Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཙ༽


   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
  expand section
   
   
   
   
   
  expand section
   
   
   
   
ཟབ་མོ་ཡང་ཏིག་ལས། གཞི་མ་བཅོས་ཇི་བཞིན་དུ་ངོ་སྤྲོད་པའི་རིམ་པ།
   
   
   
   
   
   
   
   
   
   
   
  expand section
  expand section
   
   
  expand section
   
   
   
   
   
   
   
   
   
   
   
   
   


 
previousཟབ་མོ་ཡང་ཏིག་ལས། གཞི་མ་བཅོས་ཇི་བཞིན་དུ་ངོ་སྤྲོད་པའི་རིམ་པ།next

ཟབ་མོ་ཡང་ཏིག་ལས། གཞི་མ་བཅོས་ཇི་བཞིན་དུ་ངོ་སྤྲོད་པའི་རིམ་པ།

༄༅། །ཟབ་མོ་ཡང་ཏིག་ལས། གཞི་མ་བཅོས་ཇི་བཞིན་དུ་ངོ་སྤྲོད་པའི་རིམ་པ་བཞུགས་སོ། །

༄༅། གཞི་མ་བཅོས་ཇི་བཞིན་དུ་ངོ་སྤྲོད་པའི་རིམ་པ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཆོས་ཉིད་རྒྱལ་པོ་ཡེ་གདལ་གཏིང་མཐའ་མེད། །མི་རྟོག་རང་གསལ་མཉམ་ཉིད་ཆོས་ཀྱི་སྐུ། །སེམས་ཀྱི་རྒྱལ་པོ་རང་བྱུང་ཀུན་ཏུ་བཟང་། །ཐོག་མའི་སྟོན་པ་དེ་ལ་ཕྱག་འཚལ་ལོ། །ཆུ་དང་རྙོག་མ་རྒྱ་མཚོ་བཞིན། །ཤར་སྣང་ཤེས་པ་རང་བཞག་ན། །ཐ་མལ་རྣམ་རྟོག་ཆོས་ཀྱི་སྐུ། །རང་གྲོལ་གཞི་ལ་འདི་ལྟར་བསྐྱལ། །

ཡིན་པ་གྲུབ་པ་མེད་པའི་རིག་པ་འདི། རང་བཞིན་སྐྱེ་བ་མེད་པ་དཔེ་ནམ་མཁའ་དང་འདྲ་བ་དེ་ལ་མ་བཅོས་པར་མཉམ་བཞག་ལ་ངོ་སྤྲད་པ་ནི། འཁོར་བ་ལས་བློ་ལོག་པའི་གང་ཟག་དེ་གནས་རབ་ཏུ་དབེན་པར་ཁྲིད་ལ། གསོལ་བ་དྲག་པོ་བཏབ་པའི་རྗེས་ལ་ལུས་རྣམ་སྣང་གི་ཆོས་བདུན་བྱས་ལ། ནམ་མཁའ་དྭངས་པའི་ཕྱོགས་སུ་མིག་བར་སྣང་ལ་མདའ་གང་ཙམ་དུ་གཏོད་ལ། ད་ཁྱོད་རང་གི་རླུང་དང་རྣམ་པར་ཤེས་པ་བར་སྣང་ལ་ཕུལ་ལ། ལུས་ངག་ཡིད་གསུམ་སོ་གློད་ལ་ཙེན་གྱིས་ཞོག །ལུས་སོ་མ་ལ་འགུལ་བསྐྱོད་མི་བྱ། ངག་སོ་མ་ལ་གཏམ་མི་སྨྲ། སེམས་སོ་མ་ལ་རྟོག་པའི་རྗེས་སུ་མི་འབྲང་། མ་བཅོས་མ་བསླད་རང་སར་བཞག་པས་ན། །སྐྱོན་དང་གོལ་སར་ལྷུང་རྒྱུ་ཅི་ཡང་མེད། །བཅོས་བསླད་མེད་པའི་ངང་དུ་སུས་བསྒོམས་པ། །ཆོས་སྐུ་བྱང་ཆུབ་ཐོབ་པར་ཐེ་ཚོམ་མེད། །རང་བཞིན་སྐྱེ་བ་མེད་པ་ནམ་མཁའི་དབྱིངས་ཉིད་དུ། །ཀ་དག་ཆོས་སྐུ་ཡིད་ལ་བྱར་མེད་པས། །འདི་ལྟ་འདི་སྒོམ་མེད་པའི་ངང་ལ། སྒོམ་མེད་དུ་མ་ཡེངས་པར་སལ་ལེ། རྩལ་བྲལ་ཡེ་ཤེས་ལྷུག་པའི་ངང་ལ་རྩོལ་བྲལ་དུ་མ་ཡེངས་པར་སལ་ལེ། གང་ལའང་གཟའ་གཏད་མེད་པར་མ་བཅོས་པར་སྟོང་སང་ངེ་། སྟོང་པ་ཕྱང་ཆད་དུ་མ་སོང་བར། (༡༢༨)མི་སྤང་མི་རྟོག་མ་བསླད་པར་སལ་ལེ་སེང་ངེ་། གར་ལའང་འཛིན་པ་མེད་པར། མ་བསྒྱུར་བར་བདེ་ལྷན་ནེ། གང་ལའང་མི་སེམས་པར་སོ་མར་སལ་ལེ། གང་ལའང་མི་གནས་པར་གཉུག་མར་དྭངས་སང་ངེ་། ཏིག་པོ་མེད་པའི་ངང་ལ་རང་སོར་ཞོག །རྩོལ་མེད་དུ་ཞོག་ལ་ལྷུག་པར་ཞོག །མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །མི་གཡོ་དྭངས་པ་རྒྱ་མཚོ་བཞིན་དུ་ཞོག །ཟུང་འཇུག་དུ་མ་རོ་གཅིག་གི་ངང་ལས་མ་ཡེངས་པར་བདེ་ལྷན་ནེ། རིག་པ་ཀ་དག་སལ་ལེ་སིང་ངེ་ཡེར་རེ་སྟོང་གསལ་གྱི་ངང་དུ་ཞོག །འབོལ་ལེ་ཤིག་གེ་ལྷོད་དེ་གནས་ལུགས་ཀྱི་ངང་ལ་ཞོག །ཁྱབ་བེ་གདལ་ལེ་ཆོས་ཉིད་ཀྱི་ངང་ལ་ཞོག །སྟོང་ངེ་ཡེར་རེ་ཁྱིལ་ལེ་གནས་ལུགས་ཀྱི་ངང་ལ་ཞོག །མི་སྤྲོ་མི་བསྡུ་མི་བསྒོམ་མ་ཡེངས་རྩ་བྲལ་གྱི་ངང་ལ་ཞོག །རྟོག་མེད་དུ་བུན་ནེ། སྒོམ་མེད་དུ་ཁྲེས་སེ། རྩོལ་མེད་དུ་སང་ངེ་། རྗེས་མེད་དུ་ཝལ་ལེ། ཕཊཿདེ་ཡན་ཆོད་དེ་འཇོག་པ་ལ་ངོ་སྤྲད་པའོ། །དེ་ལྟར་མཉམ་པར་བཞག་པས་གཟུང་འཛིན་རྣམ་རྟོག་འཇུར་དྲན། ཆགས་སྡང་། སེམས་ཉིད་ཡེ་སྟོང་། གཞི་མེད་རྩ་བྲལ་གནས་ལུགས་སྐྱེ་མེད་ཀྱི་ངང་ལ་ལྷན་ནེ་གནས་པའོ། །ཕཊཿའཇོག་པའི་རྗེས་ལ་ནི་ཤེས་པ་རྣམ་པར་རྟོག་པས་མ་བསླད་པ། ཤེས་པ་སལ་ལེ་བ་ལ་རྟོག་པ་མེད་པ། ཐ་མལ་གྱི་བཟང་རྟོག་ངན་རྟོག་གིས་མ་བསླད་པ་འདི་ལ་ལྟོས་དང་། སལ་ལེ་བ་ལ་རྟོག་པ་མེད་པ། རྟོག་པ་མེད་པ་ལ་སལ་ལེ་བ་འདི་ངོས་ཟུངས་དང་། སྤྲོས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གནམ་དྭངས་པ་ལ་ཉི་མ་ཤར་བ་ལྟར་ལྷག་གིས་མཐོང་བའོ། །དེ་ནི་རྗེས་ཀྱི་རིག་པ་གཅེར་བུ། བློ་ཡི་དྲི་མས་མ་གོས་པའི་ཀ་དག །ཉམས་ཀྱི་ཞེན་པས་མ་བཅིངས་པའི་ཡེ་གྲོལ། རིག་པ་གཅེར་བུ་ལྷིངས་པ་འདི་ཡིན་ནོ། །ཕཊཿགཉིས་པ་མ་ཡེངས་པར་སྐྱོང་བ་ནི། དང་པོ་ངོ་རང་ཐོག་ཏུ་སྤྲད་པ་ནི། སེམས་ཉིད་ཡེ་སྟོང་། གཞི་མེད་རྩ་བྲལ། དཔེ་ནམ་མཁའ་ལྟ་བུའི་ངང་ནས། ད་ལྟ་ཐོལ་སྐྱེས་ཀྱི་ཤེས་པ་སྐད་ཅིག་མ། བཟང་རྟོག་ངན་རྟོག་སྣ་ཚོགས་སུ་འགྱུ་བ་འདི། ངོ་རང་ཐོག་ཆོས་ཉིད་དུ་སྤྲོད་པ་སྟེ། རྣམ་རྟོག་འདི་མི་སྤོང་མི་འགེགས། མི་སྦྱོང་མི་བསྒྱུར། རྣམ་རྟོག་དེ་སྣ་མི་བསྐྱིལ། རྗེས་ཕྱིར་མི་འབྲང་། (༡༢༩)གཉེན་པོས་མི་འཇོམས་པར། ཕཊཿགྱིས་ལ་རྩོལ་མེད་ཀྱི་དྲན་པས་ཅེར་གྱིས་ལྟོས་དང་། བལྟས་པས་མཐོང་རྒྱུ་མེད་པར་རྣམ་རྟོག་མ་སྤངས་དབྱིངས་སུ་དག །རྣམ་རྟོག་ཆོས་སྐུར་ངོ་ཤེས། ཕཊཿལྟོས་དང་འགྱུ་བ་དག་སངས། རང་ཤར་རང་གྲོལ། སྐྱེ་གྲོལ་དུས་མཉམ། སྔ་ཕྱི་མེད། ཐ་མལ་གྱི་ཤེས་པ་སྒོམ་དུ་ཤར། གཉིས་པ་རྣམ་རྟོག་དང་ཆོས་སྐུ་དབྱེར་མེད་དུ་ཐག་གཅིག་ཐོག་ཏུ་བཅད་པ་ནི། སྣང་ཤེས་ཐམས་ཅད་ཆོས་སྐུར་ངོ་ཤེས། ཡིད་ཆེས། ཐག་ཆོད། གདེང་ཐོབ་པ། དཔེར་ན་རྒྱ་མཚོ་ལ་རླབས་བར་མ་ཆོད་པར་བྱུང་ཡང་། རླབས་ཉིད་རྒྱ་མཚོ། རྒྱ་མཚོ་ཉིད་རླབས། རླབས་དང་རྒྱ་མཚོ་དབྱེར་མི་ཕྱེད་པ་བཞིན་དུ། རྣམ་རྟོག་དང་ཆོས་སྐུ་དབྱེར་མི་ཕྱེད། འཁོར་འདས་དབྱེར་མི་ཕྱེད་པས། སྣང་སྲིད་ཐམས་ཅད་ཆོས་ཀྱི་སྐུ་རུ་ཤར། ཞེས་སོ། །སྐྱེ་མེད་ཀྱི་ངང་ནས་འཆར་ཚུལ་མ་འགགས། རོལ་པ་ཅི་ཤར་ཡང་འཆར་གཞི་མ་གྲུབ། གང་ཤར་ངོ་བོས་སྟོང་། ཡེ་སྟོང་ཐོག་མ་མེད་པ་ནས་སྟོང་། དངོས་སྟོང་ངོ་བོ་ཉིད་ཀྱིས་སྟོང་། དཔེར་ན་རྟ་ལ་རྟ་སྐྱེས་རྟ་རང་ཡིན། སྟོང་ཉིད་ལ་སྟོང་ཉིད་ཤར་བ་སྟོང་ཉིད་རང་ཡིན། སྐྱེ་མེད་ལ་སྐྱེ་མེད་ཤར། ཟུང་འཇུག་ལ་ཟུང་འཇུག་ཤར། ཕར་ཕྱིན་ལས། ཆོས་ཐམས་ཅད་གཉིས་སུ་མེད་དེ། གཉིས་སུ་བྱར་མེད། སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་པ་དང་། གཉིས་མེད་གཉིས་སུ་མེད་པར་སྟོང་། །ཡང་དག་དོན་ལ་གཉིས་མེད་གཅིག་མ་གྲུབ། །ཅེས་སོ། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །ཞེས་པས། གདེང་གྲོལ་ཐོག་ཏུ་བཅའ་བ་ནི། ངེས་མེད་དུ་འདུག་པས་འཛིན་མེད་དུ་གྲོལ། ཐོག་བབས་སུ་འདུག་པས་ཅར་ཕོག་ཏུ་གྲོལ། ཡེ་ཡིན་དུ་འདུག་པས་ཆིག་ཆོད་དུ་གྲོལ། རང་ཤར་དུ་འདུག་པས་རང་གྲོལ་དུ་གྲོལ། རྣམ་རྟོག་གང་ཤར་ངོ་བོ་ཡེ་གྲོལ་དུ་ཤེས་པས། བསྐྱར་ནས་གྲོལ་རྒྱུ་མེད་པའི་གདེང་འཆོས། རང་བཞིན་རང་གྲོལ་དུ་ཤེས་པས་གཉེན་པོས་གྲོལ་རྒྱུ་མེད་པའི་གདེང་འཆོས། ཆོས་ཉིད་ཅེར་གྲོལ་དུ་ཤེས་པས་སྣང་ཤེས་གཉིས་མེད་དུ་(༡༣༠)གྲོལ་བའི་གདེང་འཆོས། མཚན་ཉིད་ཡོངས་གྲོལ་དུ་ཤེས་པས། འབད་རྩོལ་མེད་པར་གྲོལ་བའི་གདེང་འཆོས། ཞེས་གདམས་སོ། །གནད་དུ་བརྡེག་པའི་ངོ་སྤྲོད་དོ། །གཞི་མེད་རྩ་བྲལ་རང་གྲོལ་གཉུག་མའི་སེམས། །ཅེར་གྲོལ་ངང་དུ་རང་གྲོལ་བཤད་པ་འདིས། །འགྲོ་ཀུན་མ་སྤངས་དབྱིངས་སུ་རང་གྲོལ་ནས། །ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པར་ཤོག །གཞི་མ་བཅོས་པ་དེ་བཞིན་ཉིད་དུ་ངོ་སྤྲད་པའི་ཐབས། བླ་མ་དམ་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་མངོན་པར་དད་པའི་རྣལ་འབྱོར་པ་བྱར་མེད་ཀློང་ཡངས་ཀྱིས་སྦྱར་བ་རྫོགས་སོ།། །།

དགེའོ། །དགེའོ། །དགེའོ།། །།


previousཟབ་མོ་ཡང་ཏིག་ལས། གཞི་མ་བཅོས་ཇི་བཞིན་དུ་ངོ་སྤྲོད་པའི་རིམ་པ།next