Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཙ༽


   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
  expand section
   
   
   
   
   
  expand section
   
   
   
   
   
   
   
   
ཟབ་མོ་ཡང་ཏིག་ལས། གསང་བ་བླ་མེད་སྤྱི་བབས།
   
   
   
   
   
   
   
  expand section
  expand section
   
   
  expand section
   
   
   
   
   
   
   
   
   
   
   
   
   


 
previousཟབ་མོ་ཡང་ཏིག་ལས། གསང་བ་བླ་མེད་སྤྱི་བབས།next

ཟབ་མོ་ཡང་ཏིག་ལས། གསང་བ་བླ་མེད་སྤྱི་བབས།

༄༅། །ཟབ་མོ་ཡང་ཏིག་ལས། གསང་བ་བླ་མེད་སྤྱི་བབས་བཞུགས་སོ། །

༄༅། བླ་ན་མེད་པའི་སྤྱི་བབས་བསྟན་པ། སྟོང་ཁམས་གདལ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །སྐྱེ་མེད་ཀློང་ནས་ཐུགས་རྗེའི་སྐུར་བཞེངས་པ། །རིག་པའི་རྒྱལ་པོ་རང་བྱུང་ཀུན་ཏུ་བཟང་། །འོད་ལྔའི་རང་བཞིན་རིགས་ལྔ་ལྷུན་རྫོགས་ངང་། །ཐུགས་རྗེ་ཀུན་ཁྱབ་འཕྲོ་ལ་ཕྱག་འཚལ་ལོ། །སེམས་ཉིད་ངོ་བོ་གཞི་རྩ་བྲལ། །རང་བཞིན་འོད་གསལ་ལོངས་སྤྱོད་རྫོགས། །ཐུགས་རྗེ་ཀུན་ཁྱབ་གདལ་བར་ཤར། །གདོད་ནས་རྣམ་སངས་རྒྱས་ལ་འདུད། །ཕྱི་ནང་གསང་བ་ཡང་གསང་ལས། །ཡང་གསང་རྒྱལ་པོ་བླ་ན་མེད། །ཐེག་པ་རིམ་དགུའི་རྩེར་སོན་པའི། །སྤྱི་བབས་དག་ནི་འདི་ཉིད་དོ། །གཞི་ལམ་འབྲས་བུ་རྣམ་གསུམ་ལས། །ཀ་དག་ལྷུན་གྲུབ་གཉིས་སུ་གནས། །ཀ་དག་རྣམ་པ་གསུམ་ཉིད་ལས། །ཐོག་མ་གཞི་ཡི་ཀ་དག་ནི། །གདོད་ནས་གཞི་རྩ་བྲལ་བའོ། །གནས་སྐབས་ལམ་གྱི་ཀ་དག་ནི། །རང་སེམས་སྟོང་པ་རྩ་བྲལ་ལོ། །མཐར་ཐུག་འབྲས་བུའི་ཀ་དག་ནི། །གདོད་མའི་ཟད་སར་ཕྱིན་པའོ། །ལྷུན་གྲུབ་གསུམ་ལས་གཞི་ལྷུན་གྲུབ། །འོད་མཐའ་མེད་པའི་རིག་པ་ནི། །འཁོར་འདས་གང་དུའང་མ་ལྷུང་ཞིང་། །ཀུན་གྱི་གྱེས་གཞིར་གནས་པའོ། །གནས་སྐབས་ལམ་གྱི་ལྷུན་གྲུབ་ནི། །ཙིཏྟ་དུང་ཁང་གཞལ་ཡས་ན། །ཞི་ཁྲོ་རང་གསལ་འོད་ལྔའི་གདངས། །མིག་ནས་སྤྲིན་བྲལ་མཁར་སྣང་བ། །མངོན་སུམ་གོང་འཕེལ་ཚད་ཕེབས་སོ། །མཐར་ཐུག་འབྲས་བུའི་ལྷུན་གྲུབ་ནི། །དེ་ཉིད་ཉམས་སུ་བླངས་པའི་མཐར། །ཆོས་ཉིད་ཟད་པའི་སྣང་བ་ཐིམ། །ནང་དབྱིངས་ལྷུན་གྲུབ་ཆེན་པོའོ། །དེ་ལས་སླར་ཡང་རིག་པའི་གདངས། །སེམས་ཅན་རྣམས་ཀྱི་མོས་པ་བཞིན། །རང་གདངས་རིགས་ལྔ་ཁྲོ་བོའི་སྐུ། །སྟོང་གསལ་ཀུན་ཁྱབ་ཡེ་ཤེས་སོ། །འཁོར་འདས་རང་བཞིན་བབས་ཚུལ་ནི། །ཀ་དག་ཆེན་པོའི་ངང་ཉིད་ལས། །འོད་མཐའ་མེད་པའི་རིག་པ་ནི། །མཁའ་ལ་འཇའ་ཚོན་བཞིན་དུ་ཤར། །ལྷུན་གྲུབ་གཞི་ཡི་སངས་རྒྱས་ཏེ། །གདོད་མའི་མགོན་པོ་འོད་མི་འགྱུར། །འཁོར་འདས་གང་དུའང་མ་ཆད་ཅིང་། །སྔར་སངས་སྔ་ནས་རྒྱས་པའོ། །དེ་ལ་རིག་པའི་རྩལ་གཡོས་པ། །གཡོས་ཙམ་(༡༤༢)ཉིད་ནས་རང་རིག་པ། །ཐོག་མའི་ཀུན་ཏུ་བཟང་པོ་སྟེ། །གཞི་ཐོག་ཉིད་ནས་གྲོལ་བའོ། །འདིས་ནི་བག་ཆགས་མ་བསགས་ཤིང་། །སྐད་ཅིག་གཡོས་པ་རང་རིག་པས། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཡོན་ཏན་ཡེ་ནས་རྫོགས་པས་ན། །ཕྱིས་འབྱུང་རྒྱུ་འབྲས་ངེས་བསྐྱེད་པའི། །སྐུ་དང་ཡེ་ཤེས་མ་ཡིན་ཏེ། །གདོད་ནས་གཞི་ལ་ལྷུན་གྲུབ་ཕྱིར། །རྩོལ་བར་བསྒྲུབ་ཏུ་མི་དགོས་པའོ། །འདིས་ནི་སྐད་ཅིག་གཅིག་དེ་ལ། །ཤེས་བྱའི་དཀྱིལ་འཁོར་ཀུན་གཟིགས་པས། །སླར་ཡང་འཁོར་བ་མ་ཡིན་ནོ། །གཞི་ཡི་སངས་རྒྱས་ངང་ཉིད་ལས། །རིག་པའི་རྩལ་འཕྲོས་འཕྲོ་མཐུད་དེ། །རང་མ་རིག་པས་རང་ཉིད་ལ། །གཟུང་འཛིན་གཉིས་སུ་སྒྲོ་བཏགས་པས། །བདག་གཞན་གཉིས་སོགས་སྣ་ཚོགས་བྱུང་། །དེ་ཡིས་རྒྱུ་དང་རྐྱེན་བྱས་ཏེ། །སེམས་ཀྱང་རགས་ཕྲ་ཤིན་ཏུ་ཕྲ། །གསུམ་བྱུང་སྲིད་གསུམ་རང་ཤར་ཏེ། །ཐོག་མར་གཟུགས་མེད་དེ་ནས་གཟུགས། །དེ་ནས་འདོད་པའི་ཁམས་སུ་བྱུང་། །དེ་འདྲའི་སྣ་ཚོགས་འབྱུང་བའི་སེམས། །གཞི་ལ་མེད་ལ་རྩལ་ལ་སྣང་། །འགྱུས་སྟོང་རང་ངོ་སུས་ཤེས་ན། །དེ་ནི་གྲོལ་བ་ཉིད་དུ་འགྱུར། །གྲོལ་བ་ཐོག་མ་གང་ཡིན་པའོ། །རིག་པ་འོད་ལྔའི་རང་བཞིན་ནི། །ཐོག་མའི་ངང་ལས་སྣང་སྟོང་གཉིས། །དེ་ལས་རིག་པའི་རྩལ་ཡང་གཉིས། །སྣང་བའི་རྩལ་དང་སྟོང་པའི་རྩལ། །སྣང་བའི་རྩལ་ནི་ལུས་དང་ཡུལ། །སྣ་ཚོགས་སྣང་བའི་དངོས་ཀུན་ཤར། །དེ་ཡང་ལྷུན་གྲུབ་རྩལ་དུའོ། །སྟོང་པའི་རྩལ་ནི་འགྱུ་བའི་སེམས། །གཞི་རྩ་མེད་པ་སྣ་ཚོགས་འཕྲོ། །འཕྲོས་ཙམ་ཉིད་ནས་བལྟས་ན་མེད། །ཀ་དག་རྩལ་ལས་རང་བྱུང་ངོ་། །ཡོན་ཏན་སྐྱོན་དུ་ཤར་བས་ན། །རྩལ་འདི་གཉིས་ཀྱིས་མཐོང་རྐྱེན་བྱས། །དེ་གཉིས་སྦྱོང་བྱེད་རྣམ་པ་གཉིས། །ཐོད་རྒལ་དང་ནི་ཁྲེགས་ཆོད་དོ། །ཐོད་རྒལ་གྱིས་ནི་ལུས་དང་ཡུལ། །རྡོས་བཅས་རང་གདངས་འོད་ལྔར་གྲོལ། །དེ་ཚེ་ཐོག་མའི་རིག་པ་ནི། །འོད་ལྔའི་ནང་དུ་རང་གྲོལ་ལོ། །ཁྲེགས་ཆོད་ཀྱིས་ནི་འགྱུ་བའི་སེམས། །འགྱུས་པའི་ངོ་བོར་བལྟས་པའི་ཚེ། །འགྱུ་བས་འགྱུ་བ་རང་གྲོལ་ནས། །ཅོག་བཞག་རང་བབས་རང་གནས་པས། །རྩ་བྲལ་ཐོག་མའི་རིག་(༡༤༣)པ་འདི། །ཆོས་ཉིད་ཟད་པའི་ངང་དུ་གྲོལ། །ཐོག་མ་རང་གནས་འཕོ་འགྱུར་མེད། །འབྱུང་བཞི་ཟད་པའི་ནམ་མཁའ་ལ། །འགྱུ་བ་ཟད་པའི་རིག་པ་དེ། །རང་བྱུང་རང་འོད་ནམ་མཁའི་གདངས། །ཞི་ཁྲོ་ལ་སོགས་རང་སྣང་ཡང་། །རྐྱེན་བྲལ་ཆུ་ཟླ་འཇའ་ཚོན་བཞིན། །རང་སྣང་འོག་མིན་གཞལ་ཡས་ན། །རང་ཉིད་གཙོ་འཁོར་ཚུལ་ཙམ་སྣང་། །གདུལ་བྱ་འདུལ་བྱེད་མ་ཡིན་ནོ། །དེ་ལས་སྤྲུལ་པའི་ཟེར་འཕྲོས་པས། །སེམས་ཅན་རྣམས་ཀྱི་མོས་པ་བཞིན། །བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །ཞི་དང་ཁྲོ་བོའི་རྣམ་སྤྲུལ་ནི། །གདུལ་བྱའི་འཇིག་རྟེན་གང་ཡོད་དེར། །ཇི་ལྟར་འཚམས་པའི་ཆོ་འཕྲུལ་གྱིས། །འགྲོ་བའི་དོན་ཀུན་ལྷུན་གྱིས་གྲུབ། །ཆོས་ཚུལ་འདི་ནི་ངེས་པའི་དོན། །ཇི་བཞིན་ཉིད་ལས་དགོངས་དོན་མེད། །དེས་ན་བྱར་མེད་ཀློང་ཡངས་ཀྱིས། །མཆིམས་ཕུ་དཔལ་གྱི་རི་ལ་སྦྱར། །དགེའོ། །དགེའོ། །དགེའོ།། །།


previousཟབ་མོ་ཡང་ཏིག་ལས། གསང་བ་བླ་མེད་སྤྱི་བབས།next