Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཅ༽

31 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]


31  collapse section
11   
 
  
  
 
 
  
  
 
  
རིམ་ཁང་བཅུ་པ། འཁྲུལ་ལུགས་བཟློག་ཚུལ་དང་བཅས་པས་བརྡས་མཚོན་པ།
  
  
  
 


31 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]

 
previousརིམ་ཁང་བཅུ་པ། འཁྲུལ་ལུགས་བཟློག་ཚུལ་དང་བཅས་པས་བརྡས་མཚོན་པ།next

རིམ་ཁང་བཅུ་པ། འཁྲུལ་ལུགས་བཟློག་ཚུལ་དང་བཅས་པས་བརྡས་མཚོན་པ།

དེ་ལྟར་དབྱིངས་སྣང་ལས་གྲོལ་འཁྲུལ་གྱི་རིམ་པ་བསྟན་ནས། ད་ནི་འཁྲུལ་ཚུལ་དང་འཁྲུལ་པ་བཟློག་ཚུལ་གྱི་རིམ་པ་བརྡའི་སྒོ་ནས་རྒྱས་པར་བསྟན་པ་ལ་བརྒྱད་ལས། དང་པོ་ནི། གཞི་ལས་གཞི་སྣང་དུ་ཤར་དུས་མ་རིག་པ་གསུམ་དང་རྐྱེན་བཞིས་འཁྲུལ་ཏེ། རང་ཤར་ལས། ཀྱེ་གྲོགས་པོ་དག །དག་པའི་སངས་རྒྱས་ལ་འཁྲུལ་པ་མི་མངའ་ཡང་། རྡོ་རྗེ་སེམས་དཔའ་གཞི་ཐོགས་ནས་འཁྲུལ་ལུགས་ནི། ཡུལ་ཡངས་པ་ཅན་ཞེས་བྱ་བ་ནས་འཁྲུལ་ལོ། །གནས་མཛེས་ལྡན་ཞེས་བྱ་བ་ནས་འཁྲུལ་ལོ། །དུས་ནམ་སྲོས་པ་དང་འཁྲུལ་ལོ། །ལོ་ཕག་གི་ལོ་ལ་འཁྲུལ་ལོ། །ཉི་མ་སྦྲུལ་གྱི་ཉི་མ་ལ་འཁྲུལ་ལོ། །སྐར་མ་བྱ་ལ་འཁྲུལ་ལོ། །མིའི་མིང་ནི་རྒན་མོ་ལིང་ཏོག་ཅན་ཞེས་བྱ་བ་འཁྲུལ་ལོ། །རུས་ནི་མ་ངེས་པ་ལས་འཁྲུལ་ལོ། །རོགས་མི་བཞིས་བྱས་སོ། །དེ་ནས་མི་རྒོད་པ་ལྔ་བྱུང་ངོ་། །དེ་ནས་རྒྱབ་བརྟེན་པ་མི་གཅིག་བྱུང་ངོ་། །དེ་ནས་རྐུན་མོ་མི་གཅིག་བྱུང་ངོ་། །དེ་ཐམས་ཅད་བསོགས་པས་མི་གཅིག་བྱུང་ངོ་། །དེ་ལ་སོགས་པའི་དམག་གི་ཚོགས་དཔག་ཏུ་མེད་པ་བྱུང་ངོ་། །དེ་དག་ལ་སོགས་པ་དཔག་ཏུ་མེད་པར་འཁྲུལ་(༢༢༢)ལོ། །དེ་ལ་འཁྲུལ་གཞི་མེད་པ་ལས་བྱུང་བའི་ཕྱིར་ན། སྲིད་པ་ཞེས་བྱ་བར་ཆགས་སོ། །སེམས་ཅན་གྱི་གཟུགས་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །འཁྲུལ་པའི་ལམ་དང་བསམ་པ་ཡང་ཇི་ལྟར་བསམ་པའི་རྟོག་པ་ལྟར་རྟོག་པ་བྱུང་ངོ་ཞེས་སོ། །དེ་ལ་རྡོ་རྗེ་སེམས་དཔའ་ནི་རིག་པའོ། །ཡུལ་ཡངས་པ་ཅན་ནི། ཐོག་མའི་གཞིའོ། །གནས་མཛེས་ལྡན་ནི། གཞི་སྣང་ལྷུན་གྲུབ་ཀྱི་འཆར་སྒོའོ། །དུས་ནམ་སྲོས་པ་ནི། རང་མ་རིག་པར་གཞན་དུ་སྣང་བས་འཁྲུལ་གཞིའི་སྣང་བའོ། །ཕག་གི་ལོ་ནི། མ་རིག་པ་དངོས་སུ་ཀུན་བཏགས་པའི་ཚེའོ། །སྦྲུལ་གྱི་ཉི་མ་ནི། ཡུལ་སྣང་རགས་པར་བཟུང་བའི་རྟོག་པ་གསལ་བའི་ཆའོ། །སྐར་མ་བྱ་ནི། ཡུལ་ཞེན་པའི་འདོད་ཆགས་སུ་སྐྱེས་པའོ། །རྒན་མོ་ནི། མ་རིག་པའི་ཤེས་པ་འཁྲུལ་འཛིན་དུ་ཤར་བའོ། །རུས་མ་ངེས་པ་ནི། གཞི་སྣང་དེ་གང་དུའང་འཆར་ཞིང་གྲོལ་འཁྲུལ་གཉིས་ཀས་སྤྱི་ས་ཡིན་པ་ནས་འཁྲུལ་པ་ལ་ཟེར་རོ། །རོགས་མི་བཞི་ནི། རྐྱེན་བཞིའོ། །མི་རྒོད་ལྔ་ནི། དུག་ལྔའོ། །རྒྱབ་རྟེན་མི་གཅིག་ནི། ཀུན་རྟོག་པའི་སེམས་སོ། །རྐུན་མོ་གཅིག་ནི། ཁོང་ཁྲོའོ། །ཐམས་ཅད་བསོགས་པའི་མི་གཅིག་ནི། འཁྲུལ་སྣང་གཅིག་ཏུ་གྲུབ་པའོ། །དེ་ཡང་ཡིད་དེ་འཁྲུལ་སྣང་གི་འཛིན་བྱེད་དོ། །དེ་ལས་ཉོན་མོངས་དུ་མ་བྱུང་བ་ནི། དམག་གི་ཚོགས་སོ། །དེ་ལྟར་འཁྲུལ་པ་དེ་དང་པོ་ཀ་དག་འཁོར་གཞི་མེད་པ་ཡོད་མ་ཐང་པ་ཅིག་ལས་བྱུང་བས་འདི་འདྲ་སྲིད་པ་ཞེས་བཏགས་པ་ཡིན་ནོ། །

གཉིས་པ་ནི། སྒྲུང་རྒྱུད་ཀྱིས་མཚོན་ནས་འཁྲུལ་པ་དང་། གྲོལ་བ་གཉིས་སྟོན་པ་ནི། ཡང་རང་ཤར་ལས། ཀྱེ་ཀློང་དུ་དག་པ་རྣམས་ཉོན་ཅིག །སངས་རྒྱས་ཀྱི་དགོངས་པའི་ཚད་འདི་རྣམས་ཀྱིས་གཟུང་བར་བྱའོ། །སྔོན་ཡུལ་ཡངས་པ་ཅན་ཞེས་བྱ་བ་ན། སྟོན་པ་འོད་འགྱེད་པ་ཞེས་བྱ་བ་ཡོད་དོ། །དེ་ལ་བུ་སྤུན་གཉིས་ཡོད་དེ། གྲོགས་པོ་སྟོང་བར་བཙོན་དུ་བཟུང་ཟེར་ཏེ་ཡ་ཆ། དེ་ནས་དམག་མི་ལྔ་བྱུང་ནས་རྡོའི་མཁར་རྩེ་ནས་བཅོམ་ཟེར་ཏེ་ཡ་ཆ། བུ་གཉིས་དོང་དུ་བསྐྱུར་ནས། རྒན་མོ་ལིང་ཏོག་ཅན་གྱིས་སྒོ་བཅད་ཟེར་ཏེ་ཡ་ཆ། དེ་ནས་མི་བཞིས་དེད་པས་ཟིན་ཏེ། མི་ལྔ་རྟ་དང་ཕྲལ་ཟེར་ཏེ་ཡ་ཆ། བུ་གཉིས་རང་གིས་རང་ཤོར་ནས་བཙོན་སྲུངས་བསད་ཟེར་ཏེ་ཡ་ཆ། བུ་གཉིས་ཆར་ཉི་མ་ཅན་དུ་བྲོས་ནས་འབངས་ལ་དཔྱ་བསྡུས་ནས། བཙུན་མོ་ཉི་ཤུ་རྩ་གཅིག་གིས་གྲོས་བྱས་ནས། བསམ་རྡུགས་ཀྱི་ལྷ་ཁང་དུ་བྲོས་ཏེ། མི་ལྔས་ཕུབ་ལྔ་གོན་ནས་སྒོ་བསྲུངས་པས། སུས་ཀྱང་འོང་མ་ནུས་ཟེར་ཏེ་ཡ་ཆ། དེ་ནས་མེ་ལོང་བཞིས་བྱད་བལྟས་པས། རང་གིས་རང་ངོ་ཤེས་ཟེར་ཏེ་ཡ་ཆ། དེ་ནས་ཁང་པ་ཅིག་ལ་སྒོ་བརྒྱད་ཡོད་པ་མཐོང་བས་རང་ལ་རང་བགད་མོ་ཤོར་ཟེར་ཏེ་ཡ་ཆ། དེ་བཞིན་བརྡ་ཡི་རྣམ་པ་རྣམས། །མཚོན་ནས་ཡེ་ཤེས་དོན་ལ་སྦྱོར། །ཞེས་སོ། །དེ་ལ་སྟོན་པ་འོད་འགྱེད་པ་ནི། རང་བྱུང་གི་ཡེ་ཤེས་སོ། །བུ་གཉིས་ནི། རིག་པ་ཀ་དག་དང་ལྷུན་གྲུབ་ཀྱི་ཡེ་ཤེས་གཉིས་སོ། །གྲོགས་པོར་བཙོན་དུ་བཟུང་བ་ནི། ལྷུན་གྲུབ་ཀྱི་སྣང་བ་ལ་ཡེ་ཤེས་མ་བུ་འཛོལ་ཏེ། མ་རིག་པས་འཁོར་བར་བཅིངས་པའོ། །མི་ལྔས་རྡོའི་མཁར་རྩེ་ནས་བཅོམ་པ་ནི། དུག་ལྔས་རིག་པ་རང་གནས་ལས་བསྐྱོད་ནས་འཁྲུལ་དུ་བཅུག་པའོ། །བུ་གཉིས་རྒན་མོས་སྒོ་བཅད་པ་ནི། (༢༢༣)རིག་པ་འཁོར་བའི་དོང་དུ་ཚུད་དེ། མ་རིག་པས་སྒོ་བཅད་ནས་ཐར་དུ་མི་སྟེར་བའོ། །མི་བཞིས་ཟིན་ནས་མི་ལྔ་རྟ་དང་ཕྲལ་བ་ནི། ཤེས་རབ་བཞིས་ཉོན་མོངས་ལྔའི་རྣམ་རྟོག་རླུང་དང་བཅས་པ་དག་པར་བྱས་པའོ། །ཤེས་རབ་བཞི་ནི། སྒྲོལ་བྱེད་ཀྱི་ཤེས་རབ་ཀྱིས་ཉོན་མོངས་པ་བསྒྲལ། སྡུད་བྱེད་ཀྱི་ཤེས་རབ་ཀྱིས་ཡེ་ཤེས་བསྡུས། འབྱེད་བྱེད་ཀྱི་ཤེས་རབ་ཀྱིས་ཉོན་མོངས་དང་ཡེ་ཤེས་ཕྱེ། སྐྱོད་བྱེད་ཀྱི་ཤེས་རབ་ཀྱིས་དབྱིངས་སུ་བསྐྱོད་པར་བྱས་པའོ། །བུ་གཉིས་ཤོར་ནས་བཙོན་སྲུངས་བསད་པ་ནི། རང་རིག་རང་ངོ་ཤེས་ནས་སྒྲིབ་པའམ་འཆིང་བྱེད་ཀྱི་ལས་དང་ཉོན་མོངས་པའི་རྣམ་རྟོག་རང་གྲོལ་ལ་སོང་ནས་རྗེས་མེད་པའོ། །བུ་གཉིས་ཉི་མ་ཅན་དུ་བྲོས་ནས་དཔྱ་བསྡུས་པ་ནི། རིག་པ་མིག་ལ་བཅུག་ནས་དབྱིངས་རིག་གི་སྣང་བ་ལ་བལྟས་པས་སྒོ་ལྔ་ཟིལ་གྱིས་ནོན་ནས་ཉམས་སྣ་ཚོགས་རང་ཤར་དུ་འདུས་པའོ། །བཙུན་མོས་གྲོས་བྱས་ཏེ་ལྷ་ཁང་དུ་བྲོས་ནས་མི་ལྔས་ཕུབ་གོན་ནས་བསྲུངས་པ་ནི། རིག་པའི་ཡེ་ཤེས་ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས་མཚོན་ནས་རང་སྣང་ལ་སྒོམ་དུས་རྟོག་པའི་འཕྲོ་འདུ་རང་འགགས་པའི་དོན་ནང་དུ་སྐྱེས་པ་དེ། སྤྱིར་ཐིག་ལེ་འོད་ལྔའི་མུ་ཁྱུད་ཅན་མི་འགུལ་བར་གཏད་པ་ལས་འབྱུང་སྟེ། རྟོག་པས་གླགས་མི་རྙེད་པའོ། །མེ་ལོང་བཞིས་བྱད་བལྟས་པས། རང་ངོ་ཤེས་པ་ནི། སྒྲོན་མ་བཞིའི་ཡེ་ཤེས་ལ་བལྟས་པས་རང་རིག་རང་སར་གནས་པའི་དོན་ནང་དུ་ཤར་བའོ། །ཁང་པ་སྒོ་བརྒྱད་མཐོང་ནས་དགོད་ཤོར་བ་ནི། ལྷུན་གྲུབ་ཀྱི་སྣང་བ་མཐོང་ནས་ཐོག་མའི་དབྱིངས་སུ་བཙན་ས་ཟིན་པའོ། །

གསུམ་པ་ནི། ཡང་དེ་ཉིད་ལས། ཡང་ཡུལ་འཁོར་ཡུག་ཆེན་པོ་ཞེས་བྱ་བ་ན། འདམ་རྫབ་ཆེན་པོ་ཞིག་གི་ནང་ན། མར་མེ་གཅིག་མ་ཤི་བར་འདུག་པ། ཡུལ་མདངས་དང་ལྡན་པ་ཞེས་བྱ་བ་ནས། སྟོན་པ་མེ་ལོང་ཅན་ཞེས་བྱ་བས་མཐོང་སྟེ། དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སེམས་ཅན་མདངས་དང་ལྡན་པ་ཁྱོད་ཉོན་ཅིག །ངས་ཁྱོད་ལ་ལུང་བསྟན་གྱིས་མ་ཡེངས་པར་ཉོན་ཅིག །རི་བོ་ཆེན་པོ་མ་ལ་ཡ་ཞེས་བྱ་བའི་རྩེ་མོ་ན། རྒྱ་མཚོ་མུ་ཁྱུད་ཅན་ཞེས་བྱ་བ་ཞིག་ཡོད་དེ། དེའི་ནང་ན་ཡབ་འོད་སྲུངས་ཞེས་བྱ་བ་དང་། ཡུམ་རྡོ་རྗེ་ཕག་མོ་ཞེས་བྱ་བ་གཉིས་བཤོས་པ་ལས། མིང་སྲིང་གཉིས་བྱུང་སྟེ། དེ་ནས་ཕ་མ་གཉིས་ཀྱིས་མིང་སྲིང་གཉིས་པོ་ལ་འདི་སྐད་ཅེས་ཟེར་རོ། །བུ་ཁྱོད་སོང་ལ་བདུད་ནག་པོའི་ཡུལ་ནས་མེ་ལོང་ལ་ཤོག་ཅིག །བུ་མོ་ཁྱོད་སོང་ལ་སུམ་ཅུ་རྩ་གསུམ་ལྷའི་ཡུལ་རྣམ་པར་རྒྱལ་བའི་ཁང་བཟང་ནས། མེ་ཏོག་ཐུས་ལ་ཤོག་ཅིག་བྱས་པས། བུ་དེ་ན་རེ་ང་མི་འགྲོ་ཟེར་རོ། །དེ་ནས་ཡང་ཕ་མ་གཉིས་ན་རེ་བུ་ཁྱོད་མི་འགྲོ་བ་ཅི་སྟེ་བྱས་པས། བུ་དེ་ན་རེ་བདུད་ཀྱི་ཡུལ་ན་བདུད་ཧ་ལི་ཀ་ནག་པོ་ཞེས་བྱ་བ་ཡོད་པས། བདག་བཙོན་དུ་བཟུང་ནས་འགྲོ་ཟེར་བས། ཡང་ཕ་མ་ན་རེ་འདི་སྐད་ཅེས་ཟེར་རོ། །བུ་དེ་སྐད་མ་ཟེར། བདུད་ཀྱི་ཡུལ་ན་ཨ་ཕྱི་ལིང་ཏོག་ཅན་ཞེས་བྱ་བ་ཡོད་ཀྱིས། དེ་ཁྱོད་ཀྱི་ཨ་ཕྱི་ཡིན་གྱིས། དེ་ལ་མེ་སློངས་ཤིག་བྱས་པས། བུ་ན་རེ་འདི་སྐད་ཅེས་ཟེར་རོ། །ཀྱེ་ཡབ་ཡུམ་བདག་གི་ཡུལ་དེ་མ་ལགས་ཏེ། ཡུལ་དེར་བདག་མཆི་ཡིས། བདག་ལ་གཡོག་པོ་མི་ལྔ་ཐོངས་ཤིག །(༢༢༤)ཏིལ་མར་གྱིས་རང་ངར་བཏགས་པའི་རལ་གྲི་གཅིག་སྐུར་ཅིག །མེ་ལོང་ལྔ་སྐུར་ཅིག་བྱས་པས། ཕ་མ་གཉིས་དགའ་བས་དེ་ལྟར་བྱའོ་ཟེར་ནས། མི་ལྔ་གཡོག་ཏུ་བརྫངས་སོ། །མེ་ལོང་ལྔ་བསྐུར་རོ། །དེ་ནས་ཡང་བུ་ན་རེ་འདི་སྐད་ཅེས་ཟེར་རོ། །ཀྱེ་ཡབ་ཡུམ་བདག་ནི་བདུད་ཀྱིས་ཡུལ་ནས་འཐོགས་ན་ཇི་ལྟར་བགྱི་ཞེས་དྲིས་པས། ཕ་མ་གཉིས་ན་རེ། ཡུལ་རིན་པོ་ཆེའི་ཕུང་པོ་ཞེས་བྱ་བ་ན། གདོལ་བ་ཅན་གྱི་མི་བཞི་ཡོད་ཀྱིས་དེ་དག་དམག་ཏུ་སྦྲོན་ལ། མི་གཅིག་གིས་དམག་སྡུས་ཤིག །མི་གཅིག་གིས་ལྕགས་ཁྲོལ་ཞིག །མི་གཉིས་ཀྱིས་སྒོ་ཆོག་ཅིག །དེ་སྐད་ཅེས་ཕ་མ་གཉིས་ཀྱིས་ལུང་བསྟན་པས། བུ་ན་རེ་དེ་ལྟར་བགྱིའོ། །ཨེ་མ་ཧོ་ཟེར་ནས་སོང་བ་ལས། དེ་ནས་བདུད་ཧ་ལི་ཀ་ནག་པོས་མཐོང་སྟེ། འོ་མི་ཤ་བྱུང་བས་འཁོར་རྣམས་ཀྱིས་ཟུང་ལ་འདི་མ་བཏང་ཞིག་བྱས་པས། བདུད་ཀྱི་མི་ལྔས་བཟུང་ངོ་། །ཨ་ཕྱི་ལིང་ཐོག་ཅན་གྱིས་ལྕགས་བཅུག་ནས། འཁོར་རྣམས་ལ་འདིས་ངའི་བུ་བསད་པ་ཡིན་པས། འདི་མ་བཏང་ཞིག་བྱས་པས། འཁོར་རྣམས་ན་རེ་དེ་ལྟར་བགྱིའོ་ཟེར་ནས་འགྲོ་བའི་དབང་མ་བྱུང་ངོ་། །དེ་ནས་ཡང་བུ་དེས་འདི་སྐད་ཅེས་བྱས་སོ། །ཀྱེ་ཨ་ཕྱི་བདག་གིས་ཕ་མ་གཉིས་ཀྱི་ཞལ་ན་རེ། ཁྱོད་ཀྱི་ཨ་ཕྱི་ལིང་ཐོག་ཅན་ཞེས་བྱ་བ་ཞིག་བདུད་ཀྱི་ཡུལ་ན་ཡོད་ཀྱིས། དེ་ནས་མེ་ལོང་ལ་ཤོག་ཟེར་བ་ལགས་ཀྱི། བདག་མ་བཟུང་བར་ཐོང་ཞིག་བྱས་པས་རྒན་མོ་དེ་ན་རེ་ཁྱོད་མི་གཏོང་བ་ཡིན། ངའི་བུ་ཁྱོད་ཀྱི་ཕས་བསད་པ་ཡིན་པས་མི་གཏོང་ཟེར་རོ། །དེ་ནས་ཡང་བུ་དེས་འདི་སྐད་ཅེས་བྱས་སོ། །བདག་མི་གཏོང་ན་དམག་འདྲེན་བྱས་པས། ཁྱོད་རང་དམག་དྲོངས་ཟེར་ནས་མ་ཐར་རོ། །དེ་ནས་བུས་མགྲོན་པོ་མི་གསུམ་ལ་འཕྲིན་བརྫངས་པས། ཀྱེ་གྲོགས་པོ་དག་ཡུལ་རིན་པོ་ཆེ་སྤུངས་པ་ཞེས་བྱ་བ་ན། གདོལ་བའི་རིགས་ཀྱི་མི་བཞི་ཡོད་ཀྱིས། དེར་ཁྱོད་ཀྱིས་སོང་ལ། ཁྱེའུ་རིགས་བྱེད་བཙོན་དུ་བཟུང་བས་དམག་གི་དཔུང་མང་པོ་དང་ཆོས་ལ་ཤོག་གྱིས་ཤིག་ཅེས་སྨྲས་པས། དེ་ལྟར་བགྱིའོ་ཟེར་ནས་སོང་ངོ་། །དེ་ནས་ཞག་གསུམ་གྱི་ནང་པར་ཉི་མ་ཤར་ཙམ་ན། དམག་མང་པོ་བྱུང་ནས་སྒོ་བཅག་ནས། བཙོན་གྱི་ལྕགས་བཅོག །རྒན་མོ་མདོར་བཏོན། མི་ལྔ་རྟ་དང་ཕྲལ། ཨ་ཕྱིའི་བུ་བཙོན་དུ་བཟུང་། འཁོར་རྣམས་རལ་གྲིས་མགོ་བཅད་དེ་བསད་དོ། །དེ་ནས་རང་གི་ཡུལ་དུ་བྲོས་སོ། །ཡུལ་དུ་ཕྱིན་པས་སྲིང་མོ་སུམ་ཅུ་རྩ་གསུམ་ལྷའི་ཡུལ་ནས་མེ་ཏོག་མང་པོ་ཁྱེར་ནས་བྱུང་བ་དང་ཕྲད་དོ། །དེ་ནས་ཕ་མ་གཉིས་ཀྱིས་ངོ་ཤེས་ནས་རབ་ཏུ་དགའ་ནས་མིང་སྲིང་གཉིས་ལ་མིང་བཏགས་པས་མིང་པོ་ལ་རྡོ་རྗེ་ལུ་གུ་རྒྱུད་འདྲེན་པ་ཞེས་བྱ་བར་བཏགས་སོ། །སྲིང་མོ་ལ་མུ་ཁྱུད་འཛིན་ཞེས་བཏགས་སོ། །དེ་ནས་མིང་སྲིང་གཉིས་གྲོས་བྱས་པས། སྟོན་པ་མེ་ལོང་ཅན་ཞེས་བྱ་བ་དེ་མཐོང་སྟེ། དེ་གཉིས་ལ་ལུང་བསྟན་པ། ཀྱེ་རིགས་ཀྱི་བུ་ཉོན་ཅིག །ཡུལ་མ་བཀོད་པར་སྣང་བ་ཞེས་བྱ་བ་ན། རིན་པོ་ཆེ་ཤེལ་གྱི་མཆོད་རྟེན་ཁྲི་འཕང་ལྔ་པ་ཞིག་གི་ལོགས་རེ་རེ་ལ་མི་ལྔ་ལྔ་འདུན་མ་བྱེད་པ། ཤེལ་གྱི་མཆོད་རྟེན་དེའི་འཁོར་ལོ་(༢༢༥)ལ། དངུལ་དཀར་གྱི་མེ་ལོང་བཞི་བཏགས་ནས་ཡོད་པས། རི་བོ་མ་ལ་ཡའི་རྩེ་མོ་ནས་བྱ་ར་གྱིས་ལ། མུ་ཁྱུད་ཀྱི་ར་བར་ཆུག་ཅིག །དེ་ལ་རིན་པོ་ཆེའི་སྐས་ཚུགས་ལ། ལག་ཏུ་རིན་པོ་ཆེའི་སྣོད་བཅུད་ཀྱིས་བཀང་བ་ཞིག་ཐོགས་ལ་འཛེགས་ཤིག །དེ་ནས་མཆོད་རྟེན་གྱི་རྩེ་མོ་ན་སྟོན་པ་འོད་མི་འགྱུར་བ་བྱ་བ་ཞིག་ཡོད་ཀྱིས། དེ་ལས་འོད་ཟེར་གྱི་ཐག་པ་ཞིག་ཞབས་གཡས་པ་ནས་འོང་གིས། དེ་ལ་མ་འཇིགས་པར་འཇུས་ལ་སོང་ཞིག །དེ་ནས་ཁྱོད་རང་གི་སྣང་བའི་ཡབ་ཡིན་གྱིས་དེར་རྒྱུག་ཅིག །དེ་འདས་པའི་གོང་ན་རིན་པོ་ཆེ་ཤེལ་གྱི་ཁང་པ་ཞིག་སྒོ་བརྒྱད་ཡོད་ཀྱིས། དེ་ན་ཁྱོད་ཀྱི་མ་སྣ་ཚོགས་སུ་སྣང་བ་བྱ་བ་ཡོད་ཀྱིས། དེའི་ཚེ་ཁྱོད་ཀྱིས་མ་ངོ་ཤེས་པར་འགྱུར་རོ། །དེའི་གོང་ན་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་ཁང་པ་ཞིག་ཡོད་ཀྱིས། དེ་ཁྱོད་ཀྱི་གནས་ཡིན་པས་དེར་ས་ཟུང་ཞིག །དེ་སྐད་ཅེས་སྟོན་པས་ལུང་བསྟན་པས། ཁྱེའུ་ལུ་གུ་རྒྱུད་འདྲེན་པས་འདི་སྐད་ཅེས་བྱས་སོ། །ཀྱེ་སྟོན་པ་ཆེན་པོ་དེ་ལྟར་བདག་ཅག་གིས་བགྱིའོ་ཟེར་ནས། སྲིང་མོ་ལ་འདི་སྐད་ཅེས་ཟེར་རོ། །སྟོན་པས་ལུང་བསྟན་པ་བཞིན་དུ་བྱའོ་ཟེར་ནས། ཉི་མའི་ཟེར་ལ་ཞོན། འཇའ་ཚོན་གྱི་སྒ་བསྟད་ནས། མུ་ཏིག་གི་ཕྲེང་བས་གློ་བསྡམས། ལག་ཏུ་ཤེལ་གྱི་མདུང་ཐོགས། ནམ་མཁའི་དཀྱིལ་དུ་ལམ་བྱུང་ནས། རིན་པོ་ཆེའི་ཁང་པའི་ནང་དུ་ཐོགས་རྡུགས་མེད་པར་སོང་ཟེར་ཏེ་ཡ་ཆ་ཞེས་སོ། །དེའི་དོན་ལ། ཡུལ་འཁོར་ཡུག་ཆེན་པོ་འཁོར་བའོ། །འདམ་རྫབ། ལུས་ངག་ཡིད་གསུམ་གྱི་ནང་ངོ་། །མར་མེ། རིག་པའི་ཡེ་ཤེས་སོ། །ཡུལ་མདངས་དང་ལྡན་ནི། སྙིང་ནང་ལ། སྟོན་པ་མེ་ལོང་ཅན་ནི། རང་གི་ཤེས་རབ་རང་བྱུང་གི་སྒྲོན་མའོ། །ལུང་བསྟན་པ་ནི། ཉམས་སུ་བླངས་ཚུལ་རང་རིག་ལ་ནང་དུ་གོ་བར་བྱེད་པའོ། །རི་མ་ལ་ཡའི་རྩེའི་རྒྱ་མཚོ་ན་སྟོན་པ་ཡབ་ཡུམ་ལ་བུ་ཚ་མིང་སྲིང་གཉིས་བྱུང་བ་ནི། མགོ་ལ་མིག་ཡོད་པའི་ནང་ན་རིག་པའི་རང་གདངས་སྣང་སྟོང་གཉིས་ཀྱི་ཆ་ལས། དབྱིངས་རྣམ་དག་གི་སྒྲོན་མ་དང་། ཐིག་ལེ་སྟོང་པའི་སྒྲོན་མ་གཉིས་ཤར་བའོ། །

ཕ་མས་བུ་ཚ་གཉིས་ཡུལ་གཉིས་སུ་བསྒོ་བ་ནི། དབྱིངས་སྣང་དབང་པོའི་མངོན་སུམ་དུ་ཁྲོམ། ཐིག་ལེ་བཅུད་དུ་སྨིན་པར་གྱིས་ཞེས་པའོ། །བུ་བསྒོ་བ་མི་ཉན་པ་ནི། དབང་པོ་རྟུལ་བ་དང་། ལས་དང་པོ་པ་སྣང་བ་ལ་ཞེན་པ་འཇུག་པས་མ་ཞེན་པ་དགོས་ཞེས་པའོ། །ཞེན་ན་རང་རིག་གཟུང་འཛིན་གྱི་བདུད་ཀྱིས་འཆིང་བའོ། །ཨ་ཕྱི་བསྟན་པ་ནི། རིག་པའི་ཆ་ལ་ལྷན་ཅིག་སྐྱེས་པའི་མ་རིག་པ་མཚུངས་ལྡན་དུ་ཡོད་པས་རང་ངོ་ཤེས་པར་བྱའོ་ཞེས་པའོ། །མེ་ལོང་གཅིག་ནི། ཡུལ་རིག་པས་དཔྱད་པའི་ཉམས་སོ། །བུས་ངའི་ཡུལ་དེ་མིན་ཡང་མི་ལྔ་རལ་གྲི་མེ་ལོང་ལྔ་ཆས་པ་ནི། ཤེས་པ་ཡུལ་ཐོག་ཏུ་འཆོར་བས་ཡུལ་འཁྲུལ་པ་འདི་ཤེས་པའི་རང་ཡུལ་མིན། ད་ལྟ་འཁྲུལ་པ་ལ་ཤོར་བས་རིག་པ་དེར་འཁྱམས་ཏེ། ཡེ་ཤེས་ལྔ་ཤེས་རབ་དང་འོད་ལྔའི་སྣང་བ་རང་ཆས་སུ་གྲོགས་སུ་ཚང་བ་ལ་ཟེར་རོ། །བུས་དེར་ཟིན་ན་ཐབས་དྲིས་པ་ནི། འཁྲུལ་པ་འདི་ལས་གྲོལ་ཐབས་ཏེ། ཡུལ་རིན་པོ་ཆེའི་ཕུང་པོ་ཙིཏྟའོ། །མི་བཞི་སྒྲོན་མ་བཞིའོ། །དམག་ཏུ་སྦྲོན་པ་ནི། ཉམས་སུ་ལེན་པའི་གྲོགས་ཏེ། སྡུད་བྱེད་ཀྱི་ཤེས་རབ་ཀྱིས་དབྱིངས་(༢༢༦)རིག་གཅིག་ཏུ་སྡུད། འབྱེད་བྱེད་ཀྱི་སེམས་དང་ཡེ་ཤེས་འབྱེད། སྒྲོལ་བྱེད་ཀྱི་ཤེས་རབ་ཀྱིས་འཁོར་བ་དབྱིངས་སུ་སྒྲོལ། སྐྱོད་བྱེད་ཀྱིས་དབྱིངས་ལ་སྦྱོར་བ་སྟེ་བྱེད་ལས་སོ། །བུ་ཡུལ་དེར་སོང་བ་ནི། གཞི་སྣང་ལས་འཁོར་བ་འདི་འཁྲུལ་པའོ། །བདུད་འཁོར་དང་བཅས་པས་བཟུང་བ་ནི། རིག་པ་ཉོན་མོངས་ཀྱི་དབང་དུ་སོང་སྟེ་མ་རིག་པ་ལ་སོགས་པའི་འཆིང་བས་བཅིངས་པའོ། །

ཨ་ཕྱི་ལ་གཉེན་མོས་གདུངས་ཀྱང་མི་གཏོང་བ་ནི། འཁོར་བ་དང་ཉོན་མོངས་ཚིག་གིས་སྐྱེ་མེད་ལ་སོགས་པར་གཏན་ལ་ཕབ་ཀྱང་མི་གྲོལ་བའོ། །འཕྲིན་སྐྱེལ་མི་གསུམ་ནི་སྡེ་སྣོད་གསུམ་སྟེ་དེའི་བརྡ་དོན་སྤྲོད་མཁས་པས་རིག་པའི་དོན་དང་འཕྲད་པའོ། །ཁྱེའུ་ནི། རིག་པ་སྟེ་འཁོར་བར་བཅིངས་པ་ལ། སྒྲོན་མ་བཞི་ར་མདར་སྦྲན་ནས་ཉམས་སུ་བླངས་པས་དམག་བྱུང་བ་ཤེས་རབ་དང་རྟོག་པ་དུ་མ་སྐྱེས་ཏེ། གཟུང་འཛིན་རྡོས་བཅས་ཀྱི་ལྕགས་བཅག །མ་རིག་པའི་རྒན་མོ་ཡུལ་ཕྱུང་། དུག་ལྔའི་མི་ཉོན་མོངས་པའི་རླུང་གི་རྟ་དང་བཅས་པ་སོ་སོར་ཕྲལ། རིག་པས་རང་ངོ་ཤེས་པ་ལས་མི་འདའ་བའི་བཙོན་བཟུང་། ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུའི་མགོ་བཅད། ཆོས་ཉིད་རང་ཡུལ་གྱི་སྣང་བ་འོད་གསལ་བལྟས་པས། སྲིང་མོས་མེ་ཏོག་ཁྱེར་བ་སྒྲོན་མ་ཚད་དུ་ཕྱིན་པའོ། །ཕ་མས་མིང་བཏགས་པ་མ་རིག་པ་ཆོད་ནས་རིག་པ་རང་གསལ་དུས་རྡོ་རྗེ་ལུ་གུ་རྒྱུད་རང་ཤར་ཞིང་། ཐིག་ལེ་སྟོང་པའི་སྒྲོན་མ་ཡུལ་ལ་སྣང་བའོ། །མིང་སྲིང་གྲོས་བྱས་པ་དབྱིངས་སུ་རིག་པ་གཅིག་ནས་དབྱིངས་རིག་གཅིག་ཏུ་དྲིལ་ནས་ཉམས་སུ་བླངས་པས་སྟོན་པ་མཐོང་བ། བར་དོ་དང་པོའི་འོད་གསལ་ལོ། །ཡུལ་མ་བཀོད་པར་སྣང་བ། ཆོས་ཉིད་བར་དོའི་སྣང་ཡུལ་ལོ། །མཆོད་རྟེན་ནི། འོད་ལྔ་ཚོམ་བུ་ལྔས་བརྒྱན་པའོ། །འཁོར་ལོ་ལ་མེ་ལོང་བཞི་ཡོད་པ་འོད་ཀྱི་ལམ་ལྔ་དང་ཡེ་ཤེས་བཞི་སྦྱོར་གྱི་སྣང་བའོ། །འདི་དག་བརྩོན་ན་ད་ལྟ་ཡང་སྣང་ནུས་པར་ཤེས་སོ། །མ་ལ་ཡ་ནས་བྱ་ར་བྱེད་པ་ནི། མི་གནས་དེ་ལ་ལྟོས་ལ་དབྱིངས་ཀྱི་ར་བར་རིག་པ་ངོས་ཟུངས་ཤིག་པའོ། །སྐས་དང་སྣོད་དང་རྩེ་མོའི་སྟོན་པ་འོད་ཟེར་དང་བཅས་པ་ནི། རྟོག་པས་རང་ངོ་ཤེས་ཏེ་རང་སྣང་དུ་བལྟས་པས་འོད་ཀྱི་ཟེར་ཐག་སྙིང་གར་འབྲེལ་བ་ལ་རང་ས་འཛིན་པའི་གདམས་ངག་གོ། །ཁང་པ་སྒོ་བརྒྱད་ནི། ལྷུན་གྲུབ་ཀྱི་འཆར་སྒོ་བརྒྱད་དོ། །རིན་པོ་ཆེའི་ཁང་པ་ནི། ལྷུན་གྲུབ་རིན་པོ་ཆེའི་གསང་བའི་སྦུབས་ཐོག་མའི་ཀ་དག་ལ་ནང་དབྱིངས་གཅིག་ཏུ་བཙན་ས་ཟིན་པའི་དུས་སོ། །ལུང་བསྟན་པ་བཞིན་སོང་བ་ནི། ཟེར་ཐག་གི་ཉི་ཟེར་ལ་ཤེས་པ་མི་འགྱུར་བས་འོད་ལྔའི་སྣང་བ་སྒ་འདྲ་བ་དང་། རྟོགས་ཚད་ཀྱི་གློ་བསྡམས། ཤེས་རབ་ཀྱི་མདུང་ཁྱེར། རང་སྣང་གི་ནམ་མཁའ་ནས་ལམ་བྱུང་ནས། ཀ་དག་གི་ས་ལ་ཟང་ཐལ་དུ་གྲོལ་བའོ། །

བཞི་པ་ནི། ཡང་རང་ཤར་ལས། སྔོན་ཡུལ་དག་པར་སྣང་ཞེས་བྱ་བ་ན། མཁར་སྒོ་བརྒྱད་དང་ལྡན་པའི་མཁར་ཞིག་ཡོད་དེ། མཁར་དེའི་རྩེ་ན་རྗེ་ཁྱེའུ་སྣང་བ་རིག་བྱེད་ཅེས་བྱ་བས་བྱེད། དེ་ལ་མ་རྒན་མོ་ལིང་ཐོག་ཅན་བྱ་བ་ཞིག་ཡོད་དེ། ཡུལ་དེའི་མདའ་ན་སྡིག་སྐྱོང་བའི་རྒྱལ་པོ་གྲགས་པ་དབང་ཕྱུག་བྱ་བ་ཡོད་པས། དེ་ལ་བུ་རྒྱལ་བུ་ལྔ་ཡོད་པས། སྲས་པོ་ལྔ་སྐུ་རྩེད་ལ་སོང་བས། རྒན་མོ་ལིང་ཐོག་ཅན་མདོ་ན་མར་ལ་སྐྱོ་བསངས་ལ་བྱུང་བ། སྲས་རྒྱལ་བུ་མཆེད་ལྔས་(༢༢༧)བཙོན་དུ་བཟུང་ཟེར་བ་དེ་ཡ་ཆ། དེ་ནས་བུ་མའི་སྙེགས་མ་ལ་སོང་བ་ཡང་བཟུང་ནས་ལྕགས་སུ་བཅུག་ཟེར་བ་དེ་ཡ་ཆ་ཞེས་པའི་དོན་ནི། ཡུལ་དག་པར་སྣང་རིག་པའི་ཞིང་ཁམས་ན། མཁར་སྒོ་བརྒྱད་པ་ལྷུན་གྲུབ་ཀྱི་འཆར་སྒོ་ཡོད་པའི་རྩེ་མོ་ན་ཁྱེའུ་རང་བྱུང་གི་རིག་པ་དེ། མ་རིག་པ་དང་དུས་མཚུངས་པས་རྒན་མོ་དང་ལྷན་ཅིག་དེར་གནས་པའོ། །རྒྱལ་པོ་ནི། ཉོན་མོངས་པའི་རྩ་བ་བདག་འཛིན་ནོ། །སྲས་ནི། ཉོན་མོངས་པ་དུག་ལྔའོ། །སྐུ་རྩེད་ནི། སྒོ་ལྔ་ལ་དབང་ཤེས་རང་ཡན་ཏེ་ཆགས་སྡང་དུག་ལྔར་སྤྱོད་དུས། རྒན་མོ་བཟུང་བ་ནི། མ་རིག་པ་རང་ཡུལ་ཉོན་མོངས་ལྔས་བཟུང་སྟེ། དུག་ལྔ་མ་རིག་པ་དང་ངོ་བོ་གཅིག་ཏུ་གྱུར་ཏེ་འཇུག་པ་རོ་གཅིག་པའོ། །དེའང་ད་ལྟ་རང་མ་རིག་པའི་ཤེས་པ་སྒོ་སོ་སོ་ལ་ཤར་དུས་དུག་ལྔ་དང་འཕྲད་པ་ལ་ཟེར་རོ། །བུ་མའི་སྙེགས་མ་ལ་སོང་བ་བཟུང་བ་ནི། མ་རིག་པའི་ངོ་བོ་དེ་རིག་པར་ཡོད་པས། རིག་པ་ཡུལ་ཐོག་ཏུ་བཟུང་བ་སྟེ། བློ་གང་དུ་ཆགས་སྡང་སྐྱེས་ནས་བཅིངས་པ་དེའི་ངོ་བོ་རིག་པ། ལྡོག་པ་མ་རིག་པ། ཤེས་ན་རང་གྲོལ་ལོ། །

བརྡ་ལྔ་པ་འཁྲུལ་པ་ལྡོག་ཚུལ་ནི། ཡང་དེ་ཉིད་ལས། སྔོན་ཡུལ་རིན་པོ་ཆེ་སྤུངས་པ་ཞེས་བྱ་བ་ན། རྒན་མོ་ཞིག་ལ་ནོར་བུ་རིན་པོ་ཆེ་ཞིག་ཡོད་པས། རྐུན་མོ་མི་ལྔས་ཁྱེར་ནས་རྒན་མོ་སྡུག་བསྔལ་གྱིས་ཟིན་ཟེར་བ་དེ་ཡ་ཆ། དེ་ནས་རྐུན་མོ་རྗེས་བཅད་པས། ཡུལ་ཚེར་མ་ཅན་དུ་སོང་ནས། རྐུན་མོ་མི་ལྔས་བརྐུས་པས་རྒན་མོ་བརྒྱལ་ཟེར་བ་དེ་ཡ་ཆ། དེ་ནས་རྐུན་མོ་ཡུལ་ཚེར་མ་ཅན་ནས་རྗེས་ཆོད་པས། རྒན་མོ་བརྒྱལ་སངས་ཟེར་བ་དེ་ཡ་ཆ། དེ་ནས་རྒན་མོ་དེའི་བུ་མོ་ལྷ་དཀར་པོ་ཞེས་བྱ་བ་དེ་འདི་སྐད་ཅེས་ཟེར་རོ། །ངའི་ནོར་བུ་མ་རླག་གམ་བྱས་པས། མི་ལྔ་པོ་ན་རེ། ནོར་བུ་མ་རླག་གིས་ཁྱོད་རང་གི་རྒན་མོ་སོད་ཅིག །མ་རྒན་མོ་མ་བསད་ན་ནོར་བུ་མི་སྟེར་རོ་བྱས་པས། ཁོས་ཁོ་རང་གི་མ་བསད་ནས་ཤ་ཟོས། ཁྲག་འཐུངས། རུས་པ་མུར། དངོས་པོ་མེད་པར་བྱས་པས། ནོར་བུ་རྐུན་མོས་བྱིན་ཟེར་བ་དེ་ཡ་ཆ་ཞེས་པའི་དོན་ནི། ཡུལ་རིན་པོ་ཆེ་སྤུངས་པ་ཙིཏྟའོ། །རྒན་མོ་མ་རིག་པ། ནོར་བུ་རིག་པ། རྐུན་མོ་དུག་ལྔ། མྱ་ངན་གྱིས་ཟིན་པ་རིག་པ་ཆགས་སྡང་གིས་སྦགས་པས་རང་སྡུག་རང་ལ་མྱོང་བ། རྗེས་བཅད་པའི་ཚེར་མ་ཅན་ནས་ཆོད་དེ་རྒན་མོ་བརྒྱལ་བ། ཤེས་རབ་ཀྱིས་རིག་པ་དང་དེའི་ལྷན་སྐྱེས་མ་རིག་པ་དུག་ལྔ་དང་བཅས་པའི་འཁྲུལ་པ་བརྟགས་པས། ད་ལྟ་འཁོར་བ་ན་འཁོར་དུས་ངོས་ཟིན་པས། མ་རིག་པ་དུག་ལྔའི་བག་ལ་ཞར་འདུག་པ་ཙམ་མོ། །དེ་ལྟར་འཁྲུལ་པའི་རྩ་བ་ཆོད་དུས་རིག་པ་རང་ངོ་ཤེས་པས། མ་རིག་པ་རང་སངས་ལ་སོང་བ་ནི། རྗེས་ཆོད་ནས་བརྒྱལ་སངས་པའོ། །མི་ལྔ་ནི། རང་ངོ་ཤེས་པས་ཡེ་ཤེས་སྐྱེས་པ་སྟེ། ནོར་བུ་མ་རླག་གམ་དྲིས་པས། རྒན་མོ་སོད་དེ་ནས་སྟེར་ཟེར་ནས་བྱིན་པ་ནི། རིག་པས་རང་ཉིད་འཁོར་བར་སོང་དུས་རང་ངོ་ངན་དུ་སོང་ངམ་བལྟས་པས། སྤུ་ཙམ་ཡང་མ་སོང་། གྲ་མ་ཉམས་ཟུར་མ་ཆག་པར་མཐོང་ལ། ལྷན་སྐྱེས་རང་ངོ་མ་རིག་པའི་ཆ་འདི་མ་སྤངས་ན་དེས་མི་ཕན་པར་ད་དུང་འཁོར་བ་ལས་རྔ་འདྲེས་གཅིག་མི་འཕགས། དུག་ལྔ་རང་འཁྲུངས་སུ་རང་ལ་འཆར་བར་རྟོགས་ཏེ། ཁ་ནང་དུ་རང་ངོ་ལ་བལྟས་པས། རང་རིག་དུས་ལྷན་སྐྱེས་ཀྱི་མ་རིག་པ་སངས་ཏེ། ཀུན་རྟོག་རང་གྲོལ་བས་ཤ་ཟོས་(༢༢༨)ཞེ་སྡང་མ་སྤངས་གནས་སུ་དག །ཆགས་འཛིན་དག་པས་ཁྲག་འཐུངས། མི་ཤེས་པ་དག་པས་རུས་པ་མུར། ཉོན་མོངས་ཐམས་ཅད་དངོས་མེད་ལ་སོང་སྟེ། ནང་རིག་པ་ལ་བལྟས་པས། རང་རིག་དུས། ཕྱི་ཡུལ་ལ་འཆར་བའི་དུག་ལྔ་ལྷན་སྐྱེས་མ་རིག་པ་དང་བཅས་པ་དག་ནས། རང་བྱུང་ཡེ་ཤེས་ཀྱི་ནོར་བུ་རང་ལས་རྙེད་པའི་དུས་སོ། །

དྲུག་པ་ནི། རང་ཤར་ལས། ཡུལ་འདུལ་བ་རྣམ་པར་བཀོད་པ་ཞེས་བྱ་བ་ན། རྒྱ་ནག་གི་རྒྱལ་པོ་ལི་གར་ཏ་བྱ་བ་གབ་ཙེ་ཆེན་པོ་ཞིག་བཏིང་ནས། གཤིན་རྩིས་བྱས་པས། སྟོ་ལོག་ཏུ་བཙུན་མོ་ཉི་ཤུ་རྩ་གཅིག་ལ་མཛེས་པའི་ཆས་སུ་བཅུག་ནས་ལམ་པོ་ཆེའི་བཞི་མདོར་བསྐྱལ་བས་ཤི་ཁ་ཆོད་ཟེར་བ་དེ་ཡ་ཆ། དེ་ནས་རྒྱ་ནག་གི་རྒྱལ་པོ་ལི་གར་ཏ་འཕྲུལ་གྱི་རྒྱལ་པོ་དེས། བཙུན་མོ་ཉི་ཤུ་རྩ་གཅིག་ལ་མཛེས་པའི་ཆས་ཀྱིས་བརྒྱན། མགྱོགས་པའི་རྟ་བསྐྱོན། གསལ་བའི་མིག་ཕྱེ། བརྡེག་པའི་མཚོན་བསྐུར། གཅོད་པའི་སོ་བཏགས། གྱོན་པའི་གོས་བསྐོན། འདུག་པའི་ཡུལ་བཙལ། གནས་པའི་ཁྱིམ་བཙལ། འགྲོ་བའི་ལམ་བཙལ་ནས་བཏང་བས་ཤི་ཁ་ཆོད་ཟེར་བ་དེ་ཡ་ཆ་ཞེས་པའི་དོན་ནི། འཁོར་བ་སེམས་ཅན་གྱི་རང་དུས་ཉོན་མོངས་པ་ཅན་གྱི་སློབ་མའི་ལུས་སེམས་ཚོགས་པ་ནི། ཡུལ་འདུལ་བ་རྣམ་བཀོད་དོ། །རྒྱལ་པོས་གབ་ཙེ་བཏིང་ནས་རྩིས་བྱས། བཙུན་མོ་བསྐྱལ་བས་ཤི་རྒབ་ཆོད་པ་ནི། སློབ་དཔོན་མཁས་པས་རྒྱུད་ལུང་མན་ངག་སེམས་ལ་བཏབ་ནས། ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས་ངོ་སྤྲོད་དེ། བར་དོའི་ལམ་སྣང་ལ་རང་ངོ་ཤེས་པར་བྱས་པས། འཁོར་བ་ལས་ཐར་ཏེ་སྐྱེ་ཤི་རྒྱུན་ཆོད་པའོ། །རྒྱལ་པོས་བཙུན་མོ་ཆས་སུ་བཅུག་པ་ནི། བླ་མས་སློབ་མ་ལ་ད་ལྟ་ངོ་སྤྲོད་ཉི་ཤུ་རྩ་གཅིག་བསྟན་ནས། རིག་པའི་རང་འོད་ཀྱི་ཆས་མངོན་སུམ་དུ་ཅེར་མཐོང་བསྟན། ཤེས་རབ་ཀྱི་རྟ་བསྐྱོན། སྒྲོན་མ་བཞིའི་མིག་ཕྱེ། རྒྱུད་ལུང་གི་མཚོན་བསྐུར། མན་ངག་གི་སོ་བཏགས། སྣང་བ་བཞིའི་གོས་བསྐོན། ཀ་དག་གི་གནས་བཙལ། འོད་ལྔ་ཡེ་གདངས་ཀྱི་ཁྱིམ་བཙལ། བར་དོའམ་འདི་ཉིད་ལ་གྲོལ་བའི་ལམ་བཙལ་བས། ཐོག་མའི་གཞི་ལ་མཐར་ཕྱིན་ཏེ། སྐྱེ་ཤི་མེད་པ་རྡོ་རྗེའི་ས་ཐོབ་པའོ། །

བདུན་པ་ལྟ་བས་ལ་བཟླ་བའི་གདམས་ངག་ནི། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། ཁམས་གསུམ་སེམས་ཅན་ཐམས་ཅད་རྣམས། །ཤིན་ཏུ་མཚོན་ཆ་རྣོན་པོ་ཡིས། །ཐམས་ཅད་བསྒྲལ་ན་དངོས་གྲུབ་འབྱུང་། །ཐུགས་རྗེས་ཐམས་ཅད་སྒྲོལ་བའི་ཕྱིར། །རང་གི་རྡོ་རྗེ་སློབ་དཔོན་ཉིད། །བསྒྲལ་ནས་རྒྱ་མཚོར་བསྐྱུར་བྱས་ན། །སྣང་སྲིད་ཆོས་རྣམས་ཤེས་པ་འགྱུར། །རང་རིག་ཡེ་ཤེས་ཡོད་པའི་ཕྱིར། །རྟག་ཏུ་འགྲོགས་པའི་མཆེད་ལྕམ་གཉིས། །གཅོང་རོང་དོང་དུ་བསྐྱུར་བྱས་ན། །ཡེ་ཤེས་སྐུ་དང་མི་འབྲལ་འགྱུར། །ལུ་གུ་རྒྱུད་དུ་ཡོད་པའི་ཕྱིར། །ལུས་སྲོག་བསྐྱེད་པའི་ཕ་མ་གཉིས། །ཐང་ལ་བཏོན་ན་རང་ལུས་འཕེལ། །ཡེ་ཤེས་ཡུལ་དང་ཕྲད་པའི་ཕྱིར། །མཆོད་རྟེན་ལྷ་ཁང་ལ་སོགས་རྣམས། །ཕྱགས་ཏེ་རྒྱ་མཚོར་ཕོ་བྱས་ན། །ཡང་དག་དོན་གྱི་སྙིང་པོ་མཐོང་། །སྒྲོན་མ་མཁའ་ལ་གསལ་བའི་ཕྱིར། །དཀོན་མཆོག་གསུམ་པོ་རྒྱབ་ཕྱོགས་ན། །ཞིང་ཁམས་ཐམས་ཅད་མཐོང་བར་འགྱུར། །སྐུ་གསུམ་སྣང་བ་ཡོད་པའི་ཕྱིར། །སངས་རྒྱས་བསྒྲལ་ཏེ་དུར་(༢༢༩)བཅུག་ན། །རང་གི་སྣང་བར་རྟོགས་པར་འགྱུར། །འབྱུང་བ་རང་ལ་ལོག་པའི་ཕྱིར། །ཆོས་རྣམས་མེར་བསྲེགས་ཆུར་ཕོ་ན། །རིག་པའི་རང་སྣང་རྟོགས་པར་འགྱུར། །ཤེས་རབ་དོན་ལ་སྤྱོད་པའི་ཕྱིར། །སེམས་ཅན་ཐམས་ཅད་དུས་གཅིག་ཏུ། །བསྒྲལ་ན་སྣང་བ་སྟོང་པར་འགྱུར། །ཐུགས་རྗེ་དོན་ཉིད་མ་འགགས་ཕྱིར། །རང་སྲོག་རང་གིས་བཅད་གྱུར་ན། །ཆོས་ཉིད་ཡུལ་དང་འཕྲད་པར་འགྱུར། །སྒྲོན་མ་འོད་ལྔས་བརྒྱན་པའི་ཕྱིར། །སྐྱེ་དགུ་ཐམས་ཅད་རང་དབང་དུ། །བསྡུས་ན་སྟོབས་དང་ལྡན་པར་འགྱུར། །ཡེ་ཤེས་ཆགས་པ་མེད་པའི་ཕྱིར། །ལྷ་ཚོགས་ཐམས་ཅད་བཙོན་དོང་དུ། །བཟུང་ན་དངོས་གྲུབ་ཉེ་བར་འགྱུར། །རིག་པ་ཀུན་ཏུ་ཡངས་པའི་ཕྱིར། །སྙིང་པོ་བཅད་ན་བསྐྱེད་རིམ་གསལ། །རིག་པ་རྩོལ་སྒྲུབ་བྲལ་བའི་ཕྱིར། །ཚོགས་ལ་བསག་ཏུ་མེད་པ་ནི། །སྦྱིན་པ་ཀུན་ཏུ་རྫོགས་པར་འགྱུར། །རང་རིག་བཏང་བཞག་བྲལ་བའི་ཕྱིར། །ཐབས་དང་ཤེས་རབ་བྲལ་གྱུར་ན། །རང་གི་དོན་ཉིད་རྙེད་པར་འགྱུར། །རིག་པ་གཅེར་བུར་ཡོད་པའི་ཕྱིར། །རྒྱུ་འབྲས་མགོ་མཇུག་བཟློག་གྱུར་ན། །སྐྱེ་མེད་འབྲས་བུ་ཐོབ་པར་འགྱུར། །རྒྱུ་ཡིས་བསྐྱེད་དུ་མེད་པའི་ཕྱིར། །ཀུན་གཞི་རྩད་ནས་བཅད་གྱུར་ན། །ཡང་དག་མངོན་སངས་རྒྱས་པར་འགྱུར། །ཆོས་སྐུ་གདོད་ནས་དག་པའི་ཕྱིར། །བསད་བཅད་ལས་ལ་རབ་དགའ་ན། །ཡང་དག་དགེ་བ་འཕེལ་བར་འགྱུར། །རིག་པ་སྲོག་དང་བྲལ་བའི་ཕྱིར། །ཡེ་ཤེས་རྟོགས་ལུགས་དེ་བཞིན་ནོ། །ཞེས་སོ། །འདི་དག་གི་དོན་ལ། ཁམས་གསུམ་བསྒྲལ་ནས་དངོས་གྲུབ་འབྱུང་བ་ནི། སྒོ་གསུམ་དང་ཁམས་གསུམ་གྱིས་བསྡུས་པའི་སེམས་སེམས་བྱུང་རྩ་བ་བཅད་ནས་འགོག་པར་བྱེད་པའོ། །རྡོ་རྗེ་སློབ་དཔོན་རྒྱ་མཚོར་བསྐྱུར་བས་ཆོས་ཤེས་པ་ནི། ལྟ་སྟངས་ལ་འདུག་དུས་ཡིད་དང་སེམས་གང་དུའང་མི་རྟོག་པས་མིག་ལ་དྭངས་འབྱིན་པས་མངོན་སུམ་ཤེས་པའོ། །མཆེད་ལྕམ་དོང་དུ་སྐྱུར་བ་ནི། རླུང་སེམས་བཟུང་ནས་ལུ་གུ་རྒྱུད་ལ་ལྟ་བའོ། །ཕ་མ་བཏོན་པས་ལུས་སྲོག་འཕེལ་བ་ནི། དབྱིངས་རྣམ་དག་གི་སྒྲོན་མ་དང་ཐིག་ལེ་སྟོང་པའི་སྒྲོན་མའི་དབང་པོའི་ཐད་ལ་བཏོན་ནས་བལྟས་པས། སྣང་བ་གོང་དུ་འཕེལ་བའོ། །མཆོད་རྟེན་དང་ལྷ་ཁང་རྒྱ་མཚོར་ཕོ་བས་སྙིང་པོ་མཐོང་བ་ནི། ཙིཏྟའི་དབུས་རིག་པའི་མཆོད་རྟེན་འོད་ལྔའི་ལྷ་ཁང་ན་ཡོད་པ། ལྟ་སྟངས་ཀྱིས་རྒྱང་ཞགས་ཆུའི་སྒྲོན་མར་གཏད་པའི་ཕྱིར་སྣང་བའི་ཡེ་ཤེས། ནང་དུ་ཆོས་ཉིད་དོན་གྱི་ཡེ་ཤེས་གཉིས་འདུ་འབྲལ་མེད་པའི་སྙིང་པོ་མཐོང་བས་འོད་གསལ་མ་བུ་འཕྲོད་པའོ། །དཀོན་མཆོག་གསུམ་རྒྱབ་ཀྱིས་ཕྱོགས་པས་ཞིང་ཁམས་མཐོང་བ་ནི། འཁོར་བའི་རྩ་བ་དུག་གསུམ་ལ་ཡིད་ཀྱི་འགྱུ་བ་རྒྱབ་ཕྱོགས་ནས་རིག་པ་ལ་བལྟས་པས། ཆོས་ཉིད་མངོན་སུམ་དང་། ཉམས་གོང་འཕེལ་དུ་སྤྲུལ་སྐུ། ཚད་ཕེབས་སུ་ལོངས་སྐུ། ཟད་པར་ཆོས་སྐུའི་སྣང་བ་མཐོང་བའོ། །སངས་རྒྱས་དུར་དུ་བཅུག་པས་རྟོགས་པ་ནི། རིག་པ་ལ་མ་རིག་པ་ལྷན་སྐྱེས་ཡོད་པ་རང་ངོ་ཤེས་པར་བྱས་པའི་སྐད་ཅིག་ལ་རང་རིག་རྟོགས་པའོ། །དེའང་མ་རིག་པའི་རྩ་བ་རིག་པ་ལ་ལྡོག་པའི་ཕྱིར་རོ། །དཔེར་ན་ཤེས་པ་ཉོན་མོངས་སུ་ཤར་དུས་མ་རིག་པ་བག་ལ་ཉལ་ཉོན་མོངས་མངོན་གྱུར་དུ་ཡོད་པ་ལ་(༢༣༠)ཆེར་གྱིས་བལྟས་པས་རིག་པ་རྗེན་ལ་བུད་ནས་མ་རིག་པ་ཉོན་མོངས་དང་བཅས་པ་རིག་པར་སངས་ཏེ། རིག་པ་ཟང་ངེ་ཐལ་ལེ་གནས་པ་བཞིན་ནོ། །ཆོས་མེ་ཆུ་ལ་བསྐུར་བས་རང་སྣང་རྟོགས་པ་ནི། གཟུང་འཛིན་འཁྲུལ་པའི་ཆོས་གང་ཤར་ཏེ། རྟོགས་པ་ཤེས་རབ་ཀྱིས་མེས་གཞི་མེད་ཟད་པར་བསྲེགས་ནས། རང་བབས་བསམ་གཏན་གྱི་ཆུས་དེའི་ངང་ལ་བཞག་པས་རིག་པའི་དོན་རྟོགས་པའོ། །སེམས་ཅན་བསད་པས་སྣང་བ་སྟོང་པ་ནི། དྲན་བསམ་ཐམས་ཅད་ཕྱམ་བཞག་ཆེན་པོར་བཏང་བས་འཁྲུལ་རྟོག་རང་འགགས་ལ་སོང་ནས་འཁྲུལ་སྣང་སྟོངས་པའོ། །ཡང་གཅིག་ཏུ་ན་མངོན་སུམ་ལ་བལྟས་པས་བྱུང་ཚོར་འགགས་ཏེ་ས་རྡོའི་སྣང་བ་ལོག་པའོ། །རང་སྲོག་བཅད་པའི་ཆོས་ཉིད་ཀྱི་ཡུལ་དང་ཕྲད་པ་ནི། རླུང་རང་འགགས་ལ་བཏང་བས་རྣམ་རྟོག་ངང་གིས་སྟོངས་ཤིང་། རང་ངོ་ཅེར་མཐོང་དུ་རྟོགས་དུས་དབྱིངས་སྣང་ཐད་ཀར་ཤར་བའོ། །དེ་ཡང་ཕྱི་འོད་སྣང་དབྱིངས་ཀྱི་རང་ཡུལ་དང་ཕྲད། ནང་ཀུན་རྟོག་རྗེས་མེད་དུ་སངས་པས་ཀ་དག་ཟད་པའི་རང་ཡུལ་དང་སྐད་ཅིག་ལ་ཕྲད་པའོ། །སྐྱེ་དགུ་བསྡུས་པས་སྟོབས་དང་ལྡན་པ་ནི། ལུས་གནད་ཀྱིས་རླུང་རིག་གི་གནད་བསྡུས་པས་སེམས་ཉིད་རང་གནས་བདེ་གསལ་མི་རྟོག་པའི་ཉམས་འཕེལ་བའོ། །ལྷ་ཚོགས་བཙོན་དུ་བཟུང་བས་དངོས་གྲུབ་ཉེ་བ་ནི། སྟོང་གཟུགས་དབྱིངས་ཀྱི་གོ་རར་བཟུང་ན་མྱུར་དུ་རྟགས་ཚད་ཐོབ་པའོ། །སྙིང་པོ་བཅད་པའི་བསྐྱེད་རིམ་གསལ་བ་ནི། དྲན་བསམ་རང་ཀ་མ་ཅོག་གཞག་གི་གཟེར་ལ་ཐེབས་དུས་རིག་པ་དང་སངས་ཕྱེད་པའོ། །ཚོགས་བསག་མེད་ན་སྦྱིན་པ་རྫོགས་པ་ནི། རླུང་སེམས་རྒྱུ་བ་དག་ན་འཆར་སྣང་གི་འཕེལ་ཟད་ས་ལ་ཐུག་པས། ལྷུན་གྲུབ་ནང་དབྱིངས་སུ་ནུབ་ཏུ་ཉེ་བའོ། །སྤྱིར་རྩ་རླུང་གི་རྒྱུ་བ་ཡོད་རིང་ལ་གཞི་སྣང་གི་འཆར་སྣང་ཡོད་ལ། རྩ་རླུང་དག་དུས་གཞི་སྣང་རང་ལོག་ལ་རྩ་བ་གཞིའི་དབྱིངས་སུ་ལྡོག་པ་ནི། ཤེལ་འོད་ནང་དུ་བསྡུས་པ་བཞིན་ནོ། །སྣང་བའི་འཕེལ་མ་ཟད་ན་ཉམས་ལེན་གྱི་རྩལ་མ་ཟད་པའོ། །ཐབས་ཤེས་བྲལ་བས་དོན་རྙེད་པ་ནི། ཤེས་པ་ལ་གཉིས་བཅས་གཟུང་འཛིན་དང་བྲལ་དུས་རང་རིག་རང་ས་ན་གསལ་ཏེ། རིག་པ་ཟང་ཀ་གཅེར་བུ་གཅིག་ཡིན་པའི་ཕྱིར་རོ། །དེ་ཡང་གང་དྲན་ཅོག་གཞག་གི་དུས་སུ་གསལ་ལོ། །རྒྱུ་འབྲས་བཟློག་པའི་འབྲས་བུ་ཐོབ་པ་ནི། བྱས་པས་མི་ཟིན་བཞག་ན་ཟིན་པས་གང་དང་གང་གི་ཚེའང་བྱ་རྩོལ་རང་གཞག་ལ་བཏང་བས། མ་བྱས་པའི་དོན་སྐད་ཅིག་ལ་འཆར་བ་ནི། འབྲས་བུ་ལམ་དུ་བྱས་པའི་རྒྱུ་རང་འགགས་པ་ཞེས་བྱའོ། །རྟེན་འབྲེལ་ལུགས་འབྱུང་ཡར་ལུགས་ལས་བཟློག་པས་འཁོར་བ་འཆད་པར་ཀུན་མཐུན་པ་ནི། རྒྱུ་འབྲས་གོ་ལོག་གི་ཆོས་ཞེས་བྱའོ། །ཀུན་གཞི་མ་རིག་པའི་རྩ་བ་རང་ངོ་ལ་བལྟས་དུས་ཆོད་པས་སངས་རྒྱའོ། །བསད་པས་དགེ་བ་འཕེལ་བ་ནི། དྲན་ཐོག་ཤར་ཐོག་དེ་ཀར་རང་ཆོད་ཅོག་གཞག་ལ་ཕྱལ་ཕྱལ་བཏང་བས། དོན་གྱི་ཡེ་ཤེས་ཅེར་མཐོང་དུ་སོང་བས་ཉམས་རྟོགས་ཤུགས་ལ་འཕེལ་བའོ། །ཉི་ཟླ་ཁ་སྦྱོར་ལས། རང་གིས་རང་གྲོལ་རང་ཉིད་ལ། །རང་ཀ་མ་ནི་རང་གྲོལ་བས། །ལྕགས་ཀྱིས་ལྕགས་རྣམས་གཤོག་པ་དང་། །རྡོ་ཡིས་རྡོ་རྣམས་གཅོག་པ་བཞིན། །(༢༣༡)རང་གི་གཉེན་པོ་རང་ཉིད་ཆེ། །རང་བཞིན་རྫོགས་ཆེན་རྟོགས་པ་ཡིས། །འདི་ལྟར་གོམས་པ་གང་ཡིན་པ། །མ་བཙལ་བཞག་པའི་དོན་རྣམས་རྙེད། །མ་བསྒོམས་པར་ནི་བདེ་ཆེན་རྒྱས། །རང་བཞིན་ཉིད་དུ་མངོན་སུམ་རིག །འདི་ཉིད་སུ་དང་འཕྲད་པ་དེ། །མཚམས་མེད་སྡིག་དང་ལྡན་པ་ཡང་། །འདི་ཉིད་གོམས་པས་གྲོལ་བར་ནི། །ཐེ་ཚོམ་མེད་དོ་ན་རག་ཀན། །ཞེས་སོ། །

བརྒྱད་པ་འོད་གསལ་ཀློང་དུ་དྲིལ་བའི་བརྡ་ནི། ཐལ་འགྱུར་ལས། གཞན་ཡང་བརྡ་དོན་ཚིག་འབྲེལ་བཤད། །བསྐལ་པའི་མེ་དཔུང་ཀློང་དཀྱིལ་ན། །མི་གཅིག་ཚིག་པ་མེད་པར་ཡང་། །ཁ་ནས་སྡེ་སྣོད་ཆོས་བཤད་ཅིང་། །ལས་སུ་གཞན་གྱི་སྲོག་གཅོད་པ། །དགེ་སྦྱོར་འཕེལ་བ་ཡ་རེ་ཆ། །ལྕགས་ཀྱི་ཁང་པ་སྒོ་མེད་ན། །སྣང་མེད་མུན་པའི་ཀློང་དཀྱིལ་ན། །ཉི་མ་ཟླ་བ་འོད་གསལ་ཡང་། །སུས་ཀྱང་མཐོང་བ་མེད་པ་ནི། །སོ་སོའི་དབང་པོའི་ཡུལ་གསལ་བ། །མཐོང་བ་མེད་པ་ཡ་རེ་ཆ། །ཞེས་པའི་དོན་ལ། མེ་དཔུང་གིས་མི་མ་ཚིག་པར་དགེ་བ་འཕེལ་བ་ནི། རྟོག་ཚོགས་ཉོན་མོངས་ཀྱི་མེ་ནང་ན་རང་བྱུང་ཡེ་ཤེས་ཀྱི་མི་ཐོག་མ་མེད་དུས་ནས་གནས་ཀྱང་། དེས་མ་གོས་མ་བསླད་མ་ཚིག་ལ། རང་ངོ་རང་གིས་ཤེས་དུས་སྡེ་སྣོད་བཤད་ལ། རྟོག་ཚོགས་རང་གྲོལ་དུ་སོང་བ་གཞན་གྱི་སྲོག་གཅོད་པ་སྟེ། གཞན་དུ་འཛིན་པའི་སེམས་ཡིན་པའི་ཕྱིར་རོ། །དོན་དེ་ནི་རིག་པ་གནད་ལ་ཕོག་པས་དགེ་སྦྱོར་ངང་གིས་འཕེལ་བ་ཡིན་ནོ། །ལྕགས་ཁང་མུན་པ་ཅན་ནི། རང་གི་ལུས་ཙིཏྟའི་ནང་ན་རིག་པ་མ་རིག་པ་དང་ལྷན་ཅིག་གནས་པའོ། །ཉི་ཟླ་མ་མཐོང་བ་ནི། ཐམས་ཅད་ལ་ཡོད་ཀྱང་གདམས་ངག་མེད་པས་མ་མཐོང་བའོ། །སོ་སོ་ལ་གསལ་བ་གདམས་ངག་ཅན་ལ་མངོན་སུམ་གྱི་སྣང་བ་ད་ལྟ་མཐོང་བའོ། །མཐོང་བ་མེད་པ་ནི། སྟོང་གཟུགས་དེ་རང་གིས་མཐོང་དུས། དྲུང་ན་འཁོད་པ་གཅིག་གིས་གཅིག་གི་དེ་ལྟར་མེད་པའོ། །འདི་ནི་རིག་པ་འོད་གསལ་གྱི་བརྡ་དོན་ནོ། །དེ་དག་ལ་སོགས་པ་བརྡའི་རྣམ་པ་གྲངས་མེད་པ་རྣམས་བླ་ན་མེད་པའི་ཐེག་པ་འདི་ལ་གྲགས་པས་རྒྱུད་སོ་སོའི་སྐབས་སུ་ཤེས་པར་བྱའོ། །བརྡའི་གནས་འདི་ནི་མཁའ་འགྲོ་མ་རྣམས་ཀྱིས་བདག་བྱས་པས་ཤིན་ཏུ་གཉན་ཞིང་རྟོགས་པར་ཡང་དཀའ་ལ། རྟོགས་ན་དོན་རླབས་ཆེ་བས་འཚེང་བའི་ཕྱིར་ཡང་རབ་ཀྱི་ཆོས་ཡིན་ནོ། །ཚིག་གཞན་རྣམས་བར་དུ་བསླད་པ་དང་འཆོལ་བ་སྲིད་ལ། བརྡ་འདི་ནི་སུས་ཀྱང་བསྒྱུར་དུ་མེད། བསླད་དུ་མེད་པས་བྱིན་རླབས་ཆེ་ཞིང་དོན་ལ་ཉེ་བར་སྟོན་གྱི། ཚིག་གི་སྤྱོད་ཡུལ་མ་ཡིན་པས་གསང་བ་ཆེན་པོ་ཡིན་ནོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། འཁྲུལ་ལུགས་བཟློག་ཚུལ་དང་བཅས་པས་བརྡས་མཚོན་པ་སྟེ་རིམ་ཁང་བཅུ་པའོ།། །།


previousརིམ་ཁང་བཅུ་པ། འཁྲུལ་ལུགས་བཟློག་ཚུལ་དང་བཅས་པས་བརྡས་མཚོན་པ།next