Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཕ༽


   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟགས་ཡིག་དང་ཚད་ཀྱི་ཡི་གེ།
   
   
   
   


 
previousརྟགས་ཡིག་དང་ཚད་ཀྱི་ཡི་གེ།next

རྟགས་ཡིག་དང་ཚད་ཀྱི་ཡི་གེ།

༄༅༔ རྟགས་ཡིག་དང་ཚད་ཀྱི་ཡི་གེ་བཞུགས་སོ༔

༄༅༔ མི་འགྱུར་དོན་གྱི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྙིང་ཐིག་བཀའ་གསང་ངེས་པ་རྒྱ་ཆེན་ལས༔ ཉམས་བླངས་རྟགས་ཀྱི་རིམ་པ་དཔག་མེད་ཀྱང༔ ཅུང་ཟད་མདོར་བསྡུས་ཁྲིད་ཀྱི་རྟགས་ཡིག་བྲི༔ མ་འོངས་ལས་ཅན་ཞིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དང་པོ་ལུས་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ལ་བསླབས་པས༔ ཕྱེད་པའི་རྟགས་འདི་ལྟར་འབྱུང་སྟེ༔ ལུས་ལ་ཆགས་ཞེན་མེད་པ་དང༔ བཀྲེས་སྐོམ་མེད་པ་དང༔ དེ་ལྟ་བུའི་ཉམས་སྐྱེས་འདུག་ན༔ ལུས་འཁོར་བ་དང་རུ་ཤན་ཕྱེད་པའི་རྟགས་ཡིན་ནོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ངག་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ནི༔ བླ་མའི་གདམས་ངག་ལ་གོ་བ་སྐྱེས་ནས་ཆེད་དུ་མ་བཟུང་བར་རང་གྲོལ་དུ་ཡོང་བ་ཡིན་ནོ༔ དེ་ལྟར་བྱུང་ན་ངག་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ཡིན་ནོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ཡིད་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ནི༔ སེམས་གསལ་བ་དང༔ དྭངས་པ་དང༔ (༡༦༩)འཁྲུལ་པ་མེད་པ་དང༔ བྲོད་པ་སྐྱེ་བ་དང༔ ཉམས་འབར་ཞིང་བདེ་བ་ལ་སོགས་པ་འབྱུང་ངོ་༔ དེ་ལྟར་བྱུང་ན་ཡིད་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ཡིན་ནོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ཕྱི་སྣང་བ་ལ་རྒྱས་ཐེབས་པའི་རྟགས་ནི༔ སྣང་བ་ཐམས་ཅད་བན་བུན་དུ་འགྲོ་བ་བྱུང་ན་རྒྱས་ཐེབས་པའི་རྟགས་ཡིན་ནོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ནང་ཕུང་པོ་ལ་རྒྱས་བཏབ་པས་ཐེབས་པའི་རྟགས་ནི༔ ལུས་ཀྱི་ནང་མི་བདེ་སྙམ་བྱེད་པ་དང༔ ནང་ན་ཧཱུྃ་མེར་རེ་རོང་ངེ་ཡོད་པ་སྙམ་བྱེད་པ་བྱུང་ན་ནང་ཕུང་པོ་ལ་རྒྱས་ཐེབས་པའི་རྟགས་ཡིན༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ཕྱི་སྣང་བ་ལ་རྩལ་སྦྱངས་པས་འབྱོངས་པའི་རྟགས་ནི༔ ཕྱིའི་སྣང་བ་ཐམས་ཅད་སེང་སེང་པོ་དང༔ ཁྲོལ་ཁྲོལ་བ་འབྱུང་ངོ་༔ དེ་ལྟར་བྱུང་ན་འབྱོངས་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ནང་ཕུང་པོ་ལ་རྩལ་སྦྱངས་པས་འབྱོངས་པའི་རྟགས་ནི༔ ལུས་ཀྱི་ཤ་ཁོལ་ཚེར་འཕར་ཞིང་ཁྲལ་མ་ཁྲོལ་དུ་སོང་བ་དག་འབྱུང་ངོ་༔ དེ་ལྟར་བྱུང་ན་ནང་ཕུང་པོ་ལ་རྩལ་འབྱོངས་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་གཉེན་བཙལ་འབྱོངས་པའི་རྟགས་ནི༔ ལུས་སྒྱིད་ལུག་ནས་མྱལ་མ་མྱོལ་དུ་འབྱུང་ངོ་༔ དེ་ལྟར་བྱུང་ན་འབྱོངས་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ལམ་དུ་གཞུག་པ་འབྱོངས་པའི་རྟགས་སུ་ཤེས་པ་བདེ་ལམ་པ་དང་འབོལ་ཤིག་པ་འབྱུང་ངོ་༔ དེ་བྱུང་ན་འབྱོངས་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ལུས་ཀྱིས་རྡོ་རྗེ་སྐྱིལ་ཀྲུང་འབྱོངས་པའི་རྟགས་སུ་ལུས་ཀྱི་ཤ་རྣམས་ན་བ་དང༔ ཤག་ཤིག་ཏུ་སོང་བ་སྙམ་བྱེད་པ་འབྱུང་ངོ་༔ དེ་ལྟར་བྱུང་ན་འབྱོངས་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་སེམས་ཀྱི་བྱུང་ས་བརྟགས་པས་འབྱོངས་པའི་རྟགས་ནི། སེམས་བྱུང་ས་མེད་པ་ཞིག་ཏུ་ཤེས་པ་བྱུང་ན་འབྱོངས་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་སེམས་ཀྱི་གནས་ས་ལ་བརྟགས་པས་འབྱོངས་པའི་(༡༧༠)རྟགས་ནི༔ སེམས་འདི་གང་དུའང་གནས་པ་མེད་པར་ཤེས་བྱུང་ན་འབྱོངས་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་སེམས་ཀྱི་འགྲོ་ས་ལ་བརྟགས་པས་སེམས་འདི་ལ་འགྲོ་ས་དང་བྲལ་བ་ཅིག་བྱུང་ན་འབྱོངས་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ནང་གི་ལུས་ངག་ཡིད་གསུམ་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ནི༔ ལུས་ངག་ཡིད་གསུམ་ལ་ཐ་མལ་གྱི་ཞེན་པ་འགག་ན་རུ་ཤན་ཕྱེད་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ལུས་ངག་ཡིད་གསུམ་རྣལ་དུ་ཕེབས་པའི་རྟགས་ནི༔ ལུས་རྣལ་དུ་ཕེབས་པའི་རྟགས་སུ་མི་འགུལ་བར་སྡོད་པ་དང༔ ངག་རྣལ་དུ་ཕེབས་པའི་རྟགས་སྨྲ་མི་འདོད་པ་དང༔ ཡིད་རྣལ་དུ་ཕེབས་པས་འཇིག་རྟེན་གྱི་བྱ་བ་ལ་ཡིད་མི་འཇུག་པ་འབྱུང་ངོ་༔ དེ་ལྟར་མ་བྱུང་བར་དུ་བསྐྱར་རོ༔ དེ་ནས་ལུས་ངག་ཡིད་གསུམ་སོར་ཆུད་པའི་རྟགས་ནི༔ ལུས་ངག་ཡིད་གསུམ་དགེ་སྦྱོར་ལས་འབྲལ་མི་ཕོད་པ་འབྱུང་ངོ་༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ལུས་ངག་ཡིད་གསུམ་གྱི་བྱ་བ་ཐེངས་པའི་རྟགས་ནི༔ ལུས་ངག་ཡིད་གསུམ་བྱ་བ་གང་ལ་ཡང་འཇུག་སྙིང་མི་འདོད་པ་འབྱུང་ངོ་༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་ལུས་ངག་ཡིད་གསུམ་གྱི་གནད་གཟིར་བ་འབྱོངས་པའི་རྟགས་ནི༔ ལུས་ཀྱི་བཞུགས་སྟངས་ལ་མི་བདེ་བ་མེད་པ་དང༔ ངག་ལྐུགས་པ་ལྟར་འགྲོ་བ་དང༔ སེམས་གཏད་པའི་འབེན་ལ་རྟག་ཏུ་གནས་པ་བྱུང་ན་འབྱོངས་པའི་རྟགས་སོ༔ དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ༔ དེ་ནས་གནད་རྣམ་པ་བཞི་འབྱོངས་པའི་རྟགས་ནི༔ དང་པོ་སྒོའི་གནད་འབྱོངས་པའི་རྟགས་སུ་ནི་མིག་ཡུལ་ལ་ཇི་ཙམ་གཏད་ཀྱང་ཚུགས་སོ༔ ཡུལ་གྱི་གནད་འབྱོངས་པའི་རྟགས་སུ་ཡུལ་ལ་གཏད་པ་ཙམ་གྱིས་ཡེ་ཤེས་འཆར་རོ༔ རླུང་གི་གནད་འབྱོངས་པའི་རྟགས་སུ་དབྱིངས་རིག་གཡོ་འགུལ་མེད་པར་སྡོད་པའོ༔ རིག་པའི་གནད་འབྱོངས་པའི་རྟགས་ནི༔ ལུ་གུ་རྒྱུད་འགུལ་འཕྲིག་མེད་པར་སྡོད་པའོ༔ དེ་མ་བྱུང་གི་བར་དུ་བསྐྱར་རོ༔ (༡༧༡) དེ་མན་ཆད་ཀྱི་སྣང་བ་བཞིའི་རྟགས་ནི༔ ཁྲིད་ཀྱི་ཏི་ཀ་ན་གསལ་ལོ༔ ཉམས་སུ་ལོན་པའི་རྟགས་ཡིག་ཟུར་ཙམ་བཀོད་པ་རྫོགས་སོ༔ ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཆོངས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ རྒྱ་རྒྱ་རྒྱ༔

༄༅༔ རིགས་ཀྱི་ཌཱཀྐི་ལྔ་ལ་ཕྱག་འཚལ་ལོ༔ སྙིང་ཐིག་གསང་བ་བླ་མེད་ལས༔ ཉམས་སུ་ལེན་པའི་གང་ཟག་གི༔ ཚད་ཀྱི་ཡི་གེ་ཅུང་ཟད་བྲི༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལ་དང་པོ་ལུས་ངག་ཡིད་གསུམ་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ནི༔ དེའི་རྟགས་རྣམས་རྫོགས་ནས་ཕྱི་མར་འདི་དང་འཕྲད་ནས་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ ལུས་ངག་ཡིད་གསུམ་གནད་དུ་གཅུན་པའི་ཚད་ནི༔ འདི་ཡི་རྟགས་རྫོགས་ནས་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་ལོ་ལྔ་བརྒྱ་ན་བར་དོ་མེད་པར་སངས་རྒྱ་བ་ཡིན་ནོ༔ ཉམས་གོང་འཕེལ་གྱི་ཚད་ནི༔ དེའི་རྟགས་རྫོགས་ནས་བར་དོ་དང་པོ་ལ་སངས་རྒྱ་བ་ཡིན་ནོ༔ དེ་ནས་རིག་པ་ཚད་ཕེབས་ཀྱི་སྣང་བའི་རྟགས་ནི༔ དེའི་རྟགས་རྫོགས་ནས་བར་དོ་མེད་པར་སངས་རྒྱའོ༔ དེ་ནས་ཆོས་ཉིད་ཟད་པའི་ཚད་ནི༔ དེའི་རྟགས་རྫོགས་ནས་ཕུང་པོ་ལྷག་མེད་དུ་སངས་རྒྱ་བ་ཡིན་ནོ༔ ཕྱིའི་ཚད་གདེང་བཞིའི་རྣལ་འབྱོར་རོ༔ དེ་ནས་ཕྱིའི་རྟགས་རྣམས་བཤད་དེ༔ འོད་ཚད་ལ་ཕེབས་པའི་རྟགས་སུ་འདས་པའི་དུས་སུ་འོད་འབྱུང༔ ཐིག་ལེ་ཚད་ལ་ཕེབས་པའི་རྟགས་སུ༔ འདས་པའི་དུས་སུ་སྐུ་གདུང་རིང་བསྲེལ་འབྱུང་ངོ་༔ རླུང་ཚད་ལ་ཕེབས་པའི་རྟགས་སུ་འདས་པའི་དུས་སུ་སྒྲ་འབྱུང་ངོ་༔ དབྱིངས་ཚད་ལ་ཕེབས་པའི་རྟགས་སུ་འདས་པའི་དུས་སུ་ས་གཡོ་བ་འབྱུང་ངོ་༔ ཞིང་ཁམས་ཚད་ལ་ཕེབས་པའི་རྟགས་སུ་འདས་པའི་དུས་སུ་འཇའ་ཚོན་འབྱུང་ངོ་༔ སྐུ་ཚད་ལ་ཕེབས་པའི་རྟགས་སུ་སྐུ་འབྱུང་བ་ཡིན་ནོ༔ དེ་རྣམས་ཕྱིའི་རྟགས་སོ༔ ཉམས་སུ་ལེན་པ་རྣམས་ཀྱི་ཆེད་དུ་ཚད་ཀྱི་ཡི་གེ་ཟུར་ཙམ་བཀོད་པ་འདི་གང་ཟག་ལས་ཅན་ཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྫོགས་སོ༔


previousརྟགས་ཡིག་དང་ཚད་ཀྱི་ཡི་གེ།next