགས་བྱས་དེ་དག་བར་མ་དོར་ཆུད་མི་ཟ་བར་མཐར་འབྲས་བྱང་ཆུབ་ཆེན་པོར་སྨིན་པ་དང་། གནས་སྐབས་སུ་རང་གཞན་དོན་གཉིས་འགྲུབ་པའི་དཔལ་ཕུན་སུམ་ཚོགས་པ་འབྱུང་བའི་ཆེད་དུ་ཡོངས་སུ་བསྔོ་ཞིང་ཤིས་པ་བརྗོད་པའི་རིམ་པ་ནི། འདི་ལྟར་ལེགས་བྱས་འདིས་མཚོན་རང་གཞན་གྱི། །དུས་གསུམ་དགེ་བའི་དངོས་པོ་ཀུན་བསྡོམ་ནས། །འཁོར་གསུམ་དམིགས་པ་མེད་པའི་ཤེས་རབ་དང་། །ཐབས་ལ་མཁས་པས་ཡོངས་སུ་བསྔོ་བགྱིད་ན། །ཆོས་དབྱིངས་ནམ་མཁའི་མཐའ་ཀླས་མ་ལུས་ཞིང་བཞུགས་རྒྱལ་བ་མཆོག་རྣམས་དང་། །རྒྱལ་སྲས་དཔའ་བོ་མཁྱེན་རབ་ཐུགས་རྗེའི་ཐབས་དང་དཔག་མེད་སྟོབས་མངའ་བ། །དེ་རྣམས་ཀུན་གྱིས་དཔང་པོ་མཛད་ནས་འདིར་ནི་ཇི་ལྟར་སྨོན་པ་བཞིན། །ཡོངས་སུ་འགྲུབ་པའི་མཐུན་འགྱུར་མཛད་ཅིང་གེགས་མེད་འགྲུབ་པར་བྱིན་གྱིས་རློབས། །རབ་དགེ་དྲི་མེད་ཀུན་བཟང་མཆོད་སྤྲིན་འདིས། །མ་ལུས་རྒྱལ་བ་རྒྱལ་སྲས་འཁོར་དང་བཅས། །རྟག་པར་དགྱེས་པ་རབ་ཏུ་བསྐྱེད་བགྱི་ཞིང་། །རྒྱལ་བའི་དམ་ཆོས་མ་ལུས་འཛིན་གྱུར་ཅིག །ངན་སོང་གསུམ་གྱི་སྡུག་བསྔལ་རྒྱུན་ཆད་ཅིང་། །མཐོ་རིས་རྣམས་ཀྱང་སོ་སོའི་རྒུད་པ་བྲལ། །བདེ་དགའ་རྒྱ་མཚོའི་དཔལ་ལ་རབ་སྤྱོད་དེ། །ཀུན་ཀྱང་ཐེག་མཆོག་བསྟན་ལ་འཇུག་པར་ཤོག །ཆོས་འདི་གང་དུ་དར་བའི་ས་ཕྱོགས་སུ། །མི་མཐུན་དུས་ཀྱི་རྒུད་པ་ཀུན་ཞི་ཞིང་། །དཔལ་དང་འབྱོར་པ་བདེ་སྐྱིད་བཀྲ་ཤིས་པའི། །སྣང་བ་ཉིན་མོར་བྱེད་པས་སྐྱོང་གྱུར་ཅིག །མིག་གཅིག་གིས་ནི་སྲིད་གསུམ་ས་ལེར་གཟིགས་མ་ཁྱོད་ནི་ཆོས་འདིའི་གཉེར་འཛིན་ཏེ། །མིག་སྟོང་བགྲད་པས་བསྟན་ལ་བྱ་ར་བྱེད་ཁྱོད་ཆོས་འདིར་རྟག་ཏུ་ཉེ་བར་གནས། །ཀྭ་ཡེ་རྡོ་རྗེའི་མཚོན་ལྡན་རྡོ་རྗེ་མཛེས་པ་ལ་སོགས་ངེས་གསང་བསྟན་སྲུང་རྣམས། །རྡོ་རྗེ་འཛིན་པའི་བཀའ་བཞིན་ཟབ་མོའི་ཆོས་འདི་སྲུངས་ལ་དར་ཞིང་རྒྱས་པར་མཛོད། །རྒྱལ་བསྟན་སྤྱི་དང་ཟབ་མོ་ནང་རྒྱུད་གསུམ། །ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོ་ཡི། །བསྟན་པ་རིན་ཆེན་ཕྱོགས་བརྒྱར་འབར་བ་དང་། །བསྟན་འཛིན་ཀུན་ཀྱང་བསྐལ་བརྒྱར་འཚོ་གཞེས་ཤོག །ཀུན་མཁྱེན་མི་ཡི་སེང་གེ་གང་བཞུགས་དང་། །འཇམ་པའི་དབྱངས་དང་ཀུན་དུ་བཟང་པོ་སོགས། །སྲས་བཅས་རྒྱལ་བས་ཇི་ལྟར་བསྔོ་མཛད་པ། །དེ་བཞིན་དགེ་ཚོགས་འདི་ཡང་རབ་ཏུ་བསྔོ། །ནམ་མཁའི་མཐས་ཁྱབ་སེམས་ཅན་མཐའ་ཇི་སྲིད། །བདག་སོགས་རྒྱལ་སྲས་སྤྱོད་པ་རྒྱ་མཚོར་འཇུག །རྫོགས་སྨིན་སྦྱང་བ་མཐའ་རུ་ཕྱིན་གྱུར་ནས། །འགྲོ་ཀུན་ཀུན་མཁྱེན་རྒྱལ་བའི་སྐུ་ཐོབ་ཤོག །ཆོས་ཚུལ་འདི་ལ་བསམ་སྦྱོར་འབྲེལ་བ་ཡི། །འགྲོ་བ་ཀུན་ཀྱང་ཚེ་རབས་ཐམས་ཅད་དུ། །ཐེག་མཆོག་དམ་པའི་ཆོས་དང་མི་འབྲལ་ཞིང་། །རང་སེམས་འོད་གསལ་གཉུག་མའི་དོན་རྟོགས་ཤོག །རྣམ་དཀར་བྱེད་པོ་དམ་པའི་སྐྱེས་བུ་ཟུང་། །སྐུ་ཚེའི་རི་བོ་བསྐལ་བརྒྱར་བརྟན་པ་དང་། །བཞེད་དོན་མ་ལུས་ཆོས་མཐུན་ཡིད་བཞིན་འགྲུབ། །བསྟན་ལ་བྱ་བ་རྒྱ་ཆེར་བགྱིད་པར་ཤོག །ཀུན་གསལ་ལམ་ཀུན་ཀུན་ནས་འགེངས་པ་རྒྱལ་དང་རྒྱལ་སྲས་རིག་པ་འཛིན། །ལྷ་དང་དྲང་སྲོང་གྲུབ་པའི་ཚོགས་ཀྱི་བདེན་ཚིག་ལྷ་ཡི་རོལ་མོ་དང་། །ལྷན་ཅིག་ཡིད་འོང་ལྷ་ཡི་མེ་ཏོག་མདངས་ལྡན་ཆར་གྱིས་ཕྱོགས་ཀུན་དུ། །དགེ་མཚན་བཀྲ་ཤིས་རྟག་པ་དམ་པས་དགེ་དང་ལེགས་པ་ཀུན་སྩོལ་ཅིག །ཅེས་མཛོད་བདུན་སྤར་དུ་བཀོད་ཚུལ་གྱི་དཀར་ཆག་དོན་བསྡུས་ཉུང་ངུ་འདི་ཉིད་རྣམ་དཀར་འདུ་བྱེད་པ་པོ་ཉིད་ནས། རབ་དཀར་ལྷ་རེག་དང་བཟང་གོས་གསེར་མདངས་སོགས་ཀྱི་སྐྱེས་བཅས་བཀས་བསྐུལ་བ་ལྟར། མི་ཕམ་འཇམ་དབྱངས་རྣམ་པར་རྒྱལ་བས་སྒ་ལུང་བདེ་མཆོག་ཕོ་བྲང་དུ་གྲགས་པའི་གནས་སུ། རབ་ཚེས་ས་སྤྲེལ་དབོ་ཟླའི་ཚེས་ཉེར་ལྔ་དགེ་བར་གྲུབ་པར་བགྱིས་པ་མངྒ་ལཾ།། །།

དེ་ལྟར་མཁས་མཆོག་མི་ཕམ་པའི་གསུང་ལ་ཕྲན་བུའི་བསྒྱུར་བཀོད་གོང་འོག་གི་རྟགས་ཙམ་མ་གཏོགས་གཞན་ཐོག་མཐའ་ཀུན་གསུང་བསླད་མེད་རང་སོར་བྱས་ཤིང་། སྐབས་དོན་གྱི་ཁྱད་པར་དམིགས་བསལ་བ་རྣམས་ཚན་སོ་སོར་ཕྱེས་ཏེ་འདི་ལྟར་བྲིས་ཞེས་སྐུ་ཞབས་མཆོག་སྤྲུལ་རིན་པོ་ཆེའི་བཀའ་ཕེབས་སྤྱི་བོར་བསྩལ་བ་བཞིན་མཁན་ཟུར་ཐུབ་བསྟན་སྙན་གྲགས་ནས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །དགེའོ།། །།


previousམཛོད་ཆེན་བདུན་སྤར་དུ་བསྒྲུབས་པའི་དཀར་ཆག་རིན་ཆེན་མེ་ལོང་།no next