Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཅ༽

31 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]


31  collapse section
11   
 
  
  
 
 
  
  
རིམ་ཁང་བརྒྱད་པ། གདོད་མ་གཞིའི་གནས་ལུགས་བསྟན་པ།
 
  
  
  
  
 


31 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]

 
previousརིམ་ཁང་བརྒྱད་པ། གདོད་མ་གཞིའི་གནས་ལུགས་བསྟན་པ།next

རིམ་ཁང་བརྒྱད་པ། གདོད་མ་གཞིའི་གནས་ལུགས་བསྟན་པ།

དེ་ལྟར་དབང་དང་དམ་ཚིག་གི་རྒྱལ་པོ་རྒྱ་ཆེར་བསྟན་ནས། ད་ནི་སྙིང་པོ་དོན་གྱི་རང་བཞིན་གཏན་ལ་དབབ་པ་ལས། དང་པོ་གཞི་རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་དོན་དམ་པའི་བདེན་པ་གསང་སྔགས་རྡོ་རྗེའི་གནས་དཀའ་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་ངོ་བོ་བསྟན་པ་ལ་གཉིས་ཏེ། གཞི་བདུན་གྱི་རང་བཞིན་སྤྱིར་བསྟན་པ་དང་། བླ་ན་མེད་པའི་གཞི་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། གཞི་བདུན་གྱི་ངོ་བོ་མདོར་བསྟན་པ། མཐར་འཛིན་གྱི་གཞི་བདུན་སྐྱོན་ཅན་དུ་བསྟན་པ། ཀ་དག་ལྷུན་གྲུབ་དབྱེར་མེད་ཀྱི་གཞི་རང་གཞུང་དུ་དགོད་པའོ། །དང་པོ་ནི་སྤྱིར་རྫོགས་པ་ཆེན་པོའི་ལུགས་ཀྱིས་གཞིའི་འདོད་ལུགས་བདུན་དུ་བསྟན་པ་ནི། གྲུབ་པའི་མཐའ་སྨྲ་བའི་རང་གཞུང་སོ་སོས་འཛིན་པ་སྟེ། དེ་ཡང་གཞི་ཀ་དག་ཏུ་འདོད་པ། གཞི་ལྷུན་གྲུབ་ཏུ་འདོད་པ། གཞི་མ་ངེས་པར་འདོད་པ། གཞི་ངེས་པ་དོན་གྱི་དངོས་གཞི་པར་འདོད་པ། གཞི་ཅིར་ཡང་བསྒྱུར་དུ་བཏུབ་པར་འདོད་པ། གཞི་ཅིར་ཡང་ཁས་བླང་དུ་བཏུབ་པར་འདོད་པ། གཞི་སྣ་ཚོགས་སུ་འདོད་པ་དང་བདུན་ནོ། །དེ་དག་ཀྱང་ངོ་བོ་ཀ་དག་གི་ཕྱོགས་རེ་ལ་བཏགས་ནས་སོ་སོར་ཁས་བླངས་ཏེ། རང་བྱུང་གི་ཡེ་ཤེས་འདི་ལ། གང་ཡང་ཡོད་མེད་ཀྱི་ཁས་ལེན་མེད་ཅིང་། སྤྲོས་བྲལ་ཐིག་ལེ་ཆེན་པོའི་ཆ་ནས་གཞི་ཀ་དག་ཏུ་འདོད་པའོ། །རིག་པའི་ངོ་བོ་ལ་ཡོན་ཏན་རང་ཆས་སུ་ཡེ་ནས་གནས་པ་ཉི་མ་དང་ཟེར་གྱི་ཚུལ་དུ་ལྡན་ཞིང་དྲི་མ་མེད་པར་འདོད་པ་ལྷུན་གྲུབ་བོ། །རིག་པའི་ངོ་བོ་ལ་འདི་(༡༩༠)ཡིན་གཅིག་ཏུ་མ་གྲུབ་པས་ཕྱོགས་ཡན་སྤྲོས་མེད་ཆེན་པོར་འདོད་པ་མ་ངེས་པའོ། །རིག་པའི་ངོ་བོ་འཕོ་འགྱུར་མེད་པར་འདོད་པ་ངེས་པ་ཅན་ནོ། །རིག་པའི་ངོ་བོ་ལ་ཅིར་ཡང་འཆར་བར་འདོད་པས་ཅིར་ཡང་བསྒྱུར་དུ་བཏུབ་པར་འདོད་པའོ། །རིག་པའི་ངོ་བོ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་འབྱུང་བར་འདོད་པས་ཅིར་ཡང་ཁས་བླང་དུ་བཏུབ་པར་འདོད་པའོ། །རིག་པའི་ངོ་བོ་ལ་སྣང་ཚུལ་གོ་མ་འགགས་པར་སྣང་བར་འདོད་པས་སྣ་ཚོགས་སུ་འདོད་དེ་ཁྲ་བོ་ཞེས་བྱའོ། །འདི་དག་ཀྱང་རིག་པ་གཅིག་ལ་སོ་སོའི་འཐད་གཞུང་ཕྱོགས་རེ་མཐོང་ནས་བཞག་པ་ཡིན་ཏེ། ཐལ་འགྱུར་ལས། བབས་ལས་གྲུབ་པའི་གནས་ལུགས་ནི། །གནས་པ་བདུན་གྱི་ཚུལ་ལས་ཀྱང་། །སྣ་ཚོགས་ངོས་ནས་ལྷུན་གྲུབ་ལ། །འགྱུ་ཚད་ཆ་ནས་ངེས་མེད་དོ། །མི་འགྱུ་བ་ལས་ངེས་པ་ཅན། །སྣང་བའི་ཚད་ནི་ཅིར་ཡང་བསྒྱུར། །ཐམས་ཅད་འབྱུང་ཕྱིར་ཁས་ལེན་བཅས། །འཁྲུལ་པ་དག་ཕྱིར་ཀ་དག་ལ། །སྣང་ཚུལ་མཐའ་དག་ཁྲ་བོར་འདོད། །ཅེས་པ་དང་། ཀློང་དྲུག་པ་ལས། ཐོག་མ་བབས་ཀྱིས་གྲུབ་པའི་གཞི། །ཡོད་ནི་གཅིག་ལས་མེད་པ་ལ། །འཁྲུལ་པར་སྣང་བའི་ཕྱོགས་དག་ནས། །རྟོགས་པ་རྣམས་ཀྱིས་གཏན་ཕབ་ན། །རིམ་པ་བདུན་གྱི་ཚུལ་དུ་སྣང་། །རིམ་པ་བདུན་གྱི་སྣང་བ་ཡང་། །ངོ་བོ་གཅིག་གི་སྣང་ཚུལ་ལས། །གཅིག་མ་ཤེས་པས་དེ་ལྟར་སྣང་། །འོན་ཀྱང་དེ་དོན་འདི་ལྟ་སྟེ། །ལྷུན་གྲུབ་ཉིད་དུ་གནས་པ་ལ། །སྣ་ཚོགས་འདུས་པས་སྙིང་པོར་སྣང་། །ངེས་པ་མེད་པར་གནས་པ་ལ། །འགྱུ་བྱེད་ཡིད་བཅས་རྣམ་པར་སྣང་། །ངེས་པ་རང་ངོར་གནས་པ་ལ། །དྲན་བྱེད་འཕོ་བ་མེད་པར་སྣང་། །བསྒྱུར་དུ་བཏུབ་པར་གནས་པ་ལ། །འབད་དེ་བློ་ཡི་རྣམ་པར་སྣང་། །ཅི་ཡི་ངོ་བོར་གནས་པ་ལ། །གང་སྣང་རང་གི་ངོ་བོར་སྣང་། །ཁྲ་བོ་དག་ཏུ་གནས་པ་ལ། །སྣ་ཚོགས་སོ་སོའི་ཚུལ་དུ་སྣང་། །ཀ་ནས་དག་པར་གནས་པ་ལ། །དྲི་མ་ཡེ་ནས་མེད་པར་སྣང་། །འདི་ཀུན་བློ་ཡི་རིམ་པ་ལས། །རང་ངོ་ཀ་ནས་དག་པའོ། །ཞེས་སོ། །

གཉིས་པ་མཐར་འཛིན་གྱི་གཞི་བདུན་སྐྱོན་ཅན་དུ་བསྟན་པ་ནི། ལོང་བ་བདུན་གྱིས་གླང་པོ་ཆེ་བརྗོད་པ་ལྟར། རིག་པའི་ཕྱོགས་རེ་རྟོགས་པའི་ཆ་ལ་ཞེན་པའི་ཁས་ལེན་གཏིང་ཚུགས་པ་རེ་བཅས་ནས་འདོད་པས། དེ་དག་དགག་པ་ལ་དོན་བདུན་ལས། དང་པོ་ལྷུན་གྲུབ་ཏུ་འདོད་པ་དགག་པ་ལ། འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས་ལས། དང་པོ་ནི་ལྷུན་གྱིས་གྲུབ་པའི་གནས་ལུགས། རྒྱ་གར་ཡང་མ་ཆད། ཕྱོགས་གང་དུ་ཡང་མ་ལྷུང་བར་འདོད་དོ། །གཉིས་པ་ནི་དང་པོ་ནས་ལྷུན་གྱིས་གྲུབ་ན་འཁོར་བ་རྟག་ཏུ་འཁོར་བས་གྲོལ་བར་མི་རིགས་ཏེ་ལྷུན་གྲུབ་ཡིན་པའི་ཕྱིར་རོ། །མྱ་ངན་ལས་འདས་པའང་རང་ངོ་ཤེས་པ་ལ་སོགས་པའི་རྐྱེན་ལ་མི་ལྟོས་པར་ཐལ་ཏེ། དང་པོ་ནས་མྱང་འདས་སུ་ལྷུན་གྱིས་གྲུབ་པའི་ཕྱིར་རོ། །དེ་གཉིས་ཀྱི་གཞི་ལྷུན་གྲུབ་ཡིན་ནོ་ཞེས་པའང་མི་རིགས་ཏེ། ལྷུན་གྲུབ་ཡིན་ན་མི་འགྱུར་བས་འཁོར་འདས་འབྱུང་བར་མི་རིགས་སོ། །ཡང་ན་སུ་ཡང་འབད་མེད་དུ་གྲོལ་བར་འགྱུར་ཏེ། རྒྱུ་འབྲས་ཡེ་ནས་(༡༩༡)ལྷུན་གྲུབ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་རྒྱུ་འབྲས་དུས་མཉམ་པར་ཐལ་ལ། འདོད་ན་རྒྱུ་འཁོར་བ་ཡིན་དུས། འབྲས་བུ་མྱ་ངན་ལས་འདས་པ་མ་ཡིན་པས་གསལ་ལ། དེ་གཉིས་གཅིག་ན་འཁོར་བ་མྱང་འདས་སུ་ཐལ་ལ། མྱང་འདས་འཁོར་བར་ཐལ་ཏེ་དེ་གཉིས་གཅིག་ཡིན་པའི་ཕྱིར་རོ། །འདོད་ན་ཐ་དད་པར་མི་རུང་ལ། དག་མ་དག་འདུག་པས་གསལ་ལོ། །དེ་དག་དང་གཞན་ཡང་སྐྱོན་དུ་མ་གནས་ཏེ། ཀློང་དྲུག་པ་ལས། ལྷུན་གྲུབ་སྣ་ཚོགས་གཞི་དེ་ཡང་། །ཡང་དག་གཞི་ཉིད་མ་ལགས་ཏེ། །གལ་ཏེ་ཡིན་ན་འདི་ལྟར་འགྱུར། །འདི་དག་སེམས་ཅན་འབད་པས་ནི། །གྲོལ་བ་ཉིད་དུ་མི་འགྱུར་ཏེ། །མ་རིག་ཉིད་ཀྱིས་སྦགས་པའི་ཕྱིར། །རིག་པ་ཡོད་པས་གྲོལ་གསུངས་ན། །འབྲས་བུའང་གྲོལ་ཉིད་མི་འགྱུར་རམ། །དཔེར་ན་སོལ་བ་ནག་པོ་ལ། །བྱི་དོར་དག་གིས་དཀར་པོ་ཡི། །མདོག་ཏུ་བསྒྱུར་བར་མི་ནུས་བཞིན། །རྒྱུ་དང་འབྲས་བུ་ཐ་དད་པས། །ཡང་ན་ལྷུན་གྲུབ་མ་ལགས་སོ། །དེ་བཞིན་རྒྱུ་དང་འབྲས་གཅིག་ན། །འབད་པ་རྣམས་ལ་དགོས་མེད་འགྱུར། །དེ་ཕྱིར་ལྷུན་གྲུབ་ཅེས་པའི་གཞི། །དོན་ངོ་བཏུབ་པ་ལགས་མ་ལགས། །ཀུན་ཏུ་བཟང་པོས་བདག་ལ་གསུངས། །སྟོན་པས་གསུངས་པ་སེམས་དཔའ་ཆེ། །ཇི་ལྟར་ཁྱོད་ཀྱིས་གོ་བ་བཞིན། །འདི་ཉིད་ཤེས་བྱའི་ཆོས་ཙམ་ལས། །ཡང་དག་ངོ་བོ་མ་ཡིན་ནོ། །ཞེས་སོ། །

གཉིས་པ་ལའང་འདོད་པ་དགོད་པ་ནི། གཤིས་མ་གྲུབ་པས་མ་ངེས་ལ། རྐྱེན་གྱིས་བསྒྱུར་བས་མ་ངེས་ཏེ། སེམས་སྡེ་ལས། ངེས་མེད་མིང་གི་སྣ་ཚོགས་ལས། །དོན་ཀྱང་བཏགས་པ་ཙམ་གྱིས་སྟོང་། །རང་བཞིན་གཅིག་ཏུ་མ་ངེས་པས། །གང་ལྟར་བཏགས་པ་དེ་ལྟར་སྣང་། །ཞེས་སོ། །གཉིས་པ་དེ་དགག་པ་ནི། གཅིག་ཡིན་ན་གཅིག་མ་ཡིན་པ་དངོས་འགལ་རྫས་ཐ་དད་པའི་རིགས་པས་གནོད་དེ། གཞི་མ་ངེས་པ་དེ་འཁོར་བའི་འབྱུང་གཞི་ཡིན་ན་དེ་ཉིད་དུ་ངེས་པའི་ཕྱིར་རང་ཚིག་གིས་གསལ་ལ། མྱང་འདས་ཀྱི་གཞི་ཡིན་ནའང་གསལ་ལོ། །ཡང་གཞི་དེ་དག་པ་ཡིན་དུས་མ་དག་པ་མ་ཡིན་པས་རེས་འཇོག་མ་ངེས་པར་འདོད་པ་དང་འགལ་ལ། ཡང་དྲི་མ་དག་ནས་ཀྱང་མ་དག་པར་ལྡོག་པར་ཐལ་ཏེ། གཞི་ལ་མ་ངེས་ས་ཟིན་མེད་པའི་ཕྱིར་རོ། །ཡང་འཁོར་འདས་ཕན་ཚུན་འཆོལ་བར་ཐལ་ཏེ། གཞི་མ་ངེས་པས་གང་དུའང་འགྱུར་བ་ཡིན་པའི་ཕྱིར་རོ། །འདོད་ན་སེམས་ཅན་འབད་མེད་དུ་གྲོལ་ལ། སངས་རྒྱས་མ་དག་པར་ལོག་ནས་སྡུག་བསྔལ་ལ་སྤྱོད་པར་ཐལ་ལོ། །ཡང་གཞི་དེ་ངེས་པ་ཅན་དུ་ཐལ་ཏེ་མ་ངེས་པའོ་ཞེས་གཅིག་ཏུ་དམ་འཆའ་བར་ངེས་པའི་ཕྱིར་རོ། །དེ་དག་ལ་སོགས་པའི་སྐྱོན་དུ་མ་ཡོད་དེ། ཀློང་དྲུག་པ་ལས། མ་ངེས་པ་ཡི་གཞི་གསུངས་པ། །འདི་ཡང་གཞི་ཉིད་མི་བཏུབ་པར། །བདག་གིས་བློ་རིམ་འདི་ལྟར་གོ། །འབྲས་བུ་རེས་འཇོག་ཅན་ཉིད་དམ། །ཡང་ན་ལྡོག་བཅས་ཉིད་དུ་འགྱུར། །མ་ངེས་ངེས་པ་ཅན་འགྱུར་ཞིང་། །མ་ངེས་པ་ནི་ངེས་ཅན་འགྱུར། །རང་གི་མ་ངེས་རང་ཡོད་པས། །ངེས་པ་ཡིན་ན་ལས་མཐའ་བཞིན། །འདི་ཀུན་ཤེས་བྱ་མ་ལགས་སམ། །སྟོན་པས་གསུངས་པ་དེ་(༡༩༢)བཞིན་ནོ། །ཞེས་སོ། །

གསུམ་པ་ལ་འང་འདོད་པ་བརྗོད་པ་ནི། ངོ་བོ་ལ་འགྱུར་བ་མེད་པས་ནམ་མཁའ་ལྟ་བུ། སྣང་ཚུལ་བསྒྱུར་དུ་མི་བཏུབ་པ་མེ་དང་ཆུ་ལྟ་བུར་ངེས་པར་འདོད་དོ། །གཉིས་པ་དེ་དགག་པ་ནི། ངོ་བོ་ལ་མེད་སྣང་ཚུལ་བསྒྱུར་དུ་མི་བཏུབ་པས། གཞི་དེ་ལས་འཁོར་བ་འབྱུང་བར་མི་འཐད་ཅིང་། སུ་ཡང་གྲོལ་བར་མི་རུང་ངོ་། །མྱང་འདས་ཐོག་མ་ནས་ཡོད་ན་མུ་སྟེགས་རྟག་པ་པ་དང་ཁྱད་མེད་ལ་རྒྱུ་རྐྱེན་ལས་གྲོལ་བར་འདོད་པ་དང་འགལ་ལོ། །འཁོར་བའི་ངོ་བོ་མྱང་འདས་ཡིན་པས་མི་འགྱུར་ཞེས་འདོད་ནའང་། ངོ་བོ་མྱང་འདས་ཡིན་ན་གཟོད་གྲོལ་མི་དགོས་ཏེ། མེ་ཚ་བར་ད་གཟོད་བསྒྱུར་མི་དགོས་པ་བཞིན་ནོ། །བློ་སྣང་ལ་དགོས་སོ་ཞེ་ན། སྣང་ཚུལ་བསྒྱུར་མི་བཏུབ་པ་དང་འགལ་ལོ། །འཁོར་བའི་སྣང་ཚུལ་ཡིན་གྱི། གཞིའི་སྣང་ཚུལ་མིན་ནོ་ཞེ་ན། གཞི་དེ་གཉིས་བཅས་སུ་ཐལ་ཏེ། གཞི་ལས་ལོགས་ན་འཁོར་བའི་སྣང་ཚུལ་ཡོད་པའི་ཕྱིར་རོ། །ཡང་གཞི་དེ་རྟོགས་ནས་ངེས་པར་འདོད་ན་གཞིར་མི་རུང་སྟེ། རྟོགས་པའི་སྔོན་དུ་རྟོགས་གཞི་ཡོད་ལ། དེ་ནས་རྟོགས་པའི་བློ་བྱུང་བའི་ཕྱིར་རྟོགས་པ་ལ་གཞི་མི་ལྟོས། གཞི་ལ་རྟོགས་པའི་བློ་ལྟོས་ཀྱང་། རྟོགས་པའི་སྔོན་ནས་ཡོད་དགོས་པས་ཁྱབ་བོ། །མ་རྟོགས་ཀྱང་གཞི་ཡིན་ན་གཞི་ཡིན་པར་གང་གིས་ཤེས། བློས་ཤེས་ན་མ་རྟོགས་ཀྱང་གཞི་ཡིན་པ་བུད་དོ། །དེ་དག་ལ་སོགས་པའི་སྐྱོན་དམིགས་པ་ཡང་། ཀློང་དྲུག་ལས། ངེས་པའི་གཞི་ཞེས་བསྟན་པ་ལ། །འདི་ཡང་ཡང་དག་སྙིང་པོ་མིན། །དཔེར་ན་མིག་སེར་ཅན་དག་ལ། །དུང་ལ་སེར་པོར་སྣང་བ་བཞིན། །རང་ལ་ལྡོག་པའི་ཁྱད་ཀྱིས་ནི། །རང་གཞན་གཉིས་མེད་ངེས་མཐའ་བྲལ། །དེ་ཕྱིར་དེ་ཡང་ཡང་དག་མིན། །ཡང་ན་རྒྱུར་ངེས་འབྲས་ངེས་པས། །བདག་རྟག་པ་དང་ཁྱད་མེད་འགྱུར། །འདི་ཡང་ཤེས་བྱ་མ་ལགས་སམ། །གསུངས་པ་དེ་ཡང་གོང་དང་མཚུངས། །ཞེས་སོ། །

བཞི་པ་ལའང་འདོད་པ་བརྗོད་པ་ནི། ངོ་བོ་ཕྱོགས་དང་རིས་སུ་མ་ཆད་ལ། །སྣང་ཚུལ་ཅིར་ཡང་བསྒྱུར་དུ་བཏུབ་པའོ། །གཉིས་པ་དེ་དགག་པ་ནི། གཞི་བསྒྱུར་དུ་བཏུབ་ན་དག་པ་སངས་རྒྱས་ཀྱང་མ་དག་པ་འཁྲུལ་པར་འགྱུར་ལ། སུས་ཀྱང་མ་འབད་པར་སེམས་ཅན་སངས་རྒྱས་སུ་བསྒྱུར་ནས་གྲོལ་བར་ཐལ་ལོ། །ཡང་འབྲས་བུ་རྒྱུར་ལྡོག་པར་ཐལ་ཏེ། འགྱུར་བའི་གཞི་ཡིན་པའི་ཕྱིར་རོ། །ཡང་ས་སོགས་བེམ་པོའང་རིག་པར་འགྱུར་ལ། རིག་པའང་བེམ་པོར་འགྱུར་བར་ཐལ་ལོ། །ཡང་ངོ་བོ་རིས་སུ་མ་ཆད་པ་དེ་བསྒྱུར་རམ། གཞན་བསྒྱུར། ངོ་བོ་བསྒྱུར་ན་ངོ་བོ་གཞིར་མི་རུང་སྟེ། གཞི་ལས་གཞན་པའི་ཆོས་སུ་བསྒྱུར་བའི་ཕྱིར་རོ། །གཞན་བསྒྱུར་ན་ངོ་བོ་གང་དུ་ཡང་བསྒྱུར་བའི་དམ་བཅའ་ཉམས་སོ། །ཡང་རྟག་པ་བསྒྱུར་རམ། མི་རྟག་པ་བསྒྱུར། རྟག་པ་བསྒྱུར་དུ་མི་རུང་སྟེ་ནམ་མཁའ་བཞིན། མི་རྟག་པ་བསྒྱུར་མི་དགོས་ཏེ་འགྱུར་ཟིན་པའི་ཕྱིར། ཡང་དུས་གསུམ་གྱི་རིགས་པས་འདས་མ་འོངས་བསྒྱུར་རྒྱུར་མེད་དེ་དངོས་མེད་ཡིན་ལ། ད་ལྟའི་སྔ་ཆ་འགགས། ཕྱི་ཆ་མ་སྐྱེས་པས་མེད་པའི་ཕྱིར། (༡༩༣)བསྒྱུར་རྒྱུ་མ་དམིགས་པས་གཞི་ཅིར་ཡང་བསྒྱུར་དུ་བཏུབ་པ་དེ་མི་འཐད་དེ། དེ་ཉིད་ལས། བསྒྱུར་དུ་བཏུབ་ཅེས་སྔར་གསུངས་པ། །རང་གི་གནས་ལུགས་བསྒྱུར་བཏུབ་ན། །འདི་ཡང་ངེས་པ་མེད་པར་མཚུངས། །འབྲས་བུ་ཉིད་ནི་རྒྱུར་ལྡོག་ཕྱིར། །འབད་པ་རྣམས་ལ་དགོས་མེད་པས། །ཡང་དང་ཡང་དུ་ལྡོག་པས་ན། །བེམ་པོ་རྣམས་ནི་རིག་པས་སུ། །འགྱུར་བར་བཏུབ་པ་མ་ཡིན་བཞིན། །འདི་ཡང་ཤེས་བྱ་མ་ལགས་སམ། །གསུངས་པ་དེ་ཡང་དེ་བཞིན་ནོ། །ཞེས་སོ། །

ལྔ་པ་ལའང་འདོད་པ་བརྗོད་པ་ནི། རིག་པའི་ངོ་བོ་ལ་ཕྱོགས་མེད་ཀུན་ཏུ་ཤར་བས་ཅིར་ཡང་ཁས་ལེན་པའོ། །གཉིས་པ་དེ་དགག་པ་ནི། ཅིར་ཡང་ཁས་ལེན་པ་དེ། གཞི་དེ་ལས་གནས་པ་ཁས་ལེན་ནམ། མི་གནས་པ་ཁས་ལེན། དང་པོ་ལྟར་ན་རྟག་དངོས་མི་རྟག་དངོས་གཉིས་ལྷན་ཅིག་གྲུབ་པར་ཐལ་ཏེ། མི་རྟག་པ་སྣང་ཙམ་དུ་གནས་པའི་ཕྱིར་རོ། །མི་རྟག་པ་གྲུབ་ཀྱང་རྟག་དངོས་མ་གྲུབ་ཅེ་ན། ཅིར་ཡང་ཁས་ལེན་དུ་བཏུབ་པ་ཉམས་སོ། །དེ་བཞིན་དུ་འཁོར་བ་འབད་མེད་དུ་གྲོལ་བ་དང་། གྲོལ་བ་རྣམས་ལྡོག་པར་ཐལ་ཏེ། ཅིར་ཡང་ཁས་ལེན་པའི་ཕྱིར་རོ། །གཉིས་པ་ལྟར་ན་རི་བོང་གི་རྭ་དང་མོ་གཤམ་གྱི་བུས་འཁོར་འདས་བྱས་པ་ཡང་ཁས་ལེན་པ་ལ་སོགས་པ་ཐུག་པ་མེད་པའི་སྐྱོན་དམིགས་ཏེ། དེ་ལས། ཁས་ལེན་རྣམས་དང་ལྡན་པར་ནི། །སྟོན་པ་ཉིད་ཀྱིས་སྔར་གསུངས་པ། །འདི་ཀུན་ཕྱོགས་ཀྱི་འཕེན་པ་ཙམ། །ཐམས་ཅད་ཡིན་ངོར་བསྒྲུབ་པའི་ཕྱིར། །ཐུག་པ་མེད་པའི་སྐྱོན་འགྱུར་བས། །འདི་ཡང་ཤེས་བྱ་མ་ལགས་སམ། །སྟོན་པས་གསུངས་པ་སྔར་དང་མཚུངས། །ཞེས་སོ། །

དྲུག་པ་ལའང་ཁས་བླངས་བརྗོད་པ་ནི། ངོ་བོ་ཀུན་ཏུ་ཤར་བས་སྣང་ཚུལ་ཁྲ་བོ་སྣ་ཚོགས་ཤར་བར་འདོད་པའོ། །གཉིས་པ་དེ་དགག་པ་ནི། སྣ་ཚོགས་དེ་ཕྱི་སྣང་བ་ལ་འདོད་དམ། ནང་ཤེས་པ་ལ་འདོད་དམ། དེ་གཉིས་ཚོགས་པ་ལ་འདོད། དང་པོ་ལྟར་ན། སྣང་བ་སྣ་ཚོགས་པ་ལྟར་གཞི་གཅིག་པོ་དེ་ཡང་སྣ་ཚོགས་སུ་ཕྱིར་ཤར་བའི་སྐྱོན་ཡོད་ལ། གཉིས་པ་ལྟར་ན་ཤེས་པ་སྐད་ཅིག་མ་བཞིན་དུ་གཞི་སྐད་ཅིག་མར་ཐལ་བ་དང་། ཤེས་པ་སྙམ་བྱེད་རྟོག་པ་དུ་མ་ལྟར་གཞི་ཡང་དེར་ཐལ་བ་དང་། ཤེས་པ་ཉོན་མོངས་རྐྱེན་དབང་ཅན་ལྟར་གཞི་ཡང་དེར་ཐལ་ལོ། །གསུམ་པ་ལྟར་ན་གཞི་ཕྱི་ནང་དུ་ཐལ་བ་དང་། གཞི་གཟུང་འཛིན་དུ་ཐལ་བ་དང་། གཞི་ཚོགས་དྲུག་སྤང་བྱ་ཕྱོགས་གཅིག་པར་ཐལ་ལོ། །ཡང་གཞི་ཞེས་དབྱིངས་གཅིག་ཏུ་མི་འཐད་ཏེ། མང་པོ་ཚོགས་པ་ཡིན་པའི་ཕྱིར་རོ། །དེ་དག་ལ་སོགས་པའི་སྐྱོན་ནི། ཀློང་དྲུག་ལས། སྟོན་པས་གོང་དུ་ཁྲ་བོར་གསུངས། །འདི་ཡང་ཕྱོགས་དང་མི་འཐད་པས། །གང་གི་ངོ་བོ་དེ་སྣང་བ། །འབྲས་བུ་ཐ་དད་དོན་དེ་མཚུངས། །མང་བའི་སྒྲ་ཡིས་ཉམས་པའི་ཕྱིར། །འདི་ཡང་ཤེས་བྱ་མ་ལགས་སམ། །གསུངས་པ་དེ་ཡང་དེ་བཞིན་ནོ། །ཞེས་སོ། །

བདུན་པ་ལའང་འདོད་པ་བརྗོད་པ་ནི། རིག་པ་རང་བྱུང་གི་ཡེ་ཤེས་ནི་ཡོད་མེད་ཀྱི་མཐའ་དང་བྲལ་(༡༩༤)བས་ཡེ་ཤེས་ཙམ་དུའང་གྲུབ་པ་མེད་དེ། སྤྲོས་བྲལ་ཐིག་ལེ་ཆེན་པོའི་ཆ་ནས་གང་དུའང་མ་གྲུབ་པར་འདོད་དོ། །གཉིས་པ་དེ་དགག་པ་ནི། དེ་ལྟར་ཅིར་ཡང་མ་གྲུབ་ཡེ་ཤེས་ཙམ་དུའང་མེད་ཀ་ནས་དག་པས་གང་དུའང་བཞག་ཏུ་མེད་པའི་གནས་ལུགས་ཅི་ཡང་མེད་ན་འཁོར་འདས་འབྱུང་བའི་དབྱིངས་སུ་འགལ་ལ། ཡེ་ཤེས་མེད་ན་སངས་རྒྱས་དང་སེམས་ཅན་གྱི་རྣམ་གྲོལ་མེད་པས་གཞི་རྟོགས་ནས་གྲོལ་བ་ཡང་མི་རིགས་ལ། ཕྲ་བའི་འོད་ལྔ་མེད་ན་གཞི་སྣང་འཆར་བའི་རྒྱུ་མེད་པས་དེའི་ངང་ལས་གཞི་སྣང་མི་རིགས་པའི་ཕྱིར། མ་རྟོགས་འཁྲུལ་པའི་སེམས་ཅན་མི་རིགས་ཏེ། ཀློང་དྲུག་པ་ལས། ངོ་བོ་ཉིད་ལ་ཡེ་དག་པས། །སེམས་ཅན་འཁོར་བ་འདི་མི་རིགས། །མ་རིག་དྲི་མ་ཡེ་ཟད་ཕྱིར། །ཅེས་པས་སྔར་གྱི་གཞི་དྲུག་དང་མཚུངས་སོ། །

གསུམ་པ་ཀ་དག་ལྷུན་གྲུབ་དབྱེར་མེད་ཀྱི་གཞི་རང་གཞུང་དུ་འགོད་པ་ལ་དོན་དངོས་དང་། དེ་ལ་རྩོད་པ་སྤང་བ་གཉིས་ལས། དང་པོ་ནི་ངོ་བོ་ཀ་དག་ལ་ལྷུན་གྲུབ་གཏིང་གསལ་དུ་ཡོད་པས་དབྱེར་མེད་ཀྱི་ཆའི་ངོ་བོ་ཀ་དག་གི་རིག་པ་དངོས་པོ་དང་མཚན་མར་མ་གྲུབ་ལ། རང་བཞིན་ལྷུན་གྲུབ་ཀྱི་འོད་གསལ་ཕྲ་བ་ནང་གསལ་དུ་གནས་པ་སྟེ། སྣང་བའི་ངོ་བོ་སྟོང་ལ་སྟོང་པའི་རང་བཞིན་གསལ་བ་གསལ་བའི་སྙིང་པོ་རིག་པ་སྟེ་སྐུ་དང་ཡེ་ཤེས་ཡེ་ནས་འདུ་འབྲལ་མེད་པ་ཉི་མའི་སྙིང་པོ་ལྟར་གནས་ཏེ། ངོ་བོ་ཀ་ནས་དག་ལ་རང་བཞིན་ལྷུན་གྱིས་གྲུབ་པ་དབྱེར་མེད་དུ་འདོད་དེ། རང་ཤར་ལས། གཞི་ལ་རྣམ་པ་གཉིས་སུ་གསུངས། །ཀ་དག་ཆེན་པོའི་གཞི་དང་ནི། །ལྷུན་གྲུབ་སྣ་ཚོགས་གཞི་རུ་འདོད། །ཅེས་པ་དང་། ཀློང་དྲུག་པ་ལས། ངོ་བོ་ཉིད་ལ་ཀ་དག་ལས། །རང་བཞིན་དུ་ནི་ལྷུན་གྲུབ་བོ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། ངོ་བོ་ཀ་དག་བརྗོད་གཞི་བྲལ། །རང་བཞིན་ལྷུན་གྲུབ་ཅིར་སྣང་རྫོགས། །ཞེས་སོ། །གཉིས་པ་དེ་ལ་རྩོད་པ་སྤང་བ་ལ་གྲངས་དང་རང་ངོ་གཉིས་ལས། དང་པོ་ལ་རྩོད་ལན་གཉིས་ལས། རྩོད་པ་ནི། གཞི་བརྒྱད་དུ་ཐལ་ཅེས་པའི་ལན་ནི་ཀ་དག་དང་ལྷུན་གྲུབ་དབྱེར་མེད་དུ་འདོད་ཀྱི་དེ་ནི་གཞི་བདུན་དུ་འདུ་བས་དེ་ལས་ལོགས་པ་མི་འདོད་པའི་ཕྱིར། གཞི་བརྒྱད་དུ་ཐལ་བའི་སྐྱོན་མེད་དོ། །ཡང་རང་ངོ་ཀ་ནས་དག་པའོ་ཞེས་པ་དང་མི་འགལ་ཏེ། ངོ་བོ་ཀ་དག་ཏུ་འདོད་པས་འབྲེལ་པ་ཡིན་ནོ། །

གཉིས་པ་རང་ངོ་ཀ་དག་དང་ལྷུན་གྲུབ་དབྱེར་མེད་ལ་རྩོད་པ་དང་ལན་གཉིས་ལས། དང་པོ་རྩོད་པ་འགོད་པ་ནི། ཀ་དག་དང་ལྷུན་གྲུབ་སོ་སོ་ལ་སྐྱོན་ཡོད་པས་རང་གི་ངོ་བོ་ཀ་དག་ཡིན་ན་འཁོར་བ་ཡོད་མ་མྱོང་བས་སེམས་ཅན་འཁྲུལ་པ་འབྱུང་བ་མི་རིགས་པར་ཐལ་ཞིང་། རང་བཞིན་ལྷུན་གྲུབ་ཡིན་པས་སུ་ཡང་འབད་མེད་དུ་ཡེ་གྲོལ་བར་ཐལ་བ་དང་། ཀ་དག་དང་ལྷུན་གྲུབ་གཞི་གཅིག་ལ་རྫས་འགལ་བར་ཐལ་བའོ། །ལན་ནི་ངོ་བོ་ཀ་ནས་དག་པས་སེམས་ཅན་འཁོར་བ་མེད་ཀྱང་། ལྷུན་གྲུབ་ཀྱི་རྩལ་ལམ་རོལ་པ་ཙམ་ལས་དེ་ལྟར་སྣང་བ་མི་འགལ་ཏེ། གཉིད་དུ་འགྲོ་ཁ་དང་གཉིད་དུས་ཀྱི་ཤེས་པའི་རང་ངོ་ལ་རྨི་ལམ་མེད་ཀྱང་། (༡༩༥)སྣང་ངོ་ལ་རྟ་གླང་དུ་སྣང་བ་མི་འགལ་བ་བཞིན་ནོ། །ཡང་སེམས་ཅན་དུ་སྣང་བའང་སྒྱུ་མའི་རོལ་པ་ཙམ་ལས་དོན་གྱི་ངོ་བོ་ལ་མ་གྲུབ་པས་ཡེ་གྲོལ་ཟིན་ལ། ཀུན་རྫོབ་སྣང་ཚོད་དུ་མིག་སྔགས་ཀྱི་ནུས་པས་རྟ་གླང་དུ་སྣང་བ་གྲོལ་བ་ལ། འབད་མེད་རང་སར་བཞག་པས་ངང་གིས་རང་གནས་ཤིང་བུ་རྡེའུར་ལོག་པ་ལྟར། དབྱིངས་སུ་གྲོལ་བར་སྣང་དུས་ནས་ལོག་པར་སྣང་བ་ལོག་པ་ཙམ་ལས། གྲོལ་གྲོལ་པོ་གསར་བྱུང་ཅི་ཡང་མེད་དེ་འཆིང་བ་མ་གྲུབ་པའི་ཕྱིར་རོ། །ཡང་སྣང་ངོ་ཀུན་རྫོབ་ཀྱི་ཆ་ནས་ལྷུན་གྲུབ་ལ། སྟོང་ངོ་དོན་དམ་གྱི་ཆ་ནས་ཀ་དག་ཏུ་ཚིག་གིས་བརྗོད་པ་ཙམ་ལས། དེ་གཉིས་རྫས་ཐ་དད་དུ་མེད་པས་སོ་སོར་མི་འགྱུར་ཏེ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་བྲམ་ཟེ་ཡིན་པས་མི་ཡིན་ལ། སྡོམ་ལྡན་ཡིན་པས་རབ་ཏུ་བྱུང་བ་ཡིན་པ་གཉིས་མི་འགལ་བ་བཞིན་ནོ། །དེ་དག་གི་རྩོད་ལན་ཡང་། ཀློང་དྲུག་པ་ལས། ངོ་བོ་ཉིད་ལ་ཀ་དག་པས། །སེམས་ཅན་འཁོར་བ་འདི་མི་རིགས། །མ་རིག་དྲི་མ་ཡེ་ཟད་ཕྱིར། །སྟོན་པས་གསུངས་པ་སེམས་དཔའ་ཆེ། །རང་བཞིན་ལྷུན་གྱིས་གྲུབ་པའི་ཕྱིར། །དེ་ཡང་མ་འགགས་རོལ་པར་སྣང་། །སེམས་དཔའ་ཉིད་ཀྱིས་ཡང་གསོལ་བ། །རང་བཞིན་ཉིད་ལ་ལྷུན་གྲུབ་ན། །སེམས་ཅན་འདི་དག་རང་གྲོལ་རིགས། །ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར། །གསུངས་པ་སེམས་ཅན་འདི་དག་ནི། །ངོ་བོ་ཀ་ནས་དག་པའི་ཕྱིར། །གྲོལ་བ་རྣམས་ཀྱང་རོལ་པར་སྣང་། །བྱང་ཆུབ་སེམས་དཔའ་ཡང་གསོལ་བ། །ངོ་བོ་ཉིད་ནི་ཀ་དག་པས། །ལྷུན་གྲུབ་ལ་ཡང་དགོས་མེད་འགྱུར། །ཡང་ན་ལྷུན་གྱིས་གྲུབ་པའི་ཕྱིར། །ཀ་ནས་དག་པ་མེད་པར་འགྱུར། །སྟོན་པས་གསུངས་པ་འདུག་ཚུལ་ལ། །གང་གིས་བརྗོད་པའི་ཚིག་མེད་པས། །བརྗོད་པའི་སྒྲ་ཚིག་དང་བྲལ་བས། །ཅི་ཡི་ངོ་བོར་གྲུབ་མེད་ཕྱིར། །ཚིག་གིས་འདི་ལ་གནོད་པ་བྲལ། །སེམས་ཅན་བདག་འཛིན་བློ་ཡུལ་ལ། །སྣ་ཚོགས་དྲན་བསམ་མ་འགགས་པས། །ཚིག་གནོད་ངོ་བོ་ཁྱད་པར་མེད། །དོན་དམ་ཀུན་རྫོབ་ཐ་སྙད་ཕྱིར། །ཅེས་སོ། །

དོན་གཉིས་པ་བླ་ན་མེད་པའི་གཞི་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ཐུན་མོང་དུ་མདོར་བསྟན། སོ་སོའི་ཆ་ལས་རྒྱས་པར་བཤད། དོན་བསྡུ་བའོ། །

དང་པོ་ནི། ཐོག་མའི་གཞི་ངོ་བོ་ཀ་ནས་དག་པ་ཤེལ་གོང་དྲི་མ་མེད་པ་ལྟར་དངོས་པོ་དང་མཚན་མར་མ་གྲུབ་པའི་རང་བཞིན་ལྷུན་གྱིས་གྲུབ་པ་དཀར་པོའི་ནང་ན་ཕྲ་བའི་རང་འོད་གཏིང་གསལ་དུ་ཡོད་ཀྱང་རྐྱེན་མེད་པས་ཕྱིར་མི་སྣང་བའི་ཕྱིར། ཕྱི་རྒྱ་མ་རལ་བ་གཞོན་ནུ་བུམ་པ་སྐུའི་གནས་ལུགས་སུ་བཞུགས་ཏེ། ངོ་བོ་ཀ་ནས་དག་པས་སྟོང་ལ། དངོས་པོ་མེད་ཀྱང་ཕྲ་བའི་རིག་པ་ཡེ་གདངས་ཀྱི་རང་འོད་ནི་མ་བཀག་པར་རང་ཆས། རང་བཞིན་ལྷུན་གྱིས་གྲུབ་པས་སྣང་བ་ཐམས་ཅད་ཀྱི་འཆར་གཞིར་གནས་ཀྱང་། རང་ངོ་ཕྱིར་གསལ་དུ་མཚན་མ་རིས་ཅན་གྱི་འོད་དང་སྐུ་དང་ཁ་དོག་ནི་མི་སྣང་བ་སྟེ། ངོ་བོ་ཀ་དག་གི་ཀློང་ན་རང་བཞིན་ལྷུན་གྲུབ་ཀྱི་ཡེ་གདངས་གཏིང་གསལ་ཕྲ་བའི་རང་འོད་ཡེ་ཤེས་དང་བཅས་(༡༩༦)པ། གཅིག་དང་། ཐ་དད་དང་། སོ་སོ་མ་ཡིན་པའི་ཚུལ་གྱིས་འོད་གསལ་བའི་དམ་པ་ལྷུན་གྲུབ་རིན་པོ་ཆེའི་སྦུབས། གཞོན་ནུ་བུམ་པ་སྐུའི་ཞིང་། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་དམ་པར་བཞུགས་སོ། །ངོ་བོ་སྟོང་པས་དངོས་པོ་དང་མཚན་མར་མ་གྲུབ། རང་བཞིན་གསལ་བས་ཡེ་གདངས་སྣང་བའི་རང་ངོ་མ་དོར། ཐུགས་རྗེ་རིག་པས་མཁྱེན་པ་ཡེ་ཤེས་སུ་རྒྱས་པའི་འཆར་གཞི་མ་འགགས་པར་གནས་ཏེ། བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད་ལས། རྟོགས་པའི་སངས་རྒྱས་མ་བྱུང་། མ་རྟོགས་པའི་སེམས་ཅན་མ་བྱུང་བའི་སྔ་རོལ་ན། རིག་པ་རང་བྱུང་གི་ཡེ་ཤེས་གཞི་ལས་མ་གཡོས་ཏེ། རྐྱེན་མེད་པའི་སྣང་བ་གསུམ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་ཡང་རིག་པའི་ཡེ་ཤེས་ཉིད་ཀྱིས། རང་གི་འདུག་ཚུལ་གྱི་གནས་ལུགས་འདི་གསུངས་སོ། །ཀྱེ་སྣང་བ་ཆེན་པོ་ཡངས་པའི་ཀློང་འདི་ནི་མ་གཡོས་པའི་ཆོས་ཀྱི་སྐུ་ཆེན་པོ་ལས། མ་འཁྲུལ་པའི་སངས་རྒྱས་ཆེན་པོར་བཞུགས་སོ། །ངོ་བོའི་སྐུ་མ་འགགས་པར་གནས་ཏེ། ངོ་བོ་མི་འགྱུར། ཐབས་གསང་བ། མ་གཡོས། མི་གཡོ། མ་བསྐྱོད་པ། སྣང་བ་ཐམས་ཅད་དུས་གཅིག་ལ་རྫོགས་པ། ཡེ་ཤེས་ཐམས་ཅད་སྐད་ཅིག་ལ་རྫོགས་པ། སྐུ་ཐམས་ཅད་སྨིན་པར་གནས་པ། འོད་ཀྱི་སྣང་བ་ཐམས་ཅད་མ་བསྒྲིབས་པར་གསལ་བ། གནས་ལུགས་ཀྱི་སྣང་བ་ལ། སྣང་ཐབས་ཀྱིས་མ་བསྒྲིབས་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་རྒྱ་མ་ཆད་པར་ཡོངས་སུ་རྫོགས་པ་ཆེན་པོའོ། །ངོ་བོའི་གནས་ལུགས་ཆེན་པོ་དེ་ཡང་སྐུ་ལྟར་གནས་ལ། ཁ་མིག་རྣ་བར་དོད་པ་ནི་ཅང་མི་བཞུགས། སྟོང་པ་ལྟར་གནས་པ་ལ་བེམ་སྟོང་ལྟར་ཅང་མི་བཞུགས། འོད་ལྔ་ལྟར་སྣང་བ་ཆེན་པོ་ལ། ཁ་དོག་ཏུ་ཕྱེ་བ་ནི་ཅང་མི་བཞུགས། རྒྱ་མ་ཆད་པར་སྣང་བ་ལ་འབྲེལ་པ་ལྟར་ཅང་མི་བཞུགས། མཐའ་དབུས་མེད་པ་ལྟར་དམིགས་ལ། ཕྱོགས་སུ་དམིགས་པ་ནི་ཅང་མི་བཞུགས། ཆ་ཡིས་མ་གོས་པ་ལྟར་སྣང་བ་ལ། རིས་སུ་ཕྱེ་བ་ནི་ཅང་མི་བཞུགས། རྒྱན་མ་འགགས་པ་ལྟར་སྣང་ཞིང་། དཔངས་མཐོ་བ་ལ་སྟེང་འོག་ཏུ་སྣང་བ་ནི་གང་ཡང་མེད་དོ། །རང་བཞིན་གྱི་སྣང་བ་ནི། ཡངས་པ་ལྟར་སྣང་བ་ལ་ཕྱོགས་ལྷུང་མེད་པ། གསལ་བ་ལྟར་སྣང་བ་ལ་དངོས་པོ་མེད་པ། མཐིང་ག་ལྟར་སྣང་བ་ལ་ཆ་མ་ཕྱེ་བ། དཀར་བ་ལྟར་སྣང་བ་ལ་རིས་མི་འཛིན་པ། སེར་པོ་ལྟར་སྣང་བ་ལ་ཡོན་ཏན་རྫོགས་པ། དམར་པོ་ལྟར་སྣང་བ་ལ་གོ་མ་འགགས་པ། ལྗང་གུ་ལྟར་སྣང་བ་ལ་ཡོན་ཏན་རྫོགས་པ། སྣ་ལྔ་ཉིད་དུ་གནས་པ་ལ་ཁ་དོག་མི་འཛིན་པ་ཆེན་པོ། བཟླུམ་པ་ལ་དབྱིབས་མེད་པ། མ་འགགས་པ་ལ་རྐྱེན་མེད་པ། ཁྱབ་པ་མེད་པ་ལ་རང་གདངས་ཆེན་པོ། རང་གསལ་བ་ལ་ཕྱི་ནང་དང་བཅས་པ། རྩོལ་སྒྲུབ་མེད་པ་ལ་བབས་ཀྱིས་གྲུབ་པའོ། །ཐུགས་རྗེའི་སྣང་བ་ནི། སྟོང་པ་ལྟར་སྣང་བ་ལ་གསལ་བ་མ་འགགས་པ། སྤྲོས་པ་མེད་པ་ལ་སྤྲོས་པ་ཆེན་པོ། རང་བཞིན་མ་འགགས་པ་ལ་སྣ་ཚོགས་མ་ངེས་པ་(༡༩༧)ཆེན་པོ། གསལ་བ་ལ་མུན་པ་མེད་པ། མ་འགགས་པས་མེད་པ་ཆེན་པོ། བབས་ཀྱིས་སྟོང་པ་ལ་ཀུན་ཏུ་འཆར་བ་ཆེན་པོ། མ་འདྲེས་པ་ལ་ཡོངས་སུ་སྣང་བ་ཆེན་པོ། ཀུན་ལ་ཁྱབ་པ་ལ་གཅིག་ཏུ་འདུས་པ་ཆེན་པོ། དག་པ་ལ་འཁྲུལ་པ་མ་འགགས་པ་ཆེན་པོ། རྫོགས་པ་ལ་གཅིག་སྣང་བ་ཆེན་པོ། ཐུགས་རྗེ་གོ་མ་འགགས་པར་བཞུགས་སོ་ཞེས་པ་དང་། ཐལ་འགྱུར་ལས། ཐོག་མའི་ངོ་བོ་རང་བཞིན་དང་། །ཐུགས་རྗེ་རྣམ་པ་གསུམ་དུ་གནས། །དེ་ཡང་ངོ་བོ་སྐུར་གནས་པས། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་ཆར། །མ་ཕྱེ་འབྱེད་པ་མེད་པའི་ཚུལ། །བབས་ལས་གྲུབ་པ་ཉིད་ལ་ཡང་། །སྐུ་མདོག་ལ་སོགས་བློ་ཡུལ་མེད། །རང་བཞིན་འཆར་བྱེད་འོད་ཀྱི་ཚུལ། །དཀར་དམར་སེར་དང་ལྗང་མཐིང་ནི། །མཚན་མ་རིས་ཅན་མ་ཡིན་པར། །རིས་མེད་ཤེས་བྱའི་བབས་ལས་གྲུབ། །ཐུགས་རྗེ་འཆར་བ་སྣ་ཚོགས་ལས། །འདི་འདྲ་གཅིག་ཏུ་ངེས་མེད་པས། །སྣ་ཚོགས་སྣང་ཕྱིར་གཞི་ཞེས་བྱ། །ཞེས་སོ། །དེ་ཡང་ངོ་བོ་ཀ་དག་གི་ལྡོག་པ་ནས་གཞལ་ན་གང་ཡང་མ་གྲུབ་པས་ཕྱིར་གསལ་གྱི་ཆ་ལ་འོད་དང་སྐུ་མདོག་ལ་སོགས་པ་རིས་ཅན་དུ་མ་གྲུབ་ཀྱང་། དེའི་རང་བཞིན་ལྷུན་གྲུབ་ཀྱི་དབྱིངས་ན་ཡེ་གདངས་འོད་ལྔ་སྐུ་དང་ཟེར་དང་ཐིག་ལེར་སྣང་བ་ཆེས་ཕྲ་བའི་བདག་ཉིད། དབྱིངས་ན་འཁྱིལ་བས་ནང་གསལ་ལ་ཕྲ་བའི་ཡེ་ཤེས་སུ་ཡོད་པའོ། །དེ་ཡང་ཀ་དག་རྐྱང་ཆའི་ཕྱོགས་སུ་ཆད་ན། སྐུ་དང་ཡེ་ཤེས་འཆར་བའི་ཆ་གང་ཡིན། གཞི་ལ་ནི་ཀ་དག་ཅི་ཡང་མེད་པ་ཡིན། དེའི་དབྱིངས་ནས་འབྱུང་སྙམ་ན། ཡོད་དམ་མེད། མེད་ན་འབྱུང་བར་མི་འཐད་དེ། དངོས་མེད་ལས་དངོས་པོ་འབྱུང་བ་མི་འཐད་པ་བཞིན། ཡོད་ན་ཅི་ཡང་མེད་ཅེས་འདོད་པ་དང་འགལ་ལོ། །དེས་ན་ཀ་དག་གི་རང་བཞིན་ལྷུན་གྲུབ་ཡིན་ལ། དེའི་དབྱིངས་ནང་གསལ་དུ་ཕྲ་བའི་ཡེ་ཤེས་ཡེ་གདངས་འོད་གསལ་གྱི་སྣང་བ་ཕྲ་བར་ཡོད་དོ། །དེ་ཡང་ཕྱིར་གསལ་རགས་པར་ཁས་མ་བླངས་པས་རྟག་པའི་མཐའ་ལས་གྲོལ། ནང་གསལ་ཕྲ་བར་འདོད་པས་ཆད་པའི་མཐའ་ལས་གྲོལ་ལོ། །དེ་ལྟར་མཐའ་བྲལ་རང་བྱུང་གི་ཡེ་ཤེས་ངོ་བོ་སྟོང་པས་གང་དུའང་མ་གྲུབ། རང་བཞིན་གསལ་བར་སྣང་ཚུལ་མ་འགགས། ཐུགས་རྗེ་གོ་མ་འགགས་པས་གང་ལྟར་ཡང་འཆར་བའི་གཞི་བྱེད་པ་ནི། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ཡིན་ནོ། །

གཉིས་པ་སོ་སོའི་ཆ་ལས་རྒྱས་པར་བཤད་པ་ལ་གཉིས་ཏེ། ངོ་བོ་སྟོང་ཆའི་ལྡོག་པ་ནས་རྒྱས་པར་བཤད་པ་དང་། རང་བཞིན་སྣང་ཆའི་ལྡོག་པ་ནས་རྒྱས་པར་བཤད་པའོ། །

དང་པོ་ནི། ཀ་དག་དངོས་པོ་དང་མཚན་མར་མ་གྲུབ་པའི་ལྡོག་པ་ལ་ལྟོས་ཏེ། རིག་པ་མེད། མ་རིག་པ་མེད། སངས་རྒྱས་མེད། སེམས་ཅན་མེད། འཁོར་བ་མེད། འདས་པ་མེད། འོད་མེད། ཁ་དོག་མེད། སྐུ་མེད། ཡེ་ཤེས་མེད། གཞི་མེད། ལམ་མེད། འབྲས་བུ་མེད། སུ་ཡང་འཁྲུལ་པ་མེད། གྲོལ་བ་མེད། བཅིངས་པ་མེད། ཐར་པ་མེད། ལས་མེད། ཉོན་མོངས་མེད། རླུང་(༡༩༨)མེད། འབྱུང་བ་མེད། ཡིན་པ་མེད། མིན་པ་མེད། གང་མེད། ཅི་མེད། ཅི་ཡང་གྲུབ་པ་དང་དམིགས་སུ་མེད་པ་སྟེ། དགག་ཆོས་འབའ་ཞིག་གིས་བསྒྲུབ་ཆོས་དོར་བར་བསྟན་པ་ནི། བཀྲ་ཤིས་མཛེས་ལྡན་ལས། ཀ་དག་ཆེན་པོ་ཞེས་བྱ་སྟེ། ཡང་དག་པའི་སངས་རྒྱས་མ་བྱུང་། མ་དག་པའི་སེམས་ཅན་མ་བྱུང་བའི་གནས། རིག་པ་མ་གཡོས་པའི་ཡེ་གདངས་ཆེན་པོ་ཞེས་བྱའོ། །དེ་ལ་བརྗོད་དུ་མེད་དོ། །དཔག་ཏུ་མེད་དོ། །དམིགས་སུ་མེད་དོ། །གཞལ་དུ་མེད་དོ། །བརྩིར་མེད་དོ། །གང་གིས་ཀྱང་གཏན་ལ་མི་ཕེབས་སོ། །མཚོན་དུ་མེད་དོ། །ཤེས་པའི་ཡུལ་དུ་བྱར་མེད་དོ། །དེས་ནི་འཁོར་བ་མི་མཐོང་། འཁོར་བས་དེ་ཉིད་མི་མཐོང་ངོ་། །དེ་ནི་ཆོས་མི་སྤྱོད་དོ། །ཆོས་ཀྱིས་དེའི་དོན་མི་རྟོགས་སོ། །དེ་ནི་འཁོར་བ་མིན་ནོ། །མྱ་ངན་ལས་འདས་པ་མིན་ནོ། །གཞི་མིན་ནོ། །སྣང་བ་མིན་ནོ། །མུན་པ་མིན་ནོ། །ལམ་མ་ཡིན་ནོ། །བགྲོད་པ་མེད་དོ། །མི་བགྲོད་པ་མ་ཡིན་ནོ། །འབྲས་བུ་མ་ཡིན་ནོ། །སྤངས་པ་མ་ཡིན་ནོ། །ཐོབ་པ་མ་ཡིན་ནོ། །དེ་ནི་རིག་པའི་དབྱིངས་ཆེན་མོ་ཞེས་བྱའོ་ཞེས་པ་དང་། ཡི་གེ་མེད་པའི་རྒྱུད་ལས། ང་རང་བྱུང་གི་ཡེ་ཤེས་ལ། དཔྱད་པའི་ཡུལ་མེད་དོ། །སྔར་འདས་པ་མེད་དོ། །ཕྱིས་འབྱུང་བ་མེད་དོ། །ད་ལྟར་སྣང་བ་གང་ཡང་མེད་དོ། །ལས་མེད་དོ། །བག་ཆགས་མེད་དོ། །མ་རིག་པ་མེད་དོ། །སེམས་མེད་དོ། །ཡིད་མེད་དོ། །ཤེས་རབ་མེད་དོ། །འཁོར་བ་མེད་དོ། །མྱ་ངན་ལས་འདས་པ་མེད་དོ། །རིག་པ་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །ཡེ་ཤེས་སུ་སྣང་བ་གང་ཡང་མེད་དོ་ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། རང་བཞིན་གནས་པའི་ངོ་བོ་ལ། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །མ་རིག་མེད་ཅིང་འཁྲུལ་པ་མེད། །སེམས་མེད་ཡིད་ཀྱང་ཡོད་པ་མིན། །དགྲ་མེད་བཤེས་མེད་གཉེན་ཡང་མེད། །ཉོན་མོངས་མེད་ཅིང་ངར་འཛིན་མེད། །འགྲོ་བ་མེད་ཅིང་འོང་བ་མེད། །ཆོས་མེད་ཆོས་སུ་སྣང་བ་མེད། །ཐབས་མེད་ཤེས་རབ་ཉིད་ཀྱང་མེད། །ཕུང་པོ་མེད་ཅིང་ཁམས་ཀྱང་མེད། །ཡུལ་མེད་འཛིན་པར་བྱ་བ་མེད། །དབང་པོ་མེད་ཅིང་ཡུལ་ཀྱང་མེད། །གཟུང་བར་བྱ་དང་འཛིན་པ་མེད། །སྐུ་མེད་ཡེ་ཤེས་ཉིད་ཀྱང་མེད། །ཤེས་དང་ཤེས་བྱའི་བདག་པོ་མེད། །འོད་མེད་ཁ་དོག་ཡོད་མ་ཡིན། །སྒྲ་མེད་དྲི་ལ་སོགས་པ་མེད། །འདོད་པ་མེད་ཅིང་ཞེན་པ་མེད། །དབྱིངས་མེད་གཞལ་ཡས་ཁང་ཡང་མེད། །ལྷ་མེད་མཆོད་པའི་ཡུལ་ལས་འདས། །ཞེས་པ་དང་། ཀློང་དྲུག་པ་ལས། སྤྲོས་བྲལ་ཆོས་ཉིད་ཀ་དག་ནི། །རང་ངོ་རྣམ་དག་སྙིང་པོའི་གཞི། །དེ་ལ་ཚིག་དང་ཡི་གེ་བྲལ། །བརྗོད་པས་གཏན་ལ་དབབ་ཏུ་མེད། །སྒྲོ་འདོགས་ཐ་སྙད་ཀུན་བྲལ་ཏེ། །གཟུང་དང་འཛིན་པའི་རྣམ་རྟོག་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཆོས་མེད་ཆོས་ཀྱི་འདུ་ཤེས་མེད། །གང་མེད་ཅི་མེད་ཅི་ཡང་མེད། །དེ་ལྟར་མེད་པའི་སྙིང་པོ་ལ། །ཞེས་པ་དང་། ཡི་གེ་མེད་པ་ལས། ང་ལ་སྐྱེ་དང་འཆི་མེད་པས། །འགག་མེད་ཆོས་ནི་ཡོངས་སུ་རྫོགས། །ང་ལ་ཕྱི་དང་ནང་མེད་པས། །གསལ་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་(༡༩༩)སྟོང་དང་དངོས་མེད་པས། །སྣང་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་དམིགས་པའི་ཡུལ་མེད་པས། །མཐོང་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་ལུས་དང་སེམས་མེད་པས། །རང་སྣང་ཆོས་ནི་ཡོངས་སུ་རྫོགས། །ང་ལ་བདག་དང་གཞན་མེད་པས། །རིག་པའི་ཆོས་ལྔ་ཡོངས་སུ་རྫོགས། །ང་ལ་བྱེད་པའི་རྒྱུ་མེད་པས། །བསམ་གཏན་ཆེན་པོ་ཡོངས་སུ་རྫོགས། །ང་ལ་ཕྱིན་པའི་ཡུལ་མེད་པས། །རང་སྣང་ཡུལ་ནི་ཡོངས་སུ་རྫོགས། །ང་ལ་ཕྱོགས་དང་རིས་མེད་པས། །གསང་བའི་ཡེ་ཤེས་ཡོངས་སུ་རྫོགས། །ང་ལ་སྣང་བ་འགག་མེད་པས། །དབྱིངས་ཀྱི་ཆོས་གསུམ་ཡོངས་སུ་རྫོགས། །ཞེས་པ་དང་། རང་ཤར་ལས། དང་པོའི་གཞི་ཀ་དག་ཆེན་པོ་དེ་ལ། བསམ་པ་མེད། མ་རིག་པ་མེད། སེམས་མེད། ཡིད་མེད། འཛིན་པ་མེད་དོ། །དེ་ཡང་འདི་ལྟ་སྟེ། རྒྱ་མ་ཆད་པའི་ཡེ་ཤེས། ལྷུན་གྱིས་གྲུབ་པའི་སངས་རྒྱས། སྤྲོས་པ་དང་བྲལ་བའི་ཆོས་ཉིད། མཐའ་དང་བྲལ་བའི་རིག་པ། དག་པ་ཆེན་པོའི་སྣང་བ། ཕྱོགས་ལྷུང་མེད་པའི་ལྟ་བ་བཞུགས་སོ། །དེ་ཡང་ཡངས་པ། གསལ་བ། མི་འགྱུར་བ། ཡེ་ཤེས་མི་འགག་པ། ཐིག་ལེ་སྣ་ཚོགས་སུ་འཕྲོ་བ། མ་གྲུབ་པའི་ཆོས་ཉིད། ཕྱི་རྒྱ་མ་རལ་པ། ནང་ཡེ་ཤེས་ཀྱི་འོད་ལྔ་མ་འགག་པར་གསལ་བ། སྐུ་དང་ཡེ་ཤེས་ཀྱི་ངོ་བོར་བཞུགས་སོ་ཞེས་སོ། །འདིས་ནི་ཀ་དག་ལ་ཡེ་ཤེས་དང་འོད་སྣང་བ་བསྟན་པས། ཀ་དག་ཀྱང་མེད་པ་བཀག་པ་ཡིན་ནོ། །

གཉིས་པ་རང་བཞིན་སྣང་ཆའི་ལྡོག་པ་ནས་རྒྱས་པར་བཤད་པ་ནི། རང་བཞིན་ལྷུན་གྱིས་གྲུབ་པའི་གནས་ལུགས། རྒྱ་གར་ཡང་མ་ཆད། ཕྱོགས་གང་དུའང་མ་ལྷུང་། སྐུ་དང་ཡེ་ཤེས་འཆར་བའི་གནས། ནང་གསལ་ཕྲ་བར་ཡོད་ལ་ཕྱི་རྒྱ་མ་རལ་བ། རིན་པོ་ཆེ་གའུའི་དགོངས་པ། ལྷུན་གྲུབ་རིན་པོ་ཆེའི་སྦུབས། གཞོན་ནུ་བུམ་པ་སྐུའི་ཞིང་འོད་གསལ་སྟུག་པོ་བཀོད་པའི་ཀློང་། ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ་ན། རྩ་བ་སྲོག་རླུང་ལྔ་དང་། དེ་ལ་སྐུ་ལྔ་དང་། གསུང་ལྔ་དང་། ཐུགས་ལྔ་དང་། ཡོན་ཏན་ལྔ་དང་། འཕྲིན་ལས་ལྔ་དང་། ཡེ་ཤེས་ལྔ་དང་། འོད་ལྔ་ལ་སོགས་པ་འཆར་བའི་གཞི། འབྱུང་བའི་གནས། བརྟེན་པའི་ཡུལ། མེད་པ་ལས་འདས་པའི་ཡོད་པ། ཕྱིར་མེད་ལ་ནང་དུ་གསལ་བ། ཆ་ཕྲ་ལ་བརྟག་པར་དཀའ་བ། གཞི་སྣང་འཆར་བའི་སྐུ། ལམ་སྣང་འཆར་བའི་གཞི། འབྲས་བུའི་སྣང་བ་འཆར་བའི་དབྱིངས། གཟུགས་སྐུ་དང་རིག་པ་འཆར་བའི་ཀློང་ཆེན་པོར་གནས་ཏེ། རང་ཤར་ལས། དབྱིངས་དེ་ཡང་རྒྱ་མ་ཆད་པ། ཕྱོགས་སུ་མ་ལྷུང་བ། འགྲིབ་པ་མེད་པ། འཕེལ་བ་མེད་པ། སྟོངས་པ་མེད་པ། གང་བ་མེད་པ། གསལ་ཆ་དང་བཅས་པ། སྐུ་མང་པོ་འཆར་བའི་གནས། ཡངས་པ་ཀུན་གྱི་བདག་ཉིད་ཅེས་པ་དང་། ཀློང་དྲུག་པ་ལས། རང་བཞིན་ཉིད་ཀྱི་སྣང་བ་ལ། །མཚན་མར་འཛིན་པ་ཡེ་མེད་དེ། །ཁ་དོག་མ་ཡིན་རང་གསལ་བས། །ཤེས་ཤིང་རིག་པའི་ཆ་རྣམས་ཙམ། །འཛིན་པའི་གཟུང་ཡུལ་གང་མེད་ཕྱིར། །རྣམ་པར་རྟོག་པའི་འཛིན་ཆ་མེད། །འོད་ལས་འདས་པའི་ཡེ་གདངས་སུ། །ཡེ་ཉིད་ནས་ནི་ཁྱབ་པར་གནས། །སྐུ་ལས་འདས་པའི་རང་(༢༠༠)གདངས་སུ། །རྣམ་དག་ཕྱག་རྒྱ་ཆེན་པོར་གནས། །འོན་ཏེ་རང་བཞིན་སྣང་བ་ལ། །མཚན་མ་དམིགས་པར་ཡེ་མེད་དོ། །དོན་གྱི་ཆ་ལ་འདི་ལྟར་གནས། །རང་གདངས་བསྐྱེད་པ་དཀར་པོའི་ཆ། །གཏིང་གསལ་ཆེན་པོ་ཉིད་དུ་གནས། །གཏིང་གསལ་ངོ་བོ་བཀྲག་བསྐྱེད་པ། །སྣང་བ་རང་ཟད་སེར་པོའི་ཆ། །མི་མངོན་གཏིང་ནས་རང་ངོ་གསལ། །རང་ངོ་ཆགས་མེད་གདངས་བསྐྱེད་པ། །རང་གིས་བཅིངས་པ་བྲལ་བ་ཡི། །ཆགས་པ་རང་ཟད་དམར་པོའི་ཆ། །གཏིང་གདངས་མ་འདྲེས་ཆེན་པོར་གནས། །མ་འདྲེས་སོ་སོའི་ཆ་འཛིན་པ། །བྱ་རྩོལ་བསྐྱོད་པ་རང་བྲལ་བའི། །མཛད་པ་མེད་པའི་ལྗང་གུར་ནི། །ཐོག་མ་རྣམས་ཀྱི་ཟེར་དུ་ཡང་། །མི་མངོན་གཏིང་ནས་གསལ་བའི་ཆ། །གཏིང་གསལ་ཁྱབ་པ་འབྲེལ་མེད་པ། །འགྱུར་མེད་རྫོགས་པའི་མཐིང་གར་ནི། །ཡེ་རྫོགས་བྱས་པ་མེད་པར་གནས། །དེ་ལྟར་དེ་ཡི་རང་བཞིན་ལ། །སྐུ་ནི་སྣང་བ་མཚན་ཉིད་བྲལ། །ཡེ་ནས་རང་དག་ཆེན་པོ་ལ། །རྫོགས་པ་རྣམས་ཀྱི་རྩེ་མོར་གནས། །འདི་ལ་དབང་པོར་སྣང་བ་མེད། །རྡོས་བཅས་མཚན་མ་རང་དག་ཕྱིར། །གཏིང་གསལ་ཆེན་པོའི་གཞི་མར་གནས། །ཁྱབ་དང་ཁྱབ་པ་ཉིད་ཀྱིས་སྟོང་། །ཕྱང་ནས་ཆད་པ་མེད་སྣང་བར། །གསལ་བྱེད་སྣང་བའི་ཆ་མ་འགགས། །སྙིང་པོ་ཐམས་ཅད་བཅུད་བསྡུས་པའི། །དྲི་མ་མེད་ཅིང་རང་སར་དག །སངས་རྒྱས་རྣམས་ཀྱི་གསང་ཆེན་དུ། །རང་བཞིན་གྱི་ནི་ཆ་ལ་བཞུགས། །ཞེས་པ་དང་། སྔ་མ་ལས། རང་བཞིན་ལྷུན་གྱིས་གྲུབ་པའི་སྣང་བ། རིན་པོ་ཆེ་གའུའི་དགོངས་པ། ནང་ཡེ་ཤེས་རིན་པོ་ཆེའི་སྣང་བར་གསལ་བ་ལ། ཕྱི་རྒྱ་མ་རལ་བ། གཞོན་ནུ་བུམ་པ་སྐུའི་གནས་ལུགས་ཞེས་བྱ་སྟེ་ཞེས་སོ། །

གསུམ་པ་དོན་བསྡུ་བ་ནི། ངོ་བོ་ཀ་ནས་དག་པ་དངོས་པོ་དང་མཚན་མ་མེད་པ། རང་བཞིན་ལྷུན་གྱིས་གྲུབ་པས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པར་གནས་པ། དེ་གཉིས་ངོ་བོ་གཅིག་པས་སྣང་སྟོང་གཉིས་སུ་མེད་པའོ། །དེའི་གནས་ལུགས་ངོ་བོ་སྟོང་པ་མི་འགྱུར་བ་སྐུའི་བདག་ཉིད་དེ། སྐུ་གསུམ་འདུ་འབྲལ་མེད་པ་ཉི་མའི་དཀྱིལ་འཁོར་ལྟར་ནང་དུ་གསལ་ཡང་དངོས་པོ་དང་མཚན་མར་མ་གྲུབ་པ། རང་བཞིན་ཡེ་གདངས་འོད་དུ་གསལ་ཡང་ཕྱིར་སྣང་ཁ་དོག་རིས་ཅན་དུ་མེད་པ། ཐུགས་རྗེ་རིག་པའི་ཡེ་ཤེས་སུ་བཞུགས་ཀྱང་རྣམ་པ་ཕྱི་རོལ་ཡུལ་ལ་མི་དཔྱོད་པ་སྟེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་བཞུགས་པའོ། །དེ་སྐད་དུ་ཡང་། རང་ཤར་ལས། ང་མེད་པའི་སྔོན་རོལ་ན་གཞི་འདི་ལྟར་གནས་ཏེ། གཞི་ཀ་དག་ཆེན་པོ་ཞེས་བྱ་སྟེ། ངོ་བོ་རང་བཞིན་ཐུགས་རྗེ་རྣམ་པ་གསུམ་དུ་གནས་སོ། །ངོ་བོ་དེ་མི་འགྱུར་བའི་ཡེ་ཤེས་མ་འགགས་པར་གསལ་བ། གཞོན་ནུ་བུམ་པ་སྐུའི་གནས་ལུགས་ཞེས་བྱའོ། །རང་བཞིན་འོད་ལྔའི་སྣང་བ་མ་འགགས་སོ། །ཐུགས་རྗེའི་སྣང་བ་ནི་དཔེར་ན་ནམ་མཁའ་སྤྲིན་མེད་པ་ལྟ་བུའོ་ཞེས་པ་དང་། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མིང་མེད། །གཅིག་དང་གཉིས་ཀྱི་གྲངས་མེད་པའོ། །བརྟགས་པས་ཡོད་མེད་གྲུབ་པ་མེད། །གང་དུ་མ་ཕྱེའི་ཆོས་ཉིད་ལས། །ཡེ་ཤེས་ཙམ་དུའང་གྲུབ་(༢༠༡)པ་མེད། །ཚིག་མེད་བརྗོད་པ་གྲུབ་པ་མེད། །མཐའ་ལ་མི་གནས་རང་རིག་དག །བརྗོད་འཛིན་མིང་གི་མཐའ་ཟད་པའོ། །རྒྱུ་མེད་རྐྱེན་གྱི་གྲངས་མེད་ལ། །གཉིས་སྣང་ཡུལ་དང་ཡུལ་ཅན་མེད། །མཚན་ཉིད་གང་དུའང་ཕྱེ་བ་མེད། །ཡུལ་ཅན་རགས་པ་ཟད་པའོ། །ཡེ་ནས་མེད་པས་དག་པས་དག །འཁྲུལ་རྟོག་འགགས་པས་ཅིར་མ་མཛད། །མ་སྐྱེས་པས་ན་འགགས་སྟོང་ངོ་། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ཞེས། །མི་སྐྱེ་མི་འགག་ཅིར་མི་དགོངས། །ཡུལ་དང་ངེས་པ་མེད་ཕྱིར་རོ། །རྩལ་དང་ཡོན་ཏན་འགག་མེད་པས། །རོལ་པ་ཙམ་དུ་སྣང་བ་ལས། །སྣ་ཚོགས་རྫོགས་པའི་གཞི་མའོ། །མེད་ཕྱིར་སྣང་ལ་སྣང་ཕྱིར་སྟོང་། །སྣང་སྟོང་འཇུག་པའི་ཡན་ལག་ཅན། །སངས་རྒྱས་སེམས་ཅན་དག་ཡུལ་ལོ། །འདི་ལྟར་གཞི་ཞེས་མངོན་པར་གནས། །རང་བཞིན་ཙམ་དུ་གནས་པ་ལས། །ངོ་བོའི་ཆ་ནས་བརྟགས་པས་སྟོང་། །ཡན་ལག་སྤྲོས་ཕྱིར་མཁྱེན་པ་རྫོགས། །རང་གནས་ལྷུན་གྱིས་གྲུབ་པའི་ཕྱིར། །འདི་ལ་སྤང་བླང་གཉིས་མེད་པའོ། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལས། །མི་མཛད་སྣ་ཚོགས་འཆར་བའི་སྒོ། །མཛད་པ་ལྟར་སྣང་ངོ་བོར་རྫོགས། །ཆོས་སྐུ་སྟོང་པའི་རང་བཞིན་ལས། །ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ། །ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར། །དེ་མེད་འཁོར་འདས་སྡེ་ཆད་པས། །མཁྱེན་པས་རིག་ཅིང་གསལ་བའོ། །རང་རིག་གསལ་བའི་བདག་ཉིད་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉིད། །མ་འགགས་འགག་པ་མེད་པའོ། །འབྱུང་བ་དག་པའི་ཆ་ལས་ནི། །ལས་སུ་མེད་ལ་གཅིག་རྫོགས་པའི། །ཉི་མ་ལས་ནི་འོད་བཞིན་དུ། །རང་ཆས་སྒྲིབ་པ་མེད་པའོ། །དེ་ལས་མཚན་ཉིད་འཛིན་པ་ཡི། །ལོངས་སྐུའི་ཡེ་ཤེས་ལྔ་རྣམས་འབྱུང་། །མེ་ལོང་ཡེ་ཤེས་གཟུགས་བརྙན་ལས། །དབྱིབས་དང་ཁ་དོག་སྣང་ཆ་རྫོགས། །དཀར་པོ་དྲི་མ་དག་ཕྱིར་འོད། །རང་ཆས་སྣང་སྟེ་འཁོར་འདས་སྦྱོར། །ཆོས་རྣམས་ཀུན་གྱི་གཟུགས་སྣང་བས། །རང་རིག་ཡེ་ཤེས་ཞེས་བྱའོ། །གསལ་ཞིང་སྟོང་ལ་སྟོང་པས་གྲོལ། །གྲོལ་འཛིན་མཐའ་ཡི་རྟོག་པ་ཟད། །བཞག་མེད་གྲོལ་གཞིར་རྫོགས་པའོ། །མཉམ་པ་ཉིད་ཅེས་བྱ་བ་ནི། །མཉམ་རྒྱུ་གཉིས་ལ་མཉམ་རྐྱེན་གསུམ། །མཉམ་པའི་དུས་དང་ཚད་ཀྱིས་སོ། །འདི་ལ་གཉིས་མེད་རིས་དང་བྲལ། །མ་ཕྱེ་མི་འབྱེད་རང་གནས་གཉིས། །མཉམ་པ་ཞེས་བྱ་ཆོས་ཉིད་ལ། །ཟུག་རྔུ་སྤྲོས་དང་བྲལ་བའོ། །ཉིད་ཅེས་བཅོས་ཤིང་རྩོལ་སྒྲུབ་མེད། །རང་བཞིན་གནས་པ་ངོ་བོས་སྟོང་། །སེམས་ཉིད་རྟོག་པ་ཀུན་ཟད་པའོ། །ཡེ་ཤེས་ཞེས་བྱ་གནས་པ་ལས། །དེ་ཡི་མཚན་ཉིད་རྟོགས་པ་ཡིས། །འཁོར་འདས་གཉིས་ལ་མི་གནས་པའོ། །སོ་སོ་རྟོག་པ་དབང་པོའི་རིགས། །གང་ལ་གང་སྣང་དེ་ཡི་ཆོས། །རིམ་པ་སོ་སོར་གསལ་བའོ། །བརྟགས་པས་རང་སྣང་དག་ནས་ནི། །རིག་པ་ཡུལ་དུ་གྱུར་པ་ཉིད། །སོ་སོ་ཞེས་བྱ་བྱེ་བྲག་ལ། །གཉེན་པོའི་ཚུལ་དུ་བྱུང་བ་སྟེ། །རྟོགས་པ་ཞེས་ནི་མཚན་ཉིད་མཐོང་། །རང་(༢༠༢)སྣང་འཕེལ་དང་བཅས་པའོ། །ཡེ་ཞེས་ཐོག་མར་བྱུང་བ་ལ། །ཤེས་པས་ཉོན་མོངས་སྐྱོན་དག་གོ། །བྱ་བ་གྲུབ་པ་ཞེས་བྱ་བ། །འབད་ཅིང་རྩོལ་བ་རང་འགགས་ནས། །ཆོས་ཀུན་རང་གཞག་རང་གྲོལ་ལོ། །རང་གྲོལ་རྫོགས་པའི་གཞི་སྣང་ལས། །ཆ་ཕྲ་རྡུལ་བྲལ་དྲི་མེད་ཐོབ། །རྟོག་དཔྱོད་ཡུལ་ལས་འདས་པ་སྟེ། །གང་གིས་མ་ཕྱེའི་ཆོས་ཉིད་དོ། །རང་བཞིན་རྫོགས་པས་སྣང་མཐའ་ཟད། །ཅིག་ཅར་རྟོགས་པར་བྱ་བའོ། །གྲུབ་པས་འདོད་པ་བྲལ་བ་ལ། །བསྐྱར་དང་ལྡོག་པ་མེད་པའོ། །ཡེ་ནི་གནས་པའི་དོན་ཉིད་ལ། །ཤེས་པས་མངོན་དུ་གྱུར་ནས་ནི། །ཆོས་རྣམས་ཟད་པའི་སར་ཕྱིན་པའོ། །ཆོས་ཀྱི་དབྱིངས་ནི་ཡངས་པ་ལ། །མཐའ་དང་དབུས་སུ་མ་དམིགས་པས། །གྲོལ་གཞིའི་ཆོས་ཉིད་དག་པའོ། །ཆོས་ནི་སྤྱོད་པར་བྱེད་པ་ལ། །འདས་དང་འཇིག་རྟེན་བྱ་བ་མེད། །རང་བཞིན་གསལ་ཞིང་གདངས་པའོ། །དབྱིངས་ཀྱིས་གོ་སྐབས་མེད་པ་ལ། །རང་བྱུང་ཆེན་པོའི་གནས་པའོ། །ཡེ་ནི་རྫོགས་པའི་བདག་ཉིད་ལ། །ཐོག་མ་ཉིད་ནས་བཅོས་པ་མེད། །ཤེས་པས་འཁོར་འདས་གཉིས་ལས་གྲོལ། །རང་སྣང་རྫོགས་པའི་དགོངས་པའོ། །ཞེས་སོ། །དེ་ལྟར་གཞིའི་དོན་ཀ་དག་དང་ལྷུན་གྲུབ་དབྱེར་མེད་ཆེན་པོ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ། ཐོག་མ་མེད་པའི་དེ་བཞིན་ཉིད། རང་བྱུང་གི་ཡེ་ཤེས་འགྲན་ཟླ་མེད་པའི་ཉག་གཅིག ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་ཆེན་པོ་ནི། གདོད་མའི་སངས་རྒྱས་ཞེས་བྱ། རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ་གཞིའི་གནས་ལུགས་སོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས་གདོད་མ་གཞིའི་གནས་ལུགས་བསྟན་པ་སྟེ་རིམ་ཁང་བརྒྱད་པའོ།། །།


previousརིམ་ཁང་བརྒྱད་པ། གདོད་མ་གཞིའི་གནས་ལུགས་བསྟན་པ།next