Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཅ༽

31 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]


31  collapse section
11   
 
  
  
རིམ་ཁང་བཞི་པ། གྲུབ་པའི་མཐའ་རབ་ཏུ་དབྱེ་བ།
 
 
  
  
 
  
  
  
  
 


31 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]

 
previousརིམ་ཁང་བཞི་པ། གྲུབ་པའི་མཐའ་རབ་ཏུ་དབྱེ་བ།next

རིམ་ཁང་བཞི་པ། གྲུབ་པའི་མཐའ་རབ་ཏུ་དབྱེ་བ།

དེ་ལྟར་འཁྲུལ་སྣང་གི་ཆོས་ཀྱི་རྣམ་གྲངས་ཤེས་ནས། དེ་དག་འཇལ་བྱེད་གྲུབ་པའི་མཐའ་རྣམ་པར་གཞག་པ། ཐེག་པའི་རྣམ་གྲངས་རྒྱ་ཆེར་གཏན་ལ་དབབ་པ་ནི། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཀྱེ་ཧོ་གསང་བའི་རྡོ་རྗེ་འཛིན། །ང་ཡི་ཐེག་པ་བསམ་ཡས་ཀྱང་། །བཤད་ལུགས་རྣམ་པ་གཉིས་སུ་འདུས། །འཁོར་བ་དང་ནི་མྱང་འདས་སོ། །ཞེས་གསུངས་པའི་དོན་ལ་འདིར་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཐེག་པ་དང་། འཇིག་རྟེན་ལས་འདས་པའི་ཐེག་པའོ། །དང་པོ་ལའང་ཐེག་པའི་ངོ་བོ། ངེས་ཚིག དབྱེ་བ། དགོས་པ། འབྲས་བུ་དང་ལྔ་ལས། ངོ་བོ་ནི་འཁོར་བ་ལས་མི་འཕགས་པའི་ཡིད་དཔྱོད་ཀྱི་རྣམ་གྲངས་གང་ཞིག་ཐོབ་བྱའི་འབྲས་བུ་ལ་དམིགས་ནས་རྣམ་གྲངས་ངེས་པའི་ཚིག་དོན་དུ་གནས་པའོ། །ངེས་ཚིག་ནི། འཇིག་རྟེན་གྱི་ལེགས་པར་ཙམ་ལ་སྦྱོར་ཞིང་འགོད་པའོ། །དབྱེ་ན། སོར་བཞག་དང་ཕྱིན་ཅི་ལོག་གི་ཐེག་པ་གཉིས་སོ། །དགོས་པ་ནི། རང་རང་གི་འབྲས་བུ་འགྲུབ་པར་བྱེད་པའོ། །འབྲས་བུ་ནི། ཐབས་དེས་རང་རང་གི་འབྲས་བུ་དེ་ནམ་ཞིག་ན་མངོན་དུ་གྱུར་པའོ། །

དེ་ལ་སོར་བཞག་ལྷ་དང་མིའི་ཐེག་པ་ནི། དགེ་(༤༤)བ་བཅུ་དང་གསོ་སྦྱོང་ལ་ངེས་པར་གནས་པ་ལ་སོགས་པ་བསོད་ནམས་ཆ་མཐུན་གྱི་ལས་བསགས་པས་ལྷ་དང་མིའི་བདེ་ལེགས་ཕྱི་མ་ལ་འགྲུབ་པའི་ཐབས་ཏེ། གང་གི་གྲུབ་པ་ལ་འཇུག་ཀྱང་རྟེན་དུ་གྱུར་པ་ཡིན་པས་སོར་བཞག་གི་ཐེག་པ་ཞེས་བྱའོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ཆེན་པོ་ལས། ཐེག་པ་ལ་སྔ་བ་ལྷ་དང་མིའི་ཐེག་པའོ་ཞེས་སོ། །ཕྱིན་ཅི་ལོག་གི་ཐེག་པ་ནི། རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། །འཇིག་ཚོགས་སུམ་བརྒྱ་དྲུག་ཅུར་འདོད། །ཅེས་པས་འདི་ལ་གཉིས་ཏེ། རྟག་ཆད་ཀྱི་རང་བཞིན་སྤྱིར་བསྟན་པ་དང་། དེའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །

དང་པོ་ལ་གཉིས་ཏེ། རྟག་པར་ལྟ་བ་དང་། ཆད་པར་ལྟ་བའོ། །དང་པོ་ནི་ཕྱི་རོལ་པའི་ལུགས་ཀྱིས་འདོད་པ་ཐ་དད་པ་མང་ཡང་། རྒྱུ་རྟག་པར་སྨྲ་བ་གྲངས་ཅན་པ་ནི་ཀུན་གྱི་གཞུང་ཕྱི་མོ་ཡིན་པས། ཐོག་མར་བཤད་པ་ནི། རྡུལ། མུན་པ། སྙིང་སྟོབས་གསུམ་ཆ་མཉམ་པའི་ངོ་བོ་ནི་བདག་ཅེས་བྱ་སྟེ། སེམས་ཅན་ཀུན་གྱི་སྙིང་ལ་ལུས་བོངས་དང་འཚམས་པའི་གཟུགས་ཅན། ཆེ་བ་རྣམས་ལ་མཐེ་བོང་ཙམ་ལ། ཆུང་བ་ནས་དང་སྲན་མའི་གའུ་ནས། ཡང་ཆུང་ཏིལ་གྱི་ཉག་མ་ཙམ་ལ་སོགས་པར་གནས་པ་དེ་ཡང་། དཀར་བ། སྣུམ་པ། འདྲིལ་བ། གཞིག་ཅིང་གཞོམ་དུ་མེད་ལ། སུས་ཀྱང་མི་མཐོང་བའི་བདག་ཉིད་ལྐོག་གྱུར་དུ་ཡོད་པ། ད་ལྟ་རྡུལ་མུན་པ་སྙིང་སྟོབས་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཆ་མཉམ་པའི་དུས་ན། དེའི་རང་བཞིན་རང་གིས་རིག་ལ། བལྟར་མེད་པའི་རང་བཞིན། ཕྱིས་རྣམ་པར་གྲོལ་བ་ན། མཐོ་རིས་ཀྱི་སྟེང་ན་གདུགས་དཀར་པོ་ཀུན་ནས་བསྐོར་བ་ལྟར་ཐར་པ་མདོག་དབྱིབས་ཅན་དུ་སྣང་བར་འདོད་དོ། །ད་ལྟ་དེའི་རང་བཞིན་གཡོ་བ་མེད་པའི་ངོ་བོ། བྱ་བྱེད་དང་བྲལ་བ། ཡུལ་རིག་པས་ཟ་བ་པོ། དུས་རྟག་པར་ཡོད་པའི་རང་བཞིན་འདི་མ་ཤེས་པས་འཁོར་ལ། ཤེས་ནས་དེའི་ངོ་བོ་ལས་མ་ཡེངས་ན་གྲོལ་ཞིང་གནས་སྐབས་འདིར་ཡང་མཆོད་སྦྱིན་ལ་སོགས་པ་ལེགས་པར་སྤྱད་པས། ཕྱི་མ་ལ་དབང་ཕྱུག་གི་གནས་སུ་བདག་གི་འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པར་སྐྱེའོ་ཞེས་འདོད་དོ། །འདི་ལས་གྱེས་ནས་རང་རང་གི་ལུགས་མང་དུ་མཆེད་དེ། འཇུག་པ་ལས། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱར་མེད་གྲངས་ཅན་རྣམས་ཀྱིས་བརྟགས། །དེ་ཡི་དབྱེ་བ་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་གྱུར། །ཅེས་སོ། །ཆད་པར་སྨྲ་བ་ནི། རྒྱང་འཕེན་པ་སྟེ། ད་ལྟའི་མཐོང་ཐོས་བདེ་སྡུག་འགྲོ་བར་སྣང་བ་འདི་ལས། ཚེ་སྔ་ཕྱི། ལས་རྒྱུ་འབྲས། ཐར་པ་གྲོལ་བ་ལ་སོགས་པ་གང་ཡང་མེད་པར་འདོད་དོ། །

འདི་ལ་ཡང་རྒྱུ་ཆད་པར་སྨྲ་བ་དང་། འབྲས་བུ་ཆད་པར་སྨྲ་བ་གཉིས་ལས། དང་པོ་ནི། གཅེར་བུ་པ་གཉེན་གྱི་བུ་ལ་སོགས་པ་ཁ་ཅིག་སྔར་གྱི་སེམས་ད་ལྟའི་འདི་མ་ཡིན་ཏེ། འབྱུང་བ་བཞི་ལ་རང་བཞིན་གྱིས་གནས་པའི་སེམས་ཡོད་པས། དེ་ཉིད་འབྱུང་བའི་རྒྱས་(༤༥)འཐུམས་ཏེ་མི་མངོན་པ་ལས། དྲོད་རླན་ལ་སོགས་པའི་རྐྱེན་དང་ཕྲད་པ་ན་བག་ལ་ཞ་རང་བཞིན་གྱི་སེམས་དེ་ལངས་ནས། ལུས་གསར་པ་ལ་སེམས་གསར་པ་ཞུགས་ནས། སེམས་ཅན་དུ་གྲུབ་པ་ཡིན་ནོ། །དེ་ཡང་ས་ལ་རང་བཞིན་བག་ལ་ཉལ་གྱི་སེམས་ཡོད་པས་རྩི་ཤིང་དང་ནགས་ཚལ་ལ་སོགས་པ་སྐྱེད་པ་ཡིན་ལ། ཆུ་ལ་ཡོད་པས་རླན་པ་དང་འགྲོ་བ་དང་སྒྲ་འབྱིན་པ་ཡིན་ཞིང་། མེ་ལ་ཡོད་པས་འབར་ཞིང་བསྲེག་ལ། རླུང་ལ་ཡོད་པས་གཡོ་འདེགས་སུ་འབྱུང་བ་ཡང་དེའི་གནད་ཡིན་ནོ། །

དེས་ན་ཤིང་བུ་དང་། རྡེའུ་དང་། དངོས་པོ་རགས་པ་ཀུན་ལ་སེམས་ཡོད་དེ། གཅིག་ལ་གཅིག་འཐབས་ན་སྒྲ་འོང་བ་དང་། འཕངས་ན་འགྲོ་བའི་ཕྱིར་དང་། ཤིང་འགའ་ཞིག་མཚན་མོ་ལོ་མ་འཁུམ་ལ་ཉིན་མོ་རྒྱས་པ་ལ་སོགས་པ་དང་། པགས་པ་བཤུས་ན་སྐམ་པ་དང་། སོས་སྐྱེ་བ་ལ་སོགས་པར་བྱེད་པའི་ཕྱིར་རོ། །དེས་ན་འགྲོ་བ་ལ་ཚེ་སྔ་མའི་ལས་དང་སེམས་ཡོད་ན། ཤིང་ལ་སོགས་པ་ལའང་ཚེ་སྔ་མ་ཡོད་པར་འགྱུར་བ་ལས། མེད་དེ་གློ་བུར་བ་སྟེ། ད་ལྟའི་ཚོགས་པ་འདུས་པ་ལས་བྱུང་བ་སྤང་གི་ཤ་མོ་རྡོལ་བ་བཞིན་ནོ། །ཅིས་མངོན་ན། དབྱར་དྲོད་རླན་འཛོམས་པ་ལས་རྟ་རྔའི་ཉག་མ་ཆུར་སོང་བའི་ཕྱོགས་འབུར་སོང་ལ། མ་སོང་བ་ངོས་རྔ་མར་ལུས་པ་དང་། གྲོག་མ་དང་། འབུ་ལས་སྦྲང་བུར་འགྱུར་ཞིང་། འཛོང་མོ་སྦལ་བར་འགྲོ་བས་ཤེས་སོ། །དེས་ན་རྒྱུ་རྟག་པ་མ་ཡིན་ཏེ། དབྱར་གྱི་དུས་གྲོག་མའི་ཚང་དུ་སོང་བའི་ཤིང་བུ་རྡེའུ་དང་། འབྲས་ཀྱི་ཟེ་ཀ་ལ་སོགས་པ་སེམས་ཅན་དུ་འགྲོ་བའི་ཕྱིར། རྒྱུ་གློ་བུར་བ་དང་རྐྱེན་གློ་བུར་བ་འཛོམ་པས་འབྲས་བུ་སེམས་ཅན་དུ་འགྲུབ་ལ། དེ་ཡང་རྒྱུ་རྐྱེན་བཟང་བ་ལས་འབྲས་བུའང་བཟང་དུ་འགྲུབ་སྟེ། རྒྱལ་པོའི་བུ་མོ་བལྟ་ན་སྡུག་པ་བཙུན་མོ་མཛེས་པ་ལས་འབྱུང་བ་བཞིན་ནོ་ཞེས་འདོད་དོ། །འབྲས་བུ་ཆད་པར་སྨྲ་བ་ནི། ཀ་ཏའི་བུ་ནོག་ཅན་དང་། མི་ཕམ་སྐྲའི་ལྭ་བ་ཅན་ལ་སོགས་པ་ནི། ད་ལྟར་གྱི་འགྲོ་བ་ལ་ཚེ་སྔ་མ་མེད་པར་མ་ཟད། འབྱུང་བའི་སེམས་བག་ལ་ཞའི་རྒྱུས་སྐྱེད་པའང་མེད་དེ། ངོ་བོ་ཉིད་ཀྱིས་བྱུང་བ་ཡིན་ནོ། །དེའང་ཚེར་མ་རྣོན་པོར་བྱེད་པའི་རྒྱུ་མཚོན་གྱིས་བ༵ཞོགས་མཁན་སུ་ཡང་མེད་དེ་རྣོ་ལ་གཟིང་རིང་བར་བྱུང་བ་དང་། ཉི་མ་ཤར་ནས་འཆར་བ་དང་། ཆུ་ཐུར་ལ་འབབ་པ་ལ་སོགས་པ་འདི་དག་ལ་རྒྱུ་མེད་ཀྱང་ངོ་བོ་ཉིད་ཀྱིས་ཆགས་ལུགས་དེ་ལྟར་ཡེ་ནས་བྱུང་བ་ཡིན་ལ། ཤི་ནས་ཀྱང་རྗེས་མེད་པར་འགྲོ་བས་ཚེ་ཕྱི་མའི་འབྲས་བུ་གཏན་ནས་མེད་པའོ་ཞེས་འདོད་དེ། དབང་ཕྱུག་ནག་པོའི་རྒྱུད་ལས། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟིང་རིང་རྣོ་བ་དང་། །རྨ་བྱའི་མདོངས་བཀྲ་ཤིན་ཏུ་མཛེས་པ་དང་། །རྒྱལ་པོའི་བུ་མོ་བལྟ་ན་སྡུག་པ་རྣམས། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང་། །འཇིག་པའང་དངོས་མེད་ཕྱི་མ་ཡོད་མ་ཡིན། །འདི་ཀུན་རྣམ་བཏགས་གློ་བུར་འཁྲུལ་པ་ཉིད། །(༤༦)ཅེས་སོ། །དེ་ལྟ་ན་གཞུང་བཀོད་པ་དོན་མེད་པར་འགྱུར་རོ་ཞེས་རྒལ་བ་ན། ལན་ཡང་འདི་སྐད་དུ་སྨྲ་སྟེ། རྒྱུ་ཆད་པའི་ཕྱོགས་ན་རེ། ཚེ་སྔ་མའི་སེམས་མེད་ཀྱང་ད་ལྟའི་འབྱུང་བ་སོ་སོ་བའི་སེམས་ཡོད་པས་དེས་སེམས་ཅན་དུ་སྨིན་དུས་འདིར། མེད་པའི་རང་བཞིན་གོམས་ན་ཕྱིས་འཆི་བ་ན་འབྱུང་བ་བཞི་སོ་སོའི་བག་ལ་ཞ་ཡང་། སེམས་མི་འཇུག་པར་གྲོལ་བས་གཞུང་དོན་ཡོད་ལ། མེད་པ་ལ་མ་གོམས་ན་འཆི་དུས་ས་ཆུ་མེ་རླུང་གི་ལུས་ཀྱི་འབྱུང་བ་བཞི་ཕྱི་ཡུལ་གྱི་འབྱུང་བ་སོ་སོ་ལ་ཐིམ་དུས། ཤེས་པ་འདི་ཡང་ཚན་བཞིར་བྱེ་ནས་ཡང་ཉོན་མོངས་པའི་རང་བཞིན་དུ་རླག་པར་བྱེད་དོ་ཞེས་སྨྲ་ལ། འབྲས་བུ་ཆད་པ་ན་རེ། མེད་པའི་རང་བཞིན་ཤེས་ན་གཞུང་གཞན་གྱིས་མི་འཕྲོགས་ལ། དེས་དོན་མེད་པར་ངལ་བར་བྱེད་པ་ལས། ཚེ་འདིར་བཟློག་པའི་ཕྱིར་ཁོ་བོ་ཅག་མེད་པར་སྨྲ་བའི་གཞུང་བཀོད་པ་དོན་ཡོད་ཅེས་ཟེར་རོ། །དེ་གཉིས་ཀའི་ཕྱོགས་འཛིན་པ་ཀ་ཏའི་བུ་ནོག་ཅན་ལ་སོགས་པ་ནི། སེམས་ཅན་ཀུན་དང་པོ་ཡང་འབྱུང་བའི་དབྱིངས་ནས་ཤར། བར་དུ་ཡང་འབྱུང་བའི་དབྱིངས་ན་གནས། ཐ་མ་ཡང་འབྱུང་བའི་དབྱིངས་སུ་ཡལ་ནས་ཅང་མེད་པར་འདོད་ཅིང་། འབྱུང་བའི་དབྱིངས་ཙམ་ཞིག་ཀུན་གྱི་བདག་ཉིད་དུ་སྨྲ་སྟེ། དབྱིངས་ན་གནས་པའི་ཚེ་མི་གནས་དགུ་གནས་པས་གང་ལ་ཡང་རིག་པར་འཆར་ལ། འབྱུང་བའི་དབྱིངས་ནས་ཤར་བའི་ཚེ་མ་ཤར་དགུ་ཤར་བས། ཕྱི་རོལ་གཟུགས་སོགས་ཡུལ་དཀར་དམར་སྣ་ཚོགས་དང་། ནང་སེམས་ཅན་དང་སེམས་ཀྱི་རྟོག་པ་དང་། ལུས་མི་འདྲ་བ་མ་བྱུང་དགུ་བྱུང་ཞིང་། གྲོལ་བའི་ཚེ། མ་གྲོལ་དགུ་གྲོལ་བས་སྣོད་བཅུད་ལུས་ཅན་ཐམས་ཅད་རང་ཡལ་ཏེ་མ་གྲོལ་བ་མེད་པས། ཞིག་པ་རྣམས་བསྐྱར་ནས་ཁམས་གསུམ་དུ་ལྡོག་མི་སྲིད་དོ། །དེས་ན་སྐྱེ་འགྲོ་ཐམས་ཅད་དང་པོ་ཡང་དབྱིངས་ནས་གློ་བུར་དུ་བྱུང་ལ། ད་ལྟ་ཡང་དབྱིངས་ན་གློ་བུར་དུ་གནས་ཤིང་། ཐ་མ་ཡང་དབྱིངས་སུ་གློ་བུར་དུ་གྲོལ་ནས་ཕྱིར་མི་ལྡོག་པའོ་ཞེས་འདོད་དོ། །

གཉིས་པ་དེ་དག་གི་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ནི། རིག་པ་རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། །འཇིག་ཚོགས་སུམ་བརྒྱ་དྲུག་ཅུར་འདོད། །སུམ་བརྒྱ་དབྱིངས་ལ་བཤད་པའོ། །དྲུག་ཅུའི་ལྟ་བ་འདི་ལྟ་སྟེ། །གྲངས་ཅན་ལོག་པར་སྨྲ་བ་དང་། །བྱེ་བྲག་རང་གི་རྒྱུ་སྨྲ་དང་། །ཀུ་མཱ་ར་ལ་ཆེན་པོ་དང་། །རྣ་མ་ཕུག་པའི་གཞུང་འཛིན་དང་། །གསང་བ་མེ་ལྔ་བསྟེན་པ་དང་། །མེ་རས་ཏིལ་མར་ལུས་བསྲེག་དང་། །མདུང་རྩེའི་དཀའ་ཐུབ་ལོག་སྤྱོད་དང་། །མཆོང་དང་འཚོག་པའི་དཀའ་ཐུབ་དང་། །ཤ་ཀོར་ལུས་ལ་བྱས་འཐོག་དང་། །ཁྱི་ཡི་ཆ་བྱད་སྤྱོད་པ་དང་། །དེ་བཞིན་མངོན་ཤེས་ཕྲ་མོའི་ས། །སངས་རྒྱས་བྱིན་རླབས་སྤྱིར་སྣང་བ། །ལོག་པའི་དཀའ་ཐུབ་སྤྱོད་པའོ། །རྣམ་པའི་ལྟ་བ་འདི་ལྟ་སྟེ། །བྱེད་པ་རྒྱུ་རུ་སྨྲ་བ་དང་། །བྱེད་པ་ལམ་དུ་འཁྱེར་བ་དང་། །རྟག་པ་དོན་མཚོན་ཆེན་པོ་དང་། །ཐེར་ཟུག་འགྱུར་མེད་(༤༧)སྨྲ་བ་དང་། །གནས་སྐབས་རྟག་པར་སྨྲ་བ་དང་། །རྒྱུ་ལ་རྟག་པར་སྨྲ་བ་དང་། །འབྲས་བུ་རྟག་པར་སྨྲ་བ་དང་། །རྟག་པ་ཉིད་ལ་ལམ་ལྟོས་དང་། །སྤྱོད་པ་རྟག་པར་འདོད་པ་དང་། །དོན་ལ་རྟག་མེད་ཆད་ལྟ་དང་། །དེ་བཞིན་རྟག་པའི་རྣམ་པའོ། །ཚད་མེད་ངན་སྔགས་གཙོར་བྱེད་དང་། །མོ་དང་པྲ་ལ་གཙོར་བྱེད་དང་། །རྫུ་འཕྲུལ་ཕྲ་མོ་གཙོར་བྱེད་དང་། །རྩོད་པ་ལྷུ་རུ་ལེན་པ་དང་། །དཀའ་ཐུབ་སྤྱོད་པ་དག་དང་ནི། །འཇིག་རྟེན་འདི་ལ་ཞེན་པ་དང་། །རང་གི་བྱ་བ་འཛིན་པ་དང་། །ལྭ་བ་ཅན་དུ་འགྱུར་བ་དང་། །མི་ཕམ་རས་གོས་དག་དང་ནི། །ཕྱག་མཚན་གཙོ་བོར་བྱེད་པའོ། །བྱ་བ་ལྟོས་པར་སྨྲ་བ་དང་། །རིག་པས་ཕ་རོལ་སུན་འབྱིན་དང་། །རྒྱུ་མེད་ཆད་པར་སྨྲ་བ་དང་། །ཕྱམ་ཆད་སྟོང་པར་སྨྲ་བ་དང་། །རྒྱུ་ཆད་འབྲས་བུ་ཆད་ལྟ་དང་། །ལམ་ཆད་ཡེ་ཤེས་ཆད་ལྟ་དང་། །ཆད་པ་ཐེར་ཟུག་ཆེན་པོ་དང་། །ལམ་ཆད་འབྲས་བུ་གཏན་ཆད་དང་། །ལོག་པའི་སེམས་ཀྱིས་ཆད་ལྟ་དང་། །ཆད་པ་སྟོང་པ་ཆེན་པོའོ། །རིག་བྱེད་གསང་བར་སྨྲ་བ་དང་། །ཆ་མཐུན་གོལ་བའི་མུ་སྟེགས་དང་། །མངོན་སྣང་སེམས་ཀྱི་མུ་སྟེགས་དང་། །འཁྲུལ་སྣང་འཛིན་པའི་མུ་སྟེགས་དང་། །ཞེ་སྡང་སྐྱེད་པའི་མུ་སྟེགས་དང་། །བྱ་བྱེད་སེམས་ཀྱི་མུ་སྟེགས་དང་། །འཛིན་པ་དོན་མེད་མུ་སྟེགས་དང་། །ཁ་ཚིག་གོལ་བའི་མུ་སྟེགས་དང་། །རྟག་པ་དོན་མེད་མུ་སྟེགས་དང་། །ཀ་ནི་དང་ནི་སེར་སྣ་དང་། །བྷ་སི་ར་དང་ཀྲ་བྷི་ཤ། སིན་དྷ་ར་དང་དྷ་སིང་དང་། །ཀ་ཏི་དང་ནི་སང་གྷ་དང་། །ཤང་ཀ་རི་དང་དྷ་ཤ་ཀའོ། །ཞེས་སོ། །དེ་དག་གི་དོན་རྒྱས་པར་བཤད་པ་ལ་གཉིས་ཏེ། དབྱིངས་ཀྱི་ལྟ་ལོག་སུམ་བརྒྱ་རྒྱས་པར་བཤད་པ་དང་། དེ་དག་གི་གྱེས་མདོ་དྲུག་ཅུ་རྒྱས་པར་བཤད་པའོ། །

དང་པོ་ནི། འབྱུང་བ་དང་ཤེས་པའི་དབྱིངས་ལས་འཁྲུལ་ནས་སོ་སོའི་རྟོག་པས་གྲུབ་མཐའ་རེ་བཟུང་བ་སྟེ། སྟོན་པ་བརྒྱས་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དུས་གསུམ་ལ་ལོག་པའི་འཛིན་སྟངས་སུ་བྱེད་པས་སུམ་བརྒྱར་བཤད་དོ། །སྟོན་པ་བརྒྱ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་དཔོག་པ་དང་། འཛིན་པ་མེད་པ་དང་། འཚོ་བ་པ་དང་། ལོ་མ་ཅན་དང་། གཙང་སྦྲ་ཅན་དང་། ཁྱབ་འཇུག་དང་། ཁྱབ་འཇུག་སེམས་དང་། དབྱུ་གུ་གསུམ་པ་དང་། ཀོ་ལྤགས་ཅན་དང་། མཉམ་པར་སྤྱོད་པ་སྟེ་བཅུ་དང་། ལྷ་མཆོད་པ་དང་། ཆོས་ཀྱི་མཆོག་སྦྱིན་ཅན་དང་། གདུང་བ་ཅན་དང་། ལག་པ་གདུང་བ་ཅན་དང་། རྒྱལ་པོར་སྨྲ་བ་དང་། རྒན་པོར་སྨྲ་བ་དང་། མི་གཡོ་ཨུ་ཏ་རི་དང་། རིགས་དང་རྗེས་སུ་མཐུན་པ་དང་། བཅིངས་ནས་འདུག་པ་དང་། འཁོར་སྐྱོང་བ་ཞེས་བྱ་སྟེ་ཉི་ཤུ་དང་། རི་ལ་གནས་པ་དང་། རྒྱལ་པོའི་བསོད་སྙོམས་ཅན་དང་། རྒྱལ་པོའི་རྒྱལ་མཚན་ཅན་དང་། གློག་ཅན་དང་། ནད་ཅན་དང་། རྟ་འདུལ་དང་། ཀ་ལན་དྷ་ཀ་པ་དང་། སྣོད་རྩ་ཅན་དང་། སློང་མོས་རྒྱུ་བ་དང་། ཡན་ལག་རལ་ཀའི་ནང་དུ་གཏུམ་བ་པ་སྟེ་(༤༨)སུམ་ཅུ་དང་། སྒྲོན་མེའི་ལག་པ་ཅན་དང་། གསེར་ཅན་དང་། གྲུབ་པར་སྨྲ་དང་། དབང་པོ་དང་། ཞྭ་ཉེ་ཅན་དང་། ནམ་མཁའ་འབྱུང་བ་དང་། ཤིང་རྟ་མང་པོ་ཅན་དང་། དོན་ཐམས་ཅད་པ་དང་། བསམ་གཏན་ལ་དགའ་བ་དང་། ཆོས་ཅན་པ་སྟེ་བཞི་བཅུ་དང་། ཟས་གྲང་མོ་ཅན་དང་། ཕྲག་པའི་གོས་ཅན་དང་། ཕྲུ་བ་གཅིག་པ་དང་། བྱང་ཕྱོགས་ཀྱི་འགྲམ་ན་གནས་པ་དང་། ལྷོ་ཕྱོགས་ཀྱི་འགྲམ་ན་གནས་པ་དང་། དུང་སྒྲ་ཅན་དང་། ལྷ་རྟེན་སྦྱིན་མའི་བུ་དང་། ལུས་ལ་གནོད་པ་བྱེད་པ་དང་། ཀུན་ཏུ་གནོད་པ་བྱེད་པ་དང་། སྣ་ཚོགས་གཟུགས་ཅན་ཏེ་ལྔ་བཅུ་དང་། ཀ་ཀ་ན་དྷ་པ་དང་། གཅོད་པ་དང་། ལྷའི་གྲོང་པ་དང་། གོས་མེད་པ་དང་། ས་ཁོང་ན་གནས་པ་དང་། ཟླ་བ་ཕྱེད་པ་དང་། ཆོས་སེམས་པ་དང་། མ་ལ་གུས་པ་དང་། ཕ་ལ་གུས་པ་དང་། ཟླ་བ་ཤར་བ་པ་སྟེ་དྲུག་ཅུ་དང་། ཉི་མ་ཤར་བ་པ་དང་། ལག་པ་ཟ་བ་པ་དང་། སྙིང་གི་འཚོ་བ་པ་དང་། འདས་པར་འགྱུར་བ་པ་དང་། འདས་པར་མ་གྱུར་པ་དང་། ཕུང་པོ་གསུམ་པ་དང་། གཉིས་གསུམ་གྱིས་འཚོ་བ་དང་། འཇུག་པ་དང་གྲངས་ཅན་གྱི་རྣལ་འབྱོར་ཅན་དང་། འུག་པ་པ་སྟེ་བདུན་ཅུ་དང་། ནགས་ན་གནས་པ་དང་། བྷའི་ཁན་པ་དང་། བྷ་ལ་ཁྱི་ལྔ་པ་དང་། ཚངས་པར་སྤྱོད་པ་དང་། སྤྱོད་པ་པ་དང་། ཕྱུགས་བདག་པ་དང་། གོའུ་ཏ་མ་དང་། ཞི་བ་ཅན་མ་དང་། ཤིན་ཏུ་ཁྲུས་མ་དང་། མཚེའུའི་འགྲམ་ན་གནས་མ་སྟེ་བརྒྱད་ཅུ་དང་། འཚེ་བ་པ་དང་། འཁོར་བ་ལས་གྲོལ་བ་པ་དང་། འཐོར་བྱེད་པ་དང་། ཐོག་མ་པ་དང་། བྷ་ར་དྷྭ་ཛ་པ་དང་། བྷ་ར་ཤའི་གྲངས་ཅན་དང་། བཏན་ཛ་པ་དང་། ལྷ་མཆོད་པ་དང་། གཞན་ལ་མི་འདུད་པ་དང་། གོས་ཀྱི་དུམ་བུ་ཅན་ཏེ་དགུ་བཅུ་དང་། འུག་པའི་གཤོག་པ་ཅན་དང་། ལན་གསུམ་ཆུར་འཇུག་པ་དང་། འགལ་བར་མི་བྱེད་པ་དང་། མེས་པོ་ཅན་དང་། མཁའ་ལྡིང་བ་དང་། ཁྱིམ་གྱི་ར་བ་ན་གནས་པ་དང་། འཕགས་མཆོག་པ་དང་། གཉེན་གྱི་བུ་དང་། འགེངས་བྱེད་པ་དང་། དགེ་སྦྱོང་པ་སྟེ་བརྒྱ་ཐམ་པའོ། །འདི་དག་ནི་ལ་ལ་རྟག་པར་སྨྲ། ལ་ལ་ཆད་པར་སྨྲ། ལ་ལ་གཉིས་ཀར་སྨྲ་ཡང་རྟག་ཆད་གཉིས་སུ་འདུས་ཏེ། རང་ཤར་ལས། དེ་ཡང་མདོར་བསྡུས་འདི་ལྟ་སྟེ། །རྟག་པ་དང་ནི་ཆད་པའོ། །ཆད་ལྟའི་དོན་ནི་འདི་ལྟ་སྟེ། །ཕྱམ་ཆད་མུ་སྟེགས་སྟོང་པ་ཆེ། །རྒྱུན་ཆད་ནམ་མཁའ་སྟོང་པ་བཞིན། །ཆད་པ་རང་བཞིན་མེད་པར་ལྟ། །འབྲས་བུ་ཆད་པ་སྟོང་པའོ། །སྟོང་པ་མེད་པའི་རྟག་པ་ནི། །རྟག་པའི་ཐེག་པའི་གྲུབ་མཐའ་སྟེ། །རྟག་པ་ཐེར་ཟུག་གྲུབ་མཐའོ། །རྒྱུ་རྟག་དངོས་པོ་འདི་ལྟ་སྟེ། །རང་རང་ཙིཏྟའི་དཀྱིལ་འཁོར་ནས། །ཕ་ཡི་རྒྱུ་ལས་མ་བྱུང་ཞིང་། །མ་ཡི་རྐྱེན་ལ་མ་བརྟེན་པར། །ཆེས་ཏེ་ཆེ་ན་སྲན་མ་ཙམ། །ཆུང་སྟེ་ཆུང་ན་ཡུངས་འབྲུ་ཙམ། །ཡང་ཆུང་སྐྲ་ཡི་རྩེ་མོ་ཙམ། །སྣུམ་ཞིང་འདྲིལ་ལ་དཀར་ལ་དྭངས། །དེ་བཞིན་རྒྱུ་ཡི་རང་བཞིན་དེ། །ཡེ་ནས་མི་འགྱུར་རྟག་པར་ཡོད། །དེ་དང་བག་(༤༩)ཆགས་ཕུང་པོ་འདི། །མི་འབྲལ་གཅིག་ཏུ་གནས་པས་ན། །རྒྱུ་རྟག་པ་ཡི་གྲུབ་མཐར་འདོད། །འབྲས་བུ་རྟག་པ་འདི་ལྟ་སྟེ། །ཕྱྭའམ་དབང་ཕྱུག་ཆེན་པོ་ཉིད། །བསྟེན་ཅིང་མཆོད་པའི་ཡོན་ཏན་གྱིས། །དང་པོའི་ལུས་འདི་བོར་གྱུར་ཀྱང་། །རང་རང་ས་ལ་སྐྱེ་བར་བྱེད། །ཕྱྭའམ་དབང་ཕྱུག་ཆེན་པོ་ཡིས། །བྱས་ཏེ་འབྲས་བུ་རྟག་པར་འདོད། །རྟག་དང་ཆད་པ་རྣམ་པ་གཉིས། །རང་རང་དོན་ལ་མི་མཐུན་པའོ། །ཞེས་སོ། །

གཉིས་པ་དེ་དག་གི་གྱེས་མདོ་དྲུག་ཅུའི་དོན་རྒྱས་པར་བཤད་པ་ནི། ཡང་དེ་ཉིད་ལས། གྲངས་ཅན་གྱི་འདོད་པ་ནི་འདི་ལྟ་སྟེ། རྡུལ་དང་། མུན་པ་དང་། སྙིང་སྟོབས་གསུམ་རྟག་པར་འདོད་པའོ། །དེ་ཡང་གཏི་མུག་གིས་གཞི་བྱེད་པར་འདོད་དོ། །འདོད་ཆགས་ཀྱིས་བདེ་བ་སྐྱེད་པར་བྱེད་དོ། །ཞེ་སྡང་གིས་དཔུང་བཟློག་པར་འདོད་པའོ། །དེ་ནི་གྲངས་ཅན་གྱི་འདོད་གཞུང་ངོ་། །བྱེ་བྲག་པའི་ལྟ་བ་འདི་ལྟ་སྟེ། ཕྱིའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་རྡུལ་ཕྲ་རབ་ཏུ་ལྟའོ། །དེ་ཡང་དང་པོ་འཛིན་པས་བཟུང་ནས་རྡུལ་དང་ཕྲ་རབ་བགྲངས་ཏེ། འདི་ནི་འཇིག་པའི་རྒྱུ་རྐྱེན་ནོ། །འདི་ནི་སྟོང་པ་ཅི་ཡང་མེད་པའི་རྒྱུ་རྐྱེན་ནོ། །ལུས་འདི་བོར་བ་དང་སེམས་ནམ་མཁའི་བག་ལ་ཞ། ལུས་འདི་འབྱུང་བའི་བག་ལ་ཞ། ཅང་མེད་སྟོང་པའི་མུ་ལ་གནས་པའོ། །ཀུ་མཱ་རའི་གྲུབ་མཐའ་འདི་ལྟར་འདོད་དེ་སེམས་མེད་པའི་ལུས་འདོད་དོ། །ལུས་ལ་སེམས་མེད་དེ། སེམས་མེད་པས་ལུས་བོར་བ་ན་སྟོང་པ་ཅི་ཡང་མེད་པར་འདོད་པའོ། །རྣ་བ་མ་ཕུག་པའི་གྲུབ་མཐའ་འདི་ལྟ་སྟེ། སྣང་བ་འདི་ལ་གནས་སྐབས་ཀྱིས་རྟག་པར་མཐོང་ལ། དོན་དམ་པ་ལ་སྣང་བ་འདི་མི་རྟག་པར་འདོད་པའོ། །ཕྱི་མའི་སྣང་བ་ལ་ཕྱྭའམ་དབང་ཕྱུག་གི་འཁོར་དུ་རྟག་པར་འདོད་དོ། །རྣ་མ་ཕུག་པའི་བཞེད་གཞུང་ཡང་དེ་ལྟ་བུའོ། །གསང་བ་མེ་ལྔ་བརྟེན་པ་འདི་ལྟ་སྟེ། སངས་རྒྱས་ཀྱིས་སྤྲུལ་པའི་ཞིང་ཁམས་ན་གནས་པའི་གང་ཟག་གིས་མར་མེ་བཏང་བས། ཡེ་ཤེས་ལྔའི་སྣང་བ་ལས་སངས་རྒྱས་པ་མངོན་པར་ཤེས་པ་ཕྲ་མོས་མཐོང་སྟེ། མེ་ལྔ་ལ་སྤྱོད་པ་ཡོད་དེ། དེ་ཡང་ཙན་དན་གྱི་སྡོང་པོ་ལ་ཏིལ་མར་གྱིས་བཙོས་ཏེ། མེའི་ཕུང་པོ་ལྔ་བཏང་སྟེ་རང་གི་ལུས་སྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མེ་རས་པ་ཞེས་བྱ་བ་རང་གི་ལུས་ལ་རས་ཏིལ་མར་དུ་བཙོས་ནས་རང་གི་ལུས་ལ་དཀྲིས་ཏེ། དེ་ལ་མེ་བཏང་སྟེ་རང་གི་ལུས་སྲེག་པར་བྱེད་པ་དག་ཀྱང་ཡོད་དོ། །མདུང་རྩེ་གསུམ་པའི་དཀའ་ཐུབ་སྤྱོད་པ་ཡོད་དེ། དེ་ཡང་མདུང་རྩེ་གསུམ་པ་ས་ལ་བཙུགས་ཏེ་དེའི་ཁར་མཆོངས་ཏེ་དཀའ་ཐུབ་སྤྱོད་པ་ཡོད་དོ། །བྲག་གམ་གཡང་ལ་མཆོངས་ཏེ་ལུས་རླག་པར་བྱེད་པ་ཡོད་དོ། །ལོག་པ་ཆ་འཛིན་གྱི་སྤྱོད་པ་ཞེས་བྱ་སྟེ། རང་གི་ལུས་ལས་ཤ་མེ་ལོང་ཙམ་དཔུང་པ་གཡས་གཡོན་དང་སྤྱི་བོའི་གཙུག་ནས་ཁོལ་དུ་བཏོན་ནས། རང་གི་ལུས་འདི་སའི་དོང་དུ་བཅུགས་ཏེ། དུར་བྱའི་རིགས་ཀྱིས་རང་གི་ལུས་ཟར་འཇུག་པ་དག་ཀྱང་ཡོད་དོ། །ཡང་ལོག་པ་དུད་འགྲོའི་སྤྱོད་པ་ཅན་ཞེས་བྱ་སྟེ། ཁྱིའི་ཆ་བྱད་དུ་ཞུགས་(༥༠)ནས་ལོག་པའི་དཀའ་ཐུབ་སྤྱོད་པ་དག་ཀྱང་ཡོད་དོ། །བྱེད་པ་པོར་རྒྱུར་སྨྲ་བ་ནི། དཔེར་ན་ཤིང་མཁན་མཁས་པས་སྐྱེས་པ་དང་བུད་མེད་ཀྱི་གཟུགས་ཐ་དད་པ་བྱས་ཏེ་བྱ་བ་བྱེད་པ་ལྟར། ཆོས་ལ་སོགས་པའང་རང་གི་མངོན་ཤེས་ཀྱིས་བྱ་བ་བྱས་ནས་དེ་ནས་ཕྱྭའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་པའོ། །བྱེད་པ་ལམ་དུ་འཁྱེར་བའི་གྲུབ་མཐའ་ནི། འཇིག་རྟེན་འདི་ལ་ཁྱིམ་ལ་སོགས་པའི་བྱ་བ་བྱས་པས། ཕྱི་མར་རང་གི་ལུས་བོར་བ་དང་། ཕྱྭའམ་དབང་ཕྱུག་གིས་རང་གི་མདུན་བསུ་ནས་རི་རབ་ཀྱི་བང་རིམ་ལ་གནས་པར་བྱེད་དོ། །རྟག་པ་དོན་མཚོན་པའི་ལྟ་བ་ནི། དོན་རང་གི་རྟག་པ་ལ་གཞན་ལ་ཆད་པ་ཕྱམ་ཆད་དུ་སྟོན་པའོ། །རྟག་པ་ཐེར་ཟུག་ཏུ་སྨྲ་བ་ནི་འདི་ལྟར་འདོད་དེ། དོན་རྟག་པ་འགྱུར་མེད་ཆེན་པོ་ལ་རང་བཞིན་མ་ངེས་པར་འདོད་པའོ། །ཡང་གནས་སྐབས་སུ་འགྱུར་བར་སྨྲ་བ་ནི། འདི་ལྟ་སྟེ། དོན་ཆད་པ་ལ་གནས་སྐབས་ཀྱིས་རྟག་པར་ལྟ་བའོ། །རྒྱུ་རྟག་པར་ལྟ་བ་ནི། རང་གི་སྙིང་གི་དཀྱིལ་ན་རྒྱུའི་དངོས་པོ་དེ་དབྱིབས་ཟླུམ་པ། ཁ་དོག་དཀར་བ། ཆེ་ཆུང་གི་ཚད་སྲན་མ་ཙམ་སྟེ། ཕའི་རྒྱུ་ལས་མ་བྱུང་ཞིང་། མའི་རྐྱེན་གྱིས་མ་བསྐྱེད་པར་རྟག་པར་ལྟ་བ་ཡོད་དོ། །འབྲས་བུ་རྟག་པར་འདོད་པ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོར་མེད། འབྲས་བུ་རྟག་སྟེ་ཕྱྭའམ་དབང་ཕྱུག་ཡོད་ངེས་ཟེར་བའོ། །རྟག་པ་ལ་ལམ་ལྟོས་པ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོར་མེད། འབྲས་བུ་མི་རྟག་སྟེ་ཕྱྭའམ་དབང་ཕྱུག་གི་སར་གྲོགས་མེད་པར་མི་ཕྱིན་ཏེ། ལམ་རྟག་སྟེ་ཕྱྭའམ་དབང་ཕྱུག་གི་ལམ་ན་རི་རབ་ཀྱི་སྟེང་ན་གནས་ཏེ། དེར་ལམ་ལ་གནས་པར་འདོད་པའོ། །ཡང་སྤྱོད་པ་ལ་རྟག་པར་འདོད་པ་ནི། རྒྱུ་དང་འབྲས་བུ་མི་རྟག་སྟེ་སྤྱོད་པ་རྟག་པས་གྲོལ་བར་འདོད་དེ། ཡུལ་དང་ཁང་ཁྱིམ་རྟག་ལ། སྣང་བ་འདི་ཐམས་ཅད་རྟག་པར་ལྟའོ། །དོན་རྟག་པ་མེད་པ་ལ་ཆད་པར་ལྟ་བ་ནི། དོན་ཆད་པར་ལྟ་བ་སྟེ། འདི་ཉིད་ལ་རྟག་པའི་གྲུབ་མཐའ་སྤྱོད་དོ། །ངན་སྔགས་གཙོ་བོར་བྱེད་པ་ནི། ངན་སྔགས་ལ་གཙོ་བོར་བྱས་ནས་ཕུང་བའི་ལས་དྲག་པོ་བྱེད་ཅིང་། ནག་པོ་ཆིག་ཚུགས་སུ་སྨྲ་སྟེ། དེ་ལ་མངོན་པར་ཞེན་ཅིང་འབྲས་བུ་འདོད་པའོ། །མོ་དང་པྲ་ལ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདིའི་བདེ་བ་འབའ་ཞིག་ལ་ལྟོས་ཏེ། ཕྱི་མ་ཅང་མེད་ཟེར་བའོ། །རྫུ་འཕྲུལ་ཕྲ་མོ་གཙོ་བོར་བྱེད་པ་ནི། འཇིག་རྟེན་འདི་ལ་རྫུ་འཕྲུལ་གྱིས་དམག་གི་དཔུང་བཟློག་པ་ཡོད་དེ། ཕྱི་མ་ལ་ཡང་རྫུ་འཕྲུལ་གྱིས་ཟིལ་གྱིས་མནན་ཏེ་ཕྱྭའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་དོ། །རྩོད་པ་ལྷུར་ལེན་པའི་ལྟ་བ་འདི་ལྟ་སྟེ། རང་གི་བདེན་པ་ཁོང་དུ་བཅུག་སྟེ་ཕ་རོལ་སུན་འབྱིན་པ་ལ་དོན་རེ་བ་དག་ཀྱང་ཡོད་དོ། །ལོག་པའི་དཀའ་ཐུབ་ལ་དོན་རེ་བ་དག་ཀྱང་ཡོད་དོ། །འཇིག་རྟེན་འདི་ལ་ཞེན་པ་ནི། འཇིག་རྟེན་རྒྱང་འཕེན་པ་ཞེས་བྱ་སྟེ། འཇིག་རྟེན་འདིའི་བྱ་བ་ལ་སྤྱོད་པའོ། །ཡང་རང་གི་བདེན་པ་ཁོང་དུ་ཆུད་ནས།(༥༡) གཞན་གྱི་ཁྱད་དུ་གསོད་པ་དག་ཀྱང་ཡོད་དོ། །ལ་ལ་ཆ་ལུགས་ཀྱིས་དོན་འཚོལ་བ་དག་ཀྱང་ཡོད་དོ། །དེ་ཡང་སྐྲའི་ལྭ་བ་བྱས་ཏེ་དོན་འཚོལ་བ་དག་ཀྱང་ཡོད་དོ། །རས་རྐྱང་པ་རེས་ལུས་དཀྲིས་ཏེ་བདག་ལ་ནང་གི་དྲོད་སྐྱེས་ཞེས་ཟེར་བ་དག་ཀྱང་ཡོད་དོ། །ཕྱག་མཚན་དུ་ཁ་ཊྭཱཾ་ག་དང་ཅང་ཏེའུ་ཐོགས་ནས་ང་ནི་སྤྲུལ་པའི་སྐུ་ཡིན་ནོ་ཟེར་བ་དག་ཀྱང་ཡོད་དོ། །ཁྱོད་ཀྱིས་དགེ་བ་ཅི་བྱས་པ་ང་ལ་ཕན་ནོ་ཞེས་ཟེར་ཞིང་དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རང་གི་རིག་པས་ཕ་རོལ་གྱི་རིག་པ་སུན་ཕྱུང་ནས་ངའི་བྱ་བ་ཡིན་ནོ་ཞེས་སྨྲ་ཞིང་དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རྒྱུ་ཆད་དེ་ནམ་མཁའ་ལྟ་བུ་ཕྱམ་ཆད་ཟེར་བ་དག་ཀྱང་ཡོད་དོ། །ཕྱམ་ཆད་དེ་རང་གི་ལུས་ཀྱང་སྟོང་ཟེར་བ་དག་ཀྱང་ཡོད་དོ། །རྒྱུ་ཡང་ཆད་འབྲས་བུ་ཡང་ཆད་པ་ནི། རྒྱུ་ཆད་དེ་སེམས་དངོས་པོར་གཟུང་དུ་མེད། འབྲས་བུ་ཆད་དེ་ཕྱྭ་དང་དབང་ཕྱུག་མེད་ཟེར་བ་དག་ཀྱང་ཡོད་དོ། །ཡང་ལམ་ཆད་དེ་སུན་མ་མེད། ཡེ་ཤེས་ཆད་དེ་སངས་རྒྱས་མེད། རྒྱུ་དང་འབྲས་བུ་མེད་དེ་སྟོང་པ་ཕྱམ་ཆད་པའོ་ཟེར་བ་ཡང་ཡོད་དོ། །ལམ་ལ་གནས་སྐབས་ཀྱིས་ཆད་པ་དག་འབྲས་བུ་གཏན་ཆད་ཟེར་བ་དག་ཀྱང་ཡོད་དོ། །ལོག་པའི་སེམས་ཀྱིས་སྲོག་བཅད་དོ། །སྲོད་བཅད་པ་ལས་དོན་འབྱུང་ངོ་ཟེར་བ་དག་ཀྱང་ཡོད་དོ། །ཆད་པ་སྟོང་པ་སྟེ་ཁྱོད་ཀྱང་ཆད་ང་ཡང་ཆད་པའི་ཕྱིར་སྟོང་པ་ཅང་མེད་ཟེར་བ་དག་ཀྱང་ཡོད་དོ། །རིག་བྱེད་གསང་བར་སྨྲ་བ་ནི། དོན་ནམ་མཁའ་ཇི་ལྟ་བ་བཞིན་དུ་སྟོང་པ་ཕྱམ་ཆད་དེ། ཡོད་པ་དངོས་པོར་མེད། ཆ་ཅུང་ཟད་ཅིག་ཡོད་དོ། །དབང་པོ་ལ་སྣང་དུ་རུང་བ་ཡང་ཡོད་ཟེར་བ་དག་ཀྱང་ཡོད་དོ། །ཆ་མཐུན་པ་ལས་གོལ་བའི་མུ་སྟེགས་ཞེས་བྱ་སྟེ། ནང་པ་སངས་རྒྱས་པ་དང་ཆ་མཐུན་པ་ལས་གོལ་ཏེ། སངས་རྒྱས་པའི་གྲུབ་མཐའ་ལོག་པས་གོལ་བ་ཤ་སྟག་གོ། །མངོན་པར་སྣང་བ་སེམས་ཀྱི་ཆོ་འཕྲུལ་ཞེས་རྟོགས་ཏེ། ཐམས་ཅད་ཆོ་འཕྲུལ་ལོ་ཞེས་སྟོན་པ་དག་ཀྱང་ཡོད་དོ། །ཡང་འཁྲུལ་པའི་སྣང་བ་འདི་དག་བདེན་པ་ཡིན་ལ། དོན་དམ་པ་མེད་པའི་ཕྱིར་རོ་ཟེར་བ་དག་ཀྱང་ཡོད་དོ། །ཞེ་སྡང་སྐྱེས་པས་འབྱུང་པོ་ཚར་ཆོད་དེ་རིགས་ཀྱི་བུ་ཞེ་སྡང་ལ་གནས་པར་བྱའོ་ཟེར་བ་དག་ཀྱང་ཡོད་དོ། །ཆ་བྱད་དུ་སེམས་འདི་རང་སངས་རྒྱས་ཡིན་པས་བཅོས་སུ་མེད་ཟེར་བ་དག་ཀྱང་ཡོད་དོ། །ལྷའི་སྐུ་སྒོམ་པ་གཅིག་པུ་ལ་བརྟེན་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། །ཁ་ཅིག་ནི་མུ་སྟེགས་བྱེད་ཡིན་པས་མུ་སྟེགས་རྩོད་པ་ལྟར་སྨྲ་བ་ལས་གོལ་བ་དག་ཀྱང་ཡོད་དོ། །རྟག་པ་འདི་ཁོ་ན་ཡིན་པས་འདི་ལ་ཅི་ཡང་བྱར་མེད་ཟེར་བ་དག་ཀྱང་ཡོད་དོ། །ཀ་ནི་པ་ཞེས་བྱ་སྟེ། དོན་ཕྱལ་པར་འདོད་པའོ། །སེར་སྣ་པ་ཞེས་བྱ་སྟེ། སྣང་བ་ཟད་ཅིང་སྟོངས་ཀྱིས་དོགས་པའི་སྡུག་བསྔལ་དང་ལྡན་པའོ། །སཾ་བྷ་རི་ཞེས་བྱ་བ་སྟེ། ཁྱད་པར་གྱི་དོན་གང་ཡང་མེད་ཐུན་མོང་གི་དོན་ཅི་ཡང་མེད་པར་འདོད་པའོ། །ཀ་བྷི་ཤ་ཞེས་བྱ་སྟེ། ཐུན་མོང་གི་དོན་མེད་ལ་ཁྱད་པར་གྱི་དོན་ཅི་ཡང་(༥༢)ཡོད་པར་འདོད་པའོ། །སིན་དྷ་ར་ཞེས་བྱ་སྟེ། དོན་གང་ཡང་མེད་པར་འདོད་པའོ། །དྷ་སིང་པ་ཞེས་བྱ་སྟེ། དོན་ཅི་ཡང་ཡོད་པར་འདོད་པའོ། །ཀ་ཏི་པ་ཞེས་བྱ་སྟེ། དོན་ཅི་ཡང་ཡོད་པ་ལ་དབུགས་ཆད་པའི་བར་དུ་ཆད་པར་འདོད་པའོ། །སང་གྷ་ཞེས་བྱ་སྟེ་ང་དགེ་འདུན་གྱི་ཆ་བྱད་དུ་ཞུགས་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། །ཤཾ་ཀ་རི་ཞེས་བྱ་སྟེ། རྣམ་པར་མི་རྟག་བདེན་པའོ། །འདུས་བྱས་རྣམ་པར་མི་རྟག་བདེན་པ་ནི། ཕྱྭའམ་དབང་ཕྱུག་བདེན་པའོ། །དྷོ་ཤ་ཀ་ཞེས་བྱ་སྟེ། ཐམས་ཅད་ཀྱི་མདོ་ཕྱྭ་དང་དབང་ཕྱུག་ལ་འདུས་པའོ། །ཕྱྭ་དང་དབང་ཕྱུག་རི་རབ་ཀྱི་སྟེང་ན་ཡོད་ངེས་སོ་ཟེར་བ་དག་ཀྱང་ཡོད་དོ། །དེ་བཞིན་དུ་འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པའི་མདོ་གཉིས་སུ་འདུས་སོ། །དེ་ཡང་རྟག་པ་དང་ཆད་པའོ། །དེ་ལས་འཇིག་ཚོགས་ཀྱི་ལྟ་བ་གྲངས་མེད་པ་འཕྲོས་སོ་ཞེས་སོ། །དེ་ལྟར་བསྟན་པ་ཐམས་ཅད་མུར་ལྟ་དང་། མུར་ཐུག་དང་། རྒྱང་འཕེན་དང་། ཕྱལ་པ་བཞིར་འདུས་སོ། །དེ་ཡང་མུར་ལྟ་ཞེས་པ་ཐེར་ཟུག་ཏུ་རྟག་པར་སྨྲ་བ་ལ་བྱའོ། །མུར་ཐུག་ནི། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་ཅེས་གཉིས་ཀར་སྨྲ་བའོ། །རྒྱང་ཕན་ནི་རྟག་ཆད་ཕྱེད་མར་འདོད་པའོ། །ཕྱལ་པ་ནི་ཕྱམ་ཆད་དུ་སྨྲ་བ་ལ་བྱ་སྟེ། དེ་ཉིད་ཀྱང་རྟག་ཆད་གཉིས་སུ་འདུས་པ་ནི། སྔ་མ་དེ་ཉིད་ལས། དེ་ལ་སོགས་པའི་ལོག་ལྟ་རྣམས། །རྣམ་པ་བཞིར་ནི་འདུས་པར་བཤད། །མུར་ལྟ་དང་ནི་མུར་ཐུག་དང་། །རྒྱང་འཕེན་དང་ནི་ཕྱལ་པའོ། །དེ་ཡང་བཤད་ལུགས་འདི་ལྟ་སྟེ། །མུར་ལྟ་རྟག་པ་ཐེར་ཟུག་གོ། མུར་ཐུག་ཕྱེད་རྟག་ཕྱེད་ཆད་དོ། །ཕྱལ་པ་ཆད་པ་ཕྱམ་ཆད་དོ། །རྒྱང་འཕེན་འབྲས་བུ་ཆད་པའོ། །དེ་ལྟར་སུམ་བརྒྱ་དྲུག་ཅུ་ཡང་། །རྣམ་པ་བཞིར་ནི་འདུས་པའོ། །དེ་ཡང་རྟག་ཆད་གཉིས་སུ་འདུས། །ཞེས་སོ། །འདི་དག་བསྟན་པའི་དགོས་པ་ནི། ལམ་ལོག་པ་ངོ་ཤེས་པས་མི་འཇུག་པ་སྟེ། དེ་ཉིད་ལས། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལོག་པའི་ལམ་དུ་ཞུགས་ཀྱིས་དོགས་པའི་ཕྱིར་ངས་འཇིག་ཚོགས་ཀྱི་ལྟ་བ་མང་པོ་བསྡུས་ཏེ་བསྟན་པའོ་ཞེས་གསུངས་སོ། །ཕྱི་རོལ་པའི་གྲུབ་མཐའ་བཤད་ཟིན་ཏོ། །

གཉིས་པ་འཇིག་རྟེན་ལས་འདས་པའི་ཐེག་པ་རྒྱ་ཆེར་དབྱེ་བ་ལ་གསུམ་སྟེ། ཕྱི་རོལ་པ་ལས་འཕགས་པའི་ཚུལ། རྣམ་གྲངས་སྤྱིར་བསྟན་པ། བྱེ་བྲག་རྒྱས་པར་བཤད་པའོ། །དང་པོ་ནི་ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ཞིང་ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་འཕགས་ཏེ། ཕྱི་རོལ་པའི་ལམ་ན་དེ་མེད་པའི་ཕྱིར་རོ། །ཕྱག་རྒྱ་བཞི་ནི་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ། །

གཉིས་པ་ལ་ལྔ་སྟེ། ངོ་བོ། ངེས་ཚིག །དབྱེ་བ། དགོས་པ། འབྲས་བུའོ། །འཇིག་རྟེན་ལས་འདས་པའི་ཐེག་པའི་ངོ་བོ་ནི། ཆོས་ཀྱི་རྣམ་གྲངས་གང་ཞིག་འཁོར་བ་(༥༣)ལས་ངེས་པར་འབྱིན་པའི་ཐབས་དམ་པའོ། །ངེས་ཚིག་ནི་གང་ཞིག་ཞུགས་ན་བདེ་སྐྱིད་འབྱུང་བ་སྟེ། སྡུད་པ་ལས། དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །དགའ་སྐྱིད་བདེ་བ་མངོན་པར་སྒྲུབ་བྱེད་ཡོན་ཏན་མཆོག །ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ནོ། །ཞེས་སོ། །དབྱེ་ན། ཆུང་ངུ་དང་ཆེན་པོ་གཉིས་སམ། ཉན་རང་བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་མམ། གདུལ་བྱའི་བློ་ལ་ལྟོས་ནས་བསམ་གྱིས་མི་ཁྱབ་པ་སྟེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་སོ། །དགོས་པ་ནི་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་བསྒྲུབ་པའི་དགོས་པ་ཡོད་དོ། །འབྲས་བུ་ནི་ཁམས་གསུམ་ལས་ངེས་པར་བྱུང་ནས་ཐར་པ་ཐོབ་པའོ། །

གསུམ་པ་བྱེ་བྲག་རྒྱས་པར་བཤད་པ་ནི། རིག་པ་རང་ཤར་ལས། ཐེག་པའི་དབྱེ་བ་འདི་ལྟ་སྟེ། །མདོ་དང་རྒྱས་པ་ཆེན་པོ་དང་། །ཤིན་ཏུའང་རྒྱས་པ་ཆེན་པོའོ། །ཤིན་ཏུ་རྒྱས་པ་ཆེན་པོ་ནི། །བརྒྱད་ཁྲི་བཞི་སྟོང་བསམ་མི་ཁྱབ། །རྒྱ་ཆེ་གྲངས་མང་ཆེན་པོ་སྟེ། །བསམ་གྱིས་མི་ཁྱབ་གཞལ་དུ་མེད། །བརྗོད་མེད་བསམ་འདས་ཆེན་པོའོ། །རྒྱས་པ་ཆེན་པོ་འདི་ལྟ་སྟེ། །དབྱེ་བ་རྣམ་པ་དགུར་འདོད་དོ། །ཉན་ཐོས་དང་ནི་རང་རྒྱལ་དང་། །དེ་བཞིན་བྱང་ཆུབ་སེམས་དཔའོ། །ཀྲི་ཡ་དང་ནི་ཨུ་པ་དང་། །དེ་བཞིན་ཡོ་གའི་ཐེག་པར་བཤད། །མཧཱ་ཨ་ནུ་ཡོ་ག་དང་། །དེ་བཞིན་རྫོགས་ཆེན་ཨ་ཏིའོ། །དེ་ལྟར་རྣམ་པ་དགུར་བཤད་དེ། །ཆོས་ཀྱི་བསྟན་པ་ཆེན་པོ་ཡིན། །ཞེས་གསུངས་པའི་དོན་གཏན་ལ་དབབ་པ་ནི། སྤྱིར་སངས་རྒྱས་ཀྱི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་ཀྱང་། ཐེག་པ་ཙམ་དུ་བསྡུ་ན། ཐེག་པ་མདོར་བསྟན་པ་ཆེ་ཆུང་གཉིས་སམ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པ་ཡིན་ལ། རྒྱས་པར་བཤད་ན། དབང་པོ་དམན་པ་གསུམ་ལ། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ་གྱི་ཐེག་པ་དང་། འབྲིང་པོ་གསུམ་ལ་ཀྲཱི་ཡ་ཨུ་པ་ཡོ་ག་གསུམ་དང་། རྣོན་པོ་གསུམ་ལ། མཧཱ་ཨ་ནུ་ཨ་ཏི་གསུམ་གསུངས་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། ངས་བསྟན་པ་ཡི་ཆོས་རྣམས་ནི། །སེམས་ཅན་བློ་ཡི་རིམ་པ་ལས། །ཆེ་དང་ཆུང་བའི་ཁྱད་པར་གྱིས། །རིམ་པ་གཉིས་ཀྱི་ཚུལ་དུ་བསྟན། །རང་རང་ལྟ་དང་སོར་བཞག་གོ། །རང་རང་ཉིད་ནི་རིམ་པ་གཉིས། །ཕྱིན་ཅི་ལོག་དང་ཡང་དག་ལྟ། །ལོག་པར་རྟོག་པས་འཁོར་ལ་གནས། །ཡང་དག་པ་ནི་རིམ་གསུམ་སྟེ། །ཆུང་བའི་བློ་དང་ཆེན་པོ་དང་། །དེ་བཞིན་འབྲིང་པོའི་བློ་ཅན་ལ། །རིམ་པ་གསུམ་གྱི་ཚུལ་དུ་བསྟན། །ཆུང་བའི་རིམ་པ་རྣམ་གསུམ་སྟེ། །དེ་ཡི་བློ་དང་མཐུན་པའི་ཆོས། །རྟོག་པས་སྦགས་ལ་ཉན་ཐོས་སོ། །འདུ་ཤེས་ཅན་ལ་རང་རྒྱལ་ཏེ། །རྟོག་འཛུད་ཅན་ལ་བྱང་སེམས་སོ། །འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་སྟེ། །དམན་པ་རྣམས་ལ་སྤྱོད་པའོ། །(༥༤)རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོ་རིམ་ལྡན་གསུམ་དག་ལ། །སེམས་ཡས་པ་ལ་བསྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཞེས་སོ། །ཤིན་ཏུ་རྒྱས་པ་ཆེན་པོའི་ཐེག་པ་ནི། བཀའ་ཐམས་ཅད་སྡེ་སྣོད་གསུམ་ལ་འདུ་ལ། སྔགས་རྣམས་ནི་མངོན་པ་ཆེན་པོ་ཡིན་པས། མདོ་སྡེ་དང་། འདུལ་བ་དང་། མངོན་པ་དང་། དེ་གསུམ་ཆ་སྙོམས་པ་ལ་ཉི་ཁྲི་ཆིག་སྟོང་ཆིག་སྟོང་སྟེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་བཞི་སྟོང་སྟེ། དེ་ལས་ཀྱང་ཕྱེ་ན་སེམས་ཅན་གྱི་རྟོག་ཚོགས་འདུལ་བའི་གཉེན་པོ་རེ་རེ་ལ་ལྟོས་ནས་རྒྱ་ཆེ་ལ་གྲངས་མང་ཞིང་བསམ་གྱིས་མི་ཁྱབ་བརྗོད་ལས་འདས་པ་ཡོད་དོ། །

སྐབས་འདིར་ཐེག་པ་དགུར་རྣམ་པར་གཞག་པ་ལས། དང་པོ་ཉན་ཐོས་ཀྱི་ཐེག་པ་བཤད་པ་ལ་ལྔ་ལས། ངོ་བོ་ནི། འཁོར་བ་ལས་རང་ཉིད་གཅིག་པུ་ཐར་བར་འདོད་པའི་བློ་གང་ཟག་གི་བདག་མེད་རྟོགས་པའི་ཐབས་སུ་གྱུར་པའོ། །ངེས་ཚིག་ནི་སྟོན་པ་ལ་ཆོས་ཉན་ནས་གཞན་ལ་སྒྲོགས་ཤིང་སྲིད་པ་ཐ་མའི་བྱང་ཆུབ་འགྲུབ་པ་སློབ་དཔོན་ལ་ལྟོས་པའི་ཕྱིར་ཉན་ཐོས་སོ། །དགོས་པ། འཁོར་བ་ལས་ངེས་པར་འབྱིན་པའོ། །འབྲས་བུ། ལྷག་བཅས་ལྷག་མེད་ཀྱི་དགྲ་བཅོམ་ཐོབ་པའོ། །

དབྱེ་ན་མདོ་སྡེ་པ་དང་། བྱེ་བྲག་ཏུ་སྨྲ་བ་གཉིས་ལས། བྱེ་བྲག་ཏུ་སྨྲ་བ་ནི། རགས་པ་ཀུན་རྫོབ་ཀྱི་བདེན་པ་འདི་གཡག་རྔ་དང་ནེའུ་གསིང་ལྟར་ཚོགས་པ་གཅིག་ཏུ་སྣང་བ་ཡང་། དོན་དམ་པར་རྡུལ་ཕྲན་ཆ་ལྡན་སིལ་བུར་འདོད་ལ། ཤེས་པའི་རྒྱུན་ཀུན་རྫོབ། སྐད་ཅིག་དོན་དམ་ཆ་མེད་པ་བུམ་ཆུ་ལྟ་བུ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས། རགས་སྣང་རྡུལ་ཕྲ་རབ་བསྐོར་བ་བར་དང་བཅས་པར་འདོད་ལ། གང་ཟག་གི་བདག་མེད་པར་ཁས་བླངས་ཀྱང་ཆོས་ཀྱི་བདག་རྡུལ་ཕྲན་དང་སྐད་ཅིག་ཡོད་པར་ཁས་བླངས་སོ། །དེ་ཡང་བདེན་པ་བཞིས་བསྡུས་པའི་ཆོས་ལ་རྒྱུ་འབྲས་སྤང་བླང་དུ་ཤེས་ནས། རྒྱུ། ཀུན་འབྱུང་བ། འགོག་པ། རྐྱེན་གྱི་རྣམ་པ་བཞི་ལ་དམིགས་ནས། ཤེས་པའི་རྣམ་པ་སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། ལམ་བསྟེན་བྱ། འགོག་པ་ཐོབ་བྱའི་ཚུལ་གྱིས་ཤེས་པར་བྱ་བ་དང་། སྡུག་བསྔལ་བས་སྤང་བྱ་དང་། སྟོང་པ་དང་། བདག་མེད་པར་རྟོགས་པའི་རྣམ་པས། ལམ། རིགས་པ། བསྒྲུབ་པ། ངེས་པར་འབྱིན་པས། འགོག་པ། ཞི་བ། གྱ་ནོམ་པ། བདག་མེད་པའི་ཚུལ་བསྒོམས་པས། ཁམས་གསུམ་གྱི་མཐོང་བ་དང་བསྒོམས་པས་སྤང་བར་བྱ་བ་བཞི་བརྒྱ་དང་བཅུ་བཞི་སྤངས་ནས། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའི་ཡེ་ཤེས་དམ་པ་མངོན་དུ་བྱས་ཏེ་གྲོལ་བར་འདོད་དོ། །མདོ་སྡེ་པ་ནི། དམིགས་པར་བྱ་བའི་ཡུལ་བདེན་པ་བཞི་ལ། དམིགས་པར་བྱེད་པའི་ཤེས་པ་བཅུ་གཉིས་སུ་ཤེས་པས། ཉོན་མོངས་པ་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་སྤངས་ཏེ། ཡེ་ཤེས་དམ་པ་རྟོགས་པར་འདོད་དོ། །དེའང་གང་ཟག་གི་བདག་མེད་སྔ་མ་དང་འདྲ་ལ། (༥༥)དེའི་སྟེང་དུ་ཆོས་ཀྱི་ཁམས་ཕྱོགས་གཅིག་གིས་འཕགས་ཏེ། དེའང་ཆ་དང་བཅས་པའི་རྡུལ་ཕྲན་ཤེས་བྱའི་གཞི་ལྔ་གཙོ་བོས་ཁེགས་ལ། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་ལས་བྱུང་བའི་གཞི། ལྡན་པ་མ་ཡིན་པ་འདུ་བྱེད་ཕུང་པོའི་གཞི། འདུས་མ་བྱས་རྟག་པའི་གཞི། སྣང་བ་གཟུགས་ཀྱི་གཞི་དང་ལྔའི་ཆོས་ཉིད་རྟོགས་པས། ཆ་མེད་ཀྱི་རྡུལ་ཕྲན་ཙམ་མ་ཁེགས་ཏེ། ཆོས་ཀྱི་ཁམས་ཀྱི་ཕྱོགས་ཕྱེད་གཟུང་ཡུལ་རགས་སྣང་རྡུལ་ཕྲན་འདབ་ཆགས་རེག་ལ་མ་འབྱར་བས་བརྩམས་པ་དེ་ཡང་། ཆ་མེད་དུ་རྟོགས་པས་སྔར་བས་འཕགས་ཏེ། དོན་གྱི་ལྟར་མེད་པས་རྡུལ་ཕྲན་ཁས་མ་བླངས་པ་དང་འདྲའོ། །འདི་གཉིས་ཀའང་ལམ་བསྒོམ་དུས་ལམ་ལྔ་སྐྱེ་བའི་རིམ་པས་ནན་ཏན་དུ་བྱེད་པ་ན། དུག་གསུམ་སྤྱིའི་གཉེན་པོར་བདག་མེད་པ་དང་སྒྱུ་མ་བསྒོམས་ལ། སོ་སོའི་གཉེན་པོར། འདོད་ཆགས་ལ་མི་གཙང་བའི་རྫས་བརྒྱད་དང་། ཀེང་རུས་བསྒོམས་ལ། ཞེ་སྡང་ལ་བྱམས་པ་དང་གཏི་མུག་ལ་རྟེན་འབྲེལ་ལུགས་འབྱུང་དང་ལུགས་བཟློག་བསྒོམ་ཞིང་། རྣམ་རྟོག་གི་གཉེན་པོར་དབུགས་འབྱུང་རྔུབ་བགྲང་གཞལ་དུ་བསྒོམ་མོ། །བདག་མེད་བསྒོམ་པའང་ཡུལ་དང་ཡུལ་ཅན་འགགས་པའི་འགོག་པ་ཅི་ཡང་མི་དམིགས་པའི་དོན་བསྒོམ་ཞིང་། བྱིང་ན་རྨུགས་པའི་གཏི་མུག་གི་གཉེན་པོར་སྤྱི་གཙུག་ཏུ་མར་མེ་འབར་བ་ལ་སེམས་གཏོད་པར་བྱེད་དོ། །དེ་ལྟར་བྱས་པས། དབང་པོ་རྟུལ་པོ་དང་འབྲིང་བརྩོན་འགྲུས་ཅན་ཁ་ཅིག་ཚེ་དེ་ཉིད་ཀྱིས་འབྲས་བུ་ཐོབ་ལ། རྣོན་པོ་དང་། བྱང་ཆུབ་སེམས་དཔའ་ཁ་ཅིག་ལམ་ལྔ་སྔོན་སོང་གི་ཚོགས་མང་དུ་བསགས་པའི་རྟེན་ལ་སྟན་ཐོག་གཅིག་ཏུ་ལམ་ལྔ་རྫོགས་ནས་གྲོལ་བར་འདོད་དོ། །དེའང་ཉན་ཐོས་ཀྱི་ཐེག་པ་ནས། ཁོའི་ལམ་དེ་བློ་ཆུང་བ་དང་། འབྲིང་དང་། ཆེ་བས་ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་ཀྱི་བྱང་ཆུབ་གསུམ་འགྲུབ་པར་འདོད་ཀྱི། ཐེག་ཆེན་དང་སྔགས་ཀྱི་ལམ་ཞེས་བྱ་བ་མི་འདོད་དོ། །དེ་ཡང་ཉན་རང་ལ་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་དམན་པའི་ས་བརྒྱད་བཤད་དེ། དེ་ལ་བརྟེན་ནས་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་སྟེ། རེ་རེ་ལ་ཞུགས་པ་དང་། གནས་པ་གཉིས་གཉིས་སུ་ཕྱེ་བས་སྐྱེས་བུ་ཆེན་པོའི་རིམ་པ་བརྒྱད་ཅེས་བྱའོ། །

བྱང་ཆུབ་སེམས་དཔའ་ལ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་ལའང་དགེ་སྦྱོང་གི་འབྲས་བུ་བཞི་ཡོད་པར་བཤད་དོ། །དེ་དག་ཀྱང་རིག་པ་རང་ཤར་ལས། ཉན་ཐོས་ཐེག་པ་འདི་ལྟ་སྟེ། །འཇུག་པའི་སྒོ་ནི་བདེན་པ་བཞི། །ཉན་ཐོས་སྤྱི་ཡི་འཇུག་སྒོའོ། །དབྱེ་བ་རྣམ་པ་གཉིས་འདོད་དེ། །བྱེ་བྲག་པ་དང་མདོ་སྡེ་པའོ། །བྱེ་བྲག་པ་ཡི་ལྟ་བ་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །གཡག་རྔ་ནེའུ་གསིང་ཚུལ་དུ་འདོད། །རང་གི་བློ་ཡི་ལྟས་གྱུར་ན། །རྡུལ་དང་རྡུལ་ཕྲན་དག་ཏུ་འདོད། །དེ་བཞིན་རྣམ་པར་གཞིགས་ནས་ནི། །སྟོང་པ་ཉིད་དུ་སྒོམ་པའོ། །མདོ་སྡེ་པ་ཡི་ལྟ་བ་ནི། །ཁ་བཏོན་བྱས་པའི་རང་བཞིན་དང་། །ཐོས་པ་བསམ་པ་སྒོམ་པ་གསུམ། །ཤེས་རབ་རྣམ་གསུམ་(༥༦)བསྒོམས་པ་ཡིས། །ས་བཅུའི་འབྲས་བུ་ཐོབ་པར་འདོད། །ཉན་ཐོས་སྤྱི་ཡི་རྣམ་པ་ནི། །བདེན་པ་རྣམ་པ་བཞི་སྒོམ་ཞིང་། །འབྲས་བུ་རྣམ་པ་བཞིར་འདོད་དོ། །དེ་ཡང་སྒོམ་ལུགས་འདི་ལྟ་སྟེ། །འགོག་པ་སྒོམ་པར་འདོད་པ་ལ། །ཀུན་འབྱུང་སྤང་བར་འདོད་པའོ། །འགོག་པ་སྒོམ་ལུགས་འདི་ལྟ་སྟེ། །ཕྱི་ཡི་འབྱུང་བ་འདི་དག་ལ། །མི་ཆགས་གནས་སུ་ཞུགས་ནས་ནི། །དང་པོ་ཟས་ལ་གོམས་པར་བྱེད། །ཟས་ལ་གོམས་པར་གྱུར་པ་དང་། །བསམ་གཏན་ཏིང་འཛིན་སྒོམ་བྱེད་དེ། །བསམ་གཏན་མི་རྟོག་ཆིག་ཚུགས་སྒོམ། །རྒྱལ་བ་བྱམས་པའི་བསྟན་པ་ལ། །འབྲས་བུ་ཐོབ་པར་འདོད་པའོ། །ཀུན་འབྱུང་སྤོང་བ་འདི་ལྟ་སྟེ། །ཟས་ཀྱི་འདུ་ཤེས་བྲལ་བ་དང་། །ཀུན་འབྱུང་རྒྱུན་ཐག་ཆོད་པར་འདོད། །དེ་ཡང་ཞེ་སྡང་གཉེན་པོར་སྒོམ། །ཉོན་མོངས་ཐམས་ཅད་སྤང་བའོ། །ས་ལམ་སྒོམ་པ་འདི་ལྟ་སྟེ། །འདོད་ཆགས་གཉེན་པོར་སྒོམ་པ་དང་། །གཏི་མུག་གཉེན་པོར་སྒོམ་པ་དང་། །དེ་བཞིན་ལམ་གྱི་སྒོམ་པ་ནི། །སྡུག་བསྔལ་སྤོང་བར་འདོད་པའོ། །ལམ་གྱི་སྒོམ་ལུགས་འདི་ལྟ་སྟེ། །འདོད་ཆགས་དག་གི་གཉེན་པོ་རུ། །རང་གི་དཔྲལ་བའི་དཀྱིལ་འཁོར་དུ། །ཀེང་རུས་དཀར་པོ་མཐེ་བོང་ཙམ། །དཀར་པོ་འོད་ཆགས་བསྒོམས་པ་ལས། །དེ་ལས་སྐྱེད་ནས་མགོ་བོ་ཙམ། །དེ་ནས་ལུས་པོ་ཙམ་སྒོམ་སྟེ། །དེ་ནས་རང་གི་ཐོ་ཡུལ་ཙམ། །དེ་ནས་ཅིར་སྣང་ཐམས་ཅད་སྒོམ། །དེ་ལྟར་སྟོང་གསུམ་དཀར་པོ་སྟེ། །དེ་ལྟར་དཀར་པོ་གོམས་གྱུར་ནས། །འདོད་ཆགས་སྡུག་བསྔལ་སྤོང་བའོ། །གཏི་མུག་སྡུག་བསྔལ་སྤོང་བ་ནི། །རང་གི་སྤྱི་བོའི་གཙུག་ཏུ་ཡང་། །མེ་དམར་གསལ་ལ་གདངས་པ་ཅིག །བསྒོམས་པས་ཤེས་པ་གསལ་བ་དང་། །སེམས་ནི་སྟོང་པར་འདོད་པའོ། །དེས་ནི་གཏི་མུག་སྡུག་བསྔལ་སྤོང་། །དེ་ལྟར་རྣམ་བཞི་བསྒོམས་པ་ཡིས། །འབྲས་བུ་རྣམ་པ་བཞི་ཐོབ་བོ། །འབྲས་བུ་བཞི་པོ་གང་ཞེ་ན། །འགོག་པ་བསྒོམ་པའི་འབྲས་བུ་ནི། །རྒྱུན་དུ་ཞུགས་པ་ཐོབ་པ་སྟེ། །རབ་ཏུ་དགའ་བ་ཐོབ་པ་ནས། །དེ་བཞིན་ས་བདུན་མན་ཆད་དོ། །ཀུན་འབྱུང་བསྒོམ་པའི་རང་བཞིན་གྱིས། །ལན་ཅིག་ཕྱིར་མི་འོང་བ་ཐོབ། །ས་བརྒྱད་མན་ཆད་ཐོབ་པའོ། །ལམ་བསྒོམས་པ་ཡི་ཡོན་ཏན་གྱིས། །དགྲ་བཅོམ་འབྲས་བུ་ཐོབ་པ་ནི། །ས་བཅུ་མཐར་ཕྱིན་ཐོབ་པའོ། །ས་དང་ལམ་ལ་གནས་པའི་ཚེ། །ཉན་ཅིང་ཐོས་པར་བྱེད་པའོ། །ས་བདུན་མན་ཆད་སེམས་དཔའ་ནི། །རང་རང་དཔོན་ལ་ཉན་པའོ། །ས་བརྒྱད་མན་ཆད་སེམས་དཔའ་ནི། །སྤྲུལ་པའི་སྐུ་ལ་ཉན་པར་འདོད། །དེ་ཡང་དངོས་པོར་མཐོང་མེད་དོ། །བྱིན་གྱི་རླབས་ཀྱིས་ཐོས་པའོ། །ཉན་ཐོས་ཐེག་པ་དེ་ལྟར་འདོད། །ཅེས་སོ། །

གཉིས་པ་རང་སངས་རྒྱས་ཀྱི་ཐེག་པ་ལའང་ལྔ་ལས། ངོ་བོ་ནི། རང་དོན་ཕྱོགས་གཅིག་པས་བྱང་ཆུབ་སློབ་དཔོན་ལ་མ་བརྟེན་པར་སྲིད་པ་ཐ་མའི་ཚེ་མངོན་དུ་བྱེད་པའི་ཐབས་(༥༧)བདག་མེད་ཕྱེད་དང་གཉིས་རྟོགས་པའི་རང་བཞིན་ནོ། །ངེས་ཚིག་ནི་རང་ཉིད་གཅིག་པུ་སངས་རྒྱས་སུ་འདོད་པའོ། །དགོས་པ་ནི་འཁོར་བ་ལས་ཐར་པའི་བྱང་ཆུབ་འབྲིང་ཐོབ་པའོ། །འབྲས་བུ་ནི་དགྲ་བཅོམ་གཉིས་སོ། །དབྱེ་ན། ནེ་ཚོ་ལྟར་ཁྱུས་ལྡིང་བ་དང་། བསེ་རུ་ལྟར་གཅིག་པུར་གནས་པ་གཉིས་ལས། བསེ་རུ་ནི་དམིགས་ཡུལ་བདེན་པ་བཞིས་བསྡུས་པའི་ཆོས་རྣམས་ལ། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་བསྒོམས་པས། ཁམས་གསུམ་པའི་ཕྲ་རྒྱས་ཐམས་ཅད་སྤོང་བར་འདོད་དོ། །དེ་ཡང་མ་རིག་པའི་རྒྱུ་ལས་འདུ་བྱེད། དེ་ལས་རྣམ་པར་ཤེས་པ་ནས་རྒ་ཤིའི་བར་ལ་སྔ་ཕྱི་རྒྱུ་འབྲས་སུ་ཤེས་ཤིང་། ལྟ་བ་གང་ཟག་གི་བདག་དང་། ཆོས་བདག་གི་ཕྱེད་ཕྱི་གཟུང་བ་རྡུལ་ཕྲན་ཆ་བཅས་དང་ཆ་མེད་གཉིས་ཀ་མེད་པར། གཟུགས་བརྙན་ལྟར་རང་བཞིན་གྱིས་ངོ་བོ་མེད་ཅིང་མ་སྐྱེས་པར་རྟོགས་པའོ། །དེ་ཡང་ཆོས་བདག་ལ་ཕྱི་གཟུང་བ་དང་། ནང་གཉེན་པོར་འཛིན་པའི་ཤེས་པ་གཉིས་བདེན་པར་སྒྲོ་བཏགས་པ་ཡིན་ལ། གང་ཟག་གི་བདག་ནི་ཕུང་པོ་ལྔ་བསྡུས་ཀྱི་ཆོས་ལ་སྤང་བྱའི་ཤེས་པ་ང་དང་ང་ཡིར་འཛིན་པ་སྟེ། གང་ཟག་དང་ཆོས་ཀྱི་བདག་ཅེས་བྱའོ། །འཕགས་པ་ཉན་ཐོས་ཀྱིས་གང་ཟག་གི་བདག་མེད་རྟོགས་ཀྱང་ཆོས་ཀྱི་མ་རྟོགས། རང་སངས་རྒྱས་ཀྱིས་དེའི་སྟེང་དུ་ཆོས་ཀྱི་ཕྱེད་ཕྱི་གཟུང་བ་མེད་པར་རྟོགས་ཀྱང་ནང་འཛིན་པ་མེད་པར་མ་རྟོགས་ཏེ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པ་ཤེས་པར་བྱ། །ཞེས་སོ། །དུས་ནི་བསྐལ་པ་ཆེན་པོ་བརྒྱར་ཚོགས་ལམ་གྱིས་བསྡུས་པའི་ཚོགས་བསགས་པ་ལས་བྱུང་སྟེ། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་བཤད་པ་ཡིན་ནོ། །ནེ་ཚོ་ལྟ་བུ་ནི། རྟེན་འབྲེལ་ལུགས་བཟློག་ཏུ་སྒོམ་སྟེ། དུར་ཁྲོད་དུ་སོང་ནས་རོ་འདི་ཅི་ལས་བྱུང་། ཤི་བ་ལས་བྱུང་ཞེས་པ་ནས་མ་རིག་པའི་བར་དུ་བརྟགས་ནས། བདག་མེད་ཕྱེད་དང་གཉིས་རྟོགས་པ་གཞིར་བྱས་ཏེ། ལམ་ལྔ་བསྒོམས་པས་ཟད་པ་དང་མི་སྐྱེ་བ་ཤེས་པའི་བྱང་ཆུབ་མངོན་དུ་བྱེད་དོ། །དེ་གཉིས་ཀ་ཡང་ལུས་ཀྱི་བརྡའི་སྒོ་ནས་ཆོས་སྟོན་གྱི་ངག་གི་སྒོ་ནས་མི་སྟོན་པ་ཡིན་ནོ། །ཚུལ་འདི་དག་ཀྱང་རིག་པ་རང་ཤར་ལས། ཨ་ཧོ་གསང་བའི་བདག་པོ་ཉོན། །རང་རྒྱལ་མདོ་སྡེའི་ཐེག་པ་ནི། །འཇུག་པའི་སྒོ་ནི་རྟེན་འབྲེལ་བཅུ་གཉིས་སོ། །རྟོགས་པའི་ལྟ་བ་གང་ཟག་བདག་མེད་ལ། །ཆོས་ཀྱི་བདག་ཕྱེད་ཡོད་པར་ལྟ་བའོ། །བསྲུང་བའི་ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་བསྲུང་། །བསྒོམ་པའི་རིམ་པ་མི་རྟོག་ཆོས་ཉིད་བསྒོམ། །ཕྱི་དང་ནང་གི་རྟེན་འབྲེལ་རྣམས། །གོམས་ནས་སྟོབས་སུ་གྱུར་པ་དང་། །འབྲས་བུ་མཐར་ཕྱིན་ཚད་དུ་འདོད། །དེ་ཡང་དཔེ་མཚོན་འདི་ལྟ་སྟེ། །དཔེར་ན་དུར་ཁྲོད་རོ་བཞིན་ཏེ། །དུར་ཁྲོད་དག་ཏུ་སོང་ནས་ནི། །རོ་འདི་དང་པོ་(༥༨)གང་ནས་བྱུང་། །ད་ལྟ་འདི་ཡི་དངོས་པོ་ཅི། །སྙམ་དུ་དཔེ་ཡིས་མཚོན་པར་བྱེད། །དེ་ཡང་མ་རིག་པ་ལས་བྱུང་། །མ་རིག་པ་ལས་འདུ་བྱེད་དོ། །འདུ་བྱེད་རྣམ་པར་ཤེས་པའོ། །རྣམ་པར་ཤེས་ལས་མིང་འབྱུང་ཞིང་། །མིང་ལས་གཟུགས་ཀྱི་རང་བཞིན་འབྱུང་། །གཟུགས་ལས་སྐྱེ་མཆེད་རྣམ་དྲུག་འབྱུང་། །སྐྱེ་མཆེད་དྲུག་ལས་རེག་པ་འབྱུང་། །རེག་ལས་ཚོར་བ་འབྱུང་བར་འགྱུར། །ཚོར་ལས་སྲེད་པ་འབྱུང་བར་འགྱུར། །སྲེད་པ་ལས་ནི་ལེན་པ་འབྱུང་། །ལེན་པ་ལས་ནི་སྲིད་པ་འབྱུང་། །སྲིད་པ་ལས་ནི་སྐྱེ་བ་འབྱུང་། །སྐྱེ་བ་ལས་ནི་རྒས་པ་འབྱུང་། །རྒས་པ་ལས་ནི་ན་བ་འབྱུང་། །ན་བ་ལས་ནི་ཤི་བ་འབྱུང་། །དེ་བཞིན་རྟེན་འབྲེལ་བཅུ་གཉིས་བསྒོམ། །དེ་ལྟར་བསྒོམ་པའི་ཡོན་ཏན་གྱིས། །ས་བཅུ་གཉིས་ཀྱི་འབྲས་བུ་འཐོབ། །མི་སྡུག་རྣམ་པ་བརྒྱད་བསྒོམ་སྟེ། །དུར་ཁྲོད་ཕྱོགས་སུ་ཕྱིན་ནས་ནི། །རང་གི་ལུས་ལ་འདི་ལྟར་རྟོག །དང་པོ་རྣམ་པར་སྔོ་བར་འདོད། །དེ་ནས་རྣམ་པར་དམར་བ་དང་། །རྣམ་པར་གནག་པ་དག་དང་ནི། །དེ་བཞིན་རྣམ་པར་བམ་པ་དང་། །དེ་བཞིན་རྣམ་པར་འབུ་ཞུགས་དང་། །རྣམ་པར་འཐོར་བ་དག་ཏུ་འདོད། །དེ་བཞིན་རྣམ་པར་དཀར་བའོ། །དེ་ནི་འདོད་ཆགས་གཉེན་པོ་རུ། །མི་སྡུག་རྣམ་བརྒྱད་བསྒོམ་པའོ། །ཉན་དང་ཐོས་པ་མེད་པ་སྟེ། །དེ་ཕྱིར་རང་རྒྱལ་ཐེག་པར་འདོད། །ཅེས་སོ། །

གསུམ་པ་བྱང་ཆུབ་སེམས་དཔའི་ཐེག་པ་གཏན་ལ་དབབ་པ་ལ་གཉིས་ཏེ། ཐེག་དམན་ལས་ཇི་ལྟར་འཕགས་པའི་ཚུལ་དང་། ཁྱད་པར་འཕགས་པའི་ཐེག་པ་ཉིད་བཤད་པའོ། །

དང་པོ་ནི། ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་བདག་མེད་གཉིས་རྟོགས་པས་ཁྱད་པར་དུ་བྱས་ཏེ། རིན་ཆེན་ཕྲེང་བ་ལས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་བསྒྲུབ་པ་ཁ་ཅིག་ལའོ། །ཞེས་པ་དང་། དེ་ནི་སྙིང་རྗེ་འབའ་ཞིག་གིས། །བྱང་ཆུབ་བར་དུ་སྲིད་མཚམས་སྦྱོར། །ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །ཐེག་པ་ཆེན་པོར་ག་ལ་འགྱུར། །ཞེས་པ་དང་། སྡུད་པ་ལས། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྟུང་། །ཞེས་རྒྱ་ཆེར་གསུངས་སོ། །

གཉིས་པ་ལ་ལྔ་ལས། བྱང་ཆུབ་སེམས་དཔའི་ཐེག་པའི་ངོ་བོ་ནི། ཆོས་ཐམས་ཅད་ནམ་མཁའ་ལྟར་རྟོགས་ཤིང་སྙིང་རྗེ་ཆེན་པོས་གཞན་དོན་རླབས་པོ་ཆེ་སྤྱོད་པའི་རྒྱུའམ་ཐབས་དམ་པར་གྱུར་པ་སྟེ། དེ་ཉིད་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་འཐོབ་བྱེད་ཐེག་པའི་མཆོག །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །རྒྱུ་དེས་དེ་ནི་ཐེག་པ་ཆེན་པོ་ཞེས་བརྗོད་དོ། །ཞེས་སོ། །ངེས་ཚིག་ནི་ཐབས་གང་ལ་བརྟེན་ནས་ཐར་པ་ཆེན་པོའི་གྲོང་ཁྱེར་དམ་པར་ཁྲིད་པས་ན་ཐེག་པ་ཆེན་པོའོ། །དགོས་པ་ནི། (༥༩)བློ་མཆོག་ཏུ་གྱུར་པ་རྣམས་སངས་རྒྱས་ཐོབ་པར་བྱེད་པའོ། །འབྲས་བུ་ནི་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་འགྲུབ་པའོ། །

དབྱེ་ན་མང་ཡང་། སྐབས་འདིར་ལམ་སྤྱིའི་ངོ་བོ་མདོར་བསྟན་པ་དང་། གྲུབ་པའི་མཐའ་སོ་སོ་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི་མཚན་ཉིད་ཀྱི་ཐེག་པའི་ལུགས་ཀྱིས་དབང་པོ་རྣོན་པོ་སེམས་སྟོབས་ཆེན་པོ་དག་གི་ལམ་སྟེ། དེ་ཡང་གཞི་བདེན་པ་གཉིས་ཀྱི་རང་བཞིན་ཤེས་པར་བྱ་བ། ཤེས་ནས་ཇི་ལྟར་ཉམས་སུ་བླང་བ། ལམ་མཐར་ཕྱིན་པའི་འབྲས་བུ་བསྟན་པ་དང་གསུམ་ལས། དང་པོ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་པ་གཉིས་ཀྱི་རང་བཞིན་དུ་འདུས་ཏེ། རྩ་བ་ཤེས་རབ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་པ་དང་། སྒྱུ་འཕྲུལ་ལས། བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ཞེས་སོ། །དེ་ལ་ཆོས་ཅན་མཚན་མར་སྣང་བ་བློའི་ཡུལ་དུ་སྣང་རུང་རྣམས་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། དབྱེ་ན་ལོག་པ་དང་ཡང་དག་ཀུན་རྫོབ་གཉིས་ལས། དང་པོ་ནི་སྣང་སྲིད་སྣོད་བཅུད་བློས་བཀོད་པའི་ཆོས་སོ་ཅོག་དང་བཅས་པ་ཐམས་ཅད་ལོག་པའི་ཀུན་རྫོབ་ཡིན་ཏེ། ཡུལ་འཁྲུལ་སྣང་བློ་རྫུན་པའི་ངོ་བོ་ལ་སྣང་བ་ཡིན་པའི་ཕྱིར་རོ། །དེ་ཡང་བཏགས་པར་སྣང་བ་འདི་དག་བློ་འཁྲུལ་དོན་མཐུན་པར་སྣང་བ། དོན་བྱེད་ནུས་པ། བརྟགས་ན་ངོ་བོ་ཉིད་ཀྱིས་དབེན་པ། སྒྱུ་མའི་དཔེ་བརྒྱད་ཀྱི་ཚུལ་ཏེ། མེད་པ་གསལ་སྣང་ཅན་དུ་ཤར་བ་ནི། སྔ་མ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་པ་གསུངས། །ཞེས་སོ། །ཡང་དག་ཀུན་རྫོབ་ནི། འཁྲུལ་པར་སྣང་ཡང་བདེ་འགྲོ་དང་ཐར་པའི་རྒྱུ་བྱེད་པ། དགེ་བ་བཅུའི་ལས་རྣམ་པར་དཀར་བ། སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་དང་། ཚོགས་སྦྱོར་མཐོང་སྒོམ་བཞིའི་སེམས་ཀྱི་ཏིང་ངེ་འཛིན་ཡེ་ཤེས་ཀྱི་རྒྱུར་རུང་བློའི་སྤྱོད་ཡུལ་ལམ་བདེན་གྱིས་བསྡུས་པ་རྣམས་ཏེ། རྒྱུད་བླ་མའི་འགྲེལ་པར། ལམ་བདེན་ཐམས་ཅད་ནི་འདུས་བྱས། འདུས་བྱས་ཐམས་ཅད་ནི་ཀུན་རྫོབ་སྟེ་ཞེས་སོ། །ཆོས་ཉིད་རང་བཞིན་དུ་གནས་པ་སྟོང་པ་ཉིད་ཀྱི་ངོ་བོ་དང་རྗེས་སུ་འཇལ་བའི་ཤེས་རབ་སྤྲོས་པ་ཞི་བའི་རྣམ་པ་དང་བཅས་པ་ནི་དོན་དམ་བདེན་པ་སྟེ། དབྱེ་ན་རྣམ་གྲངས་པ་མཚན་མ་ཚིག་གི་དོན་དམ་དང་། རྣམ་གྲངས་པ་མ་ཡིན་པ་ཡང་དག་གཤིས་ཀྱི་དོན་དམ་གཉིས་ལས། དང་པོ་ནི་རིགས་པས་ཕྱེ་ཞིང་གཞིགས་ན་གང་དུའང་མ་གྲུབ་པའི་ཆོས་ཉིད་དུ་ཐམས་ཅད་ཡེ་ནས་གནས་པར་རྟོགས་པའི་ཤེས་རབ་གཤིས་དང་མཐུན་པར་སྐྱེས་པ་སྟེ། བདེན་གཉིས་ལས། སྐྱེ་སོགས་བཀག་པ་དོན་དམ་དང་། །མཐུན་པའི་ཕྱིར་ཡང་འདོད་པ་ཡིན། །སྐྱེ་མེད་སྤྲོས་ཀུན་ཞི་བ་ལ། །དོན་དམ་(༦༠)ཞེས་པའི་བརྡ་མཛད་དོ། །ཞེས་སོ། །གཉིས་པ་ནི། ཆོས་རྣམས་གདོད་མ་ཉིད་ནས་ཡོད་མེད་ཀྱི་སྤྲོས་པ་ལས་འདས་པའི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་སྟེ། རྩ་བ་ཤེས་རབ་ལས། གཞན་ལས་ཤེས་མིན་ཞི་བ་དང་། །རྣམ་རྟོག་མེད་དོན་ཐ་དད་མིན། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་སོ། །

གཉིས་པ་ཤེས་ནས་ཉམས་སུ་བླང་བའི་རིམ་པ་ནི། བྱང་ཆུབ་སེམས་དཔའ་ཁྱིམ་པ་ཡིན་ན་དགེ་བསྙེན་གྱི་སྡོམ་པ་བླངས་པའམ་མ་བླངས་ཀྱང་རུང་ལ། རབ་ཏུ་བྱུང་བ་ཡིན་ན་དགེ་ཚུལ་གྱི་བསླབ་པའི་གནས་བཅུ། དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ། དགེ་སློང་མའི་སུམ་བརྒྱ་དྲུག་ཅུ་རྩ་གསུམ་གྱིས་གཞི་བྱས་པའི་སྟེང་དུ། ཐེག་ཆེན་སྨོན་འཇུག་གི་སེམས་བསྐྱེད་ནས། བསླབ་མདོ་བརྒྱད་ཅུ་རྩ་ལྔ་ལ་གནས་པས། ཚོགས་ལམ་ཆུང་ངུར་དྲན་པ་ཉེར་གཞག་བཞི། འབྲིང་དུ་ཡང་དག་སྤོང་བ་བཞི། ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི། སྦྱོར་ལམ་དྲོད་རྩེར་དབང་པོ་ལྔ། བཟོད་པ་ཆོས་མཆོག་ཏུ་སྟོབས་ལྔ། མཐོང་ལམ་དུ་བྱང་ཆུབ་ཀྱི་ལམ་ཡན་ལག་བདུན། སྒོམ་ལམ་ས་དགུར་འཕགས་ལམ་བརྒྱད་བསྒོམས་པས། རབ་ཏུ་དགའ་བ་ལ་སོགས་པའི་ས་ལམ་གྱི་དྲོད་ཚད་རྟགས་དང་བཅས་པ་རྫོགས་ཏེ། མི་སློབ་པའི་ལམ་མངོན་དུ་བྱེད་པའོ། །

གསུམ་པ་མཐར་ཕྱིན་པའི་འབྲས་བུ་ནི། ཀུན་ཏུ་འོད་ཀྱི་ས་ལ་རང་དོན་དུ་ཆོས་སྐུ་དང་། གཞན་དོན་དུ་གཟུགས་སྐུ་དམ་པ་གཉིས་ཐོབ་ནས། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་ཀྱིས་གཟིགས་ཏེ། སེམས་ཅན་གྱི་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་མཛད་དེ། འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ལ། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་གསུངས་སོ། །འདི་དག་གི་ཚུལ་རྒྱས་པར་ནི། རིག་པ་རང་ཤར་ལས། བྱང་ཆུབ་སེམས་དཔའི་ཐེག་པ་ནི། །འཇུག་པའི་སྒོ་ནི་བདེན་པ་གཉིས། །དོན་དམ་དང་ནི་ཀུན་རྫོབ་བོ། །བསྲུང་བའི་ཚུལ་ཁྲིམས་ཡན་ལག་ནི། །སྡོམ་པ་བརྒྱད་ཅུ་རྩ་ལྔའོ། །ལྟ་བ་སྟོང་ཉིད་ཡེ་ཤེས་སོ། །དོན་དམ་ཀུན་རྫོབ་འདི་ལྟ་སྟེ། །ཀུན་རྫོབ་རྣམ་པ་གཉིས་སུ་འདོད། །ལོག་པ་དང་ནི་ཡང་དག་གོ། །ལོག་པའི་ཀུན་རྫོབ་འདི་ལྟ་སྟེ། །བཏགས་པར་སྣང་བ་ཐམས་ཅད་ཀུན། །མཐུན་པར་སྣང་ལ་དོན་བྱེད་ནུས། །བརྟགས་ན་ངོ་བོ་ཉིད་ཀྱིས་དབེན། །དོན་ནི་མེད་པ་ལྟར་སྣང་ངོ་། །དེ་ནི་ལོག་པའི་ཀུན་རྫོབ་བོ། །ཡང་དག་ཀུན་རྫོབ་འདི་ལྟ་སྟེ། །དགེ་བ་བཅུ་ཡི་ལས་རྣམས་དང་། །དཀར་པོར་གྱུར་པའི་བསམ་པ་དང་། །མོས་པའི་བསམ་པ་ཇི་སྙེད་པ། །ཡང་དག་ཀུན་རྫོབ་ཆེན་པོར་འདོད། །སྦྱིན་པ་ལ་སོགས་ཚུལ་ཁྲིམས་དང་། །དེ་བཞིན་ཏིང་འཛིན་ལ་སོགས་རྣམས། །ཡང་དག་ཀུན་རྫོབ་ཆེན་པོའོ། །དོན་དམ་ལ་(༦༡)ཡང་རྣམ་པ་གཉིས། །མཚན་མ་ཚིག་གི་དོན་དམ་དང་། །ཡང་དག་སེམས་ཀྱི་དོན་དམ་མོ། །མཚན་མ་ཚིག་གི་དོན་དམ་གྱིས། །ཐམས་ཅད་སུན་འབྱིན་རྩོད་པའོ། །དེ་ཡང་ཚད་མའི་རིགས་པ་ནི། །གང་དེ་ཉིད་ལ་དེ་ལྟར་སྣང་། །ཚིག་གི་སྟོང་པ་ཆེན་པོ་ལ། །དོན་ལ་སྟོང་ཞིང་མ་རྟོགས་པའོ། །མཚན་མ་ཚིག་གི་དོན་དམ་མོ། །ཡང་དག་སེམས་ཀྱི་དོན་དམ་ནི། །སྟོང་པ་ཅང་མེད་སྒོམ་པར་འདོད། །དཔེར་ན་ནམ་མཁའ་སྟོང་པ་བཞིན། །སྟོང་པའི་དོན་ཉིད་དེ་བཞིན་ཉིད། །སྟོང་ཉིད་ཕྱམ་ཆད་མུ་མེད་དོ། །ཞེས་ནི་སྤྱོད་ཅིང་ཆགས་པའོ། །ལམ་ནི་འདི་ལྟར་འདོད་པའོ། །ས་ལ་སྦྱང་བར་འདོད་པའོ། །དེ་ཡང་དྲོད་སྐྱེ་བཟོད་པ་དང་། །རྩེ་མོ་འཇིག་རྟེན་ཆོས་མཆོག་གོ། །དྲོད་ལ་རྣམ་པ་གསུམ་གྱིས་བསྟན། །ཕྱི་དང་ནང་དང་གཉིས་ཀའོ། །ཕྱི་ཡི་དྲོད་སྐྱེ་འདི་ལྟ་སྟེ། །གཉིས་པོ་དྲི་མ་མེད་པ་ལ། །དངོས་པོར་སྣང་བ་སྟོང་པ་སྐྱེ། །དེ་ནི་ཏིང་འཛིན་ཉམས་ལེན་ཏེ། །ས་གཉིས་དག་ལ་སྐྱེ་བར་གསུངས། །ནང་གི་དྲོད་ནི་དྲུག་པ་ལ། །སྟོང་པ་རིག་བྱེད་དག་ཏུ་རྟོགས། །གཉིས་ཀའི་དྲོད་ནི་འདི་ལྟ་སྟེ། །བདུན་པ་དག་ལས་སྐྱེ་བར་གསུངས། །བརྒྱད་པ་བཟོད་པ་ཐོབ་པ་སྟེ། །དགུ་པ་རྩེ་མོ་མཐར་ཕྱིན་ནོ། །བཅུ་པ་འཇིག་རྟེན་ཆོས་ཀྱི་མཆོག །དེ་བཞིན་ས་བཅུ་ཐོབ་པར་འདོད། །དེ་ནི་བྱང་ཆུབ་ཐེག་པ་སྟེ། །སྟོང་པའི་ཚིག་མེད་ཡི་གེ་མེད། །ཅང་མེད་སྟོང་པར་འདོད་པའོ། །ཞེས་གསུངས་སོ། །

དོན་གཉིས་པ་གྲུབ་པའི་མཐའ་རྒྱས་པར་བཤད་པ་ལ་གཉིས་ཏེ། སེམས་ཙམ་པ་དང་དབུ་མ་པའི་ལུགས་རྒྱས་པར་བཤད་པའོ། །དང་པོ་ལའང་དཀར་དམར་སྣ་ཚོགས་སུ་སྣང་བ་ཤེས་པ་དང་བཅས་པ་འདི་ཐམས་ཅད་རང་གི་སེམས་ཀྱི་རྣམ་པར་བདེན་པར་འདོད་པ་སེམས་ཙམ་རྣམ་བདེན་པ་དང་། ཤེས་པའི་རྣམ་པར་རྫུན་པར་འདོད་པ་སེམས་ཙམ་རྣམ་བརྫུན་པ་གཉིས་ལས། དང་པོ་ནི་དོན་དུ་སྣང་བ་རང་གི་ཤེས་པའི་རྣམ་པ་ཕྱིར་ཤར་བ་ཙམ་སྟེ། རྫིང་འགྲམ་གྱི་ནོར་བུའི་ཤིང་གི་ཡལ་ག་ལ་བཏགས་པའི་ནོར་བུ་ཀེ་ཀེ་རུའི་གཟུགས་བརྙན་ཆུ་ནང་དུ་ཤར་བ་ན་ནོར་བུའི་རྣམ་པ་ཕྱི་རོལ་ཏུ་ཤར་བ་བཞིན་ནོ་ཞེས་འདོད་དོ། །འདི་ལ་དབྱེ་ན། རྣམ་པའི་གྲངས་དེ་ཉིད་ལ་ཤེས་པའི་གྲངས་ཀྱང་དེ་སྙེད་དུ་འདོད་པ་དང་། རྣམ་པ་དང་ཤེས་པ་སྒོ་ང་བཀས་པ་ལྟར་འདོད་པ་དང་། རྣམ་པ་དང་ཤེས་པ་སྣ་ཚོགས་གཉིས་མེད་དུ་འདོད་པ་གསུམ་ལས། དང་པོ་ནི་སྒྲ་ཐོས་པའི་དུས་ན་སྒྲ་འཛིན་གྱི་ཤེས་པ་གཅིག་པུ་སྐྱེའི། གཟུགས་ལ་སོགས་པ་འཛིན་པའི་ཤེས་པ་མི་སྐྱེ་བ་ལྟར། ཡུལ་གང་ལ་འཇུག་པ་དེའི་ཤེས་པ་སྐྱེའི་གཞན་མི་སྐྱེ་བས། རྣམ་པའི་གྲངས་ཇི་སྙེད་པའི་ཤེས་པ་འདོད་པའོ། །

གཉིས་པ་ནི་ཕྱི་རོལ་སྣ་ཚོགས་སུ་སྣང་བའང་ཤེས་པ་ལས་བྱུང་ལ། དེ་འཛིན་པའི་ཤེས་པའང་སེམས་ལས་བྱུང་བས། སྒོ་ང་བཀས་པ་ལྟར་རྣམ་པ་དང་ཤེས་པ་ཡུལ་ཡུལ་ཅན་སེམས་(༦༢)གཅིག་ལ་ཤར་བ་སྟེ། ད་ལྟ་ཡུལ་འཛིན་པ་ན་ཕྱི་རྣམ་པའི་ཤེས་པ་གཅིག་ལ་ནང་འཛིན་བྱེད་ཀྱི་ཤེས་པ་གཅིག་ཤར་བ་ཡང་། ཐོག་མ་མེད་པའི་བག་ཆགས་ཀྱིས་དེ་ལྟར་གཉིས་སུ་སྣང་ཡང་། རང་རིག་པ་གཅིག་པུ་ལས་གཞན་དུ་གྲུབ་པ་མེད་པས་སྒོ་ང་བཀས་པ་ལྟ་བུའོ། །འོ་ན་ཕྱི་རྣམ་པའི་ཤེས་པ་གཅིག་ལ་དེའི་ཚེ་འཛིན་པའི་ཤེས་པ་གཅིག་བྱུང་དུས་རྟོག་གཉིས་ཅིག་ཅར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། རྣམ་པའི་ཤེས་པ་དེ་རྟོག་མེད་ཡིན་པའི་ཕྱིར་རོ་ཞེས་འདོད་དོ། །

གསུམ་པ་ནི་ཕྱི་ཡུལ་གྱི་རྣམ་པ་སྣ་ཚོགས་སུ་སྣང་ཡང་། ནང་འཛིན་བྱེད་ཀྱི་ཤེས་པ་གཅིག་གིས་ཤེས་ཏེ། མཁར་གྱི་ནང་ན་སྤྲེའུ་ཅིག་འཇུག་པ་མྱུར་བས། གློ་སྐར་བཞིར་སྐེ་རིབ་རིབ་བྱུང་ནས་བལྟ་བ་ལྟར། སྒོ་ལྔ་ལ་ཤེས་པ་གཅིག་གིས་ཞུགས་ནས་ཡུལ་རིག་པའོ། །རིག་དུས་ནའང་རྣམ་པ་དང་ཤེས་པ་གཉིས་ཀ་སེམས་གཅིག་གི་རང་བཞིན་དུ་ཐ་མི་དད་དེ། རྨི་ལམ་གྱི་སྣང་བ་དང་འཛིན་བྱེད་རང་དུ་སྣང་བ་གཉིས་ཀ་ཡང་གཉིད་གཅིག་གི་ཤེས་པར་ཐ་མི་དད་པ་བཞིན་ནོ་ཞེས་འདོད་དོ། །

གཉིས་པ་རྣམ་རྫུན་པ་ནི། ཕྱི་དོན་གྱི་རྣམ་པར་ཤེས་པ་ལ་འཁྲུལ་པར་སྣང་བའི་བག་ཆགས་རྫུན་པ་བ་ཡིན་གྱི། ཤེས་པར་བདེན་པ་མ་ཡིན་ལ། དེ་འཇལ་བྱེད་ཀྱི་ཤེས་པ་ཡང་རྫུན་པ་བས་གཞལ་གྱི། མྱོང་བ་བདེན་པ་བས་གཞལ་བ་ནི་མེད་དེ། ཡུལ་ཤེས་གཉིས་ཀ་ཡང་འཁྲུལ་སྣང་རྫུན་པ་བའི་རང་བཞིན་ཙམ་དུ་འདོད་དོ། །འདི་ལ་དབྱེ་ན་དྲི་བཅས་རྫུན་པ་བར་འདོད་པ་དང་། དྲི་མེད་དག་པ་བར་འདོད་པ་གཉིས་ལས། དང་པོ་ནི་ད་ལྟའི་རྣམ་པ་སྣ་ཚོགས་སུ་སྣང་བ་དང་། དེ་འཇལ་བའི་ཤེས་པ་གཉིས་ཀ་བློའི་དྲི་མ་ཉིད་སྣང་བ་ཙམ་ལས། དོན་དམ་པར་གཉིས་སུ་མེད་པའི་ཡེ་ཤེས་ཁམས་ཀྱི་ཡོན་ཏན་དང་བཅས་པ་ཙམ་ཞིག་ཡོད་ཀྱི། རྣམ་ཤེས་སུ་གྲུབ་པ་ནི་ཅི་ཡང་མེད་དོ། །སངས་རྒྱས་ཀྱི་ཆོས་སྐུ་ལྷག་མ་མེད་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཉིད་དེ། དྲི་མ་མེད་པའི་དེ་བཞིན་ཉིད་ཡིན་ལ། ལྷག་བཅས་ཀྱི་གནས་སྐབས་ན་བག་ལ་ཉལ་གྱི་དྲི་མ་ཅུང་ཟད་ཡོད་པས་འཁྲུལ་པར་སྣང་བ་གཟིགས་པ་དང་། རོ་རྒྱབ་སྙུང་བ་ལ་སོགས་པ་ཡོད་དོ་ཞེས་པ་དང་། ད་ལྟ་སེམས་ལ་ཉོན་མོངས་པ་དང་ཡེ་ཤེས་འདྲེས་པར་གནས་པའི་དྲི་མ་ཉོན་མོངས་པའི་ཆ་རྫུན་པ་བ་བསལ་བས། ལྷག་མ་མེད་པའི་ཡེ་ཤེས་དག་པ་མངོན་དུ་བྱེད་པའོ་ཞེས་འདོད་དོ། །དག་པ་བ་ནི་རྣམ་པ་དང་རྣམ་ཤེས་བརྫུན་པ་ཙམ་དུའང་གྲུབ་པ་མེད་དེ། མངོན་པར་ཆགས་པ་དག་གིས་ན་ཆུང་ཡིད་ལ་བྱེད་པ་གོམས་པ་ལས། ཇི་ཞིག་ན་བསམ་མ་དགོས་པར། དེའི་བྱད་བཞིན་གྱི་སྣང་བ་མེད་པ་གསལ་སྣང་དུ་ཤར་བ་བཞིན་ནོ། །དེས་ན་ཡུལ་གྱི་རྣམ་པ་དཀར་དམར་སྣ་ཚོགས་སུ་སྣང་བ་དང་། འཇལ་བྱེད་ཀྱི་བློ་གཉིས་ཀ་མེད་བཞིན་སྣང་བ་གཟུགས་བརྙན་ལྟ་བུ་སྟེ། དེའི་དོན་ཉམས་སུ་མྱོང་བའི་སོ་སོ་རང་གི་རིག་པའི་ཡེ་ཤེས་ཙམ་ཞིག་དོན་དམ་པར་ཡོད་དོ་ཞེས་འདོད་དོ། །

གཉིས་པ་(༦༣)དབུ་མ་པ་ལ་རང་རྒྱུད་པ་དང་། ཐལ་འགྱུར་པ་གཉིས་ལས། དང་པོ་ནི་འདི་ལྟར་སྣ་ཚོགས་སུ་སྣང་བའི་རྣམ་པ་དང་འཇལ་བྱེད་མེད་པ་གསལ་སྣང་ཙམ་དུ་མ་ཟད་དོན་དམ་པར་སོ་སོ་རང་གི་རིག་པའི་ཡེ་ཤེས་དེ་ཡང་རང་བཞིན་གྱིས་ངོ་བོ་ཉིད་མེད་པའོ་ཞེས་འདོད་དོ། །འདི་ལ་དབྱེ་ན་སྒྱུ་མ་དོན་དམ་དུ་འདོད་པ་དང་། རབ་ཏུ་མི་གནས་པ་གཉིས་ལས། དང་པོ་ནི། ཡུལ་ཡུལ་ཅན་དུ་གྲུབ་པ་མེད་ལ། མ་གྲུབ་པ་རིག་པའི་ཡེ་ཤེས་སྨྲ་བསམ་བརྗོད་མེད་ཙམ་ཞིག་དོན་དམ་པར་སྒྱུ་མའི་ཚུལ་དུ་ཡོད་པས། བསྒོམས་པའི་ཡོན་ཏན་ས་ལམ་དང་། མཐར་ཕྱིན་པའི་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་སྒྱུ་མ་ལྟ་བུ་ཐོབ་ནས་ཆོས་ཀྱི་སྐུའི་ངང་ནས་སྒྱུ་མ་ལྟ་བུས་དོན་མཛད་པ་ཡིན་ཏེ། ཡུམ་བར་མ་ལས། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་བས་ཆེས་ལྷག་པའི་ཆོས་ཤིག་ཡོད་ན། དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཞེས་སོ། །ཆོས་ཐམས་ཅད་ནི་ཡུལ་ཤེས་སྣ་ཚོགས་པ་ཐམས་ཅད་དོ། །མྱ་ངན་ལས་འདས་པ་ནི་གཟུགས་སྐུ་བརྙེས་ནས་དོན་མཛད་པའོ། །དེ་བས་ལྷག་པའི་ཆོས་ནི་སོ་སོ་རང་གི་རིག་པའི་དེ་བཞིན་ཉིད་དང་ཆོས་སྐུ་དམ་པའོ་ཞེས་འདོད་དོ། །འདི་ལའང་སྒྱུ་མ་རིགས་གྲུབ་ཏུ་འདོད་པ་དང་། སྒྱུ་མ་ལྟར་སྣང་དུ་འདོད་པ་དང་། སྒྱུ་མ་ཙམ་པོར་འདོད་པ་ལ་སོགས་པ་རྣམ་གྲངས་རབ་ཏུ་མང་སྟེ། རང་རྒྱུད་འོག་མ་བ་ཞེས་གྲགས་པ་ཡིན་ནོ། །

གཉིས་པ་ནི་དོན་དམ་པར་སྒྱུ་མ་ཙམ་དུའང་མི་གནས་ཏེ། ཡུལ་དང་རྣམ་པ་མེད་པས་དེ་མེད་པར་མྱོང་བའི་སོ་སོ་རང་རིག་ཀྱང་མེད་པ་ནི། མོ་གཤམ་གྱི་བུ་མེད་པས་དེ་འཇལ་བྱེད་ཀྱི་ཤེས་པ་མེད་པ་བཞིན་ནོ། །ཀུན་རྫོབ་ལ་བདེན་པར་མེད་པས་དོན་དམ་ལ་གང་ཡང་མི་གནས་ཏེ། རྨི་ལམ་སད་པའི་དུས་ན་རྟ་གླང་གི་སྣང་བ་འགགས་ཀྱང་། དང་པོ་མེད་པས་དོན་ལ་འགག་རྒྱུར་མ་གྲུབ་པ་བཞིན་ནོ། །ཡུམ་བར་མ་ལས། དོན་དམ་པར་ནི་འཁོར་བ་ཡང་མེད། མྱ་ངན་ལས་འདས་པ་ཡང་མེད། སྟོང་པ་ཉིད་ཀྱང་མེད་དེ། ཚིག་གི་བླ་དྭགས་ཙམ་དུ་བས་ལགས་སོ་ཞེས་གསུངས་པ་ལྟ་བུའོ་ཞེས་འདོད་དོ། །འདི་ལ་ཀུན་རྫོབ་རབ་ཏུ་མི་གནས་པ་དང་། རྒྱུ་མཚན་མི་གནས་པ་དང་། ལྡོག་ཆ་མི་གནས་པ་དང་། ལྡོག་བྱེད་མི་གནས་པ་དང་། གཅིག་མི་གནས་པ་དང་། དུ་མ་མི་གནས་པ་དང་། གཅིག་དང་དུ་མ་དང་བྲལ་བ་མི་གནས་པ་དང་། སྣང་ཙམ་རབ་ཏུ་མི་གནས་པ་ལ་སོགས་པ་རྣམ་གྲངས་དཔག་ཏུ་མེད་པ་ཡོད་དེ། དབུ་མ་རང་རྒྱུད་གོང་མ་བ་ཞེས་གྲགས་སོ། །

དབུ་མ་ཐལ་འགྱུར་བ་ནི། དེ་ལྟར་དོན་དམ་པར་མ་གྲུབ་པ་དང་། ཀུན་རྫོབ་ཏུ་སྣང་ཙམ་སྒྱུ་མར་གྲུབ་པ་ལ་སོགས་པ་ཐམས་ཅད་བཀག་ནས། ཡོད་མེད་ཀྱི་མཐའ་ལས་འདས་པའི་རང་བཞིན་ཁས་ལེན་ཐམས་ཅད་དང་བྲལ་བར་འདོད་དེ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། རྟག་(༦༤)དང་མི་རྟག་འདི་ཡང་མཐའ་ཡིན་ཏེ། །ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། །དེ་ཕྱིར་གཉིས་ཀའི་མཐའ་ནི་རྣམ་སྤངས་ནས། །མཁས་པས་དབུས་ལའང་གནས་པར་མི་བྱེད་དོ། །ཞེས་པ་དང་། དཀོན་མཆོག་ཏ་ལའི་མདོ་ལས། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པས་ན། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་པ་དང་། རྩ་བ་ཤེས་རབ་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པས་སྐྱེ་མེད་པ། །ཆད་པ་མེད་པས་རྟག་མེད་པ། །འོང་བ་མེད་པས་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །རྫོགས་པའི་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། རྩོད་བཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེ་ཚེ་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་པ་དང་། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ། །དེ་ཕྱིར་དགག་པ་བྱེད་དོ་ཞེས། །སྐུར་པ་དེ་ནི་ཁྱོད་ཀྱིས་བཏབ། །ཅེས་སོ། །དེའང་བློས་བཀོད་པའི་གྲུབ་མཐའ་གང་ཡང་མེད་དེ་སྤྲོས་པ་ཞི་བའི་ཕྱིར་རོ་ཞེས་འདོད་ཅིང་། སྣ་ཚོགས་སུ་སྣང་ཙམ་འཇིག་རྟེན་པ་ཇི་ལྟར་འཇོག་པ་ལྟར་བརྡ་ཤེས་པའི་ཡན་ལག་ཏུ་བཞག་ཀྱང་། དེ་ཡང་ཁས་ལེན་མེད་པས། ཆོས་སུ་སྣང་བ་བདེན་རྫུན་ལས་འདས་པས་ཡོད་མེད་ཀྱི་མཐའ་དང་ད་ལྟའི་དུས་ནས་བྲལ་བར་འདོད་དོ། །འདི་ནི་སངས་རྒྱས་པ་རྣམས་ཀྱི་གྲུབ་པའི་མཐའ་སྨྲ་བ་རྣམས་ཀྱི་རྩེ་མོ་ཡིན་ནོ། །འདིའི་གཞུང་ཆེན་པོ་དབུ་མ་རིགས་པའི་ཚོགས་དྲུག་སྟེ། རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག །རྩོད་པ་བཟློག་པ། ཐ་སྙད་གྲུབ་པའོ། །དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོའི་འགྲེལ་པར་གཏམ་གྱི་ཚོགས་མཛད་དོ། །བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོའི་འགྲེལ་པར་རིགས་པའི་ཚོགས་མཛད་དོ། །ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོའི་འགྲེལ་པར་བསྟོད་པའི་ཚོགས་མཛད་དོ། །དེའི་ཕྱིར་སློབ་དཔོན་འདི་ནི་སངས་རྒྱས་གཉིས་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། འདིའི་བསྟན་བཅོས་རྣམས་ཀྱང་བཀའ་དང་ཁྱད་པར་མེད་པ་ཡིན་ནོ། །

དོན་བཞི་པ་བྱ་བ་རྒྱུད་ཀྱི་ཐེག་པ་གཏན་ལ་དབབ་པ་ལ་གཉིས་ཏེ། རྒྱུའི་ཐེག་པ་ལས་ཁྱད་པར་དུ་འཕགས་ཚུལ་བསྟན་པ་དང་། ཁྱད་པར་ཅན་གྱི་ཐེག་པ་ཉིད་བཤད་པའོ། །དང་པོ་ནི་མཚན་ཉིད་ཀྱི་ཐེག་པ་རྒྱུ་ལ་འབད་པ་ཆེར་བྱས་ནས་ཚེགས་ཆེན་པོས་བསྒྲུབ་དགོས་པ་ལས། སྔགས་ནི་རྒྱུ་ལ་ལྟོས་ནས་འབྲས་བུ་སྨིན་ཟིན་པས་འབད་རྩོལ་ཆུང་ངུས་སངས་རྒྱས་ཐོབ་(༦༥)པས་འཕགས་པ་དང་། རྒྱུ་ནས་ལམ་ལྔ་ས་བཅུ་དཀའ་བ་ཆེན་པོས་བསྐལ་པ་གྲངས་མེད་མང་པོ་ན་སངས་རྒྱ་ལ། སྔགས་ནི་རབ་ཚེ་གཅིག །འབྲིང་བར་དོ། །ཐ་མས་ཀྱང་སྐྱེ་བ་བརྒྱུད་ནས་སངས་རྒྱ་བས་དུས་མྱུར་བས་ཀྱང་འཕགས་པ་དང་། རྒྱུ་ས་དང་པོ་བདེན་པ་མཐོང་བ་ལའང་ཚོགས་དཔག་མེད་སོགས་དགོས་ལ། སྔགས་ཀྱི་དཀྱིལ་འཁོར་ཚོགས་མཆོད་ལ་སོགས་པ་ཕྲ་མོས་འགྲུབ་པས་ཀྱང་འཕགས་པ་དང་། རྒྱུས་ལམ་ཐད་དྲང་དུ་སྟོན་པར་མི་བྱེད་དེ། དྲང་དོན་དང་ངེས་དོན། དགོངས་པ་དང་ལྡེམ་དགོངས་སུ་བསྟན་ནས་རྣམ་པར་འཇོག་ལ། སྔགས་ནི་ལམ་ཅིག་ཅར་ཐད་དྲང་དུ་བསྟན་པས་ཉེ་ཞོ་དང་བར་ཆད་མེད་པའི་ཕྱིར་འཕགས་པ་ཡིན་ནོ། །མདོར་བསྡུ་ན། རྒྱུའི་ཐེག་པ་བས་སྔགས་ཀྱི་ཐེག་པ་འདོད་པའི་དོན་བསྒྲུབ་པ་ལ། ཐབས་མང་བ་དང་། དཀའ་བ་མེད་པ་དང་། མ་རྨོངས་པ་དང་། དབང་པོ་རྣོན་པོས་མྱུར་དུ་འགྲུབ་པའི་ཚུལ་གྱིས་འཕགས་ཏེ། ཚུལ་གསུམ་པའི་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་སོ། །

གཉིས་པ་ལ་ལྔ་ལས། ངོ་བོ་ནི་རང་བྱུང་གི་ཡེ་ཤེས་དབྱིངས་འོད་གསལ་གྱི་བདེན་པ་ཐད་དྲང་དུ་རྟོགས་པའི་ཐབས་མཆོག་ཏུ་གསང་བ། བསྐྱེད་རྫོགས་ལྷུན་གྲུབ་ཀྱི་དབྱིངས་ལ་འཇལ་བའི་རྣམ་གྲངས་སོ། །ངེས་ཚིག་ནི་ཉོན་མོངས་པ་ལས་སྐྱོབ་པ་དང་བྱང་ཆུབ་མྱུར་དུ་འགྲུབ་པ་ལ་མཆོག་ཏུ་བསྔགས་པས་ན་སྔགས་སོ། །དགོས་པ་ནི་དབང་པོ་རྣོན་པོའི་རྣོན་པོ་མྱུར་དུ་གྲོལ་བར་བྱེད་པའོ། །འབྲས་བུ་ནི་ཚེ་གཅིག་གམ་བར་དོའམ་བརྒྱུད་ནས་མགོན་པོ་རྡོ་རྗེ་འཆང་གི་ས་མཆོག་འགྲུབ་པའོ། །དབྱེ་ན་གཉིས་ཏེ། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་དང་། ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པའོ། །དེ་སྐད་དུ་ཡང་། རིག་པ་རང་ཤར་ལས། རྡོ་རྗེའི་ཐེག་པ་རྣམ་པ་གཉིས། །ཕྱི་པ་ཐུབ་པ་རྒྱུད་དང་ནི། །ནང་པ་ཐབས་ཀྱི་རྒྱུད་དུ་གསུངས། །ཞེས་སོ། །སྔགས་ལ་རྒྱུད་དུ་འཇོག་པ་ཅི་ཡིན་ཞེ་ན། གཙོ་བོར་གང་ཟག་གི་རྒྱུད་དབྱིངས་ཀྱི་འོད་གསལ་འཇལ་བས་ན་དེ་སྐད་ཅེས་བརྗོད་པ་ཡིན་ནོ། །དང་པོ་ལའང་དབྱེ་ན་གསུམ་སྟེ། བྱ་བ་རྒྱུད་ཀྱི་ཐེག་པ་ཀྲཱི་ཡ་དང་། གཉིས་ཀ་རྒྱུད་ཀྱི་ཐེག་པ་ཨུ་པ་ཡ་དང་། རྣལ་འབྱོར་རྒྱུད་ཀྱི་ཐེག་པ་ཡོ་གའོ། །དེ་སྐད་དུ། དེ་ཉིད་ལས། ཕྱི་པ་རྒྱུད་ལ་རྣམ་གསུམ་སྟེ། །ཀྲཱི་ཡ་ཨུ་པ་ཡོ་གའོ། །ཞེས་སོ། །དང་པོ་ནི། དག་པ་གསུམ་དང་གཙང་སྦྲ་སྤྱོད་པས་བདག་དང་ལྷ་གཉིས་རྗེ་དང་འབངས་ཀྱི་ཚུལ་དུ་བསྒྲུབ་པས་དངོས་གྲུབ་ཐོབ་པར་འདོད་པའོ། །

འདི་ལ་དབྱེ་ན་གཉིས་ཏེ། དག་པ་གཙོ་བོར་བྱེད་པ་དང་། དམིགས་པ་གཙོ་བོར་བྱེད་པའོ། །དང་པོ་ནི་ཁྲུས་དང་གཙང་སྦྲ་ལ་ཞུགས་ནས་ལུས་དག་པ་ལྷའི་སྐུར་སྒོམ་པ་སྟེ། ཁྲུས་གསུམ་བྱེད་པ་དང་། གོས་གསུམ་བརྗེ་བ་དང་། དཀར་གསུམ་(༦༦)བསྟེན་པ་དང་། མངར་གསུམ་བསྟེན་པ་ལ་སོགས་པའོ། །འོག་མ་ལས་འདི་འཕགས་ཚུལ་ནི། ཀུན་རྫོབ་སྣང་ཚོད་དུ་བདེན་པར་མི་འཇོག་པར། དམིགས་པ་གསུམ་སྟེ་སྐུ་གཟུགས་བརྙན་ལ་དམིགས་པས་སྣང་བ་ཐམས་ཅད་གཟུགས་ཀྱི་ལྷར་གསལ་ཐེབས་ཏེ། གཟུགས་མ་སྤངས་པས་གཅིག་དང་དུ་མའི་མཐའ་ལ་མི་གནས། གསུང་ཡིག་འབྲུ་ལ་དམིགས་པས་གྲག་པ་ཐམས་ཅད་སྒྲའི་ལྷར་གསལ་བས་སྒྲ་ཚིག་བཟླས་པར་འགྱུར་ཏེ། མུ་བཞིའི་སྐྱེ་བ་འགག་པ་ལ་མི་གནས་ཏེ། གྲག་ཚད་སྒྲའི་ལྷ་ལས་གཞན་མ་ཡིན། ཐུགས་ཕྱག་མཚན་ལ་དམིགས་པས་དྲན་བསམ་ཐམས་ཅད་ཏིང་ངེ་འཛིན་གྱི་ལྷར་གསལ་བས། རྟོག་པ་ཐམས་ཅད་བསམ་གཏན་ལས་མི་འདའ་བས་རྟེན་འབྲེལ་ཆེན་པོ་ལ་མི་གནས་པས། ཀུན་རྫོབ་ཙམ་དུ་ཡང་མ་བྱུང་མ་སྐྱེས་པའོ། །དོན་དམ་པར་ཡི་དམ་གྱི་ལྷ་ཡེ་ཤེས་སེམས་དཔའ་དང་། བདག་དམ་ཚིག་སེམས་དཔའ་གཉིས་རྗེ་ཁོལ་གྱི་རྣམ་པ་ལྟར་བལྟས་པས་བར་ཆད་ཞི་ཞིང་དངོས་གྲུབ་ཐོབ་སྟེ། ཐུན་མོང་གི་དངོས་གྲུབ་ལ་བརྟེན་ནས་ཀུན་རྫོབ་མི་སྤོང་། མཆོག་གི་དངོས་གྲུབ་ལ་བརྟེན་ནས་དོན་དམ་པ་མི་བསྒྲུབ་པས་ཁྱད་པར་དུ་འཕགས་སོ། །དམིགས་པ་གཙོ་བོར་བྱེད་པ་ནི་བསྐྱེད་རིམ་དང་རྫོགས་རིམ་ཕྲ་མོས་འཕྲོ་འདུ་དམིགས་པའི་ལྷ་སྒོམ་པ་སྟེ། གཟུགས་དང་སྒྲ་དང་རྟོག་ཚོགས་ལྷའི་སྐུ་གསུང་ཐུགས་སུ་དམིགས་པའོ། །དག་པས་ལུས་ངག་གི་གཙང་སྦྲ་གཙོ་བོར་བྱེད་པས། དམིགས་པས་སེམས་ཀྱི་སྒོམ་པ་གཙོ་བོར་བྱེད་པ་ཡིན་ནོ། །དེ་སྐད་དུ་ཡང་། རིག་པ་རང་ཤར་ལས། ཀྲཱི་ཡའི་ཐེག་པའི་གྲུབ་མཐའ་ནི། །འཇུག་པའི་སྒོ་ནི་དག་པ་གསུམ། །ཁྲུས་དང་གཙང་སྦྲས་འཇུག་པའོ། །བསྲུང་བའི་དམ་ཚིག་འདི་ལྟ་སྟེ། །ལུང་གཅིག་ཆུ་ལ་མི་བཏུང་ཞིང་། །མ་ཡེངས་ངང་ལ་སྤྱོད་པའོ། །བྱ་བ་དག་པ་རྣམ་གསུམ་བྱེད། །དག་པ་རྣམ་གསུམ་གང་ཞེ་ན། །ལྷ་དང་དཀྱིལ་འཁོར་དག་པ་དང་། །རྫས་དང་ལོངས་སྤྱོད་དག་པ་དང་། །སྔགས་དང་ཏིང་འཛིན་དག་པའོ། །རྟོགས་པའི་ལྟ་བ་འདི་ལྟ་སྟེ། །ལྷ་དང་རྣལ་འབྱོར་དག་པ་གཉིས། །རྗེ་དང་འབངས་ཀྱི་ཚུལ་དུ་ལྟ། །སྤང་བའི་རིམ་པ་འདི་ལྟ་སྟེ། །ཤ་དང་ཉ་དང་སྒོག་པ་དང་། །དེ་བཞིན་ཆང་ལ་སོགས་པ་སྤོང་། །ཏིང་ངེ་འཛིན་ལ་ཞེན་པའོ། །ཀྲཱི་ཡའི་ཐེག་པ་དེ་བཞིན་ནོ། །ཞེས་སོ། །

དོན་ལྔ་པ་གཉིས་ཀ་རྒྱུད་ཀྱི་ཐེག་པ་ཨུ་པ་ཡ་ནི། སྤྱོད་པ་ཀྲཱི་ཡ་ལྟར་བྱེད་ལ་ལྟ་བ་ཡོ་ག་ལྟར་འདོད་པས་ན། མ་ནིང་གི་ཐེག་པ་ཞེས་བྱའོ། །དེ་ཡང་ཁྲུས་དང་གཙང་སྦྲ་ལ་གནས་པས་སྒོ་གསུམ་དག་པར་བྱས་ནས། དམིགས་པ་མངོན་བྱང་ལྔ་ལ་སོགས་པས་དཀྱིལ་འཁོར་རྒྱལ་མཆོག་ལ་སོགས་པ་བསྒྲུབ་པའོ། །དེ་ཡང་རིག་པ་རང་ཤར་ལས། ཨུ་པ་ཡ་ནི་འདི་ལྟ་སྟེ། །ལྟ་བ་ཡོ་གར་ལྟ་བ་ལ། །སྤྱོད་པ་ཀྲཱི་ཡར་སྤྱོད་པའོ། །དེ་ཕྱིར་གཉིས་ཀའི་རྒྱུད་ཅེས་གྲགས། །ཞེས་སོ། །

དོན་དྲུག་པ་རྣལ་འབྱོར་རྒྱུད་ཀྱི་(༦༧)ཐེག་པ་ཡོ་ག་ནི། མངོན་བྱང་ལྔའི་སྒོ་ནས་བདག་དང་ལྷ་གཉིས་སྤུན་དང་གྲོགས་ལྟར་ལྟ་བས་དམ་ཚིག་དང་གཙང་སྦྲ་སྤྱོད་པ་སྟེ། འབྲས་བུ་འཁོར་ལོ་ཚོགས་ཆེན་གྱི་ས་ཐོབ་པར་འདོད་པའོ། །དབྱེ་ན། ལས་གཙོ་བོར་བྱེད་པ་དང་། ཏིང་ངེ་འཛིན་གཙོ་བོར་བྱེད་པའོ། །དང་པོ་ནི་ཆོ་ག་བྱ་བའི་ལས་བྱེད་པ་སྟེ། ལས་རྒྱལ་མཆོག་དང་། དཀྱིལ་འཁོར་རྒྱལ་མཆོག་གཉིས་ལས། ལས་ལ་ལས་ཐོར་བུ་བ་དང་། ལས་རྒྱལ་མཆོག་ལ་བརྟེན་པ་གཉིས་ལས། ཐོར་བུ་བ་ནི་ཆོ་གའི་ཡན་ལག་གང་རུང་ཞིག་ལ་བརྟེན་ནས་བྱང་ཆུབ་འདོད་པ་སྟེ། མཆོད་པ་དང་། གཏོར་མ་དང་། སྦྱིན་སྲེག་དང་། བསྙེན་པ་ལྟ་བུ་ཞིག་ལ་རྒྱུན་དུ་འབད་པའོ། །ལས་རྒྱལ་མཆོག་ནི་དེ་ཐམས་ཅད་དཀྱིལ་འཁོར་བསྒྲུབ་པའི་ཡན་ལག་ཏུ་ཉམས་སུ་ལེན་པ་སྟེ། གཏོར་མ་དང་སྦྱིན་སྲེག་ལ་སོགས་པ་ལྔའམ་དྲུག་གིས་བྱང་ཆུབ་ཐོབ་པར་འདོད་པའོ། །དཀྱིལ་འཁོར་རྒྱལ་མཆོག་ནི། སའི་ཆོ་ག་ནས་དབང་བསྐུར་བ་ཡན་ཆོད་ལ་བརྟེན་ནས་གང་ཟག་གཅིག་སངས་རྒྱ་བར་འདོད་པའོ། །ཏིང་ངེ་འཛིན་གཙོ་བོར་བྱེད་པ་ནི། སྦྱོར་བ་དང་པོའི་ཏིང་ངེ་འཛིན་དང་། ཡོངས་སུ་དག་པའི་ཏིང་ངེ་འཛིན་ལ་བརྟེན་ནས། ལྷ་གཅིག་སྒོམ་ཡང་རུང་། དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་ཡང་རུང་སྟེ། མངོན་བྱང་ལྔས་བསྐྱེད་པ་ནི། གདན་ཉི་མ་དང་ཟླ་བ་ལ་བརྟེན་ནས་ཐབས་དང་ཤེས་རབ་མངོན་པར་བྱང་ཆུབ་པ་ནི་པདྨའི་སྟེང་དུ་བརྩེགས་མར་བསྒོམས་པ་ལས་བྱུང་བ་དང་། སྐུ་ཡོངས་སུ་རྫོགས་པར་རྒྱན་ཆའི་སྒོ་ནས་སྐྱེ་མཆེད་རྣམ་པར་དག་པར་མངོན་པར་བྱང་ཆུབ་པ་དང་། གསུང་ཡིག་འབྲུ་ཨཱ་ལི་ཀཱ་ལིའི་འཁོར་ལོ་ལ་བརྟེན་ནས་སྒྲ་ཚིག་མིང་གི་རྣམ་པ་རྣམས་མངོན་པར་བྱང་ཆུབ་པ་དང་། ཐུགས་ཕྱག་མཚན་རྡོ་རྗེ་དང་། འཁོར་ལོ་དང་རིན་པོ་ཆེ་ལ་སོགས་པའི་སྒོ་ནས་སོ་སོའི་རིགས་ཀྱི་སངས་རྒྱས་སུ་མངོན་པར་བྱང་ཆུབ་པ་དང་། རྣམ་དག་ཡེ་ཤེས་སེམས་དཔའི་སྒོ་ནས་ཆོས་ཉིད་རྣམ་པར་དག་པ་མངོན་པར་བྱང་ཆུབ་པ་དང་ལྔ་བསྒོམས་པ་ལས། ཕྱི་ཕུང་པོ་དང་འབྱུང་བ་ལྔ་རྣམ་པར་དག་པ་དང་། ནང་དུ་ལས་དང་ཉོན་མོངས་པ་ལྔ་རྣམ་པར་དག་པ་དང་། གསང་བར་ཡུལ་དང་དབང་པོ་ལྔ་རྣམ་པར་དག་ནས། རིགས་ལྔའི་སངས་རྒྱས་སུ་བདག་ཉིད་གྱུར་པ་ནི། ཡི་དམ་གྱི་ལྷ་དང་བདག་གཉིས་སྤུན་དང་གྲོགས་ལྟར་བསྒོམས་པས། ལྷ་ལ་བཟང་རྒྱུ་མེད་པར་ཤེས་ཏེ། དངོས་གྲུབ་རང་ལས་འབྱུང་བ་དང་། བདག་ལ་ངན་རྒྱུ་མེད་པར་རྟོགས་པས་ད་ལྟ་ཉིད་དུ་སྒྱུ་ལུས་ལྷའི་སྐུར་གསལ་བར་ནུས་པས་འོག་མ་ལས་ཁྱད་པར་དུ་འཕགས་སོ། །དེ་ཡང་བསྐྱེད་རྒྱུའི་ལྷ་དང་བདག་གཉིས་གཉིས་སུ་མེད་པར་རྟོགས་པས། དོན་དམ་དང་ཀུན་རྫོབ་ཀྱི་མིང་མེད་པའོ། །འདི་དག་ཀྱང་། རང་ཤར་ལས། ཡོ་གའི་གྲུབ་མཐའ་འདི་ལྟ་སྟེ། །འཇུག་པའི་སྒོ་ནི་མངོན་པར་བྱང་ཆུབ་ལྔ། །རྟོགས་པའི་ལྟ་བ་ལྷ་དང་གྲོགས་(༦༨)པོའི་ཚུལ། །བསྲུང་བའི་དམ་ཚིག་མ་ཁྲེལ་རྣམ་གསུམ་བསྲུང་། །སྤྱོད་པ་དག་ནི་དགག་སྒྲུབ་མེད་པའོ། །བྱང་ཆུབ་ལྔ་པོ་འདི་ལྟ་སྟེ། །གདན་གྱི་སྒོ་ནས་བྱང་ཆུབ་དང་། །སྐུ་ཡི་སྒོ་ནས་བྱང་ཆུབ་དང་། །ཕྱག་མཚན་སྒོ་ནས་བྱང་ཆུབ་དང་། །བསྐྱེད་པའི་སྒོ་ནས་བྱང་ཆུབ་དང་། །ཡིག་འབྲུའི་སྒོ་ནས་བྱང་ཆུབ་བོ། །དེ་ལྟར་བྱང་ཆུབ་ལྔ་པོ་སྤྱོད། །མ་ཁྲེལ་གསུམ་པོ་གང་ཞེ་ན། །ཡི་དམ་ལྷ་ཡིས་མ་ཁྲེལ་དང་། །དཔོན་སློབ་མཆེད་ཀྱིས་མ་ཁྲེལ་དང་། །རང་གི་སེམས་ཀྱིས་མ་ཁྲེལ་བའོ། །ལྷ་དང་རྣལ་འབྱོར་བདག་ཉིད་ཀྱང་། །སྤུན་དང་གྲོགས་པོའི་ཚུལ་དུ་འདོད། །ལྷ་ཡི་དཀྱིལ་འཁོར་བདག་དང་གཉིས་མེད་བསྒོམ། །ལྷ་ཡང་བདག་ལས་བྱུང་ཞིང་ཐིམ་པར་འདོད། །བདག་དང་ལྷ་ཡི་འཕྲོ་འདུ་འདོད་པའོ། །ཞེས་སོ། །

དོན་བདུན་པ་རྒྱུད་མཧཱ་ཡོ་གའི་ཐེག་པ་བསྟན་པ་ལའང་འོག་མ་ལས་འཕགས་ཚུལ་དང་། འཕགས་མཆོག་གི་ཐེག་པ་ཉིད་བཤད་པ་གཉིས་ལས། དང་པོ་ནི། ཕྱི་པ་གསུམ་གྱིས་དཀར་གསུམ་ལ་སོགས་པ་བསྟེན་ཞིང་། ཁྲུས་དང་གཙང་སྦྲ་སྤྱོད་ཅིང་བསྙུང་བར་གནས་པ་ལ་སོགས་པས་གདུངས་ལ། ནང་པས་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་སྤྱོད་ཅིང་། རིག་མ་བསྟེན་པ་ལ་སོགས་པ་བླང་དོར་དང་གཙང་སྨེ་མེད་པས་འཕགས་པ་དང་། འོག་མས་ལྷ་ཞལ་སྦྱོར་དུ་སྒོམ་པར་མི་ནུས་ལ། ནང་པས་ནུས་པས་ཀྱང་འཕགས་པ་དང་། ཕྱི་པས་ལྟ་བ་བདེན་པ་དབྱེར་མེད་མ་རྟོགས་ལ། ནང་པས་རྟོགས་པས་ཀྱང་འཕགས་པ་ཡིན་ནོ། །

གཉིས་པ་ལ་ལྔ་ལས། ངོ་བོ་ནི། བདེན་པ་དབྱེར་མེད་དག་མཉམ་ཉིད་ཡེ་ཤེས་ཀྱི་རོལ་པས་ཚེ་གཅིག་གིས་གྲོལ་བ་ཐོབ་པའི་རང་བཞིན་ནོ། །ངེས་ཚིག་ནི་ཚེགས་ཆུང་ངུའི་ཐབས་ཀྱིས་དོན་ཆེན་པོ་འགྲུབ་པའི་ཕྱིར་ནང་པ་ཐབས་ཀྱི་ཐེག་པའོ། །དགོས་པ་ནི་ཚེ་གཅིག་གིས་དངོས་གྲུབ་གཉིས་ཐོབ་པར་བྱེད་པའོ། །འབྲས་བུ་ནི་ཚེ་འདི་ཉིད་དུ་རྡོ་རྗེ་འཆང་གི་སར་བགྲོད་པའོ། །དབྱེ་ན་རྒྱུད་མཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་གསུམ་སྟེ། རང་ཤར་ལས། ནང་པ་ལ་ནི་གསུམ་དུ་འདོད། །མཧཱ་ཨ་ནུ་ཨ་ཏིའོ། །ཞེས་སོ། །དེ་ལ་རྒྱུད་མཧཱ་ཡོ་གའི་ཐེག་པ་ནི། ཐབས་བསྐྱེད་པའི་རིམ་པ་གཙོ་བས་ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་བདེན་པ་དབྱེར་མེད་ཆེན་པོས་གསལ་སྟོང་འོད་གསལ་གྱི་ཡེ་ཤེས་སྒོམ་པའོ། །

དབྱེ་ན། གཞི་ལམ་འབྲས་བུ་གཙོ་བ་དང་། སྒྲུབ་པ་གཙོ་བ་དང་། སྣ་ཚོགས་ལམ་འགྱུར་དུ་འདོད་པའི་ལུགས་གསུམ་ལས། དང་པོ་ནི། གཞི་གསལ་བར་བྱ་བའི་རྒྱུ་ཡིན་པས། སེམས་ཉིད་དོན་དམ་སྤྲོས་བྲལ་ཆེན་པོས་ཁྱད་པར་དུ་བྱས་པས་འབད་རྩོལ་བྱར་མེད་པས་ཆེ་བ་ཉིད་དོ། །དེ་ཡང་ངོ་བོའི་གཞི་སེམས་དང་གཉིས་སུ་མེད་པ་གསེར་དང་དེའི་སེར་པོ་གཉིས་སུ་མེད་པ་བཞིན་ནོ། །བརྟག་གཞི་(༦༩)མིང་གི་རྣམ་གྲངས་ལ་བརྟེན་ནས་གནས་སྐབས་གཏན་ལ་འབེབས་པར་བྱེད་པའོ། །གཞི་བསྒྲུབ་བྱ་སྟེ་བསྒྲུབས་པས་སེམས་ཀྱི་མཚན་ཉིད་ཉེ་བར་རྟོགས་པའོ། །དེ་ཡང་གཞི་གནས་དང་རང་གྲོལ་གྱི་ཏིང་ངེ་འཛིན་གྱིས་ཁྱད་པར་དུ་བྱས་པའོ། །ལམ་གསལ་བར་བྱེད་པ་སྟེ། མངོན་པར་རྟོགས་པ་པིན་དྷ་ར་ཐའི་ལམ་གནས་པས་གྲུབ་ལ། གྲུབ་པས་བསྒྲུབ་པ་སྟེ། ཏིང་ངེ་འཛིན་རྣམ་འགྱུར་གྱི་ལམ་ཞེས་བྱའོ། །གོ་རིམ་འཇུག་པ་རྣམ་གྲོལ་གྱི་ལམ་ནི། མཐུན་བྱ་རྣལ་འབྱོར་གྱི་ལམ་སྐྱེ་བའི་རིམ་པ་ལ་བརྟེན་ནས། རྣལ་འབྱོར་ཆེན་པོའི་ལུས་སུ་འཇུག་པ་དང་། རྟོགས་པ་རང་གྲོལ་བར་འདོད་པའོ། །འབྲས་བུ་གསལ་བར་བྱས་པ་སྟེ། སྨིན་པ་སེམས་ཀྱི་འབྲས་བུ་སྣ་ཚོགས་སུ་སྣང་ལ་སྣ་ཚོགས་སུ་གྲོལ་བས། རང་བྱུང་གི་ཡེ་ཤེས་ཞེས་བྱའོ། །སྨིན་པ་ཆོས་ཉིད་ཀྱི་འབྲས་བུ་འབད་རྩོལ་གྱིས་བསྒྲུབ་ཏུ་མེད་པས། སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱའོ། །དེ་ཡང་གཞི་བསྒྲུབ་བྱ་ལ་བརྟེན་ནས་བསྒྲུབས་པས་ལམ་སྒྲུབ་བྱེད་མངོན་དུ་གྱུར་པས་ན་རྟོགས་པ་ཆེན་པོའི་རྣལ་འབྱོར་ཞེས་བྱ་ལ། འབྲས་བུ་རང་བསྒྲུབས་པས་སངས་རྒྱས་ཀྱི་ཐུགས་རྣམ་པར་དག་པའི་ཡེ་ཤེས་ཞེས་བྱའོ། །

སྒྲུབ་པ་གཙོ་བོར་འདོད་པའི་ལུགས་ནི། དབྱེ་བ་སྐུའི་སྒྲུབ་པས་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་འཁོར་ལོ་ལམ་དུ་འཁྱེར་བ་དང་། གསུང་གི་སྒྲུབ་པས་པདྨ་རིགས་ཀྱི་སངས་རྒྱས་སུ་བྱེད་པ་དང་། ཐུགས་ཀྱི་སྒྲུབ་པས་ཁྲག་འཐུང་རྡོ་རྗེ་རིགས་ཀྱི་སངས་རྒྱས་སུ་བྱེད་པ་དང་། ཡོན་ཏན་གྱི་སྒྲུབ་པས་རིན་པོ་ཆེའི་རིགས་ཀྱི་སངས་རྒྱས་སུ་བྱེད་པ་དང་། འཕྲིན་ལས་ཀྱི་སྒྲུབ་པས་ལས་ཀྱི་རིགས་ཀྱི་སངས་རྒྱས་སུ་བསྒྲུབ་པའོ། །དེ་དག་གི་ངོ་བོ། སྒྲུབ་པ་སོ་སོའི་ལྷ་དང་གཉིས་སུ་མེད་པར་ཏིང་ངེ་འཛིན་གསུམ་གྱིས་འཇུག་པར་བྱེད་པའོ། །ངེས་ཚིག །སྒྲུབ་པ་ལ་བརྟེན་ནས་དཔའ་བོ་གཅིག་པའི་དཀྱིལ་འཁོར་གྱི་འཁོར་ལོ་མངོན་པར་སྒྲུབ་པར་བྱེད་ལ། དགོས་པ། ལམ་བསྒྲུབས་པས་འབྲས་བུ་མངོན་དུ་བྱེད་པའོ། །འབྲས་བུ། སོ་སོའི་རིགས་ཀྱི་སངས་རྒྱས་སུ་འགྱུར་བའོ། །སྣ་ཚོགས་ལམ་འགྱུར་དུ་འདོད་པ་ནི། ཐོར་བུ་བ་དང་། ཕྲ་མོ་དང་དྲ་བ་ལ་བརྟེན་པའི་ལུགས་མང་ཡང་། རྒྱུད་དང་ནོ་པི་ཀ་གཉིས་སུ་འདུ་བ་ཡིན་ནོ། །རྒྱུད་ལ་བསྐྱེད་པའི་རིམ་པ་གཙོ་བ་དང་། རྫོགས་རིམ་གཙོ་བ་དང་། ཟུང་འཇུག་གཙོ་བར་འདོད་པ་སྟེ། ཆ་རྫོགས་སུ་འདོད་པ་དང་། ཆ་ཤས་དུམ་བུར་འདོད་པ་ལ་སོགས་པ་མང་ངོ་། །ནོ་པི་ཀ་ལ་གཉིས་ལས། སྭ་ཏྭ་ནོ་པི་ཀ་སེམས་གཙོ་བ་ཡན་ལག་དང་བཅས་ནས་བསྒྲུབ་པ་དང་། མ་དྷ་ལ་ནོ་པི་ཀ་དཀྱིལ་འཁོར་གྱི་འཇུག་པ་དང་བཅས་ནས་བསྒྲུབ་པའོ། །དེ་ཡང་པིན་དྷ་ར་ཐ་དང་། མངོན་པར་རྟོགས་པའི་ལྷའི་བྱེ་བྲག་ལ་བརྟེན་པའོ། །དེ་དག་གི་ངོ་བོ་ཀུན་རྫོབ་ཙམ་དུ་ཡང་དག་པའི་ཀུན་རྫོབ་ཀྱི་གནས་སྐབས་ཕྱི་སྣོད་ཀྱི་(༧༠)འཇིག་རྟེན་གཞལ་ཡས་ཁང་དུ་ལྟ་ལ། བརྟེན་པ་བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་བལྟས་པས། འགྲོ་བ་ཐམས་ཅད་ལྷ་དང་ལྷ་མོའི་གཟུགས་སུ་མཐོང་ནས། ཡི་དམ་གྱི་ལྷ་ལ་སྲོག་གཅོད་པ་དང་། རྫུན་ལ་སོགས་པ་མི་དགེ་བ་མི་བྱེད་པའི་དགོས་པ་ཡོད་པ་དང་། ཆེད་དུ་ཡིད་ལ་བྱ་བའི་ཆོས་མེད་པ་དང་། དོན་དམ་པར་ཅིའི་ངོ་བོར་ཡང་མ་གྲུབ་པ་དང་། བདེན་པ་ཡ་བྲལ་དུ་མ་སོང་བ་དང་། ཟུང་འཇུག་དབྱེར་མེད་དུ་རྟོགས་པས། ཕྱི་པ་ལས་འཕགས་ཏེ། དོན་དམ་པར་ལྷ་ཡང་མེད་པས་དངོས་པོ་དང་མཚན་མ་མེད་ལ། ཀུན་རྫོབ་ཙམ་དུ་སྦྱང་བྱ་ཕུང་པོ་དང་ཁམས་ལ་སོགས་པ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་གནས་པས། ཕུང་པོ་ལྔ་དང་། འབྱུང་བ་ལྔ་དང་། ཡུལ་ལྔ་དང་། དབང་པོ་ལྔ་དང་། ཉོན་མོངས་པ་ལྔ་ལ་སོགས་པ་སྦྱོང་ལ། དོན་ལ་སྦྱང་གཞི་དབྱིངས་རང་བཞིན་རྣམ་དག་གི་སྟེང་ན། སྦྱང་བྱ་ཕུང་པོ་ཁམས་དང་གཟུང་འཛིན་ལ་སོགས་པ། སྦྱོང་བྱེད་བསྐྱེད་རྫོགས་ཐབས་ཀྱི་རིམ་པས། སྦྱངས་འབྲས་སྐུ་དང་ཡེ་ཤེས་སུ་གྲུབ་པ་ཙམ་ཡང་མེད་པར་རྟོགས་པ་ཡིན་ནོ། །དེ་དག་ཀྱང་། རང་ཤར་ལས། ཀྱེ་མ་གསང་བདག་ངེས་པར་གཟུང་། །མཧཱའི་གྲུབ་མཐའ་འདི་ལྟ་སྟེ། །འཇུག་པའི་སྒོ་ནི་ཏིང་འཛིན་རྣམ་པ་གསུམ། །རྟོགས་པའི་ལྟ་བ་ཅི་སྣང་ལྷ་རུ་རྟོགས། །བསྲུང་བའི་དམ་ཚིག་རྩ་བ་སྐུ་གསུང་ཐུགས། །འབྲས་བུ་ཐབས་དང་ཤེས་རབ་འདུ་འབྲལ་མེད། །ཏིང་འཛིན་རྣམ་གསུམ་འདི་ལྟ་སྟེ། །དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། །རྟོག་མེད་ས་ལེ་སང་ངེའོ། །ཀུན་ཏུ་སྣང་གི་ཏིང་ངེ་འཛིན། །གསལ་ལ་མ་ཡེངས་ཚུལ་དུ་བསྒོམ། །དེ་བཞིན་རྒྱུ་ཡི་ཏིང་ངེ་འཛིན། །ཧཱུྃ་ལས་སེམས་དཔའ་སུམ་བརྩེགས་བསྒོམ། །བདག་ཉིད་དམ་ཚིག་སེམས་དཔའ་ལ། །ཕུན་སུམ་ཚོགས་པ་བཞི་དང་ལྡན། །ཏིང་འཛིན་ཡིག་འབྲུའི་སེམས་དཔའ་ལ། །གསལ་བ་རྣམ་པ་གསུམ་དང་ལྡན། །ཡེ་ཤེས་སེམས་དཔའ་རྣམ་གཉིས་ཏེ། །ཞི་བ་དང་ནི་ཁྲོ་བོའོ། །རྒྱུ་ཡི་ཏིང་འཛིན་འདི་ལྟ་སྟེ། །ཡཾ་དང་རཾ་དང་ཁཾ་དང་ནི། །ར་དང་སུཾ་དང་ཀཾ་དང་ནི། །པཾ་དང་ཨ་དང་མ་དང་ནི། །ཧཱུྃ་དང་ཕཊ་ལ་སོགས་པ་ཡི། །ཡིག་འབྲུའི་འོད་ཟེར་བསམ་མི་ཁྱབ། །རབ་ཏུ་སྤྲུལ་ནས་ང་རྒྱལ་ལྡན། །རྣམ་པའི་ལྷ་དང་སྟོང་པའོ། །དེ་ནི་ཏིང་འཛིན་གསུམ་དུ་འདོད། །དམ་ཚིག་རྣམ་གསུམ་འདི་ལྟ་སྟེ། །སྐུ་ཡི་སྒོ་ནས་སྲོག་གཅོད་སྤང་བར་བྱ། །མ་བྱིན་ལེན་དང་མི་ཚངས་སྤྱོད་པ་སྤང་། །གསུང་གི་སྒོ་ནས་རྫུན་དང་ཕྲ་མ་སྤང་། །ཚིག་རྩུབ་དང་ནི་དེ་བཞིན་ཀྱལ་པ་སྤང་། །ཐུགས་ཀྱི་སྒོ་ནས་བརྣབ་སེམས་གནོད་སེམས་སྤང་། །ལོག་པར་ལྟ་བ་རབ་ཏུ་སྤང་བར་བྱ། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་རྟོགས། །མཧཱ་ཡོ་གའི་གྲུབ་མཐའ་དེ་བཞིན་འདོད། །ཅེས་སོ། །

བརྒྱད་པ་ལུང་ཨ་ནུ་ཡོ་གའི་ཐེག་པ་ནི། དབྱིངས་དང་ཡེ་ཤེས་(༧༡)གཉིས་སུ་མེད་པ་སྤྲོས་བྲལ་མཐའ་གང་དུ་ཡང་མི་གནས་པས། རྫོགས་རིམ་ཤེས་རབ་གཙོ་བའི་སྒོ་ནས་བསྒྲུབ་པའོ། །དབྱེ་ན། ལུང་དང་མདོ་གཉིས་ལས། ལུང་ལ་བརྟེན་པའི་ལུང་། སེམས་དང་སེམས་ལས་བྱུང་བར་འདོད་པ་དང་། བརྗོད་པའི་ལུང་། ཚིག་དང་ཐ་སྙད་ཀྱི་གཞི་མར་འདོད་པའོ། །མདོ་ནི། སྒྱུ་འཕྲུལ་གཞི་ལམ་ལས་ཁྱད་པར་དུ་གྱུར་པ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ་ལྔ་པ་གཞི་ལམ་རྣམ་དག་ཏུ་སྨྲ་བ་དང་། ཕུར་བུ་ཐལ་འབྱིན་གྱི་དོན་ངེས་པར་མཚོན་པ་དུར་ཁྲོད་ཁུ་བྱུག་རོལ་པ་ཡེ་ཤེས་ཐོད་རྒལ་དུ་སྨྲ་བ་དང་། དཔལ་ཆེན་པོ་ཕྱག་རྒྱ་ཡང་དག་པ་ལས་ཁྱད་པར་དུ་འཕགས་པ་ཀུན་འདུས་རིག་པའི་མདོ་ཡང་དག་པ་ལམ་གྱུར་དབྱིངས་སུ་སྨྲ་བ་དང་། ཨ་ནུའི་རང་གཞུང་མངོན་པར་རྟོགས་པ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་དབྱིངས་ཡེ་ཤེས་གཉིས་མེད་དུ་སྨྲ་བ་དང་། སེམས་དང་ཡེ་ཤེས་ཀྱི་མཚན་ལས་ཁྱད་པར་དུ། སེམས་ལུང་ཆེན་པོ་ཡི་གེ་རྣམ་དག་གི་མདོ། དབྱིངས་དང་ཡེ་ཤེས་ཅིག་ཆར་དང་། རིམ་གྱིས་དང་། མཐར་ཆགས་དང་། ཐོད་རྒལ་དུ་སྨྲ་བ་དང་ལྔའོ། །དེ་ལྟར་ན་བློ་བྲལ་ཕྱག་རྒྱ་ཆེན་པོ་དབྱིངས་དང་ཡེ་ཤེས་བདེ་སྟོང་བྱང་ཆུབ་སེམས་ཀྱི་ཐེག་པའོ། །དེ་ཡང་རང་ཤར་ལས། ཀྱེ་མ་རྡོ་རྗེ་འཛིན་པ་ཉོན། །ལུང་ཆེན་ཨ་ནུའི་ཐེག་པ་ནི། །དབྱིངས་དང་ཡེ་ཤེས་རྣམ་པ་གཉིས། །འདུ་འབྲལ་མེད་པའི་རྡོ་རྗེར་འདོད། །འཇུག་པའི་སྒོ་ནི་ཅིག་ཅར་རིམ་གྱིས་སོ། །རྟོགས་པའི་ལྟ་བ་འདུ་འབྲལ་མེད་པའོ། །ཅིག་ཅར་འཇུག་པ་གང་ཞེ་ན། །ལྷ་རྣམས་མ་བསྐྱེད་སྙིང་པོ་དྲན་པས་རྫོགས། །རིམ་གྱིས་འཇུག་པ་གང་ཞེ་ན། །དབྱིངས་དང་ཡེ་ཤེས་རིམ་བཞིན་ཞུགས་ནས་ནི། །རྡོ་རྗེ་འཛིན་གྱི་ས་ལ་འབྲས་བུ་འཐོབ། །བསྲུང་བའི་དམ་ཚིག་འདི་ལྟ་སྟེ། །གསང་སྔགས་དོན་སྟོན་རྟག་ཏུ་བཀུར་བར་བྱ། །གསང་སྔགས་སྟོན་པའི་སློབ་དཔོན་ལ། །ཅི་འབྱོར་པ་ཡིས་མཆོད་པ་དབུལ། །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ངོ་བོར་བསྟེན། །མདོར་བསྡུས་དབྱིངས་དང་ཡེ་ཤེས་སོ། །ལུང་ཆེན་ཨ་ནུའི་གྲུབ་མཐའོ། །ཞེས་སོ། །དེ་ཡང་ཨ་ནུའི་ཐེག་པས་འབྲས་བུ་སྐྱེ་བ་གཅིག་ལ་སངས་རྒྱ་བ་དང་། བར་མ་དོ་ལ་སངས་རྒྱ་བར་ངེས་པ་དང་། ཐ་ན་ཡང་སྐྱེ་བ་བརྒྱུད་ནས་སངས་རྒྱ་བ་ཞེས་འདོད་དོ། །དེ་ཡང་རྣམ་པར་གྲོལ་བའི་གཞི་དབྱིངས་དང་ཡེ་ཤེས་ལ། བྱས་ཆོས་དང་། རྩོལ་སྒྲུབ་དང་། འཕོ་ལྡོག་མེད་པས་སྟོང་ཉིད་བསམ་ངོ་དང་བྲལ་བའི་དབྱིངས་ལ། གནས་པ་རང་བྱུང་གི་ཡེ་ཤེས་ཤར་བས། ཆོས་ཐམས་ཅད་གཞི་གཞག་རང་གྲོལ་ཆེན་པོར་རྟོགས་པས། འབད་མེད་རང་གྲོལ་གྱི་དབྱིངས་དང་ཡེ་ཤེས་ཞེས་བྱའོ། །སྣ་ཚོགས་སྣང་བ་ལམ་གྱི་དབྱིངས་དང་ཡེ་ཤེས་ལ། སྣ་ཚོགས་སུ་སྣང་བ་ཐམས་ཅད་རོལ་པ་ཕྱོགས་མེད་དུ་ཤར་བས། སྣ་(༧༢)ཚོགས་འགག་མེད་དུ་གྲོལ་བས་ལྷུན་གྲུབ་ཕྱོགས་ཙམ་འཛིན་པའི་དབྱིངས་ལ། སྒྱུ་མ་རྣམ་དག་ཕྱོགས་མེད་ཀྱི་ཡེ་ཤེས་ཤར་བས་ཆོས་ཐམས་ཅད་སྤང་བླང་དང་དགག་སྒྲུབ་དང་། འདོད་པ་མེད་པར་རྟོགས་པས། ལྷུན་གྲུབ་རྫོགས་ཚུལ་གྱི་དབྱིངས་དང་ཡེ་ཤེས་ཞེས་བྱའོ། །རང་གྲོལ་ཆེན་པོ་བྱ་བ་དང་བྲལ་བ་འབྲས་བུའི་དབྱིངས་དང་ཡེ་ཤེས་ལ། འཁོར་འདས་སུ་མི་གནས་པས་རྩོལ་བྲལ་ཉག་གཅིག་བསྐྱར་གཞི་དང་བྲལ་བའི་དབྱིངས་ལ། མཐའ་བྲལ་སྟོང་པ་ལྟ་སྒོམ་ལས་འདས་པའི་ཡེ་ཤེས་ཤར་བས། ཆོས་ཐམས་ཅད་བདེ་སྡུག་ངོ་མཉམ་དུ་རྟོགས་པས། ཆོས་ཉིད་བྱ་བ་ལས་འདས་པའི་དབྱིངས་དང་ཡེ་ཤེས་ཞེས་བྱའོ། །དེ་དག་ཀྱང་དབྱིངས་ལ་ཡེ་ཤེས་རིམ་གྱིས་ཞུགས་པས། གནས་པ། སྟོང་པ། བདེ་བ་ཟུང་འཇུག་ཏུ་གོ་བས། བླང་བ་མེད་ཅིང་སྤང་དུ་མེད་པའི་ཟུང་འཇུག་ཅེས་བྱའོ། །དབྱིངས་ལ་ཡེ་ཤེས་ཅིག་ཅར་དུ་ཞུགས་པས་རང་བྱུང་གི་ཆོས་ཉིད་ལ་ལྟ་བ་དང་བྲལ་བར་གོ་བས་ཆོས་ཟད་པས་གྲོལ་རྒྱུ་མེད་པའི་ཅིག་ཅར་ཞེས་བྱའོ། །མཐར་ཆགས་སུ་ཞུགས་པས་ཀུན་ཡིན་ལ་གང་ཡང་མ་ཡིན་པར་གོ་བས་ཀུན་མི་སྤོང་ལ། ཐོབ་རྒྱུ་གང་ཡང་མེད་པའི་ཐར་ཆགས་ཞེས་བྱའོ། །ཐོད་རྒལ་དུ་ཞུགས་པས་མཐོང་སྣང་དང་གྲོལ་བས་བྱ་བ་དང་འབད་མི་དགོས་པར་གྲོལ་བས། ཆོས་ཉིད་མཐོང་བ་ཐོད་རྒལ་དུ་སྐྱེ་བའི་ཨ་ནུ་ཡོ་ག་ཞེས་བྱའོ། །དེ་ཡང་དབྱིངས་ཡེ་ཤེས་གཉིས་པོ་ཐ་དད་མེད་པས་གཉིས་མེད་ངོ་མཉམ་གྱི་ལྟ་བ་ཡིན་ལ། དབྱིངས་དང་ཡེ་ཤེས་ལ་འགྲོ་འོང་མེད་པས། གནས་པ་ལས་གཞན་དུ་འགྱུར་བ་མེད་པའི་ལྟ་བ་ཡིན་ལ། དབྱིངས་དང་ཡེ་ཤེས་གཉིས་ལ་རྒྱ་ཆད་དང་ཕྱོགས་ལྷུང་མེད་པས། ཡེ་གདོད་མ་ནས་གནས་པའི་ལྟ་བ་ཡིན་ལ། མཚོན་པ་ཚིག་ཙམ་ལས་མ་རྟོགས་པ་གཅིག་ལ་གཅིག་བརྟེན་པ་མེད་པས་ལྟོས་གཞི་དང་བྲལ་བའི་ལྟ་བ་ཞེས་བྱའོ། །དོན་གྱི་དབྱིངས་གཞི་ཡིན་ལ། ཡེ་ཤེས་ལམ་ཡིན་པས་གང་ཟག་ལམ་པ་རྣམས་ཀྱིས་འབད་པས་གྲོལ་བའོ། །དབྱིངས་རྒྱུ་ཡིན་པ་ཡེ་ཤེས་འབྲས་བུ་ཡིན་པས། དབང་པོ་རྣོན་པོ་འདི་ཉིད་ལ་ཕྱི་རོལ་གྱི་ལས་རྒྱུ་འབྲས་ལ་མ་ལྟོས་པར་གྲོལ་བས་འོག་མ་ལས་ཁྱད་པར་དུ་འཕགས་པའོ། །འདི་ནི་རྟོགས་དཀའ་བས་རྒྱས་པར་བཤད་པ་ཡིན་ནོ། །

དགུ་པ་མན་ངག་རྫོགས་པ་ཆེན་པོ་ནི། རང་བྱུང་གི་ཡེ་ཤེས་ལ་འཁོར་འདས་སུ་གྲུབ་པ་མེད་པས། ཡེ་གྲོལ་སྤང་བླང་ལས་འདས་པར་འདོད་པའོ། །འདི་ཉིད་གང་དུའང་མ་གྲུབ་ལ། ཐམས་ཅད་གྲོལ་བའི་ཡེ་ཤེས་སུ་མི་འགག་པས། སྐྱོན་ཀ་ནས་དག་ལ། ཡོན་ཏན་ལྷུན་གྱིས་གྲུབ་པ་ནི་རྟོགས་བྱའི་གཞིར་གཏན་ལ་ཕབ་ནས། སྒོམ་པ་རང་བྱུང་གི་ཡེ་ཤེས་ལ་གང་བྱུང་ཆོས་ཉིད་ཀྱི་རོལ་པར་ཤར་བས། ཆེད་དུ་དམིགས་པའི་སྒོམ་པ་གང་ཡང་མེད་དེ། རྒྱ་ཡན་རང་གྲོལ་ཆེན་པོའི་སྒོམ་པ་མ་བསྒོམས་ཆུ་བོ་རྒྱུན་གྱི་ཡེ་ཤེས་སུ་(༧༣)བབས་ཀྱིས་ཤར་བས། རང་ཐོག་ཏུ་རང་གྲོལ་བ་ཆུའི་དབའ་རླབས་ལྟ་བུ། རང་དབྱིངས་སུ་རང་སངས་པ་ནམ་མཁའི་ཁུ་རླངས་ལྟ་བུ། རང་དང་ན་རང་འབྱམས་པ་རྒྱ་མཚོའི་ཀློང་ལྟ་བུ། རང་སྣང་ལ་རང་གནས་པ་མར་མེའི་འོད་ལྟ་བུར་ཕྱམ་གདལ་ཏེ། མེད་པ་དང་། ཕྱལ་པ་དང་། ལྷུན་གྲུབ་དང་། གཅིག་པུའི་དམ་ཚིག་ལས་མི་འདའ་བ་ནི། རྡོ་རྗེ་ཐེག་པའི་རྩེ་མོ་ཞེས་བྱ་སྟེ། ཡོངས་སུ་རྫོགས་པའི་རྣལ་འབྱོར་པ་ཆེན་པོ་བསགས་པ་རབ་དང་ལྡན་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །དེ་དག་ཀྱང་རིག་པ་རང་ཤར་ལས། ཨེ་མ་གསང་བའི་བདག་པོ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་གཟུང་། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །གཅིག་རྫོགས་གཉིས་རྫོགས་ཐམས་ཅད་རྫོགས། །གཅིག་འབྱུང་གཉིས་འབྱུང་ཐམས་ཅད་འབྱུང་། །གཅིག་སྐྱེས་གཉིས་སྐྱེས་ཐམས་ཅད་སྐྱེ། །གཅིག་མེད་གཉིས་མེད་ཐམས་ཅད་མེད། །དེ་བཞིན་རྫོགས་ཆེན་ཨ་ཏི་ལ། །བྱས་པའི་ཆོས་ནི་ཀ་ནས་མེད། །བྱས་དང་བྱེད་པ་མེད་པའོ། །རྫོགས་པ་ཆེན་པོའི་དོན་ཉིད་ལ། །དམ་ཚིག་བསྲུང་དུ་མེད་པས་ཡེ་ནས་བསྲུང་དང་བྲལ། །མེད་པ་ཕྱལ་པ་ལྷུན་གྲུབ་གཅིག་པུ་ཉིད། །གསང་སྔགས་ཀུན་གྱི་དགོངས་པ་ཆེན་པོ་ཡིན། །རྫོགས་ཆེན་ཨ་ཏི་ཡོ་ག་ནི། །དཔེར་ན་གཅན་གཟན་སེང་གེ་བཞིན། །གསང་བ་ཨ་ཏི་ཡོ་ག་ནི། །རང་རིག་གཏན་ལ་འབེབས་ཤིང་ཐེག་དམན་ཟིལ་གྱིས་གནོན། །རང་བྱུང་རང་ལ་ཐིམ་པའི་སྐུ་གསུམ་དོན། །སྐྱེ་མེད་དབྱིངས་ལས་སྒོམ་མེད་ཆེན་པོ་ཡིན། །བསྒོམ་བྱ་སྒོམ་བྱེད་གཉིས་དང་བྲལ། །འཛིན་པ་མེད་པའི་རང་གྲོལ་ནི། །དཔེར་ན་སྦྲུལ་གྱི་མདུད་པ་བཞིན། །རང་གྲོལ་རང་སངས་ཆེན་པོ་ཡིན། །དེ་བཞིན་མཚན་མའི་བསམ་པ་རྣམས། །རང་གྲོལ་རང་སངས་ཆེན་པོའོ། །རྫོགས་ཆེན་ཨ་ཏིའི་ཐེག་པ་ལ། །རེ་དང་དོགས་པ་ག་ལ་ཡོད། །རེ་དོགས་ཡོད་ན་ལྷུང་བའི་རྒྱུ། །དེ་བཞིན་འཛིན་མེད་རང་གྲོལ་ལོ། །ཆོས་ཅན་མཚན་མར་སྣང་བ་ཡང་། །རང་ལས་བྱུང་ཞིང་རང་ལ་ཐིམ། །དེ་བཞིན་རྫོགས་ཆེན་ཨ་ཏི་ལ། །སྒྲུབ་མེད་བསྒྲུབ་དང་བྲལ་བའོ། །བྱས་མེད་བྱུང་བ་མེད་པའོ། །འགག་མེད་ཁྱབ་གདལ་འུབ་ཆུབ་བོ། །འགྱུར་མེད་ཀློང་ཡངས་ཆེན་པོའོ། །ཆོས་མེད་སངས་རྒྱས་ཆེན་པོའོ། །གནས་མེད་ཡེ་ཤེས་མེད་པའོ། །སེམས་མེད་ཡིད་མེད་སངས་རྒྱས་མེད། །ཅེས་སོ། །དེ་ལྟར་ཀུན་གྱི་རྩེ་མོ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལྷུན་གྱིས་གྲུབ་པའི་ཐེག་པ་འདི་ལ་སྡེ་ཚན་གྱི་རྣམ་གྲངས་གསུམ་ཡོད་དེ། ཨ་ཏི་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་གོ། །ཞེས་པས། སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་དང་གསུམ་མོ། །དེ་ཡང་རང་སེམས་མ་ཡིན་པའི་ཆོས་ལོགས་ན་མེད་པས་སྣ་ཚོགས་སེམས་ཀྱི་སྡེའོ། །འདི་དག་ནི་སེམས་རང་བྱུང་གི་ཡེ་ཤེས་ལས་(༧༤)གཞན་དུ་གྱུར་པ་འགོག་པ་ལ་དགོངས་པ་ཙམ་མོ། །ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་འགྲོ་ས་གཞན་མེད་པར་སྨྲ་བ་ཀློང་གི་སྡེའོ། །

འདི་དག་ནི་བརྗོད་བྱ་ཆོས་ཉིད་ཀྱི་ཀློང་ལས་གཞན་འབྱུང་འགོག་པ་ལ་དགོངས་པ་ཙམ་མོ། །ཡིན་ལུགས་གནད་ཐོག་ཏུ་འབེབས་པ་མན་ངག་གི་སྡེའོ། །འདི་དག་ནི་གནད་མ་ཡིན་པ་གཞན་དུ་ཁ་འབྱམས་དོན་ལས་འགྱངས་པ་འགོག་པ་ལ་དགོངས་པས་ཀུན་གྱི་རྩེ་མོར་ཕྱིན་པའོ། །འདི་དག་ལ་ཞེའི་འདོད་པ་གསུམ་ལས་མི་འདའ་སྟེ། དོན་གྱིས་དྲིལ་ན་གཞི་ལམ་འབྲས་བུ་རྣམ་གྲོལ་གྱི་རྫོགས་པ་ཆེན་པོ་ཞེས་བྱའོ། །དེ་ལ་སེམས་ཀྱི་སྡེ་ནི། གཞི་མདུང་གྱུར་དུ་སྨྲ་བའི་རྫོགས་པ་ཆེན་པོ་ཞེས་བྱའོ། །

དབྱེ་ན། སྣ་ཚོགས་སེམས་ཡིན་དུ་སྨྲ་བའི་རྫོགས་པ་ཆེན་པོ་དང་། སེམས་ཀྱི་ཕྱོགས་ཡིན་དུ་སྨྲ་བའི་རྫོགས་པ་ཆེན་པོ་གཉིས་ལས། སེམས་ཡིན་པ་ནི། སེམས་ཙམ་དོན་ཡོད་པ་དང་། མེད་པ་འགོག་པ་སྟེ། དོན་ཞེས་སེམས་ཙམ་དུ་མ་གྲུབ་ལ། སེམས་ལ་དོན་ཙམ་དུ་ཡང་མ་གྲུབ་པ་སྟེ། སྣ་ཚོགས་སེམས་ཡིན་ཡང་མི་ལྟོ་ལ། སེམས་ལ་རྒྱུ་དང་མཚན་ཉིད་དུ་མ་གྲུབ་པས་སྣ་ཚོགས་སེམས་མ་ཡིན་ཞེས་བྱ་བ་ཙམ་དུ་ཡང་གྲུབ་པ་མེད་པས། ཕྱི་རོལ་གྱི་དོན་མེད་པ་ཞེས་བྱ་བ་ཙམ་དུ་ཡང་ཐ་སྙད་བློ་བཏགས་སུ་གྲུབ་པ་མེད་དོ། །དེ་ཡང་སྣ་ཚོགས་ཡིན་པས་གང་ཡང་མི་འགེགས་ལ། སེམས་ཡིན་པས་སྣ་ཚོགས་ཙམ་ཡང་མ་གྲུབ་པས་ན། རྫོགས་པ་ཆེན་པོ་སྤང་བླང་ལས་འདས་པ་ཞེས་བྱ་ལ། དེ་ཡང་སྣང་བ་སྣ་ཚོགས་སུ་སྣང་ཡང་སེམས་གཅིག་གི་འཁོར་ལོ་ལས་མ་འདས་པས་སྣ་ཚོགས་སུ་གོ་ལ། སེམས་ཉིད་སྣ་ཚོགས་སུ་གོ་བ་ཞེས་བྱའོ། །

གཉིས་པ་སེམས་ཀྱི་ཕྱོགས་ཡིན་དུ་སྨྲ་བའི་སེམས་ཀྱི་སྡེ་ནི། དེ་ཡང་ངོ་བོ་སྣང་ཕྱོགས་སེམས་ཡིན་ལ། སེམས་ཕྱོགས་སྣང་ཡིན་པས། ཅིར་སྣང་སེམས་ཡིན་ལ། སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་ཤར་བས་སེམས་ཀྱི་ཕྱོགས་ཀྱི་རོལ་པ་ལ་འགག་པ་མེད་པ་རང་ཤར་བ་ཞེས་བྱའོ། །

དེ་ལ་དབྱེ་ན་དྲུག་སྟེ། འབྲས་བུ་སེམས་ཀྱི་བྱུང་སར་འདོད་པའི་སེམས་ཕྱོགས་དང་། གོལ་སྒྲིབ་ལས་འདས་པའི་སེམས་ཕྱོགས་དང་། གཏན་ཚིགས་འཁྲུགས་བསྡེབས་ཀྱི་སེམས་ཕྱོགས་དང་། རྒྱ་ཆད་ཕྱོགས་ལྷུང་མེད་པར་རང་བྱུང་ཡེ་ཤེས་ཀྱི་སེམས་ཕྱོགས་དང་། ཕྱོགས་འཛིན་དངོས་པོ་རང་གྲུབ་པའི་སེམས་ཕྱོགས་དང་། གྲུབ་མཐའ་བློ་བྲལ་ཤན་འབྱེད་ཀྱི་སེམས་ཕྱོགས་སོ། །

དང་པོ་ནི། ཆོས་ཉིད་ལ་འགྱུར་བ་མེད་པས་སེམས་ལ་འཕོ་འགྱུར་མེད་པ། ཆོས་ཅན་རང་གྲོལ་བར་འདོད་པས་བྱས་པས་མ་བྱུང་བའི་ལྷུན་གྲུབ་ཅེས་འདུས་མ་བྱས་པ་ཁམས་གསུམ་གཞི་བཞེངས་པས་འཁོར་བ་ལ་ཐོག་མ་མེད་ལ། ཐ་མ་སྐྱེ་མེད་ལྷུན་གྲུབ་གཞི་གཞག་པ་ཞེས་བྱ་ལ། དེ་ཡང་ཡེ་གཞག་ཡིན་པས་བསྐྱར་དུ་མེད་ལ། རང་གཞག་ཡིན་པས་གཉེན་པོ་མེད་ལ། འབད་རྩོལ་མེད་པས་སྣ་ཚོགས་མུ་མཐའ་དང་བྲལ་བའི་ལྷུན་གྲུབ་ཅེས་བྱ་བར་འདོད་དོ། །

གཉིས་པ་ནི། རིམ་པ་བརྒྱད་པོ་བློས་བརྟག་གཞི་ལས་གོལ་བའི་ཆོས་ཞེས་བྱ་སྟེ། མེད་(༧༥)པ་ཕྱོགས་ཉལ་གྱི་ལྷུན་གྲུབ་ལ་བརྟེན་ནས། ཡོད་ཕྱོགས་འཛིན་མཐའ་དང་བཅས་པར་གོལ་ལ། མེད་རྒྱུ་མེད་རང་བྱུང་བར་གོལ་བས། འདིས་ནི་འདོད་པ་ཚིག་ཙམ་དུ་གྲུབ་པས་ངོ་བོ་བློ་དང་བྲལ། རྒྱུ་རྐྱེན་ལ་བཟླ་བའི་གནད་ཀྱིས་བྱས་མེད་རང་ཤར་ལ། མ་བྱས་རྒྱུ་མེད་ཡེ་དག་པས་སྒྲིབ་བྱེད་དང་བྲལ་བའི་ཆོས་ཉིད་ཅེས་བྱ་བར་འདོད་དོ། །དེ་ཡང་གོལ་དུ་ཆོས་ཉིད་ལས་འཕོས་ས་མེད། རྒྱུ་མེད་འབྲས་ལས་འདས་པའི་གཞི་ཡིན་ལ། སྒྲིབ་པ་ལམ་ལས་འདས་པས་ལས་དགེ་སྡིག་གང་གིས་ཀྱང་གོས་པ་མེད་པའི་གཞི་ཞེས་བྱའོ། །

གསུམ་པ་ནི། སེམས་ཀྱི་ཕྱོགས་ངེས་པར་ཤེས་པས་འཁོར་འདས་ཁུངས་བརྡིབ་པ་ཞེས་བྱ་སྟེ། གཞི་གནས་ལུགས་ལ་བཅོས་སུ་མེད་པས། སེམས་རང་བྱུང་གི་ཡེ་ཤེས་ཕྱོགས་ཀུན་ཏུ་ཤར་བའི་རང་བཞིན་དེ་ལས་སྐྱེ་བ་མེད་པ་ལས། ལས་དགེ་སྡིག་མེད་པར་ངོ་ཤེས། དེ་ལྟར་སྐྱེ་བ་མེད་པའི་སེམས་ལས་སྣང་བ་སྣ་ཚོགས་སུ་སྣང་བའི་ཕྱིར། རོལ་པ་ལ་འགག་པ་མེད་པས་འཁོར་འདས་ཀྱི་ཆོས་སྤང་བླང་མེད་པར་ངོ་ཤེས། དེ་ལྟར་རོལ་གཞིའི་མཚན་ཉིད་ལ་གཉིས་སུ་མེད་པའི་གཏན་ཚིགས་ཀྱིས་ངོ་བོ་ལ་ཐ་དད་མེད་པར་ངོ་ཤེས། དེ་ལྟར་གཉིས་སུ་མེད་པའི་ཆོས་དེ་བློས་བརྟགས་པ་མ་ཡིན་པའི་ཕྱིར། ངོ་བོ་ཉིད་དུ་གྲོལ་བའི་གཏན་ཚིགས་ཀྱིས་ཐམས་ཅད་ཆོས་ཉིད་ལས་འདའ་ས་མེད་པའོ། །དེ་ཡང་གཞི་སེམས་ཉིད་ལ་བཅོས་སུ་མེད་པ་གཏན་ཚིགས་ཀྱིས་འཁྲུལ་པར་འདོད་པའོ། །

བཞི་པ་ནི། རང་བྱུང་གི་ཡེ་ཤེས་ཀྱི་རོལ་པ་གཅིག་གིས་འཁོར་འདས་ཀུན་ལ་ཕྱོགས་ལྷུང་མེད་པར་ཁྱབ་པས། སྣང་བརྟགས་ཤུགས་བྱུང་འགག་པ་མེད་པ་ལ་འཁོར་བ་ངན་སོང་གྲུབ་པ་མེད་པས། སྣང་ངོ་ཐ་དད་པ་རང་བཞིན་ཕྱོགས་ཉལ་གྱི་གཏན་ཚིགས་ལས་མ་འདས་པས་རང་བཞིན་རྣམ་དག །འཁོར་བ་དོང་སྤྲུགས། ཁྱབ་པ་ཡེ་རྫོགས་ཀྱི་ལྟ་བ་ལས་མ་འདས་པའོ། །དེ་ཡང་ཡོད་མེད་སྣང་སྟོང་གི་ཕྱོགས་སུ་མ་ལྷུང་བས། བྱ་བྲལ་བདེ་སྡུག་ལས་འདས་པའི་ཆོས་ཉིད་དུ་འདོད་པའོ། །

ལྔ་པ་ནི། སེམས་ཀྱི་ཕྱོགས་ལ་མཐོང་བ་མེད་པས་སྣང་བ་འཁོར་འདས་སུ་མ་ཕྱེ་ལ། དངོས་པོ་ཀུན་གྱི་དངོས་གཞི་ལ་ཕྱོགས་འཛིན་གང་ཡང་མི་སྤོང་བས། ལྟ་བ་བྱ་རྩོལ་དང་བྲལ་བའི་ཀློང་ལ་གནས་པས། ཡིན་གང་ཡང་མ་ཡིན་ལ་སྣང་སྣ་ཚོགས་སུ་སྣང་བ་སྟེ། སྣང་བ་རྒྱ་ཡན་ཕྱོགས་མེད་དུ་རང་གྲོལ་བས་བྱ་བ་དང་སྤྱོད་པ་ལས་འདས་པའི་རང་གྲོལ་དུ་འདོད་པའོ། །

དྲུག་པ་ནི། བློ་དང་བྲལ་བས་དངོས་པོར་མ་གྲུབ་ལ། དངོས་སྣང་རང་ཤར་བས་བློ་རྟོག་རང་གྲོལ་ཏེ། སྣང་ངོ་བདེན་རྫུན་དུ་མ་གྲུབ་པས། ཡོད་མེད་མཐའ་བྲལ་དུ་གནས་པས་བདེན་རྫུན་ཅིར་ཡང་མ་གྲུབ་པར་འདོད་པའོ། །དེ་ལྟར་ན་སེམས་ཀྱི་སྡེ་ལ་ཤླཽ་ཀ་འབུམ་ཕྲག་ཉེར་གཅིག །ཀློང་ནི་གསུམ་སྟེ། ཆོས་ཉིད་ལ་བརྗོད་དུ་མེད་པའི་ཀློང་དང་། ལྟ་བ་ལ་མིན་པ་མེད་པའི་ཀློང་དང་། སྤྱོད་པ་ལ་ཡིན་པ་མེད་པའི་ཀློང་ངོ་། །བམ་པོ་སྟོང་ཕྲག་དྲུག་དང་སུམ་(༧༦)བརྒྱ། འཕྱོང་གསུམ་སྟེ། གནས་པ་གཞི་ཐོག་ཏུ་འདེབས་པའི་འཕྱོང་དང་། སྣང་བ་རང་སར་གྲོལ་བའི་འཕྱོང་དང་། ཆོས་ཉིད་ངོ་མཉམ་ཐ་དད་མེད་པའི་འཕྱོང་ངོ་། །ཆོས་ཉིད་ལ་འཆུགས་པ་མེད་པའི་གཟེར་བུ་ལྔ་བཅུ་དང་། ཡུལ་སེམས་ལ་བཟླ་བའི་གེགས་བརྒྱ་དང་བཅུ་གཅིག །སྣང་སེམས་ཅིག་ཅར་དུ་ཤན་འབྱེད་པའི་གནད་ཁྲི་ཕྲག་གཉིས། ལྟ་བ་ཐོད་རྒལ་དུ་ལ་བཟླ་བ་ཁྲི་ཕྲག་ལྔ། སྒོམ་ཡོད་རྟོག་པ་གཅོད་པའི་གནད་སྟོང་ཕྲག་གཅིག་རྣམས་ལ་མིང་ཐོགས་ཀྱི་རྒྱུད་སྟོང་དང་གསུམ་དུ་བཞུགས་པ་ཡང་། སེམས་ཀྱི་ཕྱོགས་འཛིན་པ་དང་། སེམས་ཀྱི་སྡེ་འཛིན་པ་དང་། སེམས་ཀྱི་གནད་འཛིན་པ་དང་གསུམ་དུ་འདུས་སོ། །

གཉིས་པ་འབྲས་བུ་ཡེ་གྲོལ་དུ་སྨྲ་བའི་རྫོགས་པ་ཆེན་པོ་ཀློང་གི་སྡེའི་ངོ་བོ་ནི། ཡོད་སྣ་ཚོགས་སུ་ཤར་བ་ལ་མེད་འབྲས་བུ་ཡེ་དག་པར་འདོད་དོ། །འདི་ལ་དབྱེ་ན་བཞི་སྟེ། ཀློང་ནག་པོ་རྒྱུ་མེད་དུ་སྨྲ་བ་དང་། ཁྲ་བོ་སྣ་ཚོགས་སུ་སྨྲ་བ་དང་། དཀར་པོ་སེམས་སུ་སྨྲ་བ་དང་། རབ་འབྱམས་རྒྱུ་འབྲས་ལ་བཟླ་བའི་སྡེའོ། །ཀློང་ནག་པོའི་ངོ་བོ་ནི། འགྱུར་མེད་རང་རྫོགས་ཕྱོགས་མེད་དུ་ཤར་བས་ཆོས་ཅན་ཆོས་ཉིད་ལ་མི་ལྟོས་པའོ། །

དབྱེ་ན་མཛད་པ་ཀློང་ནག་གི་སྡེ། ཐུགས་རྗེ་ཀློང་ནག་གི་སྡེ། སྤྲུལ་པ་ཀློང་ནག་གི་སྡེ་དང་གསུམ་ལས། དང་པོ་ནི། ཤར་སྣ་ཚོགས་རྒྱུ་མེད་དུ་ཤར་བས་སྣང་ངོ་རིས་མེད་དུ་སྣང་བའོ། །དེ་ཡང་ཤར་ས་ནས་སྟོང་ལ་སྣང་ས་ནས་གྲོལ་བས་འཁོར་འདས་མིང་མེད་པའོ། །དེ་ཡང་ཡིན་མིན་ཕྱོགས་ཉལ་གྱི་གཏན་ཚིགས་ཀྱིས་རྫོགས་པ་ཆེན་པོ་མུ་མཐའ་དང་བྲལ་བའི་ལྟ་བ་བསྒྲུབ་པའོ། །

གཉིས་པ་ནི། ཤར་བ་ཡེ་ཤེས་ཡིན་པས་མཁྱེན་པ་གཞན་ལ་མི་ལྟོས་ལ། གྲོལ་བ་སེམས་ཡིན་པས་རྒྱུ་རྐྱེན་ལ་བཟླ་བ་སྟེ། ཤར་གྲོལ་གཉིས་མེད་དུ་གནས་པས་འབྲས་བུ་ཡེ་ནས་གྲོལ་བའོ། །དེ་ཡང་མཐུན་སྣང་རང་དག་པའི་གཏན་ཚིགས་ཀྱིས་རྫོགས་པ་ཆེན་པོ་སྣང་ས་ནས་གྲོལ་བར་འདོད་པའོ། །

གསུམ་པ་ནི། ཡིན་མིན་ཕྱོགས་གཏད་དང་བྲལ་བས། རང་བཞིན་གྱི་ལྟོས་པ་མེད་དེ་རྒྱུ་མེད་ཡེ་དག །བྱས་བཅོས་ལྟོས་པ་མེད་པས་ཡེ་གྲོལ་ཕྱོགས་ཉལ་གྱི་རྒྱས་བཏབ་པས། རང་དག་མི་གནས་པའི་ཡེ་ཤེས་ཆེན་པོ་ཡེ་ནས་གྲོལ་བ་ལ་ལྟོས་གཞི་རང་ཟད་པ་ཞེས་བྱའོ། །དེ་ཡང་འཁྲུལ་སེམས་ལ་བཟླ་བའི་གཏན་ཚིགས་ཀྱིས་བརྟགས་པ་རང་སར་གྲོལ་བར་འདོད་པའོ། །

ཁྲ་བོའི་ངོ་བོ། ཡིན་སྣ་ཚོགས་སུ་སྨྲ་བ་ལ། མིན་ཕྱོགས་མེད་ཀུན་ཏུ་རང་ཤར་བས། རོལ་པ་ལ་དགག་སྒྲུབ་མེད་པར་འདོད་པའོ། །དེ་ལ་དབྱེ་ན་གསུམ་སྟེ། ཡོད་པར་སྨྲ་བ་སེམས་སྡེ་དང་མཐུན་པ་ཁྲ་བོའི་སྡེ། མེད་པར་སྨྲ་བ་རང་གནད་དང་མཐུན་པ་ཁྲ་བོའི་སྡེ། ཡོད་མེད་མན་ངག་དང་མཐུན་པར་སྨྲ་བ་ཁྲ་བོའི་སྡེའོ། །

དང་པོ་ནི། ངོ་བོ་རང་དག་གནས་གྲོལ་གང་དུ་ཡང་མ་ཕྱེ་བས་རང་བཞིན་ལ་དགག་སྒྲུབ་ཏུ་མ་གྲུབ་པས་ཐ་སྙད་བྱ་རྩོལ་ལས་འདས་པའོ། །མཚན་(༧༧)ཉིད་ལ་གཉིས་སུ་མེད་པས་སེམས་ཡོད་པ་གཅིག་གི་འཁོར་ལོ་ལས་མ་འདས་པའོ། །དེ་ཉིད་ཀྱི་རོལ་པ་འགག་མེད་དུ་ཤར་བས། སྣང་སེམས་གཉིས་མེད་དུ་གྲོལ་བ་ཞེས་བྱའོ། །དེ་ཡང་བློ་བྲལ་ངོ་བོ་ཉིད་ཀྱི་གཏན་ཚིགས་ཀྱིས་བྱས་ཆོས་ཡེ་གྲོལ་འཁོར་འདས་རང་ས་ནས་གྲོལ་བར་འདོད་པའོ། །

གཉིས་པ་ནི། ངོ་བོ་མཐོང་སྣང་རང་ས་ནས་གྲོལ་བས་ཡིད་ཆོས་ཉིད་སྣ་ཚོགས་སུ་ཤར་བ་ལ། མེད་སྣང་ལ་རང་ས་ནས་གྲོལ་བས་ལས་དགེ་སྡིག་མེད་པར་འདོད་པའོ། །དེ་ཡང་འགྱུར་བ་སྟོང་ཡལ་གྱི་གཏན་ཚིགས་ཀྱིས་མེད་སྣང་རང་དག་པར་བསྒྲུབ་པའོ། །

གསུམ་པ་ནི། ངོ་བོ་སྟོང་པ་ཡེ་དག་པས་ལས་རྒྱུ་འབྲས་ལ་མི་ལྟོས། བྱས་པས་བྱུང་ལ། བྱུང་སར་སྟོང་པས་འཁོར་འདས་ཕྱོགས་ཡན་དུ་གྲོལ་ལ། སྣང་བརྟགས་གཞི་ཡིན་པས་འཁོར་འདས་གྲུབ་པ་མེད་པའི་གཏན་ཚིགས་སུ་ཤར། བརྗོད་དུ་མེད་པས་བློ་ལས་འདས་པའི་གནད་དང་། བལྟར་མེད་པས་གོམས་སུ་མེད་པའི་གནད་དང་། གནས་འགྱུར་གཉིས་མེད་དུ་གྲོལ་བས་སེམས་ལ་འགྱུར་བ་མེད་པའི་གནད་དང་གསུམ་གྱིས་འཁོར་འདས་ཀྱི་དབྱིབས་འབྱིན་པར་འདོད་པའོ། །

ཀློང་དཀར་པོའི་ངོ་བོ་སྣང་རྐྱེན་རང་གྲོལ་བས་བྱར་མེད་རྒྱུ་དག་སྟེ་གནས་ལུགས་ལ་བསྒྲུབ་ཏུ་མེད་པའོ། །དབྱེ་ན། ལས་རྒྱ་ཆེ་བ་བརྗོད་མེད་དུ་བཤད་པའི་ཀློང་དཀར་པོ་དང་། ལྟ་སྒོམ་ཁ་སྦྱར་གྱི་ཀློང་དཀར་པོ་གཉིས་ལས། དང་པོ་ནི། ངོ་བོ་མཐོང་བ་ཅེར་གྲོལ། གནས་པ་རང་དག་པའོ། །དབྱེ་ན། རྒྱ་མཚོའི་ཀློང་དང་། ནམ་མཁའི་ཀློང་གཉིས་ལས། རྒྱ་མཚོའི་ཀློང་གི་ངོ་བོ་རྟག་མཐའ་རང་གྲོལ་བས། བྱ་བ་མེད་པས་གྲོལ་བས་གྲོལ། སྣ་ཚོགས་གཉིས་སུ་མེད་པའོ། །དབྱེ་ན་གཉིས་ཏེ། རྒྱ་མཚོའི་ཀློང་ཆེ་བ་དང་ཆུང་བའོ། །དང་པོ་ནི། སེམས་རང་གནས་སྟོང་པ་ཡེ་གྲོལ་བས། སེམས་ཉིད་སྟོང་པ་ལ་ལྟོས་པ་ཡོངས་སུ་དག་ལ། མཐོང་སྣང་རང་དག་པའི་ཆོས་ཉིད་ལ་ཡེ་ནས་བརྗོད་དུ་མེད་པས། ཡིན་རང་འདས་ཆེན་པོའི་འཁོར་ལོ་གཅིག་ལ་གནས་པས་སྟོང་ལ། སྟོང་པས་གང་དུ་ཡང་གྲུབ་པ་མེད་པར་འདོད་པའོ། །རྒྱ་མཚོའི་ཀློང་ཆུང་བ་ནི། ལྟོས་པ་རང་དག་པས་སེམས་ལ་དྲི་མ་མེད་ལ། ཁྱབ་པར་གནས་སུ་དག་པས་འཁོར་རྐྱེན་ཡེ་ནས་བརྗོད་དུ་མེད་པར་འདོད་པའོ། །ནམ་མཁའི་ཀློང་གི་ངོ་བོ། ཆོས་ཉིད་ལ་བཅོས་སུ་མེད་པས་སེམས་ཉིད་རང་གྲོལ་བའོ། །དབྱེ་ན། ཉི་ཟླའི་ཀློང་དང་། རིན་པོ་ཆེའི་ཀློང་དཀར་པོ་གཉིས་སོ། །དང་པོ་ནི། ངོ་བོ་རྣམ་དག་སྟོང་པ། རང་བཞིན་སྐྱེ་མེད་ཡེ་གྲོལ་ལོ། །གཉིས་པ་ནི། ཡོན་ཏན་ཡོངས་སུ་རྫོགས་པས་རྒྱུ་རྐྱེན་རང་དག །སེམས་ལ་བྱ་བ་མེད་པས་ཆོས་ཉིད་ལྷུན་གྲུབ་རྒྱུ་རྐྱེན་རང་དག་པར་འདོད་པའོ། །

ཀློང་རབ་འབྱམས་ཀྱི་སྡེའི་ངོ་བོ་སྣང་བར་སེམས་ཀྱིས་ཤེས་ལ། མི་སྣང་བར་གནས་ལུགས་ཀྱིས་ཤེས་པའོ། །དབྱེ་ན་གསུམ་སྟེ། བྱ་བ་(༧༨)དང་བྲལ་བ་ཕྱིའི་རབ་འབྱམས། གྲུབ་མཐའ་རང་གཞུང་དུ་སྨྲ་བ་ནང་གི་རབ་འབྱམས། གེགས་བསལ་བ་གསང་བའི་རབ་འབྱམས། གནད་སྤྲོ་བ་དེ་ཁོ་ན་ཉིད་ཀྱི་རབ་འབྱམས་སོ། །

དང་པོ་ནི། རྒྱུ་མེད་པས་ཟློག་པ་མེད་པའི་གནད་དང་། རྐྱེན་མེད་པས་འདི་ལྟར་སྣང་བ་གང་གིས་ཀྱང་མི་གནོད་པའི་གནད་དང་། རྒྱུ་རྐྱེན་གཉིས་ཀ་མེད་པས་འཁོར་འདས་གང་ཡང་མ་གྲུབ་པའི་གནད་དོ། །དེ་ཡང་སེམས་ལ་བྱར་མེད་པས་བྱས་པའི་ཆོས་ཀྱིས་སངས་མི་རྒྱ་བའི་གནད་དང་། སེམས་ལ་རྒྱུ་མཚན་མེད་པས་ཐ་དད་པ་མ་ཡིན་པའི་གནད་དུ་འདོད་པའོ། །

གཉིས་པ་ནི། ཐེག་པ་བརྒྱད་ལ་ལྟོས་པ་མེད་པས་རིམ་རྩོལ་བློར་གོལ་བས། སྣང་སྣ་ཚོགས་སུ་སྣང་ཡང་གྲོལ་བ་གཅིག་ལས་མ་འདས་པའི་རང་བཞིན་ཤར་བ་ཞེས་བྱའོ། །དེ་ཡང་གནས་ལུགས་ཡེ་རྫོགས་ཀྱི་རྫོགས་པ་ཆེན་པོའི་གྲུབ་པའི་མཐའ་ནི། རང་སྣང་ཕྱོགས་མེད་ཀུན་ཏུ་རང་ཤར་བས། གང་ཡང་མ་སྤངས་པར་ཡོངས་སུ་རྫོགས་ལ། དངོས་པོ་ཀུན་གྱི་དངོས་གཞི་ཕྱོགས་གང་དུའང་མ་ལྷུང་བའོ། །ཆོས་ཉིད་སྣ་ཚོགས་སུ་ཤར་བས་རྒྱ་གར་ཡང་མ་ཆད་པའོ། །

གསུམ་པ་ནི། སྣང་བ་སེམས་སུ་གོལ་བའི་གེགས་རང་ངོ་ཡེ་དག་ཏུ་བསལ་བས། སྣང་བ་མ་སྤངས་ལ་ཡོངས་སུ་རྫོགས་ཤིང་། འགྱུ་བ་བློའི་གེགས་དྲན་བསམ་རང་དག་ཏུ་བསལ་བས་དྲན་བསམ་ཆོས་ཉིད་དུ་རྫོགས་ནས་འགྱུ་བ་སྟོང་པར་དག་པ་ཞེས་བྱའོ། །སྣང་ཤེས་འཇུག་པ་ཐ་དད་པའི་འབྲེལ་དང་བྲལ་བས་འཁོར་བ་ཉིད་མྱང་འདས་སུ་ཤར་བ་ཞེས་བྱའོ། །འདོད་པ་རང་ཤར་བའི་རྫོགས་པ་ཆེན་པོ་ལ། ལྟ་བ་ལ་ཡིན་པ་མེད་པས་ཐ་སྙད་ལས་འདས་པ་དང་། སྒོམ་པ་ལ་མིན་པ་མེད་པས་སྤང་བླང་དགག་སྒྲུབ་མེད་པ་དང་། སྤྱོད་པ་ལ་ཡིན་མིན་མེད་པས་བྱ་སྤྱོད་ཆོས་ཉིད་དུ་གྲོལ་བ་དང་། འབྲས་བུ་ལ་ཐོབ་པ་མེད་པས་མ་ཐོབ་པ་རང་ལ་གཞག་པའོ། །དེ་དག་ལ་དབྱེ་ན། རྣམ་གྲངས་དཔག་ཏུ་མེད་དོ། །

གནད་སྤྲོ་བ་དེ་ཁོ་ན་ཉིད་ཀྱི་རབ་འབྱམས་ནི། འཁོར་འདས་ཀྱི་ཆོས་རྣམས་སྣང་ཤེས་སྐུ་དང་ཡེ་ཤེས་སུ་ཤར་བས་འཁོར་འདས་གང་དུའང་མ་ཕྱེ་བའི་ཆོས་ཉིད་ཅེས་བྱའོ། །དེ་ཡང་གནད་མི་འགྱུར་བའི་གཟེར་སྣང་ཤེས་གཉིས་སུ་སྤྲོས་པས་འཁོར་བ་ལ་བཟླ། རང་ངོ་ཅེར་མཐོང་གི་གནད་དྲན་བསམ་རང་གཞག་སར་སྤྲོས་པས་བསམ་པ་ཁོང་དག་པ་ཞེས་བྱའོ། །ཕྱི་ནང་ཡུལ་དུ་མེད་པས་བདེ་བ་རྟོག་མེད་དུ་སངས་པ་ཞེས་བྱའོ། །བྱ་བ་དང་བྲལ་བས་བློ་ལས་འདས་ཤིང་། བརྟགས་པ་རང་སར་ཤེས་པས་བདེ་སྡུག་ངོ་མཉམ་པ་ཞེས་བྱའོ། །དེ་དག་ཀྱང་བསྡུ་ན་གསུམ་དུ་འདུས་ཏེ། བྱ་བ་དང་བྲལ་བའི་ཀློང་ནི་མ་བྱས་རང་གྲོལ་བའི་ཆོས་ཉིད་དུ་གྲོལ་བས་ན། བྱ་བ་མེད་པས་གྲོལ་བས་གྲོལ། །ཞེས་སོ། །རྒྱན་གྱི་ཀློང་ནི། སྣང་བ་སེམས་ཀྱི་རྒྱན་ཡིན་ལ། །སེམས་སྟོང་པ་ངོས་གཟུང་དང་བྲལ་བའི་རྒྱན་ཞེས་བྱའོ། །དེ་ལྟར་ཡང་། མི་སྐྱེ་མི་འགག་ཅིར་མི་དགོངས། །ཞེས་སོ། །རོལ་པའི་(༧༩)ཀློང་ནི། ཡིན་ཕྱོགས་མེད་ཀྱི་རོལ་པ་འགག་མེད་དུ་ཤར་བས། སྣང་སེམས་ལ་འགྱུར་བ་མེད་པ་ཞེས་བྱའོ། །དེ་ལྟར་ཡང་། རྣམ་དག་ལམ་ཆེན་ཀུན་སྒྲོལ་ཕྱིར། །ཞེས་སོ། །ཆོས་ཉིད་ཀྱི་ཀློང་ནི། མ་བཅོས་རང་སར་བཞག་པས་གང་ནས་ཀྱང་མ་ཡིན་ལ། སྟོང་ཉིད་མ་བཅོས་པའི་གཞི་ཡིན་པས་མཐོང་ཤེས་གཉིས་སུ་མེད་པའོ། །དེ་ལྟར་ཡང་། སྟོང་ངོ་ཀུན་ཏུ་བཟང་ལས་འདས། །ཞེས་སོ། །

དོན་གསུམ་པ་དེ་དག་ལས་ཁྱད་པར་དུ་འཕགས་པ་ལམ་དྲང་ཐད་དུ་སྨྲ་བ་རྫོགས་པ་ཆེན་པོ་མན་ངག་གི་སྡེ་ནི། ངོ་བོ་གནད་དུ་འགྲོ་བ་གནད་ལ་ཐེབས་པའི་མེ་བཙའ་དང་འདྲའོ། །འདི་ལ་དབྱེ་ན་གསུམ་སྟེ། ཁ་འཐོར་བའི་ཚུལ་དུ་གསུངས་པ། ཁ་གཏམ་པའི་ཚུལ་དུ་གསུངས་པ། རྒྱུད་རང་གཞུང་གི་ཚུལ་དུ་བཀའ་སྩལ་པའོ། །དེ་ལ་ཁ་འཐོར་བའི་ངོ་བོ། བྱ་བྱེད་བློ་ལས་འདས་པ་ལམ་དུ་བྱེད་པའོ། །དབྱེ་ན། གཞག་པ་ལམ་གྱི་མཐའ་གཅོད་པའི་མན་ངག་དང་། གྲོལ་བ་སྟོབས་དག་པའི་ལམ་མངོན་དུ་གྱུར་པའི་མན་ངག་གཉིས་ལས། དང་པོ་ནི། སྟོང་པ་ཁྱབ་ཆེ་བས་བྱ་བ་ཀུན་ཏུ་གྲོལ་བའི་ལམ་ལ་ལྟོས་པ་མེད་པས་གཞི་ལས་ཁྱད་པར་དུ་འཇོག་པའི་དུས་ན། སྤྲོས་གཞིའི་ཚིག་ཙམ་དུ་ཡང་མ་གྲུབ་པས། སྤྲོ་བྱེད་མིང་དུ་མི་སྲིད་ཅིང་། བརྗོད་དུ་མེད་པའི་ཆོས་ཉིད་ལ་ཡི་གེ་མེད་པ་ཞེས་བྱ་སྟེ། བྱ་བ་རྒྱུ་མེད་པའི་གཏན་ཚིགས་ཀྱིས་འཁོར་བ་དོང་སྤྲུག་པ་དང་། འདས་པའི་ཁོང་འདོན་པའོ། །གཉིས་པ་ནི། ཆོས་ཉིད་གནས་པའི་ཆ་ནས་སེམས་ལ་འགྱུར་བ་མེད་ལ། སྐུ་གསུམ་ལམ་ལ་སྣང་བའི་དུས་ན། མ་གྲོལ་བ་གང་ཡང་མེད་ལ། འབྲས་བུ་གནད་ལ་ཕེབས་པའི་དུས་ན་ཆོས་ཉིད་མ་དང་ཕྲད་པར་འདོད་པའོ། །

ཁ་གཏམ་གྱི་ངོ་བོ་བློ་བྲལ་མ་འཁྲུལ་བ། རང་བཞིན་རྣམ་རྟོག་ཁུངས་ཟད་པ། མཚན་ཉིད་གཉིས་མེད་ངོས་གཟུང་དང་བྲལ་བའོ། །དབྱེ་ན་གཉིས་ཏེ། གླེན་པ་ཡེངས་ལ་བོར་བའི་ཁ་གཏམ་དང་། ཁར་ཕོག་དུས་མེད་པའི་ཁ་གཏམ་མོ། །དང་པོ་ནི། རྩའི་གནད་ཀྱིས་རླུང་གནད་ལ་ཕབ་པས་རང་སེམས་བཙོན་དུ་ཟིན་པའི་མན་ངག་གིས་ཆོས་ཉིད་ཁུངས་ནས་གདོན་པ་དང་། དེ་ཉིད་དབྱིབས་ཕྱིན་པས་སངས་རྒྱས་དང་སེམས་ཅན་གླེང་བ་འཆད་པའི་གནད་དང་། རླུང་གནད་ལུས་ལ་ཕབ་པས་ལུས་སེམས་ཀྱི་འབྲེལ་ཆད་པའི་གནད་དང་། རྩ་རླུང་ཡེངས་ལ་བོར་བས་འགྱུ་བ་རང་སར་གྲོལ་བའི་གནད་དོ། །གཉིས་པ་ནི། དབྱིངས་རྒྱ་ཆེ་བའི་ངོས་ནས་གང་ཡང་མ་ཤོང་བ་མེད་པས་འཁོར་འདས་ཀྱི་ཁྱབ་བརྩི་བ་དང་། ཆོས་དབྱིངས་སྟོང་ཉིད་ལ་ངོས་གཟུང་མེད་པས་དངོས་པོའི་འགྱུར་བརྩི་བ་དང་། དབྱིངས་ལ་བྱས་པ་མེད་པས་རང་བྱུང་གི་ཡེ་ཤེས་ཞེས་བྱའོ། །

རྒྱུད་རང་གཞུང་གི་མན་ངག་གི་ངོ་བོ་བཀའ་ཐམས་ཅད་ཀྱི་བྱུང་ཁུངས་སུ་གསལ་ལ། ཁྱད་པར་ཆོས་ཉིད་ཀྱིས་བཅད་པའོ། །རང་བཞིན་ལ་ཐ་དད་མེད་པས་འཁོར་བའི་ལྟོས་ཆད་པ་དང་། མཚན་ཉིད་སྒྲ་ཚིག་ཏུ་མ་གྲུབ་པས། སྟོང་ཉིད་རྩོད་(༨༠)གཞི་དང་བྲལ་བའོ། །དབྱེ་ན་བཞི་སྟེ། ལྟ་བ་སྒང་དྲིལ་བའི་ཚུལ་དུ་བཀའ་སྩལ་པ་དང་། གཏར་ཀ་གེགས་བསལ་བའི་ཚུལ་དུ་བཀའ་སྩལ་པ་དང་། གབ་པ་མངོན་དུ་ཕྱུང་བའི་ཚུལ་དུ་བཀའ་སྩལ་པ་དང་། བཤད་པ་རང་གསལ་བའི་ཚུལ་དུ་བཀའ་སྩལ་པའོ། །དང་པོ་ནི། ངོ་བོ་སྤྲོས་མེད་གཞི་ལ་ཁྱབ་པས། ལས་ལ་བཟང་ངན་མེད་དེ་ཁམས་གསུམ་ཡོངས་སུ་གྲོལ་བ་དང་། རང་བཞིན་སྟོང་ཉིད་སྣ་ཚོགས་སུ་ཤར་བས་ལས་དགེ་སྡིག་གིས་ཕན་གནོད་མ་སྐྱེལ་ཏེ་སངས་རྒྱས་དང་སེམས་ཅན་མེད་པའོ། །མཚན་ཉིད་ཚིག་དང་ཡི་གེར་མེད་པས་ཐེག་པ་སྣ་ཚོགས་ཀྱི་ཆོས་ཀྱིས་སངས་མི་རྒྱ་བས་དབང་པོ་ཅིག་ཅར་དུ་བགྲོད་པའི་གནད་དོ། །དབྱེ་ན་སྣང་བརྟགས་ལྟ་བར་འདོད་པ་བྱར་མེད་པ་དང་། སེམས་རྟོགས་ལྟ་བར་དྲིལ་བ་ཀུན་ནས་སློང་བ་གཉིས་སོ། །དང་པོ་ནི། ངོ་བོ་ལ་ཆོས་མེད་པས་སངས་རྒྱས་ཀྱི་མིང་ཡང་མེད་པ་དང་། རང་བཞིན་རྩལ་དུ་ཤར་བས་འཁོར་འདས་ལྟ་བར་ཤར་བ་དང་། མཚན་ཉིད་གཅིག་ཏུ་མ་ངེས་པས་ལྟ་སྒོམ་ལ་ཚད་མེད་པའོ། །གཉིས་པ་ནི། ངོ་བོ་སྐྱེ་མེད་ཡོངས་སུ་དག་པས་ཉོན་མོངས་པ་རང་སར་གྲོལ་བ་དང་། རང་བཞིན་འགག་མེད་ཀུན་ཏུ་ཤར་བས་སྤང་བླང་གང་ཡང་མེད་པ་དང་། མཚན་ཉིད་རྒྱུ་མེད་ཡེ་གྲོལ་བས་འཁོར་འདས་ཀྱི་ལམ་ཟད་པའོ། །

གཏར་ཀ་གེགས་བསལ་བའི་ངོ་བོ་ཆོས་ཉིད་ཀྱི་གནད་བསལ་བས། འཁོར་འདས་ཀྱི་མཚམས་ཕྱེད་ལ། རང་བཞིན་འཆུགས་མེད་ཀྱི་གཞི་ཐེངས་པས་བློ་མ་བུའི་བསྡེབས་མེད་ལ། མཚན་ཉིད་རྒྱུ་མེད་གཞི་དག་པས་འཁྲུལ་པ་རང་ཐོག་ཏུ་བསལ་བའོ། །དབྱེ་ན་གཉིས་ཏེ། ལྟ་སྒོམ་དྲོད་ཚད་ཀྱི་གེགས་བསལ་བ་དང་། དངོས་པོ་འདུག་ཚུལ་གྱི་གེགས་བསལ་བའོ། །དང་པོ་ནི། ལྟ་བའི་དྲོད་འཁོར་འདས་གཉིས་འབྲེལ་བ་སྟེ། དེ་ཡང་ལྟ་བ་གཡོ་བའི་དུས་འཁོར་བའི་ཆོས་ཉིད་ངོས་ཟིན་པ་འདྲེ་རྐུན་ངོས་ཟིན་པ་ལྟ་བུའོ། །ལྟ་བ་ཐོབ་པའི་དུས་སུ་ལུས་ངག་ལ་དྲོད་སྐྱེས་པ་སྟེ། མེ་འབར་བ་ལ་ཤིང་བསྣན་པ་ལྟ་བུའོ། །ལྟ་བ་བརྟན་པའི་དུས་ན་འཁོར་འདས་ཀྱི་ཤན་ཕྱེད་པ་སྟེ། དཔེར་ན་དཔུང་གི་ཚོགས་གཡུལ་ལས་རྒྱལ་བ་ལྟ་བུའོ། །སྒོམ་པ་གཡོ་བའི་དུས་ན་རླུང་སེམས་ལ་བྱན་ཚུད་པ་སྟེ། ཕྱུག་པོའི་བང་མཛོད་ཀྱི་ནང་དུ་ཚུད་པ་ལྟ་བུའོ། །སྒོམ་པ་ཐོབ་པའི་དུས་ན་སེམས་ལམ་དུ་ཚུད་པ་སྟེ། དཔེར་ན་ཕག་གྱང་རར་བླུགས་པ་ལྟ་བུའོ། །སྒོམ་པ་བརྟན་པའི་དུས་ན་རིག་པའི་སྟོབས་རྙེད་པ་སྟེ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལྟ་བུའོ། །སྤྱོད་པ་གཡོ་བའི་དུས་ན་ཤེས་པའི་གཏད་ཡལ་བ་སྙིང་རླུང་ཅན་ཁྲོག་ལངས་པ་ལྟ་བུའོ། །སྤྱོད་པ་ཐོབ་པའི་དུས་ན་འཁྲུལ་སྣང་ཟིལ་གྱིས་གནོན་པ་སྟེ། ཁྱུང་གཤོག་རྫོགས་པ་ངམ་གྲོག་དང་གཡང་སར་ལྡིང་བ་ལྟ་བུའོ། །སྤྱོད་པ་བརྟན་པའི་དུས་ན་སྐུ་གསུམ་(༨༡)གྱི་དྲོད་ཚད་ཟིན་པ་སྟེ། བྲམ་ཟེ་མོ་ལས་ཟིན་པ་ལྟ་བུའོ། །དེ་ཡང་སྤྱོད་པས་སྣང་བ་བསལ་བས་སྣང་རྐྱེན་ཆོས་ཉིད་ལས་འགྲོ་ས་མེད་དོ། །སྒོམ་པ་འགྱུ་བའི་གེགས་བསལ་བས་དྲན་བསམ་ཏིང་ངེ་འཛིན་ལས་འགྲོ་ས་མེད་དོ། །ལྟ་བ་ཆོས་ཉིད་ཀྱི་གེགས་བསལ་བས་ཆོས་ལ་མ་བརྟེན་པར་སངས་རྒྱ་བ་ལས་འགྲོ་ས་མེད་དོ། །

དངོས་པོ་འདུག་ཚུལ་གྱིས་གེགས་བསལ་བའི་ངོ་བོ་ཆོས་ཉིད་ལ་བཅོས་སུ་མེད་པས་ཅིར་སྣང་སེམས་མ་ཡིན་པ་མེད། རང་བཞིན་ལ་རྒྱུ་འབྲས་མེད་པས་རང་འདོད་མེད་པ་ལས་འགྲོ་ས་མེད། མཚན་ཉིད་ལ་གོམས་མི་དགོས་པས་ཤེས་བྱ་གཞན་ལ་མི་ལྟོས་པའོ། །

གབ་པ་མངོན་ཕྱུང་གི་ངོ་བོ་ལ་ཐོབ་ཏུ་མེད་པས། རེ་བ་གང་ལ་ཡང་མི་འཆའ། རང་བཞིན་ལ་ཕྱོགས་མེད་པས་དོགས་པ་གང་ལ་ཡང་མེད། མཚན་ཉིད་བརྟགས་ན་མི་རྙེད་པས་འཁོར་འདས་ཀྱི་རྩ་བ་རུལ་བ་ཞེས་བྱའོ། །དབྱེ་ན་གཉིས་ཏེ། གཅིག་གསངས་ནས་གཉིས་མངོན་དུ་ཕྱུང་བ་དང་། གཉིས་གསངས་ནས་གཅིག་མངོན་དུ་ཕྱུང་བའོ། །དང་པོ་ནི། ལྟ་སྤྱོད་གཉིས་མངོན་དུ་ཕྱུང་ནས་སྒོམ་པ་གསངས་ན། དེའི་ངོ་བོ་ཟུང་འཇུག་ལ་ཐོག་མཐའ་མེད་པས་འཁོར་འདས་ཀྱི་ཐོག་མཐའ་ཆོད་པའོ། །དེའི་རང་བཞིན་གཉིས་ཐ་དད་པ་མ་ཡིན་པས་ཐིག་ལེ་ལ་ཕྱི་ནང་མེད་པ་དང་། མཚན་ཉིད་ལ་ལྟོས་པ་མེད་པས་རྒྱུ་མེད་ཟང་ཐལ་བའོ། །གལ་ཏེ་སྤྱོད་པ་གསངས་ནས་གཞན་གཉིས་མངོན་དུ་ཕྱུང་ན། གནས་པས་སྟོང་ལ་སྟོང་པས་དག་པ་ཞེས་བྱའོ། །གལ་ཏེ་ལྟ་བ་གསངས་ནས་གཞན་གཉིས་མངོན་དུ་ཕྱུང་ན་འཛིན་མེད་ཀྱི་ཤེས་པ་ཕྱོགས་མེད་དུ་ཤར་བས། ཡུལ་མེད་ཀྱི་རིག་པ་རྟོག་མེད་དུ་གྲོལ་བ་ཞེས་བྱའོ། །གཉིས་པ་གཉིས་གབ་ནས་གཅིག་མངོན་དུ་ཕྱུང་བ་ནི། སྒོམ་པ་མངོན་དུ་ཕྱུང་ན་གཏད་མེད་ཀྱི་རིག་པ་གཏོད་མེད་དུ་བྱུང་བས་རྒྱུ་མེད་ཀྱི་འབྲས་བུ་རང་ལ་གནས་པ་ཞེས་བྱའོ། །སྤྱོད་པ་མངོན་དུ་ཕྱུང་ན་ལུས་གཡང་སར་བོར་ནས་སེམས་ཆོས་ཉིད་དུ་སློང་བ་ཞེས་བྱའོ། །ལྟ་བ་མངོན་དུ་ཕྱུང་ན་སེམས་སྟོང་ཉིད་ལ་སྐྱེལ་ནས་ལུས་ངག་གནད་ལ་འབེབས་པ་ཞེས་བྱའོ། །

བཞི་པ་བཤད་པ་རང་གསལ་བའི་ངོ་བོ་ཚིག་ཞེན་རྒྱུན་ཆད་པས་གྲུབ་པའི་མཐའ་མི་གནས་པས་གྲུབ་པ་ཁྱད་པར་འཕགས་པ་དང་། རང་བཞིན་མ་དམིགས་ལ་ཡོངས་སུ་དག་པས་ཀ་ནས་དག་པའི་ཆོས་ཉིད་དེ་ཕྱོགས་མེད་དུ་ཤར་བ་ཞེས་བྱ་ལ། མཚན་ཉིད་བློ་མ་ཡིན་པས་འགྱུ་བྱེད་རང་དག་དངོས་གཞི་ལ་བྱས་པ་མེད་པ་ཞེས་བྱའོ། །དེ་ལ་དབྱེ་ན་གསུམ་སྟེ། འཁྲུལ་པ་བ་དེད་ཀྱི་ལུགས་སུ་སྨྲ་བ་དང་། འཁྲུལ་པ་གཞི་ལ་ཟློག་པའི་ཚུལ་དུ་གསུངས་པ་དང་། ཐིག་ལེ་རང་གནས་ལ་ཕབ་སྟེ་གསུངས་པའོ། །

དང་པོའི་ངོ་བོ་འཁྲུལ་པ་མ་རིག་པའི་རྩ་བ་ཁམས་གསུམ་འཁོར་བའི་གཞི་བཏིང་བས། དེ་ཉིད་རང་དུ་དེད་པས་མ་རིག་པ་རྩད་བཅད། རང་རིག་པ་དང་པོ་ཞེས་བྱ་(༨༢)ལ། རང་བཞིན་སྣ་ཚོགས་སུ་བྱུང་བས་རྒྱུ་རྐྱེན་གྱི་བ་དེད་པས། དམིགས་པའི་གདར་ཤ་ཆོད་དེ་འཁོར་བ་འཁྲུལ་པའི་ལྟོས་ཟད་ནས་རྒྱུ་མེད་སྟོང་པར་ཡེ་དག་པ་ཞེས་བྱའོ། །མཚན་ཉིད་འཁྲུལ་པ་རང་དག་པས་ཤེས་པ་འཁྲུལ་པའི་ལམ་ཟད་པ་ཞེས་བྱའོ། །དེ་ལ་དབྱེ་ན་གསུམ་སྟེ། འཁྲུལ་པ་རྩད་ནས་བཅད་པས་འཁོར་འདས་ལྟོ་བཟློག་པའི་ལུགས། འཁྲུལ་པ་རང་སོ་ལ་བཞག་པས་མ་འཁྲུལ་པའི་ཆོས་ཉིད་ངོས་ཟིན་པའི་ལུགས། འཁྲུལ་གཞི་ཁོག་བསྐོར་བས་འཁྲུལ་འཁོར་རྒྱུན་ཆད་པའི་ལུགས་སོ། །དང་པོའི་ངོ་བོ་ནི། འཁྲུལ་པའི་རྩ་བ་རིག་པ་དེ་ཉིད་རང་གྲོལ་བར་ཤེས་པས་ཡེ་ནས་འཁྲུལ་མ་མྱོང་བའི་རྒྱས་ཐེབས་ཏེ་འཁྲུལ་མ་འཁྲུལ་ལས་འདས་པ་དང་། རང་བཞིན་ཐ་དད་དུ་འཁྲུལ་བས་ཀུན་ཏུ་བཏགས་པའི་ཚད་ཟིན་ཏེ་ཡུལ་དང་ཡུལ་ཅན་ལས་འདས་པའོ། །མཚན་ཉིད་འཁྲུལ་པ་ལ་འཁྲུལ་པར་ཤེས་པས་མ་འཁྲུལ་པའི་དྲོད་ཚད་ཟིན་པའོ། །

གཉིས་པའི་ངོ་བོ་ནི། དང་པོ་འཁྲུལ་པ་མ་མྱོང་བས་མ་རིག་པའི་རྒྱུ་དག་ལ། ད་ལྟ་འཁྲུལ་པ་ལ་མི་གནས་པས་ལས་དང་ཉོན་མོངས་པའི་གཞི་སྟོངས་ཤིང་། ཕྱིས་འཁྲུལ་མི་སྲིད་པས་ལས་དགེ་སྡིག་གི་ཐག་ཆོད་པའོ། །རང་བཞིན་ལ་དབྱེར་མེད་པས་འཁོར་འདས་གཞི་གཅིག་སྟེ། འཁྲུལ་པ་ཡོངས་སུ་དག་ལ། མཚན་ཉིད་ལ་འཁྲུལ་རྒྱུ་མེད་པས་ཁམས་གསུམ་དོང་སྤྲུགས་པའོ། །

གསུམ་པའི་ངོ་བོ་ནི། ལྟུང་བྱེད་གཞི་སྟོངས་པས་བྱས་པས་མ་རྙེད་པའི་གཞི་འཆོས་པ་དང་། རང་བཞིན་རྩིས་ལས་འདས་པས་འཁྲུལ་མ་འཁྲུལ་ཙམ་དུ་ཡང་གྲུབ་པ་མེད་པ་དང་། མཚན་ཉིད་ལ་གཉིས་མ་གྲུབ་པས་འཁྲུལ་མ་འཁྲུལ་གྱི་ཟླ་དང་བྲལ་བའོ། །གསུམ་པ་ཐིག་ལེ་རང་གནད་ལ་ཕབ་པའི་ངོ་བོ་ཉག་གཅིག་སྤྲོས་པ་དང་བྲལ་བས་དུ་མ་ཆ་ཤས་མེད་པ་དང་། རང་བཞིན་ལ་དུ་མ་མེད་པས་ཐ་སྙད་སྤྲོས་པའི་ཚིག་ལས་འདས་པའི་ཆོས་ཉིད་ཀུན་ཏུ་ཁྱབ་པའོ། །མཚན་ཉིད་ལ་ངོ་སྤྲད་པས་ཡིད་ཆེས་ཐག་ཆོད་པའོ། །འདི་ལ་དབྱེ་ན་གཉིས་ཏེ། སྙན་རྒྱུད་དང་། བཤད་རྒྱུད་དོ། །སྙན་རྒྱུད་ཀྱི་ངོ་བོ་གཅིག་ནས་གཅིག་ཏུ་འབྲེལ་བས་ཁྱད་པར་ཉེ་བ་ཉིད་དོ། །དེ་ཡང་རང་བཞིན་ནི་རྣ་བའི་དབང་པོ་དང་འབྲེལ་བས་གཞན་གྱིས་བར་དུ་བཅད་པ་མེད་པ་དང་། མཚན་ཉིད་ལ་དཀྲིར་མེད་པས་ཡིད་ཆེས་ཤིང་གྲོལ་བའི་གདེང་དང་བཅས་པའོ། །དབྱེ་ན་མང་ཡང་ཡི་གེ་དང་བཅས་པ་དང་། ཡི་གེ་མེད་པའི་སྙན་རྒྱུད་ཆོས་ཉིད་དོན་གྱི་མན་ངག་གོ། །

བཤད་རྒྱུད་ཀྱི་ངོ་བོ། བྱ་བ་མེད་པའི་ཆོས་ཉིད་ལ་རྒྱུ་མེད་པས་ཁམས་གསུམ་དུ་བཟློག་པའི་གཞི་མེད། རང་བཞིན་འོད་གསལ་ལ་དྲི་མ་མེད་པས་ཡེ་ཤེས་ལྔའི་མཚན་ཉིད་ཤེས། མཚན་ཉིད་རྟོག་དཔྱོད་ལས་འདས་པས་སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི་དགོངས་པ་ལ་གནས་པའོ། །དབྱེ་ན་བཞི་སྟེ། ཕྱིའི་(༨༣)སྐོར། ནང་གི་སྐོར། གསང་བའི་སྐོར། གསང་བ་བླ་ན་མེད་པའི་སྐོར་རོ། །ཕྱི་སྐོར་གྱི་ངོ་བོ། ཉོན་མོངས་པ་སྤང་དུ་མེད་པས་དུག་ལྔ་ལམ་ཁྱེར་ལ་གནས། རང་བཞིན་ལ་རྩོལ་སྒྲུབ་མེད་པས་ཅིར་སྣང་ཆོས་ཉིད་དུ་འཆར། མཚན་ཉིད་ལ་ཆ་ཤས་མེད་པས་སྟོང་ཉིད་གང་དུའང་མ་ཕྱེ་བའོ། །ནང་སྐོར་གྱི་ངོ་བོ་གཟུགས་ཅན་མ་ཡིན་པས་མཚན་མ་མེད་པའི་ཆོས་ཉིད། རང་བཞིན་འགྲོ་འོང་མེད་པས་དུས་ཐམས་ཅད་དུ་རྟག་པར་བཞུགས་པའི་ཡེ་ཤེས། མཚན་ཉིད་ཟུག་པའི་ངོས་ནས་རྩ་བ་ལྟར་བྱུང་ལ། འདྲིལ་བའི་ངོས་ནས་སྡོང་པོ་ལྟར་བྱུང་ཞིང་གསལ་བའི་ངོས་ནས་མེ་ཏོག་ལྟར་བྱུང་ལ། སྨིན་པའི་ངོས་ནས་འབྲས་བུ་ལྟར་བྱུང་བའོ། །

གསང་སྐོར་གྱི་ངོ་བོ་ངོ་སྤྲད་པ་དང་། རྟོགས་པ་ཐོབ་པ་དུས་མཉམ་པས་ཐོས་བསམ་སྒོམ་གསུམ་ལ་རག་མ་ལུས། རང་བཞིན་དབུགས་ཆད་པ་དང་སངས་རྒྱས་པ་དུས་མཉམ་པས་རྩོལ་སྒྲུབ་དང་གོམས་སྟོབས་ལ་རག་མ་ལུས། མཚན་ཉིད་སངས་རྒྱས་པ་དང་ཐུགས་རྗེ་འབྱུང་བ་དུས་མཉམ་པས་ཚོགས་དང་བསོད་ནམས་ལ་རག་མ་ལུས་པའོ། །

གསང་བ་བླ་ན་མེད་པའི་སྐོར་གྱི་ངོ་བོ། ཚིག་ལ་མ་བསྟེན་པས་ཤེས་རབ་ལ་རག་མ་ལུས། རང་བཞིན། མངོན་སུམ་དུ་མཐོང་བས་ཡིད་དཔྱོད་འཛིན་པའི་ལྟ་བ་ལ་མི་གནས། མཚན་ཉིད་སྣང་བ་བཞི་ཚད་ལ་ཕེབས་པས་འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ་ལ་ལྟོས་མི་འཆའ་བའོ། །དེ་ལས་འདི་ཉིད་གསང་བ་བླ་ན་མེད་པ་སྟེ། མན་ཆད་ཀྱིས་ཆོས་ཉིད་ཡིད་དཔྱོད་དུ་གདེང་འཆའ་བ་ལས། འདིར་མངོན་སུམ་དབང་པོའི་ཡུལ་དུ་བླ་མའི་མཐུས་བལྟར་ཡོད་པས་ཁྱད་པར་དུ་འཕགས་སོ། །

དེ་ལྟར་བསྟན་པའི་སྐོར་ཐམས་ཅད་མདོ་གཅིག་ཏུ་དྲིལ་ནས་དབྱེ་བ་དང་བསྡུ་བའི་རིམ་པ་ངེས་པ་ནི། རྫོགས་པ་ཆེན་པོ་དེ་དག་ལ་ཀློང་ནི་དགུ། བམ་པོ་ནི་ཉི་ཁྲི་དང་ཆིག་སྟོང་། སྡེ་ནི་གསུམ། ལེའུ་ནི་སྟོང་ཕྲག་སུམ་ཅུ་རྩ་ལྔ། འཕྱོང་ཆེན་པོ་བརྒྱད། གཟེར་བུ་བརྒྱ་དང་བརྒྱད་ཅུ། གེགས་ནི་སྟོང་དང་དང་ལྔ་བརྒྱ། ཤན་འབྱེད་ཁྲི་ཕྲག་བདུན། ལ་བཟླ་བ་འབུམ་ཕྲག་ཕྱེད་དང་གཉིས། གནད་སྟོང་ཕྲག་ལྔ། ཤླཽ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི། མིང་དུ་ཐོགས་པའི་རྒྱུད་ཁྲི་ཕྲག་གཉིས་ཀྱི་བདག་ཉིད་དུ་བཞུགས་པ་རྣམས། ཐལ་འགྱུར་ལས། རང་བཞིན་རྫོགས་པ་ཆེན་པོ་ལས། །ཚིག་གི་བྱེ་བྲག་རྣམས་འཕྲོས་པས། །སྡེ་གསུམ་ལས་ནི་ཀློང་དགུར་འགྱུར། །ཚིག་སྡུད་པ་ལས་ཤླཽ་ཀ །འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས། །ལེའུ་སྟོང་ཕྲག་སུམ་ཅུ་ལྔ། །བམ་པོ་ཉི་ཁྲི་སྟོང་ཕྲག་གཅིག །བརྗོད་བྱ་ནམ་མཁའི་མཐའ་དང་མཉམ། །གདུལ་བྱའི་སེམས་ཅན་རྟོག་པ་གཅོད། །འདི་ལས་བརྗོད་བྱ་ཉེར་བསྡུས་པ། །གཟེར་བུ་བརྒྱ་དང་བརྒྱད་ཅུ་ལ། །གེགས་ནི་སྟོང་ཕྲག་ཕྱེད་དང་གཉིས། །གནད་ཆེན་འདུས་པ་སྟོང་ཕྲག་གསུམ། །གོལ་སྒྲིབ་ཁྲི་ཕྲག་བཞི་བཅུ་ལ། །མིང་ཐོགས་རྒྱུད་ནི་ཁྲི་ཕྲག་གཉིས། །(༨༤)ཚིག་བརྗོད་རིམ་པ་གསལ་བཀོད་དོ། །ཞེས་སོ། །དེ་དག་ཀྱང་བསྡུ་ན། སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་གསུམ་དུ་འདུས་པའོ། །དེ་ལ་སེམས་སྡེ་ཐམས་ཅད་ཆོས་ཉིད་ལ་བརྗོད་དུ་མེད་པའི་ཀློང་དང་། ལྟ་བ་ལ་མིན་པ་མེད་པའི་ཀློང་དང་། སྤྱོད་པ་ལ་ཡིན་པ་མེད་པའི་ཀློང་གསུམ་དུ་འདུས་སོ། །དེ་ཡང་མིང་ཐོགས་ཀྱི་རྒྱུད་སྟོང་ཕྲག་ལྔར་འདུས། དེ་ཡང་ལེའུ་ཁྲི་ཕྲག་གཅིག་དང་སྟོང་དུ་འདུས། དེ་ཡང་ཤླཽ་ཀ་འབུམ་ཉི་ཤུ་རྩ་གཉིས་སུ་བསྡུས། དེ་ཡང་ལ་བཟླ་བ་ཁྲི་ཕྲག་གཅིག་ཏུ་བསྡུས། དེ་ཡང་ཤན་འབྱེད་ཁྲི་ཕྲག་གཉིས་སུ་བསྡུས། དེ་ཡང་གེགས་ལྔ་བརྒྱར་བསྡུས། དེ་ཡང་གནད་སྟོང་དུ་བསྡུས། དེ་ཡང་གཟེར་བུ་ལྔ་བཅུ་རྩ་གཅིག་ཏུ་བསྡུས། དེ་ཡང་སྒོམ་ཡོད་དང་སྒོམ་མེད་ཀྱི་འཕྱོང་གཉིས་སུ་བསྡུས་སོ། །དེ་ཡང་སྡེ་སྣོད་ཀྱི་དབང་དུ་བྱས་ན། མངོན་པ་ཆེན་པོའི་སྡེ་སྣོད་ཅེས་བྱ་བར་སྡེ་གསུམ་ཀ་བསྡུས་སོ། །དེ་ཡང་བཀའ་དང་བསྟན་བཅོས་གཉིས་སུ་བསྡུས་སོ། །དེ་དག་ཀྱང་སེམས་ཀྱི་སྡེ་ཞེས་བྱ་བར་བསྡུས་སོ། །ཀློང་གི་སྡེ་རྣམས་ཀློང་གསུམ་དུ་བསྡུས་པ་ནི། སྒོམ་པ་ལ་ཡིན་པ་མེད་པའི་ཀློང་དང་། རང་བཞིན་ལ་བཙལ་དུ་མེད་པའི་ཀློང་དང་། མཚན་ཉིད་ཐ་དད་མེད་པའི་ཀློང་དང་གསུམ་དུ་བསྡུས་སོ། །དེ་ཡང་མིང་དུ་ཐོགས་པའི་རྒྱུད་སྟོང་ཕྲག་གསུམ་དུ་བསྡུས་སོ། །དེ་ཡང་ལེའུ་ཁྲི་ཕྲག་གཅིག་དང་སྟོང་དུ་བསྡུས། དེ་དག་ཀྱང་ཤླཽ་ཀ་འབུམ་ཕྲག་ཉི་ཤུ་རྩ་གཉིས་སུ་བསྡུས། དེ་དག་ཀྱང་ལ་བཟླ་བ་ཁྲི་ཕྲག་བརྒྱད་དུ་བསྡུས། དེ་ཡང་ཤན་འབྱེད་ཁྲི་ཕྲག་གཉིས་སུ་བསྡུས། དེ་དག་ཀྱང་གེགས་དགུ་བརྒྱར་བསྡུས། དེ་ཡང་གནད་སྟོང་ཕྲག་གཉིས་སུ་བསྡུས། དེ་དག་ཀྱང་གཟེར་བུ་ལྔ་བཅུར་བསྡུས། དེ་དག་ཀྱང་བྱས་གྲོལ་དང་། བཞག་གྲོལ་དང་། ཅེར་གྲོལ་གྱི་འཕྱོང་གསུམ་དུ་བསྡུས། དེ་ཡང་ཀློང་གི་སྡེར་བསྡུས་སོ། །མན་ངག་གི་སྡེ་ཐམས་ཅད་ཀྱང་ཀློང་གསུམ་དུ་བསྡུས་ཏེ། རོལ་པ་འགག་པ་མེད་པའི་ཀློང་དང་། བློ་ལ་མ་གྲོལ་བ་མེད་པའི་ཀློང་དང་། ངོ་བོ་ལ་བཟང་ངན་མེད་པའི་ཀློང་ངོ་། །དེ་དག་ཀྱང་མིང་དུ་བཏགས་པའི་རྒྱུད་སྟོང་ཕྲག་གཉིས་དང་བཅུ་གཉིས་སུ་བསྡུས་སོ། །དེ་དག་ཀྱང་ལེའུ་ཁྲི་ཕྲག་གཅིག་དང་སྟོང་ཕྲག་བཞིར་བསྡུས། དེ་ཡང་ཤླཽ་ཀ་འབུམ་དང་ཉི་ཤུ་རྩ་གཅིག་ཏུ་བསྡུས་སོ། །དེ་དག་ཀྱང་ལ་བཟླ་བ་ཁྲི་ཕྲག་གཅིག་ཏུ་བསྡུས། དེ་དག་ཀྱང་ཤན་འབྱེད་པ་ཁྲི་ཕྲག་བཞིར་བསྡུས། དེ་དག་ཀྱང་གེགས་ལྔ་བརྒྱ་དང་སྟོང་ཕྲག་གཉིས་སུ་བསྡུས། དེ་ཡང་གཟེར་བུ་བརྒྱད་ཅུ་རྩ་བདུན་དུ་བསྡུས། དེ་དག་ཀྱང་གནད་བསྡུས་པ་དང་། གནད་མཐོང་བ་དང་། གནད་ཤེས་ཀྱི་འཕྱོང་གསུམ་དུ་བསྡུས། དེ་ཡང་བཀའ་དང་བསྟན་བཅོས་གཉིས་སུ་བསྡུས། བསྟན་བཅོས་ལ་མང་ཡང་། རྒྱུད་དང་། ལུང་དང་། མན་ངག་གི་བསྟན་བཅོས་གསུམ་དུ་བསྡུས། མན་ངག་གི་བསྟན་བཅོས་ལའང་ཤིན་ཏུ་མང་ཡང་། རྩོད་པ་དང་། བསྒྲུབ་པ་དང་། དགོངས་པ་དང་། (༨༥)ལ་བཟླ་བ་ལྷུར་ལེན་པའི་བསྟན་བཅོས་དང་བཞིར་བསྡུས། ལ་བཟླ་བ་ལ་ཡང་། དགོངས་དོན་མན་ངག་གི་ལ་བཟླ་དང་། གནས་ལུགས་གཤིས་ཀྱི་ལ་བཟླ་དང་། གྲུབ་མཐའ་ཚིག་གི་ལ་བཟླ་དང་། འཁོར་འདས་གཉིས་མེད་དུ་ལ་བཟླ་དང་བཞིར་བསྡུས་སོ། །དེ་དག་ཐམས་ཅད་ཀྱང་གནད་སྤྲོ་བ་དང་། གེགས་བསྡམ་པ་དང་། ངོ་སྤྲད་པ་དང་། མངོན་སུམ་རང་གནད་ལ་དབབ་པ་དང་གསུམ་དུ་བསྡུས་སོ། །དེ་དག་གཅིག་ཏུ་བསྡོམས་པས་ཆོས་ཀྱི་སྤྱི་ཆིངས་གལ་པོ་ཆེ་ལེགས་པར་བཤད་ཟིན་ཏོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། གྲུབ་པའི་མཐའ་རབ་ཏུ་དབྱེ་བ་སྟེ་རིམ་ཁང་བཞི་པའོ།། །།


previousརིམ་ཁང་བཞི་པ། གྲུབ་པའི་མཐའ་རབ་ཏུ་དབྱེ་བ།next