Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། མ༽


   
  expand section
  expand section
  expand section
  expand section
  expand section
   
   
   
   
   
  expand section
  expand section
   
  expand section
   
   
   
  collapse section
ཟབ་དོན་གནད་ཀྱི་ལྡེ་མིག
   
   
   
   
   
   
  expand section
   
  expand section
  expand section
   
   
   
   
   
  expand section
   
   


 
previousཟབ་དོན་གནད་ཀྱི་ལྡེ་མིགnext

ཟབ་དོན་གནད་ཀྱི་ལྡེ་མིག

དོན་དང་པོ། རྣམ་རྟོག་བག་ཆགས་ཀྱི་སྦུབས་ནས་མ་དག་པ་སྤྲུལ་སྐུའི་ཞིང་ཁམས་ངོ་ཤེས་པར་བྱ་བ།

༄༅༔ ཟབ་དོན་གནད་ཀྱི་ལྡེ་མིག་བཞུགས་སོཿ ཤོག་སེར།

༄༅༔ ལླ།མཐཱཕཱམྱཿ ཟབ་དོན་གནད་ཀྱི་ལྡེ་མིག་ཅེས་བྱ་བཿ ཨོ་རྒྱན་པདྨ་ཡབ་ཡུམ་ལ་ཕྱག་འཚལ་ལོཿ རྣལ་འབྱོར་འབྲས་བུ་ཚེ་གཅིག་ངེས་པའི་ལུངཿ དོན་གྱི་སྙིང་པོ་མངོན་སུམ་རིག་པའི་གནདཿ ཇི་ལྟར་བདག་གིས་རྟོགས་པའི་ཚུལ་བཞིན་དུཿ གབ་ཅིང་སྦས་མེད་གསལ་བར་འདིར་དགོད་བྱཿ

དེ་ལ་རྣམ་རྟོག་བག་ཆགས་ཀྱི་སྦུབས་ནས་མ་དག་པ་སྤྲུལ་སྐུའི་ཞིང་ཁམས་ངོ་ཤེས་པར་བྱ་བཿ ཡེ་ཤེས་སྒྱུ་མའི་སྦུབས་ལས་དག་པ་ལོངས་སྐུའི་ཞིང་ཁམས་ངོ་ཤེས་པར་བྱ་བཿ ལྷུན་གྲུབ་རིན་པོ་ཆེའི་སྦུབས་ལས་ཤིན་ཏུ་རྣམ་པར་དག་པ་ཆོས་སྐུའི་ཞིང་ཁམས་ངོ་ཤེས་པར་བྱ་བ་གསུམ་ལསཿ

དང་པོ་ལ་རྣམ་རྟོག་བག་ཆགས་ཀྱི་སྦུབས་གྲུབ་ཚུལཿ དེ་ལ་ཡེ་ཤེས་གནས་ཚུལཿ ཇི་ལྟར་ཉམས་སུ་བླང་ཚུལ་གསུམ་ལསཿ དང་པོ་ནི་འཁོར་འདས་གང་དུའང་རྒྱ་ཆད་ཕྱོགས་ལྷུང་མེད་པའི་དུས་ནཿ ཡུལ་ཆོས་ཀྱི་དབྱིངསཿ སྟོང་ལ་གོ་འབྱེད་པ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུཿ གསལ་ལ་སྒྲིབ་པ་མེད་པ་མེ་ལོང་དྭངས་པའི་ངོས་ལྟ་བུཿ དྭངས་ལ་མི་གཡོ་བ་རྒྱ་མཚོ་དྭངས་པའི་གཏིང་ལྟ་བུཿ སངས་རྒྱས་སེམས་ཅན་གང་དུའང་མ་གྲུབ་ལཿ གང་ལྟར་ཡང་འཆར་བའི་གཞི་མ་འགགས་པསཿ གཞི་འཛིན་པའི་རིག་པཿ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་རྨ་བྱའི་སྒོ་ང་ལྟ་བུར་གནས་སོཿ ངོ་བོ་སྤྲོས་པ་མེད་པ་ཆོས་ཀྱི་སྐུ་སྟོང་གསལ་ཀ་ནས་དག་པཿ གཡུ་གོང་འབར་བ་ལྟར་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཀྱི་རང་གདངས་མཐིང་ཀར་ཤར་རོཿ རང་བཞིན་ལྷུན་གྱིས་གྲུབ་པ་ཆུ་རིས་འོད་དུ་འཁྱིལ་བ་ལྟརཿ རིག་པའི་རྩལ་མ་འགགས་པ་སྲོག་རླུང་ཡན་ལག་བཞིའི་རང་གདངས་དཀར་སེར་དམར་ལྗང་བཞིར་ཤར་རོཿ ཐུགས་རྗེ་འོད་ལྔའི་ཀློང་ན་རིག་པའི་སྐུ་ལྔ་རྣམ་ཤེས་ཀྱི་རྟར་ས་བོན་གྱི་ཚུལ་དུ་གནས་སོཿ དེ་དག་ཀྱང་ནང་གསལ་དུ་ཡིན་གྱིསཿ ཕྱིར་གསལ་དུ་མ་ཡིན་ནོཿ གཞིའི་གནས་ཚུལ་ལོཿ དེའི་ངང་ལས་རིག་རྩལ་སྲོག་རླུང་བཞིར་ཕྱིར་གསལ་དུ་གཡོས་པ་ལསཿ དྭངས་མ་འོད་ཀྱི་འབྱུང་བ་ལྔ་ཤར་རོཿ དེའང་སྲོག་རླུང་གདངས་(༦༣)མཐིང་གཿ གྱེན་རྒྱུའི་གདངས་དཀར་པོཿ ཐུར་སེལ་གྱི་གདངས་སེར་པོཿ མེ་མཉམ་གྱི་གདངས་དམར་པོཿ ཁྱབ་བྱེད་ཀྱི་གདངས་ལྗང་གུར་ཤར་རོཿ སྲོག་རླུང་ངོ་བོ་སྡོང་པོ་ལྟ་བུ་ལ་གཞན་བཞི་ཡན་ལག་ལྟར་ཕྱིར་གསལ་དུ་གཡོས་པསཿ ཟླ་བ་ལ་འཇའ་ཚོན་ཕྱི་མ་ནང་ལྟར་ཤར་རོཿ དེ་ཉིད་རང་སྣང་དུ་ངོ་ཤེས་པས་གཞི་ཐོག་ཏུ་གྲོལ་ལོཿ དེ་མ་ཤེས་པས་ཤེས་པ་ཡུལ་ལ་གཟུང་འཛིན་དུ་སྐྱེས་པསཿ ཕྱི་སྐོར་གཟུགས་བརྙན་གྱི་འོད་ལ་བཟུང་བས་ཕྱི་ཡུལ་གྱི་འཁྲུལ་པཿ གླིང་བཞི་རི་རབ་ལ་སོགས་པ་སྣ་ཚོགས་སྣོད་དུ་སྣང་ངོཿ ནང་སྐོར་རང་བཞིན་གྱི་འོད་ལ་བཟུང་བས་བག་ཆགས་ཀྱི་ལུས་རྡོས་བཅས་སུ་གྲུབ་བོཿ དེ་ཡང་འོད་ལྔ་ལས་འབྱུང་ལྔ་རགས་པར་འགྱུརཿ དེ་ལས་སྣོད་བཅུད་སྨིན་ནོཿ གཉིས་པ་ནི་སུམ་ལྡན་དང་བཞི་ལྡན་དུ་བུམ་ནང་གི་མར་མེ་ལྟར་གནས་ཏེཿ སྙིང་ནང་ན་ཀ་ཏི་ཤེལ་སྦུག་ཅན་ལ་བརྟེན་ནསཿ ངོ་བོ་སྟོང་པཿ རང་བཞིན་གསལ་བཿ ཐུགས་རྗེ་འགགས་མེད་རིག་པའི་སྙིང་པོ་ཅན་དུ་བཞུགསཿ དེའང་དབྱིངས་རྣམ་དག་གི་སྒྲོན་མ་འོད་ལྔའི་ཀློང་ན་ཐིག་ལེ་སྟོང་པའི་སྒྲོན་མ་དངོསཿ ཁོང་བུ་ལྟར་འོད་ལྔའི་མུ་ཁྱུད་དུ་སྣང་བའི་དབུས་ནཿ རིག་པ་ཉིད་རིག་ལ་གཟུང་འཛིན་མེད་པ་ཤེས་རབ་རང་བྱུང་གི་སྒྲོན་མ་སྐུ་ལྔའི་སྙིང་པོར་བཞུགས་སོཿ དེའི་གདངས་རྩ་འདབ་ཐམས་ཅད་ན་གནས་ཤིངཿ དངོས་ཀྱི་ལམ་རྒྱང་ཞགས་ཆུའི་སྒྲོན་མ་ནི་གཟའ་སྐར་ཆུ་ནང་དུ་གསལ་བ་བཞིནཿ ཐིག་ལེ་སྟོང་པའི་སྒྲོན་མའི་གདངས་པར་མཚོན་གང་འོད་ཀྱི་རང་བཞིན་དུ་གསལ་བ་ལསཿ ཕྱིའི་སྟོང་གཟུགས་ཀྱི་གོ་འབྱེད་ཅིང་གནས་སོཿ དེ་ལས་ཕྱིར་དབྱིངས་སྣང་འཇའ་ཚོན་གྱི་ནང་དུཿ སྙིང་དང་མིག་གི་ནང་གི་རང་གདངས་ཀྱི་ཐིག་ལེ་སྟོང་སྒྲོན་དངཿ ལུ་གུ་རྒྱུད་དང་ཐིག་ཕྲན་སྣ་ཚོགས་སུ་སྣང་བའོཿ ཡེ་ཤེས་གནས་ཚུལ་ལོཿ སེམས་ནི་སྙིང་ནས་གློ་བར་རྩ་འབྲེལ་པ་ལས་རིག་པའི་གདངས་ཤར་བ་ལ་གློ་བའི་རླུང་དང་འདྲེས་ཏེཿ སྒོ་ལྔར་ཤར་བས་གཟུང་འཛིན་གཉིས་འཛིན་བག་ཆགས་ཀྱི་རྟེན་དུ་གནས་སོཿ གསུམ་པ་ལཿ ངོ་བོ་སྟོང་གསལ་ཆོས་ཀྱི་སྐུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཉམས་སུ་བླང་ཚུལཿ རང་བཞིན་གསལ་སྟོང་བར་དོར་འཆར་(༦༤)ཚུལཿ ལོངས་སྤྱོད་རྫོགས་པའི་སྐུ་ཡེ་ཤེས་སྒྱུ་མའི་སྦུབས་ཉམས་སུ་བླང་ཚུལཿ ཐུགས་རྗེ་རིག་སྟོང་སྤྲུལ་པའི་སྐུ་ད་ལྟར་འཆར་ཚུལཿ རྣམ་རྟོག་བག་ཆགས་ཀྱི་སྦུབས་ཉམས་སུ་བླང་ཚུལ་དང་གསུམ་ལསཿ དང་པོ་ནི་དྭངས་ཤིང་དབེན་པར་བཞུགས་སྟངས་གཟིགས་སྟངས་གང་རུང་དང་བསྟུན་ལཿ ནམ་མཁའ་དྭངས་པའི་རང་གདངས་སྤྲིན་དང་བྲལ་བ་ལ་ཟིམ་བུར་བལྟས་པསཿ ཡེ་ཤེས་ཆེན་པོའི་འོད་གདངས་དབྱིངས་རིག་འོད་ལྔའི་སྣང་བ་ལ་མ་ཡེངས་པར་བལྟས་པས་ཆོས་ཉིད་དག་པའི་ཡེ་གདངས་གཟུང་འཛིན་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེསཿ སྟོང་གསལ་ཤེས་རབ་རང་བྱུང་གི་སྒྲོན་མ་རྒྱ་ཆད་ཕྱོགས་ལྷུང་མེད་པའི་དོན་ཁོང་ནས་འཆར་རོཿ དེའི་ངང་ལ་བཞག་པས་འོད་གསལ་དུ་སྣང་བས་བྱིང་རྨུགས་མེདཿ གང་ཡང་མི་དམིགས་པས་རྒོད་འགྱོད་མེདཿ གཉིས་འཛིན་ཞིག་པས་ཐེ་ཚོམ་མེད་དེཿ རང་བཞིན་ལྷུན་གྲུབ་ཆེན་པོའི་དགོངས་པ་སྐུ་གསུམ་འདུ་འབྲལ་མེད་པ་ལ་གནས་སོཿ དེའི་ཚེ་ནམ་མཁའ་སྟོང་པ་ནི་ལྷུན་གྲུབ་རིན་པོ་ཆེའི་སྦུབསཿ འོད་སྔར་སྣང་བ་ནི་ནང་གསལ་ཡེ་ཤེས་ལྔའི་དཀྱིལ་འཁོར་རོཿ

དེ་ལ་བལྟས་པས་སེམས་ཕྱི་ནང་གང་དུའང་མི་དམིགས་ལ་གསལ་ཆ་ཤེས་པ་ནི་ཐུགས་རྗེ་ནང་གསལ་ཆེན་པོར་ལྷུན་གྱིས་གྲུབ་པ་ཡིན་ནོཿ དེའི་ཚེ་ཐིམ་ལ་མ་རྨུགས་ལཿ གསལ་ལ་མི་འཛིནཿ ཡིན་ལ་བདག་མེདཿ སོ་སོར་མ་འདྲེས་ལ་མི་འབྱེད་པའོཿ དེའི་ཚེ་ཏིང་ངེ་འཛིན་གསུམ་འབྱུང་སྟེཿ ལྟ་སྟངས་གཟིགས་སྟངས་ལ་བཞག་པས་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་ཞི་ནས་སྟོང་གསལ་གྱི་ངང་ལ་ཅི་རིགས་སུ་གནས་པས་གནས་པའི་ཏིང་ངེ་འཛིན་ནོཿ དེ་ལ་གོམས་ནས་སྒོམ་རིང་ལ་གཟུང་འཛིན་གྱི་ཡིད་མི་གཡོ་ཞིང་མི་འཕྲོག་པ་ནི་མི་གཡོ་བའི་ཏིང་ངེ་འཛིན་ནོཿ དེ་ལས་རབ་ཏུ་གོམས་ནས་དུས་ཐམས་ཅད་དུ་ཤེས་པ་བསྒོམས་དུས་བཞིན་གནས་པ་ནི་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ནོཿ ད་ལྟ་འདི་བཞིན་དུ་ཉམས་སུ་བླངས་པསཿ ཕྱིས་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ལ་རང་ངོ་ཤེས་པར་ཐེ་ཚོམ་མེད་པ་ཡིན་ནོཿ འདི་ནི་གནད་གལ་པོ་ཆེའོཿ གཉིས་པ་ལ་འོད་ཁྱིམ་ཁ་སྦྱོར་གྱི་དགོངས་པཿ (༦༥)སྐུ་ལྔ་ལྷུན་གྲུབ་ཀྱི་དགོངས་པཿ ཀ་དག་ཆོས་ཟད་ཀྱི་དགོངས་པཿ དཔེས་ཉམས་སུ་བླང་བ་གསུམ་ལསཿ དང་པོ་ནི་འོད་མཐིང་གའི་ཀློང་དུ་དཀར་སེར་དམར་ལྗང་བཞི་འཁྱིལ་བ་དངཿ དཀར་སེར་དམར་ལྗང་རེ་རེའི་ཀློང་དུ་དེ་དག་འཁྱིལ་བའི་རི་མོ་ཉི་མའི་ངོས་ལ་བཀྲམ་སྟེཿ མཚན་མོའི་ཕྱོགས་ནས་མེ་ལོང་ལ་བལྟས་པས་སྣང་བ་ལྔ་པོ་རིམ་གྱིས་ནམ་མཁའ་འཆར་དུས་བར་དོ་དང་པོ་འོད་ལྔའི་སྣང་བ་ཡིན་སྙམ་དུ་རང་སྣང་དུ་ཤེས་ནས་གསལ་སྟོང་སྤྲོས་བྲལ་གྱི་ངང་ལ་མཉམ་པར་བཞག་གོཿ དེ་ལ་གོམས་པས་འོད་གསལ་ཐུགས་རྗེའི་སྣང་བ་ལ་གྲོལ་ལོཿ གནད་གལ་པོ་ཆེའོཿ གཉིས་པ་ནི་རིགས་ལྔའི་ཚོམ་བུའི་དཀྱིལ་འཁོར་རིམ་གྱིས་སྔ་མ་བཞིན་བཀྲམ་ལཿ བལྟས་པས་བསམ་གཏན་གྱི་ཞག་ལྔར་གཞོན་ནུ་བུམ་པའི་སྐུར་འཆར་བ་ལ་གྲོལ་བ་ཡིན་ནོཿ འདི་ནི་གནད་གལ་པོ་ཆེའོཿ གསུམ་པ་ནི་ནམ་མཁའ་སྤྲིན་དང་བྲལ་བའི་མཚན་མོ་གཟའ་སྐར་ལྷུན་གྲུབ་ཏུ་ཤར་བ་ནཿ ལྟ་སྟངས་གང་མོས་བྱས་ལ་བལྟས་པས་སྟོང་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་འཆར་རོཿ དེའང་ནམ་མཁའ་རྣམ་པར་དག་པ་ནི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཀ་དག་མཚོན་ལཿ གཟའ་སྐར་འོད་གསལ་དུ་ཤར་བ་ནིཿ རང་སྣང་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ནང་གསལ་དུ་གནས་པ་མཚོན་ནོཿ དེའི་ཚེ་རིག་པ་ངང་དྭངས་གཉིས་སུ་མེད་པར་གསལ་བསཿ ཐུགས་རྗེ་ནང་གསལ་དུ་ཡོད་པ་མཚོན་ནོཿ དེའི་ཚེ་མཚན་མོ་ཟླ་བ་འཇས་འཁྱིལ་བ་ན་རང་རིག་འོད་ལྔའི་ཀློང་ན་ལྷུན་གྲུབ་ཏུ་བཞུགས་པར་རྟོགས་པར་བྱའོཿ གནད་འདི་ནི་ཡང་ཏིག་གལ་པོ་ཆེ་སྟེ་རབ་ཏུ་གསང་ཞིང་སྐལ་ལྡན་གྱིས་ཉམས་སུ་བླང་བར་བྱའོཿ ལུས་བོར་བ་དང་ཞིང་སྣང་ཤར་དུས་རྣལ་འབྱོར་པ་རྣམས་ཆོས་ཟད་གདོད་མའི་གཞི་ལ་གྲོལ་ནསཿ ལྷུན་གྲུབ་རིན་པོ་ཆེ་ལ་དུས་གསུམ་འཕོ་འགྱུར་མེད་དོཿ འདི་ཁོ་ནའོཿ འདི་ཁོ་ནའོཿ འདི་ཁོ་ནའོཿ

གསུམ་པ་ཐུགས་རྗེ་རིག་སྟོང་བག་ཆགས་ཀྱི་སྦུབས་སུ་གནས་པ་ཉམས་སུ་བླང་ཚུལ་ལཿ མཉམ་གཞག་དང་རྗེས་ཐོབ་གཉིས་ལསཿ དང་པོ་ནི་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པསཿ སེམས་གཟུང་འཛིན་སྤྲོས་བྲལ་(༦༦)གྱི་ངང་ལ་བཞག་པ་ནཿ རིག་པ་གང་དུའང་མ་གྲུབ་པ་ནམ་མཁའ་ལྟ་བུའི་དགོངས་པ་ནང་ནས་ཤར་བ་ལ་གནས་པ་ནིཿ སེམས་རྣམ་རྟོག་གི་སྤྲོས་པ་ཞི་བའི་ཞི་གནས་སོཿ དེའི་ངང་ལས་ཕྱི་སྒོ་ལྔ་ཡུལ་གྱི་སྣང་བ་གསལ་ལ་འཛིན་པ་མེད་པ་དངཿ ནང་རྣམ་རྟོག་འཕྲོ་འདུ་ཆུའི་དབའ་རླབས་ལྟར་ཤར་གྲོལ་ངང་དྭངས་ཆེན་པོར་ཞི་གནས་ཀྱི་ངང་ལ་ཕྱམ་ཕྱམ་གནས་པ་ནིཿ སེམས་གཟུང་འཛིན་གྱི་རང་མདངས་མཐོང་བས་ལྷག་མཐོང་གསལ་སྟོང་ཆེན་པོར་ཤར་བའོཿ དེའི་ཚེ་སེམས་སྣང་ལ་ངོས་གཟུང་མེད་པས་ལྷག་མཐོངཿ གནས་ལ་བྱིང་རྒོད་མེད་པས་ཞི་གནས་གཅིག་ལ་གཅིག་ཚང་དུ་གནས་པས་ཟུང་འབྲེལ་ལོཿ གང་ལྟར་ཤར་ཡང་གང་དུའང་མི་འཛིན་པས་སངས་རྒྱས་ཀྱི་དགོངས་པ་མཐའ་གྲོལ་ཀློང་ཡངས་ཆེན་པོའོཿ གཉིས་པ་རྗེས་ཐོབ་ནིཿ འགྲོ་འདུག་ཟ་ཉལ་ལ་སོགས་པའི་སྤྱོད་ལམ་ཐམས་ཅད་དུཿ ཕྱི་ཡུལ་གྱི་སྣང་བ་རྨི་ལམ་སྒྱུ་མཿ ནང་སེམས་ཀྱི་སྣང་བ་གང་ཤར་རང་གྲོལཿ ཡུལ་སེམས་གཉིས་མེད་ཀྱི་སྣང་བ་གཏད་མེད་ཕྱམ་བརྡལ་ལ་གོམས་པར་བྱའོཿ དེ་ལྟར་གྱི་སྣང་བ་ལ་འདི་ཡིན་གྱི་ངོས་གཟུང་མེད་པ་མདང་སུམ་གྱི་རྨི་ལམ་ལྟ་བུཿ གང་ཤར་གྱི་རིག་པ་ལ་སྤང་བླང་གི་གོལ་སྒྲིབ་མེད་པ་ཆུ་དང་རྦ་རླབས་ལྟ་བུཿ གཏད་མེད་ཀྱི་ངོ་བོ་ལ་འཛིན་མེད་ཀྱི་ཀློང་རྡོལ་བ་བར་སྣང་གི་རླུང་པོ་ལྟ་བུཿ སྣ་ཚོགས་སུ་སྣང་ཡང་དེར་འཛིན་མེད་པ་སྒྱུ་མའི་རྩེད་མོ་ལྟ་བུ་སྟེཿ ངོ་སྤྲོད་རྣམ་པ་བཞིས་མ་དག་པའི་སྣང་བ་ལ་བདེན་མེད་ཆེན་པོའི་རྩལ་སྦྱང་བྱའོཿ ཞར་ལ་མཚན་མོའི་གདམས་པ་འགག་ལ་གདམས་པའང་བཤད་པར་བྱ་སྟེཿ ཉལ་དུས་འཆི་བའི་སྣང་བ་དྲན་པར་བྱའོཿ དེའི་ཉིན་གང་དུ་བདེ་སྡུག་ཅི་བྱས་ཀྱིས་མི་ཕན་པསཿ ཚེ་འདིའི་སྣང་བ་ལ་དགག་སྒྲུབ་ཆགས་ཞེན་མེད་པར་དྲན་པར་བྱའོཿ གཉིད་དུ་འགྲོ་ཁར་རགས་པའི་སྣང་བ་འགགས་པསཿ ས་ཆུ་ལ་ཐིམ་པ་ལ་སོགས་པ་འབྱུང་བཞི་སྡུད་ཚུལ་གྱི་རིམ་པ་དྲན་པར་བྱའོཿ དར་ཅིག་གཉིད་དུ་བརྒྱལ་བས་ཤེས་བྱ་བུམ་འཇུག་གི་དགོངས་པ་སྙིང་ནང་དུ་དྭངས་མ་འདུས་པ་དྲན་པར་བྱའོཿ རྨི་ལམ་སྣ་ཚོགས་སུ་ཤར་བསཿ ཆོས་ཉིད་དང་སྲིད་པའི་བར་དོ་དྲན་པར་བྱའོཿ དེ་(༦༧)ལས་སད་དུས་རྨི་ལམ་རང་སེམས་སུ་ཐིམ་པ་ལྟར་འཁོར་འདས་གདོད་མའི་ངང་དུ་ཐིམ་པའི་གདམས་པ་དྲན་པར་བྱའོཿ འདི་ནི་གནད་ཀྱི་མན་ངག་དམ་པའོཿ

དོན་གཉིས་པ། ཡེ་ཤེས་སྒྱུ་མའི་སྦུབས་ལས་དག་པ་ལོངས་སྐུའི་ཞིང་ཁམས་ངོ་ཤེས་པར་བྱ་བ།

དོན་གཉིས་པ་ཡེ་ཤེས་སྒྱུ་མའི་སྦུབས་ལས་ལོངས་སྐུའི་སྣང་བ་འཆར་ཚུལ་ནིཿ འབྱུང་བཞི་རིམ་གྱིས་ཐིམ་སྟེ་ཚེ་འདིའི་སྣང་བ་ནུབཿ ནམ་མཁའ་འོད་གསལ་ལ་ཐིམ་པས་སྐད་ཅིག་ལ་ཕྱི་ནང་གཟུང་འཛིན་གྱི་འཁྲུལ་པ་ནི་འགགསཿ ཡེ་ཤེས་གསང་སྒོར་ཐོན་ཏེ་རང་སྣང་གི་མདུན་གྱི་ཕྱིའི་ནམ་མཁའ་ལཿ ཡེ་ཤེས་རིན་པོ་ཆེའི་སྦུབས་ན་རིག་པ་འོད་ཀྱི་ཁང་པ་ཅན་འོད་མཐའ་མེད་པའི་ཡུལ་ཅན་ནམ་མཁའ་ཁྱབ་པར་འཆར་རོཿ ཡེ་ཤེས་རིན་པོ་ཆེའི་སྦུབས་དངཿ རིག་པའི་བར་ན་ཐུགས་རྗེ་རྒྱུན་གྱི་ཟེར་ཐག་འོད་ཀྱི་སྙེ་ཚོན་ལྔ་སྒྲིལ་སྐས་བཙུགས་པའམཿ དྲུ་བུ་བརྒྱངས་པ་ལྟར་འབྲེལ་ཏེ་དཔེར་ན་ཉི་མ་ཤར་གྱི་ལ་ཁར་སྣང་བའི་འོད་ནུབ་རི་ལ་སྣང་བའི་བར་ན་ཉི་ཟེར་གྱིས་མཚམས་སྦྱར་བ་བཞིན་ནོཿ དེའི་ཚེ་འོད་ལྔའི་སྣང་བ་རང་སྣང་དུ་ཤེས་པཿ སྔར་གྱི་འོད་ཁྱིམ་ཁ་སྦྱོར་གྱི་གདམས་པ་དྲན་པར་བྱའོཿ དེའི་ཚེ་རིག་པ་ཡེ་ཤེས་ཀྱི་ཟེར་ལ་ཞོན་ནས་ཡེ་ཤེས་རིན་པོ་ཆེའི་སྦུབས་ཀྱི་སྣང་བ་ལ་འཇུག་གོཿ སྣང་བ་དེའང་མི་བརྗེད་པའི་གཟུངས་མངའ་བསཿ གཞིའི་ཤེས་པ་ཆོས་སྐུར་སྣངཿ རང་གདངས་ལོངས་སྤྱོད་རྫོགས་པའི་སྐུར་སྣང་བ་འོད་ཀྱི་འཁོར་ལོར་འཁྱིལ་བསཿ གཞོན་ནུ་བུམ་པའི་སྐུ་ལྔ་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་ངོཿ དེའི་ཚེ་སྐུ་ལྔ་ལྷུན་གྲུབ་ཀྱི་གདམས་པ་དྲན་པས་གྲོལ་ལུགས་ནིཿ གཟུང་འཛིན་གྱི་ཡིད་བག་ཆགས་སེམས་ཀྱི་འཁྲུལ་པ་འགགས་ཀྱངཿ ཡིད་ལས་འདས་པའི་ཤེས་རབ་མི་འགགས་པསཿ སྔར་འདྲིས་ཀྱི་མི་ཕྱིས་མཐོང་བ་ལྟརཿ ཤེས་བྱེད་ཀྱིས་ཤེས་ལ་དཔྱོད་བྱེད་མེད་དོཿ དེའི་ཚེ་རང་སྣང་རང་གདངས་སུ་ཤེས་ནསཿ ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ལ་བཞག་པསཿ སྐུ་ལྔ་ཡེ་ཤེས་ལྔའི་སྣང་བ་ལ་གཟེར་ཐེབསཿ སྤྱན་དང་མངོན་པར་ཤེས་པ་ཤར་བས་ལྔ་ལྡན་ཞེས་བྱའོཿ དེའི་ཚེ་གདུལ་བྱ་དང་འདུལ་ཐབས་མཁྱེན་ཏེཿ ལོངས་སྐུ་ཡབ་ཡུམ་གྱི་ལྗགས་ལསཿ འ་ཆོས་ཉིད་སྤྲོས་(༦༨)པ་དང་བྲལ་བའི་སྒྲཿ ཨ་གཟུང་འཛིན་གཉིས་སྣང་དག་པའི་སྒྲཿ ཧ་ཆོས་ཉིད་རང་བྱུང་གི་སྒྲཿ ཤ་ཤེས་རབ་འགགས་པ་མེད་པའི་སྒྲཿ ས་ཆོས་ཉིད་འགྱུར་བ་མེད་པའི་སྒྲཿ མ་ཆོས་ཉིད་མཉམ་པ་ཉིད་ཀྱི་སྒྲ་སྟེཿ ཡི་གེ་དྲུག་པའི་འཁོར་ལོས་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་ལ་སོགས་པའི་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ཀུན་ཏུ་འབྲེལ་བསཿ ཕྱེད་སྤྲུལ་ཏེ་ལོངས་སྐུའི་འཁོར་ལ་སྣང་བ་རང་བཞིན་སྤྲུལ་པའི་སྐུ་དངཿ ཐུབ་པ་དྲུག་སྟེ་འགྲོ་བ་འདུལ་བ་སྤྲུལ་པའི་སྐུ་དངཿ སོ་སོའི་སྣང་བ་མ་དག་པ་དེ་དང་མཚུངས་པར་བཟོ་དང་སྐྱེ་བ་ལ་སོགས་པ་མ་དག་པ་སྤྲུལ་པའི་སྐུ་དཔག་ཏུ་མེད་པ་འཕྲོས་ནས་འགྲོ་བའི་དོན་མཛད་པ་ནིཿ སེམས་ཅན་གྱི་དོན་རྫོགས་པར་མཛད་པས་རྫོགས་ལྡན་ཞེས་བྱ་སྟེ་འོད་ཀྱི་སྦུབས་སོཿ

དོན་གསུམ་པ། ལྷུན་གྲུབ་རིན་པོ་ཆེའི་སྦུབས་ལས་ཤིན་ཏུ་རྣམ་པར་དག་པ་ཆོས་སྐུའི་ཞིང་ཁམས་ངོ་ཤེས་པར་བྱ་བ།

དོན་གསུམ་པ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་ཆོས་སྐུ་ངོ་ཤེས་པར་བྱ་བ་ནིཿ སངས་རྒྱས་མྱ་ངན་ལས་འདའ་བ་ཞེས་བྱ་སྟེཿ སྔར་གྱི་འོད་ཀྱི་སྦུབས་ཀྱི་གཟུགས་སྐུ་རྣམས་ཆོས་སྐུར་ཐིམ་པ་ཤེལ་གྱི་ཕྱིའི་འོད་ནང་དུ་བསྡུས་པ་ལྟ་བུའོཿ དེའི་ཚེ་ཤེས་རབ་མཁའ་ལ་འདེགས་པ་ཞེས་བྱ་སྟེཿ ཡེ་ཤེས་ཀྱི་རླུང་སྟོབས་ལྡན་མསཿ དང་པོ་ཆོས་སྐུ་ལས་གཟུགས་སྐུར་ཤར་ལཿ ཐ་མ་གཟུགས་སྐུ་ཆོས་སྐུར་གྲོལ་ལོཿ ཤུགས་འཆང་མས་འབད་རྩོལ་མེད་པར་རང་ཤར་རང་གྲོལ་ལོཿ འདེགས་བྱེད་མས་རྟེན་མེད་པའི་ནམ་མཁའ་ལ་བརྟེན་ཏེ་ཆོས་ཉིད་ངང་དུ་གནས་པའོཿ བརྟན་མས་ཡེ་ཤེས་ཀྱི་རླུང་ནོན་ཏེ་ཕྱིས་མ་དག་པར་མི་འགྱུར་བའོཿ འབྱུང་བ་རྣམས་མ་ལ་ཞ་བ་ནིཿ རླུང་རྡོ་རྗེ་རྒྱ་གྲམ་བརྩེགས་ལེགས་ཏེཿ དམ་ཚིག་ལྷ་མོ་བཞིས་ཤེས་རབ་མཁའ་ལ་འདེགས་པའོཿ ཆུ་ཤེལ་གྱི་འཁོར་ལོར་བརྩེགས་ལེགས་ཏེཿ ཕྱི་ནང་མེད་པར་དབྱིངས་གཅིག་ཏུ་སྡུད་པའོཿ ས་རིན་པོ་ཆེ་སྣ་ལྔའི་མཆོད་རྟེན་ཁོད་སྙོམས་ཤིང་ཚུལ་དུ་ཤེས་སོཿ མེ་པདྨའི་དྲ་བ་འོད་འབར་ཞིང་སྨིན་པའོཿ ནམ་མཁའ་རྣམ་དག་ཡེ་ཤེས་དཔངས་མཐོ་སྟེ་རྒྱལ་མཚན་གྱི་རྩེ་མོ་ལྟར་ནུབ་པ་མེད་པའོཿ སོ་སོར་བཤད་ན་དམ་ཚིག་གི་ལྷ་མོ་བཞི་ནིཿ སྟོབས་ལྡན་མ་ལ་སོགས་(༦༩)པ་ཡེ་ཤེས་རླུང་བཞིས་གདོད་མའི་ཤེས་རབ་མི་གཡོ་བའོཿ ཆུ་ཤེལ་ནི་དངོས་པོ་དང་མཚན་མ་མེད་ཅིང་སྟོང་པ་ཡེ་ཤེས་ཀྱི་སྙིང་པོར་བཞུགས་པའོཿ ས་རིན་པོ་ཆེ་ནི་ཡོན་ཏན་ལྔ་ལྷུན་གྲུབ་ཏུ་ཁྱབ་པའོཿ མེ་པདྨའི་དྲ་བ་ནི་གཞིའི་དུས་ན་ས་བོན་དུ་གནས་པཿ འབྲས་བུའི་དུས་སུ་སྐུ་དང་ཡེ་ཤེས་སུ་འཆར་བའོཿ ནམ་མཁའ་ནི་ཡེ་ཤེས་དབྱིངས་སུ་ཐིམ་པས་གཟིགས་སྣང་གདོད་མར་ཐིམ་སྟེཿ ནང་གསལ་སྐུ་གསུམ་འདུ་འབྲལ་མེད་པའོཿ དེའི་ཚེ་ཤེས་རབ་མཁའ་ལ་འཁྱིལ་བ་ཞེས་བྱ་སྟེཿ ཐིམ་པ་ལ་མ་རྨུགས་པཿ གསལ་བ་ལ་རྟོག་པ་མེད་པཿ ཡིན་པ་ལ་བདག་མེད་པཿ སོ་སོར་མ་འདྲེས་ལ་མི་འབྱེད་པའོཿ ངོ་བོར་སྟོང་པ་རིན་པོ་ཆེ་ཆོས་སྐུའི་སྦུབས་ནཿ རང་བཞིན་གསལ་བ་ལོངས་སྐུ་དངཿ ཐུགས་རྗེ་མ་འགགས་རིག་པའི་སྙིང་པོ་ཅནཿ ནང་གསལ་དུ་བཞུགས་པ་ནི་མི་སྣང་ལ་རང་བཞིན་ཡོད་པཿ གནམ་སྟོང་གི་ཟླ་བ་ལྟ་བུ་ཕྱི་གསལ་དུ་མ་གྲུབ་ཀྱངཿ ནང་གསལ་ལ་བཞུགས་སོཿ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་བསམ་གྱིས་མི་ཁྱབ་པ་བཞུགས་ཀྱངཿ གཅིག་ལ་གཅིག་མི་གཟིགས་ཏེཿ ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངང་ལ་བཞུགས་པའོཿ དེ་ལས་མ་གཡོས་བཞིན་དུཿ ཕྱོགས་བཅུའི་ཞིང་དུ་ལོངས་སྤྱོད་རྫོགས་པ་དངཿ སྤྲུལ་པའི་སྐུ་ནམ་མཁའི་ཟླ་བ་ལསཿ ཆུ་ཟླ་ལྟར་སྣང་བས་འགྲོ་བའི་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་མཛད་པ་ནིཿ ཐམས་ཅད་མཁྱེན་པའི་ཐུགས་རྗེ་དངཿ ཐབས་ལ་མཁས་པའི་ཕྲིན་ལས་མ་བཙལ་ལྷུན་གྲུབ་ཏུ་བཞུགས་པ་ལསཿ འབད་རྩོལ་མེད་པར་དུས་ཐམས་ཅད་དུ་ལྷུན་གྱིས་གྲུབ་པ་ཡིན་ནོཿ འདི་ནི་ངེས་པའི་དོན་གཅིག་ཏུ་གསང་བ་ཆེན་པོ་བཀོད་པའོཿ

ཆོས་ཚུལ་འདི་ནི་མངོན་སུམ་སྙིང་པོའི་དོནཿ རིམ་དགུའི་ཐེག་པ་ཀུན་ལས་འདས་པ་སྟེཿ བླ་མེད་རྡོ་རྗེ་སྙིང་པོ་སྦས་པའི་དོནཿ དྲི་མེད་འོད་ཟེར་བདག་ལ་བབས་པ་ཡིནཿ འདི་དག་སྙིང་ཕྱུང་རིན་ཆེན་ཤོག་སེར་ཏེཿ ཤིན་ཏུ་དཀོན་པས་མཁའ་འགྲོ་སྙིང་ཏིག་མཿ ཤིང་མོ་ཡོས་ལ་མཆིམས་ཕུར་སྙིང་ལ་བབསཿ དེ་དོན་ཕྱི་རབས་སྐལ་ལྡན་དོན་ཆེད་དུཿ མ་(༧༠)སྦས་མ་གབ་ཚད་མེད་སྙིང་རྗེས་བཀོདཿ ད་ནི་མི་སྡོད་མྱུར་དུ་ཕ་རོལ་འགྲོཿ རང་སྣང་བར་དོར་གཏན་སྲིད་ཟིན་ནས་ཀྱངཿ བརྩེ་བའི་སེམས་དང་སྔོན་སྦྱངས་སྨོན་ལམ་དངཿ རྒྱལ་སྲས་ཆེན་པོའི་བྱིན་རླབས་མཐུ་ཡིས་ནིཿ བུམ་ཐང་ཐར་གླིང་རིན་ཆེན་དགེ་གནས་སུཿ ཟབ་གཏེར་ཆོས་ཀྱི་སྣང་བ་འགྱེད་དུ་འགྲོཿ འཁོར་བའི་ཆུ་གཏེར་སྡུག་བསྔལ་རླབས་ཕྲེང་ཅནཿ ཤིན་ཏུ་མི་བཟད་ཆུ་སྲིན་འཛིན་ཁྲི་ལསཿ དལ་འབྱོར་གྲུ་བོས་བདེ་ཆེན་ཕ་རོལ་འགྲོཿ རྒྱུ་སྐར་གྲངས་མཐའ་རྙེད་ལས་ཚེ་རྫོགས་ཀྱངཿ ལས་སྨོན་བྱིན་རླབས་རྟེན་འབྲེལ་ཟབ་མོའི་མཐུསཿ རྒྱལ་བའི་མཚན་གྱི་གྲངས་ལོར་དེང་སང་འདུགཿ ད་ནི་མྱུར་འགྲོ་རི་གཟར་འབབ་ཆུ་འདྲཿ སྐྱེས་པའི་ཐ་མ་ཡིན་གྱིས་འཆི་བར་ངེསཿ འདུས་པའི་ཐ་མ་ཡིན་གྱིས་འབྲལ་བར་ངེསཿ སྐྱེད་ཚལ་གཅིག་ནས་གཅིག་ཏུ་འཕོ་བ་བཞིནཿ དྲི་མེད་འོད་ཟེར་ཐར་པའི་གླིང་དུ་འགྲོཿ དགེ་བ་འདི་ཡིས་སྲིད་པའི་སེམས་ཅན་ཀུནཿ མ་ལུས་ཕྱམ་གཅིག་སངས་རྒྱས་འགྲུབ་པར་ཤོགཿ གངས་རི་ཐོད་དཀར་ཨོ་རྒྱན་རྫོང་གནས་སུཿ སྟོན་གསུམ་མེ་ཏོག་འབྲས་བུ་སྨིན་དུས་བཀོདཿ སྐལ་ལྡན་རྣམས་ཀྱིས་དོན་ཡོངས་འགྲུབ་པར་ཤོགཿ ཟབ་དོན་གནད་ཀྱི་ལྡེ་མིག་ཅེས་བྱ་བཿ དྲི་མེད་འོད་ཟེར་གྱིས་བཀོད་པ་རྫོགས་སོཿ རྒྱ་རྒྱ་རྒྱཿ


previousཟབ་དོན་གནད་ཀྱི་ལྡེ་མིགnext