Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཟ༽


   
   
དྲག་སྒྲུབ་གསལ་བའི་མེ་ལོང་།
   
   
  expand section
  expand section
   
   
   
   
   
   
   
   
   
   
  expand section
   
   
  expand section
   
  expand section
   
   


 
previousདྲག་སྒྲུབ་གསལ་བའི་མེ་ལོང་།next

དྲག་སྒྲུབ་གསལ་བའི་མེ་ལོང་།

༄༅། །དྲག་སྒྲུབ་གསལ་བའི་མེ་ལོང་།

༄༅། །ༀ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཨ་རྩིག་ནི་རྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཧཱུྃ། ཨ་ཡ་མ་དུ་རུ་ཙ་ཤ་ན། ༀ་བཛྲ་ཧཱུྃ་ཡཀྴ་ཧཱུྃ་རཀྴ་ཧཱུྃ་ག་རུ་ཎ་ཙ་ལེ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། དཔལ་ལྡན་ཡོན་ཏན་འབྱུང་བའི་གཙོ། །པདྨ་རྒྱལ་ལ་ཕྱག་འཚལ་ཏེ། །ཨོ་རྒྱན་དྲག་པོ་སྒྲུབ་པའི་ཐབས། །མ་བུའི་ཤོག་སེར་བསྡེབས་ཏེ་བྲི། །

བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཕྱིར་ཨོ་རྒྱན་དྲག་པོར་བསྒྲུབ་པར་བྱ་སྙམ་དུ་སེམས་བསྐྱེད་དེ། སྟོང་པའི་ངང་ལས་ཨེ་ལས་ནམ་མཁའ་མཐིང་ནག་འབྱམས་ཀླས་པའི་དབུས་སུ། ཡྃ་ལས་རླུང་ནག་འཁྲུགས་(༤༠)པའི་དཀྱིལ་འཁོར་གྱི་དབུས་སུ། རྃ་ལས་མེའི་མེ་དཔུང་གི་ཀློང་ཡངས་པར། ར་ལས་རཀྟའི་རྒྱ་མཚོ་ཞིང་གི་རྦ་ཀློང་འཕྱོ་བར། ཀྃ་ལས་ཀེང་རུས་ཀྱི་ས་གཞི་དང་རི་རབ་བརྩེགས་པའི་སྟེང་དུ། ྃ་ལས་ཐོད་པ་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབ་བཞི་དང་ལྡན་པ། རྒྱ་ནམ་མཁའི་མཐའ་ཀླས་ས། ཕྱི་ནང་ཀུན་ཏུ་ཡེ་ཤེས་ཀྱི་མེ་རི་དང་མེ་དཔུང་འབར་བའི་དབུས་སུ། བྃ་ལས་སྣ་ཚོགས་པདྨ། རྃ་ལས་ཉི་མའི་སྟེང་དུ་དྲེགས་པ་སྡེ་བརྒྱད་ཁ་བུབ་དང་བྱི་ཆིངས་སུ་བསྣོལ་བའི་སྟེང་དུ། ཧཱུྃ་ལས་རང་ཉིད་ཟིལ་གནོན་པདྨ་དྲག་པོ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་ཧཱུྃ་དགུ་ཕཊ་དགུ་རྃ་དགུའི་མཚན་པ་འཕྱར་སྟབས་སུ་འཛིན་པ། གཡོན་ལྕགས་ཀྱི་སྡིག་པ་ཁ་དགུ་མིག་དགུ་པ་ཕྱིར་ལ་གདེངས་པ་བསྣམས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བ་སྟག་གི་པགས་པས་ཤམ་ཐབས་བྱས་པ། མི་མགོ་རློན་པས་དོ་ཤལ་བྱས་པ། སྦྲུལ་ནག་གིས་བརྒྱན་པ། མི་ལྤགས་ཀྱི་གཡང་གཞི་དང་། གླང་ཆེན་གྱི་ཀོ་རློན་གྱིས་སྟོད་གཡོགས་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། སྦྲུལ་ནག་གི་ཐོད་བཅིངས་ཅན། དབུ་སྐྲ་དམར་སེར་གྱེན་ལ་འཕྲོ་ཞིང་རིན་པོ་ཆེ་དང་རུས་པའི་སྙན་ཆ་བྱས་པ། ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། སྨིན་མ་དང་སྨ་ར་དམར་སེར་མེ་ལྟར་འབར་བ། རྡོ་རྗེ་འབར་བའི་སྤུ་གསེབ་ནས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ། སྤྱུགས་པའི་འཐོར་རླུང་ཕྱོགས་བཅུར་འཕྲོ་ཞིང་སྐུ་ལས་བསྐལ་པའི་མེ་ཆེན་འབར་བ། དཔྲལ་བའི་མཛོད་སྤུར་གསེར་གྱི་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་འཇམ་དཔལ་སེར་པོ་གཡས་རལ་གྲི་ཀླད་ལ་བསྐོར་ཞིང་གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པའི་སྤྱི་བོར་ༀ་སེར་པོས་མཚན་པ། མགྲིན་པར་པདྨ་འདབ་བཞིའི་དབུས་སུ་རྟ་མགྲིན་དམར་པོ་གཡས་དབྱུག་ཏོ་འཕྱར་སྟབས་སུ་ནམ་མཁར་འཛིན་ཅིང་གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པའི་མགྲིན་པར་པདྨ་འདབ་བཞིའི་དབུས་སུ་ཨཱཿདམར་པོས་མཚན་པ། སྙིང་གར་ཉི་མའི་དབུས་སུ་གསེར་གྱི་མཆོད་རྟེན་བང་རིམ་བཞི་པའི་བུམ་པའི་ནང་གི་ཉི་མའི་དབུས་སུ་ཕྱག་ན་རྡོ་རྗེ་མཐིང་ག་གཡས་རྡོ་རྗེ་འཕྱར་སྟབས་སུ་ནམ་མཁར་འཛིན་ཅིང་། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པའི་ཐུགས་ཀར་པདྨ་དང་ཉི་མའི་དབུས་སུ་ཧཱུྃ་ལ་རྩ་བའི་སྔགས་ཀྱིས་མར་མེ་འབར་བ་ལྟར་བསྐོར་བའོ། །ཐོར་ཚུགས་ཀྱི་རྩེ་ལ་ཁྲ་ལས་བྱ་ཁྱུང་ག་རུ་ཌ་གཤོག་པ་གདེངས་པས་ནམ་མཁའ་ཆོད་པ། རྡོ་རྗེ་འབར་བའི་སྤུ་གསེབ་ནས་ཡེ་ཤེས་ཀྱི་མེ་དང་གནམ་ལྕགས་ཀྱི་ཐོག་འཕྲོ་བ། ར་རིན་པོ་ཆེའི་དཔལ་དགའ་ལ་འོད་དཔག་མེད་དམར་པོ་མཉམ་གཞག་ཅན། ན་བཟའ་ཆོས་གོས་དམར་སེར་གསོལ་བ། སྟེང་གི་ནམ་མཁའ་ལ་པདྨ་དང་ཉི་མའི་དབུས་སུ་ཐོད་ཕྲེང་རྩལ་མཐིང་(༤༡)ག་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་ཡེ་ཤེས་མཚོ་རྒྱལ་དང་མཉམ་པར་སྦྱོར་བ། བླ་མ་དང་ཡི་དམ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བར་བསམ་མོ། །དེ་ནས་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་འོག་མིན་ནས་སྔར་བསྒོམས་པ་ལྟ་བུའི་བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་སྐད་ཅིག་གིས་སྟེང་གི་ནམ་མཁར་བྱོན་པ་ལ། ༀ་གུ་རུ་དེ་ཝ་ཌཱ་ཀི་ནཱི་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤཔྟ་ཨཱཿཧཱུྃ། ལན་གསུམ་གྱིས་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ་ནས། ཛཿཧཱུྃ་བྃ་ཧོཿཞེས་བརྗོད་པས་ལྷ་ཡེ་ཤེས་སེམས་དཔའ་དེ་དག་བདག་དམ་ཚིག་སེམས་དཔའ་ལ་ཐིམ་པས་དགྱེས་ཤིང་བརྟན་པར་གྱུར། ཡང་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ནས་རིན་པོ་ཆེའི་བུམ་པས་དབང་བསྐུར་བས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡེ་ཤེས་རྡོ་རྗེའི་དངོས་གྲུབ་ཐོབ། དེ་བཞིན་གཤེགས་པ་རྣམས་གཅིག་ཏུ་གྱུར་པ་འོད་དཔག་མེད་ལ་ཐིམ་པར་གྱུར། གསལ་བར་གྱུར། འོད་འབར་བར་གྱུར་ཏོ། །དེ་ནས་ཐོད་མཁར་འབར་བའི་ཕྱི་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པའི་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་གུར་ཁྱིམ་དུ་གྱུར་པའི་ཕྱི་རོལ་གསེར་གྱི་འཁོར་ལོ་རྩིབས་སྟོང་གཡས་སུ་འཁོར་བ་དང་། མཚོན་ཆའི་འཁོར་ལོ་རྩིབས་སྟོང་གཡོན་དུ་འཁོར་བའི་སྟེང་འོག་མེའི་འཁོར་ལོ་རྩིབས་སྟོང་རྩེ་བསྣོལ་དུ་འཁོར་བའི་བར་རྣམས་སུ་དྲེགས་པ་སྡེ་བརྒྱད་ཐམས་ཅད་མགོ་ལུས་དུམ་བུར་གཏུབ་ཅིང་། ཐུགས་ཀའི་ཧཱུྃ་ལས་ཧཱུྃ་འཕྲོས་བ་སྤུའི་བུ་ག་ནས་ཧཱུྃ་རྣམས་ཕྱིར་ཐོན་པས་སྤྲུལ་པའི་ཁྲོ་ཆུང་དུ་གྱུར། འོད་འཕྲོས་ནམ་མཁའ་གང་། རིག་སྔགས་ཀྱི་འབྲུག་སྒྲ་སྟོང་སྒྲོགས་པས་དྲེགས་པ་སྡེ་བརྒྱད་ཐམས་ཅད་ཚར་བཅད། འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོ་ལྡེག་མེར་འཁྱོམས་པར་བསམ་ཞིང་། ༀ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཨ་རྩིག་ནི་རྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཧཱུྃ། ཨ་ཡ་མ་དུ་རུ་ཙ་ཤ་ན། ༀ་བཛྲ་ཧཱུྃ་ཡཀྴ་ཧཱུྃ་རཀྴ་ཧཱུྃ་ག་རུ་ཌ་ཙ་ལེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། ཅེས་ཅི་འགྲུབ་ཏུ་སེམས་གཞན་དུ་མ་ཡེངས་པར་རིག་པ་ངར་དང་ལྡན་པས་བཟླའོ། །དེ་ནས་ཐུན་འཇོག་ཁར་སྤྲུལ་པའི་ཁྲོ་ཆུང་རྣམས་ཧཱུྃ་ལ་བསྡུ། འཁོར་ལོ་རང་མལ་དུ་གནས་པའི་ངང་ལ་སེམས་མ་བཅོས་པར་གློད་ནས་སྟོང་གསལ་སྤྲོས་པ་མེད་པར་དལ་ཅིག་མཉམ་པར་བཞག །རྗེས་སེམས་ཅན་གྱི་དོན་དུ་བསྔོ། ཕན་ཡོན་ནི་བགེགས་དང་བར་ཆད་ཐམས་ཅད་ཞི་བ་དང་། ལྟ་སྒོམ་ཏིང་འཛིན་ཐམས་ཅད་གོང་ནས་གོང་དུ་འཕེལ་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ་པ་ལ་སོགས་པ་གཞུང་ནས་བཤད་པ་ལྟར་འགྲུབ་བོ། །གྲངས་ཀྱི་བསྙེན་པ་ནི་འབུམ་ཕྲག་ཉི་ཤུ་རྩ་གཉིས་སུ་གསུངས་སོ། །བསྙེན་པ་རྫོགས་ནས་ལས་ཚོགས་གང་ཡང་འགྲུབ་བོ། །གཏོར་མ་དང་། འཁོར་ལོ་དང་། (༤༢)བྱབ་ཆོག་དང་། སེར་སྲུང་དང་། སྡེ་བརྒྱད་གནད་ལ་བབ་པ་ལ་སོགས་པ་མ་ཡིག་དང་། བུ་ཡིག་དང་། ལས་ཕྲན་ཚེགས་ཀྱི་ཤོག་སེར་གཞུང་ནས་བཤད་པ་བཞིན་དུ་ཤེས་པར་བྱའོ། །འདི་ནི་སྒོམ་རིམ་ལག་ལེན་དུ་བཀོད་པ་མ་ཡིག་བུ་ཡིག་བསྟོད་པ་གསུམ་འཁྲུགས་བསྡེབས་ཏེ་ཉམས་སུ་བླང་བའི་ཕྱིར་བཀོད་པའོ། །

དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །རང་བྱུང་པདྨ་རྒྱལ་པོའི་གནས་ཐོབ་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་འབེབས་ཤིང་། །སྐྱེ་རྒུའི་རེ་བ་ཡིད་བཞིན་འགྲུབ་པར་ཤོག །དྲག་སྒྲུབ་གསལ་བའི་མེ་ལོང་བྲག་སྲིན་མོ་སྤར་རྗེས་ཅན་གྱི་གཏེར་གྱི་ཡང་སྙིང་རྒྱལ་སྲས་དྲི་མེད་འོད་ཟེར་གྱིས་བཀོད་པ་རྫོགས་སོ།། །།དགེའོ།། །།


previousདྲག་སྒྲུབ་གསལ་བའི་མེ་ལོང་།next