Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཟ༽


   
   
   
ཕྲིན་སྒྲུབ་ཀྱི་བུ་ཡིག་ཐུགས་རྗེའི་ལྕགས་ཀྱུ།
   
  expand section
  expand section
   
   
   
   
   
   
   
   
   
   
  expand section
   
   
  expand section
   
  expand section
   
   


 
previousཕྲིན་སྒྲུབ་ཀྱི་བུ་ཡིག་ཐུགས་རྗེའི་ལྕགས་ཀྱུ།next

ཕྲིན་སྒྲུབ་ཀྱི་བུ་ཡིག་ཐུགས་རྗེའི་ལྕགས་ཀྱུ།

༄༅། །ཕྲིན་སྒྲུབ་ཀྱི་བུ་ཡིག་ཐུགས་རྗེའི་ལྕགས་ཀྱུ་བཞུགས་སོ། །

༄༅། །ཕྲིན་སྒྲུབ་ཀྱི་བུ་ཡིག་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ། གུ་རུ་ཞི་ཁྲོའི་ལྷ་ཚོགས་ལ་ཕྱག་འཚལ་ལོ། །པདྨ་རྒྱལ་ལ་ཕྱག་འཚལ་ནས། །སྲིད་པ་བར་དོའི་སེམས་ཅན་ལ། །གུ་རུའི་ཐུགས་རྗེས་བཟུང་བའི་ཕྱིར། །གཤིན་དོན་ཐུགས་རྗེའི་ལྕགས་ཀྱུ་བྲི། །

སྔོན་དུ་ཕྲིན་སྒྲུབ་དཀྱིལ་འཁོར་མཆོད་བསྟོད་འཛབ་སྐོང་གཞུང་ལྟར་བཏང་ལ། བུམ་པ་ལག་ཁྲིད་ལྟར་བཅས་ལ་གཟུག །དཀྱིལ་འཁོར་གྱི་མདུན་དུ་པདྨ་འདབ་དྲུག་བྲིས་ལ། དེའི་སྟེང་དུ་དྲི་མ་དང་མིང་བྱང་བཙུགས་ལ་སྤོས་ཆུས་བཀྲུ་ཞིང་། ༀ་བཛྲ་ཡཀྵ་ཡཀྵ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་མིང་བྱང་དྲི་མ་སྦྱང་། བགེགས་བསྐྲད་པ་ནི། གཏོར་མ་བྱིན་ནས་བདེན་པ་བརྗོད་ལ་འདི་སྐད་དོ། །

ཧཱུྃ། འདི་ལྟར་ཉོན་ཅིག་བགེགས་ཀྱི་ཚོགས། །ཚེ་འདས་རིགས་ཀྱི་བུ་འདི་ལ། །གསོན་གྱི་དུས་ན་བདུད་གཅོད་ཅིང་། །ད་ལྟར་གཤེད་དུ་བྱེད་པ་ཡིས། །གཤེད་མར་གྱུར་པའི་བགེགས་ཚོགས་ཀུན། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ད་ལྟ་ཉིད་དུ་སོ་སོར་དེངས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །གང་ཡིན་ཐལ་བའི་རྡུལ་དུ་རློག །ཅེས་ཡུངས་ཀར་ཐུན་གྱིས་བགེགས་བསྐྲད་དོ། །གཏོར་མ་ཆ་གསུམ་བཅས་ཏེ་གཅིག་ཚེ་འདས་ཀྱི་ལུས་ཀྱི་གླུད་དུ་བསྔོས་ཏེ་འདི་སྐད་དོ། །

ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ཚེ་འདས་རིགས་ཀྱི་བུ་འདི་ཡི། །ལུས་དང་གྲིབ་མ་ལྟར་འགྲོགས་པའི། །གཤེད་མ་གྱུར་པའི་བགེགས་ཚོགས་ཀུན། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཚེ་འདས་ལུས་ཀྱི་བཅིངས་པ་ཐོངས། །ལུས་ཀྱི་ཞེན་པ་མི་གཏོང་ན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མངགས་གཞུག་ལས་ཀྱི་ཕོ་ཉ་ནི། །ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད། །ཕྱག་ན་འཁོར་ལོ་རལ་གྲི་བསྣམས། །གང་ཡིན་ཐལ་བའི་རྡུལ་དུ་རློག །ༀ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་བསྐྲད་དོ། །གཅིག་ངག་གི་གླུད་དུ་བསྔོས་ལ་འདི་སྐད་དོ། །

ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ཚེ་འདས་རིགས་ཀྱི་བུ་འདི་ཡི། །ངག་དང་བྲག་ཅ་ལྟར་འགྲོགས་པའི། །(༤༣)གཤེད་མར་གྱུར་པའི་བགེགས་ཚོགས་ཀུན། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཚེ་འདས་ངག་གི་ཞེན་པ་ཐོངས། །ངག་གི་ཞེན་པ་མི་གཏོར་ན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མངགས་གཞུག་ལས་ཀྱི་ཕོ་ཉ་ནི། །ཁྲོ་བོའི་རྒྱལ་པོ་རྟ་མགྲིན་རྒྱལ། །ཕྱག་ན་དབྱུག་ཏོ་སྦྲུལ་ཞགས་བསྣམས། །གང་ཡིན་ཐལ་བའི་རྡུལ་དུ་རློག །ༀ་པདྨ་ཀྲ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བསྐྲད་དོ། །གཅིག་སེམས་ཀྱི་གླུད་དུ་བསྔོས་ནས་འདི་སྐད་དོ། །

ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ཚེ་འདས་རིགས་ཀྱི་བུ་འདི་ལ། །སེམས་དང་བག་ཆགས་ལྟར་འགྲོགས་པའི། །གཤེད་མར་གྱུར་པའི་བགེགས་ཚོགས་ཀུན། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཚེ་འདས་ཡིད་ཀྱི་བཅིངས་པ་ཐོངས། །སེམས་ཀྱི་ཞེན་པ་མི་གཏོང་ན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མངགས་གཞུག་ལས་ཀྱི་ཕོ་ཉ་ནི། །ཁྲོ་བོའི་རྒྱལ་པོ་གོས་སྔོན་ཅན། །ཕྱག་ན་རྡོ་རྗེ་སྡིགས་མཛུབ་བསྣམས། །གང་ཡིན་ཐལ་བའི་རྡུལ་དུ་རློག །ༀ་བཛྲ་པཱ་ཎི་མཧཱ་ཀྲོ་དྷ་ཧཱུྃ་ཕཊ། དེ་ནས་ཚེ་ལས་འདས་པ་དེ་ལ་སྙིང་རྗེ་དྲག་པོ་དུང་དུང་བ་བྱས་ལ་འདི་སྐད་དོ། །

ཧཱུྃ། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །འདི་ནས་ཕ་རོལ་སོང་བའི་བུ། །ཁྱོད་ཀྱི་མིང་ནི་ཤི་བ་ཡིན། །སྔར་གྱི་སྒྱུ་ལུས་ཞིག་པ་ཡིན། །འབྱུང་བཞི་སྒྱུ་མའི་འཁྲུལ་འཁོར་ཞིག །ཤ་ཁྲག་ལུས་ཀྱི་ཕུང་པོ་དོར། །གཅེས་པར་གསོས་པའི་ལུས་པོ་བསྐྱུར། །ཡིད་ལ་གཅགས་པའི་གཉེན་དང་བྲལ། །སེར་སྣས་བསགས་པའི་ནོར་རྫས་ལུས། །རྨི་ལམ་འདྲ་བའི་ལུས་པོ་ལ། །ཡིད་ཀྱི་རྣམ་ཤེས་བརྟེན་བྱས་ཏེ། །བག་ཆགས་འཁྲུལ་པའི་རྗེས་སུ་འབྲངས། །རང་གི་སེམས་ལ་དབང་མ་ཐོབ། །བར་དོའི་གནས་ན་ཉོན་རེ་མོངས། །བར་དོའི་གནས་ན་རང་དབང་མེད། །འཆི་བདག་གཤིན་རྗེའི་ལག་ཏུ་ཚུད། །འཁོར་བར་འཁྱམས་པའི་སེམས་ཅན་ཁྱོད། །ཐུགས་རྗེ་ཆེན་པོའི་ངག་ལ་ཉོན། །འཁོར་བའི་གནས་ནས་ཡར་འདྲེན་པའི། །ཁྱོད་ཀྱི་སློབ་དཔོན་ང་ཡིན་གྱིས། །ལྷ་དང་སློབ་དཔོན་དྲན་པར་གྱིས། །དཀོན་མཆོག་གསུམ་པོ་དྲན་པར་གྱིས། །ཟིལ་གནོན་པདྨ་དྲན་པར་གྱིས། །མོས་གུས་གདུང་ཤུགས་དྲག་པོ་ཡིས། །མ་ཡེངས་དྲན་པའི་སེམས་ཀྱིས་ཟུངས། །ཁྱོད་ཀྱི་སློབ་དཔོན་ང་ཡིན་གྱི། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་ཅིང་། །འོ་དོད་ལྷང་ལྷང་འབོད་པ་ན། །གདུང་ཤུགས་དྲག་པོས་འདིར་ཤོག་ཅིག །ཁམས་གསུམ་གནས་ནས་འདིར་ཤོག་ཅིག །གཟུགས་མེད་གནས་ནས་འདིར་ཤོག་ཅིག །གཟུགས་ཁམས་གནས་ནས་འདིར་ཤོག་ཅིག །འདོད་ཁམས་གནས་ནས་འདིར་ཤོག་ཅིག །རིགས་དྲུག་གནས་ནས་འདིར་ཤོག་ཅིག །དམྱལ་བའི་གནས་ནས་འདིར་ཤོག་ཅིག །ཡི་དྭགས་གནས་ནས་འདིར་ཤོག་ཅིག །བྱོལ་སོང་གནས་ནས་འདིར་ཤོག་ཅིག །ལྷ་ཡི་གནས་ནས་འདིར་ཤོག་ཅིག །ལྷ་མིན་གནས་ནས་འདིར་ཤོག་ཅིག །མི་ཡི་གནས་ནས་འདིར་ཤོག་ཅིག །དཀྱིལ་འཁོར་བཟང་པོ་འདིར་ཤོག་ཅིག །རེ་དོགས་མེད་པར་འདིར་ཤོག་ཅིག །རྩལ་ཤུགས་(༤༤)དྲག་པོས་འདིར་ཤོག་ཅིག །ཨ་སུ་ནྲ྇་ཏྲི་པྲེ་དུ་བཛྲ་ཨདྐུ་ཤ་ཛ་ཛཿབརྗོད་པས་ཚེ་འདས་ཀྱི་རྣམ་ཤེས་ཨ་ཐུང་གི་ཚུལ་དུ་མདུན་དུ་བྱུང་བར་བསམས་ལ། དཀྱིལ་འཁོར་གྱི་ཟུར་བཞིར་ཤིང་བཞི་བཙུགས་ལ། ཧཱུྃ། ཤིང་གི་རྒྱལ་པོ་དཔག་བསམ་ཤིང་། །བྱང་ཆུབ་ཤིང་དུ་བྱིན་བརླབས་ནས། །ཕྱོགས་བཞིར་བཙུགས་པས་བདུད་བཞི་ཐུབ། །ལོ་འདབ་བསམ་གཏན་བྱིན་བརླབས་པས། །ཉོན་མོངས་འཁོར་བའི་ཚ་གདུང་སྐྱོབ། །གཞལ་ཡས་ཁང་དུ་བྱིན་བརླབས་པས། །ཚེ་འདས་གཤེད་མའི་ཚོགས་ལས་སྐྱོབ། །ཅེས་བརྗོད་ནས། རྣམ་པར་ཤེས་པ་དྲི་མ་ལ་ཐིམ་པས་ནྲ྇་དམར་ལྗང་ཅིག་འོད་དུ་ཞུ་ཡོངས་སུ་གྱུར་པ་ལས་ཚེ་འདས་སྔར་བཞིན་མངོན་སུམ་དུ་བྱུང་བར་བསམས་ལ། སེམས་ཀྱི་ངོ་བོ་ཡི་གེ་ཨ་རུ་ཡོད་པ་དེ་སྙིང་གི་དཀྱིལ་དུ་བབས་པས་དྲན་པ་ཤིན་ཏུ་གསལ་བར་བསམས་ལ། ཧཱུྃ། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །མིང་བྱང་འདི་ནི་ལུས་ཀྱི་རྟེན། །སྨྱུག་མ་འདི་ནི་སྐུ་ཡི་རྟེན། །དྲི་མ་འདི་ནི་ལུས་ཀྱི་གོས། །གསེར་གདུགས་འདི་ནི་སྐྱབས་ཀྱི་རྟེན། །འཕན་ཆུང་འདི་ནི་ལུས་ཀྱི་སྐྱབས། །མེ་ལོང་འདི་ནི་གསལ་བའི་རྟེན། །ཤེལ་དུམ་འདི་ནི་བླ་ཡི་རྟེན། །མདའ་མོ་འདི་ནི་སྲོག་གི་རྟེན། །ལྡིང་ཁང་འདི་ནི་གཞལ་ཡས་ཁང་། །ཤིང་བཞི་བཙུགས་པ་སྐུ་ཡི་རྟེན། །དྲིལ་བུ་གསིལ་བ་གསུང་གི་རྟེན། །ཧྲཱིཿཡིག་ས་བོན་ཐུགས་ཀྱི་རྟེན། །དྲི་མ་འདི་ལ་གནས་ཆོས་ལ། །མ་ཡེངས་དྲན་པའི་སེམས་ཀྱིས་ཟུངས། །མིང་བྱང་དྲི་མར་བཅས་པ་འདི། །བག་ཆགས་ཆགས་པའི་རྟེན་ཡིན་པས། །དྲང་པོའི་སེམས་ཀྱིས་གནས་པར་གྱིས། །ཧཱུྃ། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །པད་འདབ་ཡིད་འོང་མཛེས་པའི་གདན། །ལེབ་ཕྱིང་དཀར་པོ་རྔུལ་གྱི་གདན། །དར་ཟབ་འདི་ནི་བཀྲ་བའི་གདན། །དབྱིབས་ལེགས་འདི་ནི་དྲོ་བའི་གདན། །གཙང་ཞིང་མཛེས་པའི་གདན་འདི་ལ། །རིགས་ཀྱི་བུ་ཁྱོད་མཛེས་པར་བཞུགས། །ༀ་སརྦ་པདྨ་ཀ་མ་ལ་ཡ་སྟྭཾ། ཞེས་པས་ཚེ་འདས་དངོས་སུ་ཡོད་པར་བསམས་ལ། ཆུ་གཙང་ལ་འོ་མ་འམ་དར་བ་ཅུང་ཞིག་བླུགས་ལ་བྱིན་ཏེ། ༀ་ཨཱཿཧཱུྃ་ཨ་མྲ྇་ཏ་ཀུནྡ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བདུད་རྩིར་བྱིན་གྱིས་བརླབས་ནས། ཧཱུྃ། ཉོན་ཅིག་ཚེ་འདས་ཆེ་གེ་མོ། །ཚེ་འདས་འཁྲུལ་པའི་བག་ཆགས་ཀྱིས། །སྲིད་པའི་གྲོང་ཁྱེར་བསྐོར་བསྐོར་ནས། །ལུས་ངག་ཡིད་གསུམ་ཆད་ཅིང་ངལ། །མགོན་སྐྱབས་མེད་པས་ཡི་ཡང་ཆད། །བདུད་རྩི་ཡེ་ཤེས་ཆུ་འདི་འཐུང་། །ལུས་ངག་ཡིད་གསུམ་བདེ་བར་འགྱུར། །ཞེས་བརྗོད་པ་དང་ཆུ་བཏུང་བས་ལུས་ངག་ཡིད་གསུམ་བདེ་བར་བསམ་མོ། །

དེ་ནས་མི་རྟག་པའི་ཆོས་བཤད་པར་བྱ་སྟེ། ཧོཿ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །འཁོར་འདས་ཀྱི་ཆོས་ཐམས་ཅད་མི་རྟག་པ་ཡིན་ཏེ། དེའང་ཕྱི་ནམ་ཟླ་དུས་བཞིའི་འགྱུར་ལྡོག་གམ། ནང་ཕུང་པོའི་འགྱུར་ལྡོག་དང་དར་རྒུད་དམ། གསང་བ་རླུང་སེམས་ཀྱི་དར་གུད་ལ་བསམ་ཀྱང་(༤༥)མི་རྟག་པ་ཡིན་ཏེ། ཕྱི་ནམ་ཟླ་དུས་བཞི་ཡང་། དབྱར་སྟོན་དུ་འགྲོ། སྟོན་དགུན་དུ་འགྲོ། དགུན་དཔྱིད་དུ་འགྲོ། དཔྱིད་དབྱར་དུ་འགྲོ་བའི་སྒོ་ནས་ཀྱང་མི་རྟག་པ་ཡིན། ནང་ཕུང་པོ་མི་རྟག་པ་ནི། གཞོན་པ་མི་རྟག་རྒན་པོར་འགྲོ། རྒན་པོ་ཡང་མི་རྟག་ན་བའི་སྡུག་བསྔལ་ལ་སོགས་པ་དཔག་ཏུ་མེད་པ་ཡོད་དོ། །ཐམས་ཅད་མི་རྟག་འཆི་བའི་ཆོས་ཅན་ཡིན། དེ་ཡིན་པ་ཡང་རང་རེའི་ཕ་མ་དང་། ཕ་མའི་ཕ་མ་དང་། གྲོང་མི་ཁྱིམ་མཚེས། ཡུལ་མི་རྒན་རབས། གཉེན་ཉེ་བཞི་ལ་སོགས་པ་ཐམས་ཅད་དང་། འདས་མ་འོངས་དུས་བཞིའི་སེམས་ཅན་ཐམས་ཅད་ཀྱང་འཆི་བའི་རང་བཞིན་ཡིན་པས། དེ་བས་ན་འཆི་བ་ལ་ཕན་པ་སྐྱབས་དཀོན་མཆོག་གསུམ་མིན་པ་གཞན་མེད། དེའི་ཕྱིར་ན་ཚེ་ལས་འདས་པ་ཁྱོད་རང་ཡང་སྐྱབས་དཀོན་མཆོག་གསུམ་པོ་དྲན་པར་གྱིས་ལ། བླ་མ་དང་ཡི་དམ་གྱི་ལྷ་ཚོགས་ཐམས་ཅད་སྤྱི་བོ་རུ་སྒོམས་ལ་མོས་པ་དང་གུས་པ་གྱིས་ཤིག །ཅེས་བརྗོད་དོ། །

དེ་ནས་མདུན་གྱི་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་འབུལ་བ་ནི། ཧཱུྃ། གཙང་ཞིང་གཙང་མར་སྦྱར་བ་ཡི། །མེ་ཏོག་དམ་པ་འདི་འབུལ་ལོ། །ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་པུཥྤེ་ཨཱཿཧཱུྃ། ཧཱུྃ། གཙང་ཞིང་གཙང་མར་སྦྱར་བ་ཡི། །བདུག་སྤོས་དམ་པ་འདི་འབུལ་ལོ། །ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཧཱུྃ། གཙང་ཞིང་གཙང་མར་སྦྱར་བ་ཡི། །སྣང་གསལ་དམ་པ་འདི་འབུལ་ལོ། །ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཧཱུྃ། གཙང་ཞིང་གཙང་མར་སྦྱར་བ་ཡི། །དྲི་མཆོག་དམ་པ་འདི་འབུལ་ལོ། །ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་གནྡྷེ་ཨཱཿཧཱུྃ། ཧཱུྃ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ཞལ་ཟས་དམ་པ་འདི་འབུལ་ལོ། །ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ནེ་ཝིདྱ་ཨཱཿཧཱུྃ། ཧཱུྃ། གཙང་ཞིང་གཙང་མར་སྦྱར་བ་ཡི། །སིལ་སྙན་དམ་པ་འདི་འབུལ་ལོ། །ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ཤཔྟ་ཨཱཿཧཱུྃ། ཞེས་འབུལ་ལོ། །

བསྟོད་པ་ནི། ཧཱུྃ། དུས་གསུམ་སངས་རྒྱས་འདུས་པའི་དངོས། །ཆེ་མཆོག་ཐོད་ཕྲེང་སྐུ་ལ་བསྟོད། །སྐྱོན་བྲལ་ཆོས་དབྱིངས་ཡེ་ཤེས་དང་། །ཆེ་མཆོག་ཐོད་ཕྲེང་གསུང་ལ་བསྟོད། །སྨྲ་བརྗོད་བྲལ་བ་དབྱིངས་རིག་ཀློང་། །ཆེ་མཆོག་ཐོད་ཕྲེང་ཐུགས་ལ་བསྟོད། །དངོས་གྲུབ་སྟེར་ཞིང་བར་ཆད་སེལ། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། དཀྱིལ་འཁོར་ལྷ་ལ་གཙོ་བོའི་མཚན་ནས་བརྗོད་ཅིང་ཕྱག་འཚལ་བ་ནི། ཐམས་ཅད་ཀྱིས་ཚེ་འདས་ཀྱི་དོན་དུ་ཕྱག་གྱིས་ཤིག་བྱས་ལ། ཕྱག་འཚལ་སྤྲིན་ཕུང་མའི་གཞུག་ཏུ། ཧོཿ དཀྱིལ་འཁོར་དབུས་ཀྱི་ལྟེ་བ་ལ། །བྷནྡྷ་ཐོད་ཕྲེང་ཡབ་ཡུམ་བཞུགས། །གཉིས་མེད་གུས་པས་ཕྱག་འཚལ་ལོ། །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །རྡོ་རྗེ་ཐོད་ཕྲེང་ཡབ་ཡུམ་བཞུགས། །གཉིས་མེད་གུས་པས་ཕྱག་འཚལ་ལོ། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །རཏྣ་ཐོད་ཕྲེང་ཡབ་ཡུམ་བཞུགས། །གཉིས་མེད་གུས་པས་ཕྱག་འཚལ་ལོ། །ནུབ་(༤༦)ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །པདྨ་ཐོད་ཕྲེང་ཡབ་ཡུམ་བཞུགས། །གཉིས་མེད་གུས་པས་ཕྱག་འཚལ་ལོ། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །ཀརྨ་ཐོད་ཕྲེང་ཡབ་ཡུམ་བཞུགས། །གཉིས་མེད་གུས་པས་ཕྱག་འཚལ་ལོ། །ཕྱོགས་མཚམས་པདྨ་འདབ་བརྒྱད་ལ། །གུ་རུ་མཚན་བརྒྱད་ཡབ་ཡུམ་བཞུགས། །གཉིས་མེད་གུས་པས་ཕྱག་འཚལ་ལོ། །ཕྱི་རོལ་པད་འདབ་བཅུ་དྲུག་ལ། །རིག་འཛིན་ཡབ་ཡུམ་བཅུ་དྲུག་བཞུགས། །གཉིས་མེད་གུས་པས་ཕྱག་འཚལ་ལོ། །ཕྱོགས་བཞིའི་གྲུ་ཆད་བཞི་པོ་ལ། །གིང་ཆེན་ཡབ་ཡུམ་བཅུ་དྲུག་བཞུགས། །གཉིས་མེད་གུས་པས་ཕྱག་འཚལ་ལོ། །དཀྱིལ་འཁོར་བར་ཁྱམས་བཞི་པོ་ལ། །རིགས་བཞིའི་དཔའ་བོ་ཡབ་ཡུམ་བཞུགས། །གཉིས་མེད་གུས་པས་ཕྱག་འཚལ་ལོ། །གཞལ་ཡས་ཁང་གི་ཤར་སྒོ་ན། །འགུགས་བྱེད་ལྕགས་ཀྱུ་ཡབ་ཡུམ་བཞུགས། །གཉིས་མེད་གུས་པས་ཕྱག་འཚལ་ལོ། །གཞལ་ཡས་ཁང་གི་ལྷོ་སྒོ་ན། །འཆིང་བྱེད་ཞགས་པ་ཡབ་ཡུམ་བཞུགས། །གཉིས་མེད་གུས་པས་ཕྱག་འཚལ་ལོ། །གཞལ་ཡས་ཁང་གི་ནུབ་སྒོ་ན། །སྡོམ་བྱེད་ལྕགས་སྒྲོག་ཡབ་ཡུམ་བཞུགས། །གཉིས་མེད་གུས་པས་ཕྱག་འཚལ་ལོ། །གཞལ་ཡས་ཁང་གི་བྱང་སྒོ་ན། །འབེབས་བྱེད་དྲིལ་བུ་ཡབ་ཡུམ་བཞུགས། །གཉིས་མེད་གུས་པས་ཕྱག་འཚལ་ལོ། །གཞལ་ཡས་ཁང་གི་ཁོར་ཡུག་ན། །དམ་ཅན་བྱེ་བ་དཔག་མེད་བཞུགས། །གཉིས་མེད་གུས་པས་ཕྱག་འཚལ་ལོ། །འདོད་ཡོན་སྣམ་བུ་བཞི་པོ་ལ། །མཆོད་པའི་ལྷ་མོ་དཔག་མེད་བཞུགས། །གཉིས་མེད་གུས་པས་ཕྱག་འཚལ་ལོ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ན། །དཔའ་བོ་དཔའ་མོ་དཔག་མེད་བཞུགས། །གཉིས་མེད་གུས་པས་ཕྱག་འཚལ་ལོ། །དེ་ནས་ཚེ་འདས་ཆེ་གེ་མོ་ཁྱོད་རང་དཀྱིལ་འཁོར་གྱི་ལྷ་རྣམས་ལ་སྐྱབས་སུ་སོང་ཞིག་བྱས་ལ། ཧཱུྃ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དམ་ཆོས་མ་ལུས་འདུས་པའི་གསུང་། །ཅིར་ཡང་མི་དགོངས་རྒྱལ་བའི་ཐུགས། །ཕྱོགས་བཅུའི་བླ་མ་ཡི་དམ་དང་། །ཌཱ་ཀི་ཆོས་སྐྱོང་མ་ལུས་དང་། །རིགས་འདུས་དཀྱིལ་འཁོར་ལྷ་ཚོགས་ཀྱིས། །ཚེ་འདས་འདི་ལ་དགོངས་སུ་གསོལ། །འཁོར་བའི་སེམས་ཅན་འདི་ལྟ་བུ། །བར་དོའི་གནས་ན་ཉོན་རེ་མོངས། །བར་དོའི་གནས་ན་མགོན་མེད་པས། །ཚེ་འདས་འདི་ལ་བསྐྱབ་ཏུ་གསོལ། །ཞེས་བརྗོད་དོ། །དེ་ནས་ད་ལྟའི་སྣང་བ་འདི་འཁྲུལ་སྣང་ཡིན་པའི་ཆོས་བཤད་བྱ་སྟེ། ཧོཿ ཚེ་ལས་འདས་པ་ཁྱོད་ཉོན་ཅིག །ད་ལྟར་གྱི་སྣང་བ་འདི་བར་དོའི་སྣང་བ་ཡིན་ཏེ། མཛོད་ལས་ཀྱང་། སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ལས་ཀྱི་རླུང་པོའི་ཤུགས་དང་ལྡན། །རིགས་མཐུན་ལྷ་མིག་དག་བས་མཐོང་། །ཞེས་གསུངས། ད་ལྟར་གྱི་སེམས་འདི་སྔར་བས་དྲན་པ་བདུན་འགྱུར་དུ་གསལ་ཞིང་། དབང་པོ་ཀུན་ཚང་བ་ཤེས་པ་བཀྲ་བ་ལ་གཞི་གཅིག་ཏུ་མི་གནས་པས་ཐམས་ཅད་དུ་འཕྱོ་བ་དང་། ས་དང་བྲག་རི་རྩི་ཤིང་ཐམས་ཅད་ལ་ཐོགས་པ་མེད་པར་འགྲོ་བ་དང་། ལས་ཀྱི་རླུང་པོའི་ཤུགས་ཀྱིས་ཐམས་ཅད་ལ་གཏན་པ་མེད་པར་ཆོ་ལང་ལང་འགྲོ་བ་དང་། (༤༧)བྱ་སྒྲོ་རླུང་གིས་ཁྱེར་བ་བཞིན་དུ་སོང་བའི་དུས་སུ། བར་དོའི་ནང་ན་གནས་པ་རྣམས་ཀྱིས་མཐོང་ཞིང་། གཞན་ཡང་ལྷ་མིག་དག་པ་རྣམས་ཀྱིས་མཐོང་ལ། དེ་མ་ཡིན་པ་རྣམས་ཀྱིས་མི་མཐོང་། རང་གི་གཉེན་ཚན་རྣམས་ངུ་བ་དེ་ཐོས། དེའི་རྩར་ཕྱིན་མ་ངུ་ང་འདི་ན་ཡོད་བྱས་ཀྱང་མཉན་པ་དང་། ད་ང་ཤི་འདུག་སྙམ་པ་དང་སྙིང་མི་དགའ་བ་དང་། ང་གར་སྐྱེ་ན་སྙམ་པའི་རྟོག་པ་འབྱུང་ངོ་། །ཁྱོད་ཤི་བའི་རྟགས་སུ་ལུས་ལ་གྲིབ་མ་མེད་པ་དང་། སྨྲས་ཀྱང་གཞན་གྱིས་མི་ཐོས་པ་དང་། ཟས་བསྔོས་པ་མིན་པ་ཟར་མེད་པ་དང་། ཉི་མ་ཟླ་བའི་སྣང་བ་མེད་པ་ལ་སོགས་པ་དེ་ལྟ་བུའི་རྟགས༷་རྣམས་འབྱུང་ངོ་། །དེའི་དུས་སུ་ལས་ཀྱི་དབང་གིས་གཤིན་རྗེའི་ཕོ་ཉ་རྣམས་འོང་ངོ་། །ཞེས་བརྗོད་དོ། །

དེ་ལྟ་བུ་ལས་སྐྱོབ་པའི་ཕྱིར་དཀྱིལ་འཁོར་གྱི་ལྷ་ལ་ཡན་ལག་བདུན་པ་ཕུལ་ཞིག་བྱས་ལ། ༀ། བདེ་གཤེགས་མ་ལུས་འདུས་པའི་སྐུ། །བླ་མ་ཡི་དམ་མཁའ་འགྲོ་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་གུས་པས་ཕྱག་འཚལ་ལོ། །རྣམ་དག་འདོད་ཡོན་ལྔ་ལ་སོགས། །དངོས་དང་ཡིད་ཀྱིས་སྤྲུལ་པ་ཡི། །མཆོད་པའི་རྣམ་པ་ཐམས་ཅད་ཀུན། །བླ་མ་ཡི་དམ་མཁའ་འགྲོ་མཆོད། །ཚེ་རབས་ཐོག་མ་མེད་པ་ནས། །ད་ལྟའི་ལུས་འདི་ཡན་ཆད་ལ། །སྡིག་པ་མི་དགེ་ཅི་བགྱིས་པ། །བླ་མ་སངས་རྒྱས་རྣམས་ལ་བཤགས། །འགྲོ་བ་སེམས་ཅན་དོན་སླད་དུ། །བསྐལ་པ་དུ་མར་མི་སྐྱོ་བར། །བྱང་ཆུབ་སྤྱོད་པ་སྣ་ཚོགས་ཀྱིས། །དགེ་བ་མཛད་ལ་རྗེས་ཡི་རངས། །སྤྱོད་དང་རྫུ་འཕྲུལ་སྣ་ཚོགས་ཀྱིས། །སེམས་ཅན་ཀུན་ལ་ཕན་དོན་དུ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལ། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །གང་དག་མྱ་ངན་འདའ་རྣམས་ལ། །ཇི་སྲིད་འཁོར་བ་མ་སྟོངས་པར། །མཐའ་ཡས་སེམས་ཅན་དོན་གྱི་ཕྱིར། །མྱ་ངན་མི་འདའ་གསོལ་བ་འདེབས། །བདག་གི་ལུས་ངག་ཡིད་གསུམ་གྱིས། །བྱས་དང་བྱེད་འགྱུར་གཞན་བསྐུལ་བའི། །དགེ་བས་མཐའ་ཡས་སེམས་ཅན་རྣམས། །ཀུན་མཁྱེན་སངས་རྒྱས་ཐོབ་པར་ཤོག །ཅེས་པས་འབུལ་ལོ། །

སྐྱབས་འགྲོ་སེམས་བསྐྱེད་གྱིས་ཤིག་བྱས་ལ། ན་མོ། སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡི་དམ་མཁའ་འགྲོ་དང་། །ལྟ་བ་སྤྱོད་པ་སྒོམ་པ་ལ། །ཕྱི་ནང་གསང་བར་སྐྱབས་སུ་མཆི། །ཞེས་ལན་གསུམ་བརྗོད་དོ། །སེམས་བསྐྱེད་པ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །མ་རྟོགས་འཁྲུལ་པས་འཁོར་བར་འཁྱམས། །སྲིད་པའི་མཚོ་ལས་བསྒྲལ་དོན་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་བརྗོད། དེ་ནས་བུམ་པ་གཞལ་ཡས་ཁང་དུ་གསལ་བཏབ་ལ། ལྷ་རྣམས་གཞུང་བཞིན་བསྐྱེད་ལ། མཆོད་(༤༨)བསྟོད་འཛབ་ཀྱི་བསྙེན་པ་བྱས་ལ། བུམ་པའི་ལྷ་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་བས། ཚེ་འདས་ཀྱི་སྒྲིབ་པ་མ་ལུས་པ་སྦྱང་བར་བསམས་ལ། མེ་ལོང་ནང་དུ་བདེ་གཤེགས་ཀྱི་སྐུ་གཟུགས་འཆར་བར་བྱས། བུམ་ཆུ་སྦྲེང་ཞིང་། ཧཱུྃ། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང་། །ཚེ་འདས་ལུས་ངག་ཡིད་གསུམ་གྱི། །ཉོན་མོངས་དྲི་མ་སྦྱང་སླད་དུ། །སྐུ་གསུང་ཐུགས་ལ་ཁྲུས་གསོལ་པས། །ཚེ་འདས་ལུས་ངག་ཡིད་གསུམ་གྱི། །དྲི་མ་མ་ལུས་དག་གྱུར་ཅིག །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཨ་བྷི་ཥིཉྩ་སྟཾ། ཞེས་བརྗོད་ལ། ཆུ་སླར་བུམ་པར་བླུགས་ཏེ། མེ་ལོང་ནང་དུ་མིང་བྱང་འཆར་བར་བྱས་ནས། ཧཱུྃ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །རྫོགས་པའི་སངས་རྒྱས་དུག་མི་མངའ། །བཅོམ་ལྡན་སངས་རྒྱས་དུག་བཅོམ་མོ། །སངས་རྒྱས་བདེན་པའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །ཧཱུྃ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །རྫོགས་པའི་དམ་ཆོས་དུག་མི་མངའ། །བཅོམ་ལྡན་དམ་ཆོས་དུག་བཅོམ་མོ། །དམ་ཆོས་བདེན་པའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །ཧཱུྃ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །རྫོགས་པའི་དགེ་འདུན་དུག་མི་མངའ། །བཅོམ་ལྡན་དགེ་འདུན་དུག་བཅོམ་མོ། །དགེ་འདུན་བདེན་པའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །གོང་གི་སྙིང་པོ་བརྗོད་ཅིང་ཁྲུས་བྱའོ། །ཧཱུྃ། ས་འདི་དུག་གི་ཕ་ཡིན་ཏེ། །ས་འདི་དུག་གི་མ་ཡང་ཡིན། །སངས་རྒྱས་སྤྱན་མར་བྱིན་བརླབས་ནས། །དུག་གསུམ་ས་ཡི་ནང་དུ་སོང་། །སངས་རྒྱས་སྤྱན་མའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །ཆུ་འདི་དུག་གི་ཕ་ཡིན་ཏེ། །ཆུ་འདི་དུག་གི་མ་ཡང་ཡིན། །མཱ་མ་ཀཱི་རུ་བྱིན་བརླབས་ནས། །དུག་གསུམ་ཆུ་ཡི་ནང་དུ་སོང་། །མཱ་མ་ཀཱི་ཡི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །མེ་འདི་དུག་གི་ཕ་ཡིན་ཏེ། །མེ་འདི་དུག་གི་མ་ཡང་ཡིན། །གོས་དཀར་མོ་རུ་བྱིན་བརླབས་ནས། །དུག་གསུམ་མེ་ཡི་ནང་དུ་སོང་། །གོས་དཀར་མོ་ཡི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །རླུང་འདི་དུག་གི་ཕ་ཡིན་ཏེ། །རླུང་འདི་དུག་གི་མ་ཡང་ཡིན། །དམ་ཚིག་སྒྲོལ་མར་བྱིན་བརླབས་ནས། །དུག་གསུམ་རླུང་གི་ནང་དུ་སོང་། །དམ་ཚིག་སྒྲོལ་མའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །ཅེས་དུག་སྦྱོང་ངོ་། །

དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་བསྟོད་ཛབ་ཀྱིས་ཐུགས་དམ་བསྐུལ་བས་སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས། ཚེ་འདས་ཀྱི་ལུས་ངག་ཡིད་གསུམ་ལ་ཕོག །སྐལ་བ་དཔག་ཏུ་མེད་པའི་སྡིག་པ་དང་སྒྲིབ་པ་(༤༩)ཐམས་ཅད་བྱང་བར་བསམས་ལ། སྐབས་འདིར་ཙཀླི་ཡོད་ན་ཐོགས་ཏེ་དབང་བསྐུར། བསྡུ་ན་གནས་འདྲེན་ལ་འཇུག་པས་ཆོག་གོ། །ཧཱུྃ། དཀྱིལ་འཁོར་དབུས་ཀྱི་ལྟེ་བ་ལ། །ཟིལ་གནོན་པདྨ་ཐོད་ཕྲེང་དང་། །གསང་ཡུམ་རྡོ་རྗེ་ཕག་མོ་གཉིས། །ཡབ་ཡུམ་ཐབས་ཤེས་ཟུང་འཇུག་ལས། །བྱང་ཆུབ་སེམས་ཀྱི་འོད་འཕྲོས་པས། །ཚེ་འདས་རྣམ་ཤེས་ཕུང་པོ་དང་། །ཡིད་ཀྱི་སྡིག་སྒྲིབ་སྦྱང་དུ་གསོལ། །ༀ་བཛྲ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ། །ཚེ་འདས་རྡོ་རྗེ་མོས་པ་རྩལ། །བུདྡྷ་ཌཱ་ཀི་ནཱི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་རང་རང་གི་རྩ་སྔགས་དང་། ཚེ་འདས་ཀྱི་མིང་སྤེལ་ཀུན་ལ་འགྲེས། ཧཱུྃ། ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །བཅོམ་ལྡན་རྡོ་རྗེ་ཐོད་ཕྲེང་དང་། །གསང་ཡུམ་རྡོ་རྗེ་མཁའ་འགྲོ་གཉིས། །ཡབ་ཡུམ་ཐབས་ཤེས་ཟུང་འཇུག་གི། །བྱང་ཆུབ་སེམས་ཀྱི་འོད་འཕྲོས་པས། །ཚེ་འདས་གཟུགས་ཀྱི་ཕུང་པོ་དང་། །ཤ་ཡི་སྡིག་སྒྲིབ་སྦྱང་དུ་གསོལ། །ༀ་བཛྲ་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ། བཛྲ་ཌཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །བཅོམ་ལྡན་རཏྣ་ཐོད་ཕྲེང་དང་། །གསང་ཡུམ་རཏྣ་མཁའ་འགྲོ་གཉིས། །ཡབ་ཡུམ་ཐབས་ཤེས་ཟུང་འཇུག་གི། །བྱང་ཆུབ་སེམས་ཀྱི་འོད་འཕྲོས་པས། །ཚེ་འདས་ཚོར་བའི་ཕུང་པོ་དང་། །ཁྲག་གི་སྡིག་སྒྲིབ་སྦྱང་དུ་གསོལ། །ༀ་རཏྣ་གུ་རུ་ཐོད་ཕྲེང་རྩལ། །རཏྣ་ཌཱ་ཀི་ནཱི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །བཅོམ་ལྡན་པདྨ་ཐོད་ཕྲེང་དང་། །གསང་ཡུམ་པདྨ་མཁའ་འགྲོ་གཉིས། །ཡབ་ཡུམ་ཐབས་ཤེས་ཟུང་འཇུག་གི། །བྱང་ཆུབ་སེམས་ཀྱི་འོད་འཕྲོས་པས། །ཚེ་འདས་འདུ་ཤེས་ཕུང་པོ་དང་། །དྲོད་ཀྱི་སྡིག་སྒྲིབ་སྦྱང་དུ་གསོལ། །ༀ་པདྨ་གུ་རུ་ཐོད་ཕྲེང་རྩལ་པདྨ་ཌཱ་ཀི་ནཱི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །བཅོམ་ལྡན་ཀརྨ་ཐོད་ཕྲེང་དང་། །གསང་ཡུམ་ལས་ཀྱི་མཁའ་འགྲོ་གཉིས། །ཡབ་ཡུམ་ཐབས་ཤེས་ཟུང་འཇུག་གི། །བྱང་ཆུབ་སེམས་ཀྱི་འོད་འཕྲོས་པས། །ཚེ་འདས་འདུ་བྱེད་ཕུང་པོ་དང་། །དབུགས་ཀྱི་སྡིག་སྒྲིབ་སྦྱང་དུ་གསོལ། །ༀ་ཀརྨ་གུ་རུ་ཐོད་ཕྲེང་རྩལ་ཀརྨ་ཌཱ་ཀི་ནཱི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཤར་ཕྱོགས་པདྨའི་གདན་སྟེང་དུ། །གུ་རུ་པདྨ་འབྱུང་གནས་དང་། །གསང་ཡུམ་མཁའ་འགྲོ་དཔལ་ཕྲེང་གཉིས། །ཡབ་ཡུམ་ཐབས་ཤེས་ཟུང་འཇུག་གི། །བྱང་ཆུབ་སེམས་ཀྱི་འོད་འཕྲོས་པས། །ཚེ་འདས་རྣ་བའི་རྣམ་ཤེས་དང་། །གཟུགས་ཡུལ་སྡིག་སྒྲིབ་སྦྱང་དུ་གསོལ། ཧཱུྃ། ཤར་ལྷོ་པདྨའི་གདན་སྟེང་དུ། །གུ་རུ་པདྨ་རྒྱལ་པོ་དང་། །གསང་ཡུལ་མཁའ་འགྲོ་དཔལ་ཕྲེང་གཉིས། །ཡབ་ཡུམ་ཐབས་ཤེས་ཟུང་འཇུག་ལས། །བྱང་ཆུབ་སེམས་ཀྱི་འོད་འཕྲོས་པས། །ཚེ་འདས་རྣ་བའི་རྣམ་ཤེས་དང་། །ཐོས་ཡུལ་སྡིག་(༥༠)སྒྲིབ་སྦྱང་དུ་གསོལ། །ཧཱུྃ། ལྷོ་ཕྱོགས་པདྨའི་གདན་སྟེང་དུ། །གུ་རུ་ཤཱཀྱ་སེང་གེ་དང་། །གསང་ཡུམ་མཁའ་འགྲོ་བདུད་འདུལ་གཉིས། །ཡབ་ཡུམ་ཐབས་ཤེས་ཟུང་འཇུག་ལས། །བྱང་ཆུབ་སེམས་ཀྱི་འོད་འཕྲོས་པས། །ཚེ་འདས་སྣ་ཡི་རྣམ་ཤེས་དང་། །དྲི་ཡུལ་སྡིག་སྒྲིབ་སྦྱང་དུ་གསོལ། །ཧཱུྃ། ལྷོ་ནུབ་པདྨའི་གདན་སྟེང་དུ། །གུ་རུ་བློ་ལྡན་མཆོག་སྲེད་དང་། །གསང་ཡུམ་མཁའ་འགྲོ་ཞི་བ་འཚོ། །ཡབ་ཡུམ་ཐབས་ཤེས་ཟུང་འཇུག་ལས། །བྱང་ཆུབ་སེམས་ཀྱི་འོད་འཕྲོས་པས། །ཚེ་འདས་ལྕེ་ཡི་རྣམ་ཤེས་དང་། །རོ་ཡུལ་སྡིག་སྒྲིབ་སྦྱང་དུ་གསོལ། །ཧཱུྃ། ནུབ་ཕྱོགས་པདྨའི་གདན་སྟེང་དུ། །གུ་རུ་ཉི་མ་འོད་ཟེར་དང་། །གསང་ཡུམ་མཁའ་འགྲོ་མནྡཱ་ར། །ཡབ་ཡུམ་ཐབས་ཤེས་ཟུང་འཇུག་ལས། །བྱང་ཆུབ་སེམས་ཀྱི་འོད་འཕྲོས་པས། །ཚེ་འདས་མཐོང་བའི་དབང་པོ་དང་། །འདས་ཡུལ་སྡིག་སྒྲིབ་སྦྱང་དུ་གསོལ། །ཧཱུྃ། ནུབ་བྱང་པདྨའི་གདན་སྟེང་དུ། །གུ་རུ་སེང་གེ་སྒྲ་སྒྲོགས་དང་། །གསང་ཡུམ་མེ་ཏོག་སྒྲོལ་མཛེས་གཉིས། །ཡབ་ཡུམ་ཐབས་ཤེས་ཟུང་འཇུག་ལས། །བྱང་ཆུབ་སེམས་ཀྱི་འོད་འཕྲོས་པས། །ཚེ་འདས་ཐོས་ཡུལ་དབང་པོ་དང་། །དུས་འདིའི་སྡིག་སྒྲིབ་སྦྱང་དུ་གསོལ། །ཧཱུྃ། བྱང་ཕྱོགས་པདྨའི་གདན་སྟེང་དུ། །གུ་རུ་པདྨ་སཾ་བྷ་དང་། །གསང་ཡུམ་མཁའ་འགྲོ་རིག་བྱེད་གཉིས། །ཡབ་ཡུམ་ཐབས་ཤེས་ཟུང་འཇུག་ལས། །བྱང་ཆུབ་སེམས་ཀྱི་འོད་འཕྲོས་པས། །ཚེ་འདས་དྲི་ཡུལ་དབང་པོ་དང་། །མ་འོངས་སྡིག་སྒྲིབ་སྦྱང་དུ་གསོལ། །ཧཱུྃ། བྱང་ཤར་པདྨའི་གདན་སྟེང་དུ། །གུ་རུ་རྡོ་རྗེ་གྲོ་ལོད་དང་། །གསང་ཡུམ་མཁའ་འགྲོ་ཕྲ་མེན་གཉིས། །ཡབ་ཡུམ་ཐབས་ཤེས་ཟུང་འཇུག་ལས། །བྱང་ཆུབ་སེམས་ཀྱི་འོད་འཕྲོས་པས། །ཚེ་འདས་རོ་ཡུལ་དབང་པོ་དང་། །མ་ངེས་སྡིག་སྒྲིབ་སྦྱང་དུ་གསོལ། །ཧཱུྃ། ཕྱི་རོལ་པད་འདབ་བཅུ་དྲུག་ལ། །རིག་འཛིན་ཡབ་ཡུམ་བཅུ་དྲུག་བཞུགས། །རང་རིག་རྟོགས་པའི་འོད་ཟེར་གྱིས། །ཚེ་འདས་ལས་སྒྲིབ་སྦྱང་དུ་གསོལ། །ༀ་པདྨ་ཌཱ་ཀི་ཧཱུྃ། ༀ་སཱུརྱ་ཌཱ་ཀི་ནཱི་ཧཱུྃ། ༀ་རཏྣ་ཌཱ་ཀི་ཧཱུྃ། ༀ་སརྦ་ཌཱ་ཀི་ནཱི་ཧཱུྃ། ༀ་བཛྲ་ཌཱ་ཀི་ཧཱུྃ། ༀ་མོ་ཧ་ཌཱ་ཀི་ནཱི་ཧཱུྃ། ༀ་ཀརྨ་ཌཱ་ཀི་ཧཱུྃ། ༀ་ཧ་རི་ཌཱ་ཀི་ནཱི་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། དཀྱིལ་འཁོར་བྱང་ཤར་གྲུ་ཆད་ལ། །རྡོ་རྗེ་གིང་ཆེན་ཡབ་ཡུམ་གཉིས། །གཉིས་མེད་སྦྱོར་བའི་བྱིན་རླབས་ཀྱིས། །ཚེ་འདས་རིགས་ཀྱི་བུ་འདི་ཡི། །སྣང་ཡུལ་སྡིག་སྒྲིབ་སྦྱང་དུ་གསོལ། །ཧཱུྃ། དཀྱིལ་འཁོར་ཤར་ལྷོའི་གྲུ་ཆད་ལ། །རཏྣ་གིང་ཆེན་ཡབ་ཡུམ་གཉིས། །གཉིས་མེད་སྦྱོར་(༥༡)བའི་བྱིན་རླབས་ཀྱིས། །ཚེ་འདས་རིགས་ཀྱི་བུ་འདི་ཡི། །ཚོར་ཡུལ་སྡིག་སྒྲིབ་སྦྱང་དུ་གསོལ། །ཧཱུྃ། དཀྱིལ་འཁོར་ལྷོ་ནུབ་གྲུ་ཆད་ལ། །པདྨ་གིང་ཆེན་ཡབ་ཡུམ་གཉིས། །གཉིས་མེད་སྦྱོར་བའི་བྱིན་རླབས་ཀྱིས། །ཚེ་འདས་རིགས་ཀྱི་བུ་འདི་ཡི། །རེག་ཡུལ་སྡིག་སྒྲིབ་སྦྱང་དུ་གསོལ། །ཧཱུྃ། དཀྱིལ་འཁོར་ནུབ་བྱང་གྲུ་ཆད་ལ། །ཀརྨ་གིང་ཆེན་ཡབ་ཡུམ་གཉིས། །གཉིས་མེད་སྦྱོར་བའི་བྱིན་རླབས་ཀྱིས། །ཚེ་འདས་རིགས་ཀྱི་བུ་འདི་ཡི། །ཉོན་མོངས་སྲེད་ཡུལ་སྦྱང་དུ་གསོལ། །ཧཱུྃ། གཞལ་ཡས་ཤར་ཕྱོགས་བར་ཁྱམས་ལ། །རྡོ་རྗེ་རིགས་ཀྱི་དཔའ་བོ་དང་། །རྡོ་རྗེ་རིགས་ཀྱི་དཔའ་མོ་བཞུགས། །རང་རིག་རྟོགས་པའི་འོད་ཟེར་གྱིས། །ཚེ་འདས་ལས་སྒྲིབ་སྦྱང་དུ་གསོལ། །ཧཱུྃ། གཞལ་ཡས་ལྷོ་ཕྱོགས་བར་ཁྱམས་ལ། །རིན་ཆེན་རིགས་ཀྱི་དཔའ་བོ་དང་། །རིན་ཆེན་རིགས་ཀྱི་དཔའ་མོ་བཞུགས། །རང་རིག་རྟོགས་པའི་འོད་ཟེར་གྱིས། །ཚེ་འདས་ལས་སྒྲིབ་སྦྱང་དུ་གསོལ། །ཧཱུྃ། གཞལ་ཡས་ནུབ་ཕྱོགས་བར་ཁྱམས་ལ། །པདྨ་རིགས་ཀྱི་དཔའ་བོ་དང་། །པདྨ་རིགས་ཀྱི་དཔའ་མོ་བཞུགས། །རང་རིག་རྟོགས་པའི་འོད་ཟེར་གྱིས། །ཚེ་འདས་ལས་སྒྲིབ་སྦྱང་དུ་གསོལ། །ཧཱུྃ། གཞལ་ཡས་བྱང་ཕྱོགས་བར་ཁྱམས་ལ། །ལས་ཀྱི་རིགས་ཀྱི་དཔའ་བོ་དང་། །ལས་ཀྱི་རིགས་ཀྱི་དཔའ་མོ་བཞུགས། །རང་རིག་རྟོགས་པའི་འོད་ཟེར་གྱིས། །ཚེ་འདས་ལས་སྒྲིབ་སྦྱང་དུ་གསོལ། །བཛྲ་ཧ་རི་ནི་ས་ཧཱུྃ། རཏྣ་ཧ་རི་ནི་ས་ཧཱུྃ། པདྨ་ཧ་རི་ནི་ས་ཧཱུྃ། ཀརྨ་ཧ་རི་ནི་ས་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། གཞལ་ཡས་ཆེན་པོའི་ཤར་སྒོ་ན། །འགུགས་བྱེད་ལྕགས་ཀྱུ་དཀར་མོ་བཞུགས། །རང་རིག་རྟོགས་པའི་འོད་ཟེར་གྱིས། །ཚེ་འདས་ལས་སྒྲིབ་སྦྱང་དུ་གསོལ། །ཧཱུྃ། གཞལ་ཡས་ཆེན་པོའི་ལྷོ་སྒོ་ན། །འཆིང་བྱེད་ཞགས་པ་སེར་མོ་བཞུགས། །རང་རིག་རྟོགས་པའི་འོད་ཟེར་གྱིས། །ཚེ་འདས་ལས་སྒྲིབ་སྦྱང་དུ་གསོལ། །ཧཱུྃ། གཞལ་ཡས་ཆེན་པོའི་ནུབ་སྒོ་ན། །སྡོམ་བྱེད་ལྕགས་སྒྲོག་དམར་མོ་བཞུགས། །རང་རིག་རྟོགས་པའི་འོད་ཟེར་གྱིས། །ཚེ་འདས་ལས་སྒྲིབ་སྦྱང་དུ་གསོལ། །ཧཱུྃ། གཞལ་ཡས་ཆེན་པོའི་བྱང་སྒོ་ན། །འབེབས་བྱེད་དྲིལ་བུ་ལྗང་མོ་བཞུགས། །རང་རིག་རྟོགས་པའི་འོད་ཟེར་གྱིས། །ཚེ་འདས་ལས་སྒྲིབ་སྦྱང་དུ་གསོལ། །ༀ་བཛྲ་ཨངྐུ་ཤ་ཛཿༀ་རཏྣ་པཱ་ཤ་ཧཱུྃ། ༀ་པདྨ་སྥོ་ཊ་བྃ། ༀ་ཀརྨ་གཎྜེ་ཧོཿཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། གཞལ་ཡས་ཆེན་པོའི་ཁོར་ཡུག་ན། །དམ་ཅན་བྱེ་བ་དཔག་མེད་བཞུགས། །རང་རིག་རྟོགས་པའི་འོད་ཟེར་གྱིས། །ཚེ་འདས་ལས་སྒྲིབ་སྦྱང་དུ་གསོལ། །ༀ་ཀརྨ་རཀྵ་སརྦ་ས་མ་ཡ་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཧཱུྃ། ཞེས་པས་ལྷ་ཚོགས་རྣམས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། ཚེ་ལས་འདས་པའི་ལས་དང་ཉོན་མོངས་པ་དང་ཤེས་བྱའི་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་མོ། །

དེ་ནས་དཀྱིལ་འཁོར་ལྷ་ལ་མཆོད་བསྟོད་བྱ། མེ་ལོང་ནང་དུ་མིང་བྱང་འཆར་བར་བྱས་ལ་ཁྲུས་(༥༢)བྱའོ། །ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་མཆོག་ཟིལ་གནོན་ཐོད་ཕྲེང་རྩལ། །ཕྱག་རྒྱ་ཡེ་ཤེས་བུམ་པའི་ཆུས། །ཚེ་འདས་ཁྱོད་ལ་ཁྲུས་བྱས་པས། །གཏི་མུག་དྲི་མ་དག་གྱུར་ཅིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསུང་མཆོག་པདྨ་ཐོད་ཕྲེང་རྩལ། །ཕྱག་རྒྱ་ཡེ་ཤེས་བུམ་པའི་ཆུས། །ཚེ་འདས་ཁྱོད་ལ་ཁྲུས་བྱས་པས། །འདོད་ཆགས་དྲི་མ་དག་གྱུར་ཅིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་མཆོག་རྡོ་རྗེ་ཐོད་ཕྲེང་རྩལ། །ཕྱག་རྒྱ་ཡེ་ཤེས་བུམ་པའི་ཆུས། །ཚེ་འདས་ཁྱོད་ལ་ཁྲུས་བྱས་པས། །ཞེ་སྡང་དྲི་མ་དག་གྱུར་ཅིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡོན་ཏན་རཏྣ་ཐོད་ཕྲེང་རྩལ། །ཕྱག་རྒྱ་ཡེ་ཤེས་བུམ་པའི་ཆུས། །ཚེ་འདས་ཁྱོད་ལ་ཁྲུས་བྱས་པས། །ང་རྒྱལ་དྲི་མ་དག་གྱུར་ཅིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་ཀརྨ་ཐོད་ཕྲེང་རྩལ། །ཕྱག་རྒྱ་ཡེ་ཤེས་བུམ་པའི་ཆུས། །ཚེ་འདས་ཁྱོད་ལ་ཁྲུས་པས། །ཕྲག་དོག་དྲི་མ་དག་གྱུར་ཅིག །འབྱུང་བ་རྣམ་དག་ཡུམ་ལྔའི་སྐུ། །ཕྱག་རྒྱ་ཡེ་ཤེས་བུམ་པའི་ཆུས། །ཚེ་འདས་ཁྱོད་ལ་ཁྲུས་བྱས་པས། །འབྱུང་བའི་དྲི་མ་དག་གྱུར་ཅིག །རྣམ་ཤེས་རང་བྱུང་ཡེ་ཤེས་སྐུ། །མཚན་བརྒྱད་ཕྱག་རྒྱ་བུམ་པའི་ཆུས། །ཚེ་འདས་ཁྱོད་ལ་ཁྲུས་བྱས་པས། །ཚོགས་བརྒྱད་དྲི་མ་དག་གྱུར་ཅིག །ཡུལ་བརྒྱད་རང་བྱུང་ཡེ་ཤེས་སྐུ། །ཡུམ་བརྒྱད་ཕྱག་རྒྱ་བུམ་པའི་ཆུས། །ཚེ་འདས་ཁྱོད་ལ་ཁྲུས་བྱས་པས། །སྣང་ཡུལ་དྲི་མ་དག་གྱུར་ཅིག །ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སྐུ། །རིག་འཛིན་ཕྱག་རྒྱ་བུམ་པའི་ཆུས། །ཚེ་འདས་ཁྱོད་ལ་ཁྲུས་བྱས་པས། །མ་རིག་དྲི་མ་དག་གྱུར་ཅིག །དུས་གསུམ་མཐའ་བྲལ་ཡེ་ཤེས་སྐུ། །གིང་ཆེན་ཕྱག་རྒྱ་བུམ་པའི་ཆུས། །ཚེ་འདས་ཁྱོད་ལ་ཁྲུས་བྱས་པས། །རྟག་ཆད་དྲི་མ་དག་གྱུར་ཅིག །ཆོས་ཉིད་རང་བྱུང་ཡེ་ཤེས་སྐུ། །དཔའ་བོ་དཔའ་མོ་བུམ་པའི་ཆུས། །ཚེ་འདས་ཁྱོད་ལ་ཁྲུས་བྱས་པས། །རེ་དོགས་དྲི་མ་དག་གྱུར་ཅིག །དུས་གསུམ་མཐའ་བྲལ་ཡེ་ཤེས་སྐུ། །སྒོ་བ་ཕྱག་རྒྱ་བུམ་པའི་ཆུས། །ཚེ་འདས་ཁྱོད་ལ་ཁྲུས་བྱས་པས། །ཉོན་མོངས་དྲི་མ་དག་གྱུར་ཅིག །ཅེས་གཙོ་བོའི་སྙིང་པོ་བརྗོད་ཅིང་ཁྲུས་བྱའོ། །

དེ་ནས་རིགས་དྲུག་གནས་ནས་དྲངས་པ་ནི། རིགས་དྲུག་མཎྜལ་དང་གཏོར་མ་རིམ་པ་བཞིན་བཤམས་ལ། གང་དུ་མཆོད་བསྟོད་འབུལ། གསོལ་བ་དྲག་ཏུ་བཏབ་ལ། དམྱལ་བའི་མཎྜལ་ནས་རིམ་པ་བཞིན་སྤར་ནས། གཏོར་མ་བསྔོ་བ་འདི་སྐད་དོ། །ན་མོ། ཚེ་ལས་འདས་པ་མིང་རུས་འདི་ཞེས་བགྱི་བ་ཉོན་ཅིག །ཁྱོད་ཉོན་མོངས་པ་ཞེ་སྡང་རང་ག་མར་སྤྱད་པའི་དབང་གིས་དམྱལ་བ་ཚ་གྲང་གི་གནས་སུ་སྐྱེས་སམ་སྐྱེའམ་སྐྱེ་བར་འགྱུར་བའི་ལས་ཅན་དང་རིགས་ཅན་ཡིན་ནའང་། བདག་གིས་བྱམས་སྙིང་རྗེ་ཚད་མེད་པ་བསྒོམས་པ་དང་། མཆོད་སྦྱིན་གྱི་གཏོར་མ་འདི་བསྔོས་པས་ཚེ་ལས་འདས་པ་ཁྱོད་དམྱལ་བ་(༥༣)ཚ་གྲང་གི་སྡུག་བསྔལ་དང་བྲལ་བར་གྱུར་ཅིག །ཧཱུྃ། ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱི། །ཞེ་སྡང་སྲོག་བཅད་རྣམ་སྨིན་གྱིས། །དམྱལ་བའི་གནས་སུ་མ་སྐྱེས་སམ། །དམྱལ་བའི་གནས་སུ་སྐྱེས་པ་ན། །བྱམས་དང་སྙིང་རྗེའི་གོ་གྱོན་ལ། །ལྷ་དང་བླ་མ་དྲན་གྱིས་ལ། །དཀྱིལ་འཁོར་ལྷ་ལ་མཆོད་པ་ཕུལ། །ༀ་སརྦ་ཏ་ཐཱ་ག་ཏ་ༀ་བཛྲ་པུཥྤེ་ཨཱཿཧཱུྃ། དེ་བཞིན་དུ་ངྷཱུ་པེ། ཨཱ་ལ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྟ་རྣམས་ལ་འགྲེས་སོ། །དེ་ནས་མེ་ལོང་ནང་དུ་མིང་བྱང་དྲི་མ་འཆར་བར་བྱས་ལ། ཧཱུྃ། འདི་ནི་བཟོད་པའི་རང་བཞིན་ཆུ། །བཟོད་པ་ཆུ་ཡིས་ལེགས་བཀྲུས་པས། །ཞེ་སྡང་དྲི་མ་དག་གྱུར་ནས། །མེ་ལོང་ཡེ་ཤེས་དོན་རྟོགས་ཤོག །ས་འདི་བཅད་པ་མན་ཆད་ནི། །དམྱལ་ཁམས་བཅོ་བརྒྱད་ས་ཡིན་པས། །རྡོ་རྗེ་ཐོད་ཕྲེང་བྱིན་རླབས་ཀྱིས། །ཚ་གྲང་སྡུག་བསྔལ་ཞི་གྱུར་ནས། །དམྱལ་བའི་སྐྱེ་སྒོ་ཆོད་པར་ཤོག །ༀ་བཛྲ་གུ་རུ་ད་ཧ་ད་ཧ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཡང་གཏོར་མ་གཅིག་བསྔོས་ལ། ན་མོ། ཚེ་ལས་འདས་པ་ཆེ་གེ་མོ་ཁྱོད་ཉོན་ཅིག །ཁྱོད་ཀྱིས་ཉོན་མོངས་བ་སེར་སྣ་རང་དགའ་མར་སྤྱད་པའི་དབང་གིས། ཡི་དྭགས་བཀྲེས་སྐོམ་གྱི་གནས་སུ་སྐྱེས་སམ་སྐྱེའམ་སྐྱེ་བར་འགྱུར་བའི་རིགས་ཅན་ཅིག་ཡིན་ནའང་། བདག་གིས་སྦྱིན་པ་ཕྱོགས་རིས་མེད་པར་བཏང་བ་དང་། མཆོད་སྦྱིན་གཏོར་མ་འདི་བསྔོས་པས། ཚེ་ལས་འདས་པ་ཁྱོད་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཅིག །ཧཱུྃ། ཚེ་འདས་རིགས་ཀྱི་བུ་འདི་ཡི། །སེར་སྣ་འཇུར་གེགས་རྣམ་སྨིན་གྱིས། །ཡི་དྭགས་གནས་སུ་སྐྱེས་པ་ན། །སྦྱིན་པ་ཆེན་པོའི་གོ་གྱོན་ལ། །ལྷ་དང་བླ་མ་དྲན་གྱིས་ལ། །དཀྱིལ་འཁོར་ལྷ་ལ་མཆོད་པ་ཕུལ། །ༀ་སརྦ་ཏ་ཐཱ་ག་ཏ་པུཥྤེ་དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྟ་ཨཱཿཧཱུྃ། ཧཱུྃ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སྦྱིན་པ་ཆུ་ཡིས་ལེགས་བཀྲུས་པས། །སེར་སྣའི་དྲི་མ་དག་གྱུར་ནས། །མཉམ་ཉིད་ཡེ་ཤེས་དོན་རྟོགས་ཤོག །ས་འདི་བཅད་པ་མན་ཆད་ནི། །ཡི་དྭགས་ཁམས་ཀྱི་ས་ཡིན་པས། །རཏྣ་ཐོད་ཕྲེང་བྱིན་རླབས་ཀྱིས། །བཀྲེས་སྐོམ་སྡུག་བསྔལ་ཞི་གྱུར་ནས། །ཡི་དྭགས་སྐྱེ་སྒོ་ཆོད་པ་ཤོག །ༀ་རཏྣ་གུ་རུ་པ་ཙ་པ་ཙ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ན་མོ། ཚེ་ལས་འདས་པ་ཆེ་གེ་མོ་ཁྱོད་ཉོན་ཅིག །ཁྱོད་ཀྱིས་ཉོན་མོངས་པ་གཏི་མུག་རང་དགའ་མར་སྤྱད་པའི་དབང་གིས། བྱོལ་སོང་གླེན་ལྐུགས་ཀྱི་གནས་སུ་སྐྱེས་སམ་སྐྱེའམ་སྐྱེ་བར་འགྱུར་བའི་རིགས་ཅན་ཅིག་ཡིན་ནའང་བདག་གིས་གསུང་སྒྲོགས་པ་དང་ཏིང་ངེ་འཛིན་གསལ་བར་བསྒོམས་པ་དང་། མཆོད་སྦྱིན་གྱི་གཏོར་མ་འདི་བསྔོས་པས། ཚེ་འདས་ལས་པ་ཁྱོད་བྱོལ་སོང་གླེན་ལྐུགས་ཀྱི་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཅིག །ཧཱུྃ། ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱི། །བྱིང་རྨུགས་གཏི་མུག་རྣམ་སྨིན་གྱིས། །བྱོལ་སོང་གནས་སུ་སྐྱེས་པ་ན། །རང་གསལ་ཡེ་ཤེས་གོ་གྱོན་ལ། །ལྷ་དང་བླ་མ་དྲན་གྱིས་ལ། །དཀྱིལ་འཁོར་ལྷ་ལ་མཆོད་པ་ཕུལ། །པུཥྤེ་ལ་སོགས་དབུལ། ཧཱུྃ། འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་རབ་ཆུ་ཡིས་ལེགས་བཀྲུས་པས། །གཏི་མུག་དྲི་མ་དག་གྱུར་ནས། །ཆོས་དབྱིངས་ཡེ་ཤེས་དོན་རྟོགས་ཤོག །ས་འདི་བཅད་པ་མན་ཆད་ནི། །དུད་འགྲོ་ཁམས་ཀྱི་ས་ཡིན་པས། །བུདྡྷ་ཐོད་ཕྲེང་བྱིན་རླབས་ཀྱིས། །བཀོལ་སྤྱོད་སྡུག་བསྔལ་ཞི་གྱུར་ནས། །བྱོལ་སོང་སྐྱེ་སྒོ་ཆོད་པར་ཤོག །ༀ་བུདྡྷ་གུ་རུ་མ་ཐ་མ་ཐ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ན་མོ། ཚེ་ལས་འདས་པ་ཆེ་གེ་མོ་ཁྱོད་ཉོན་ཅིག །ཁྱོད་ཀྱིས་ཉོན་མོངས་ལེ་ལོ་རང་དགའ་མར་སྤྱད་པའི་དབང་གིས། ཕམ་ལྟུང་ལྷའི་གནས་སུ་སྐྱེས་སམ་སྐྱེའམ་སྐྱེ་བར་འགྱུར་བའི་ལས་ཅན་ཅིག་ཡིན་ནའང་། བདག་གིས་འཕགས་པ་མཆོད་པ་དང་ཕྱག་དང་མཆོད་པ་ལ་བརྩོན་པར་བྱས་པ་དང་། མཆོད་སྦྱིན་གྱི་གཏོར་མ་འདི་བསྔོས་པས། ཚེ་ལས་འདས་པ་ཁྱོད་ལྷ་ཕམ་ལྟུང་གི་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཅིག །ཧཱུྃ། ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱི། །ལེ་ལོ་ལས་ཀྱི་རྣམ་སྨིན་གྱིས། །ལྷ་ཡི་གནས་སུ་སྐྱེས་(༥༤)པ་ན། །བརྩོན་འགྲུས་དྲག་པོའི་གྱོན་ལ། །ལྷ་དང་བླ་མ་དྲན་གྱིས་ལ། །དཀྱིལ་འཁོར་ལྷ་ལ་མཆོད་པ་ཕུལ། །པུཥྤེ་སོགས། ཧཱུྃ། འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །བརྩོན་འགྲུས་ཆུ་ཡི་ལེགས་བཀྲུས་པས། །ལེ་ལོའི་དྲི་མ་དག་གྱུར་ནས། །ལྷུན་གྲུབ་ཡེ་ཤེས་དོན་རྟོགས་ཤོག །ས་འདི་བཅད་པ་མན་ཆད་ནི། །སྙོམ་ལས་ལེ་ལོའི་ས་ཡིན་པས། །པདྨ་ཐོད་ཕྲེང་བྱིན་རླབས་ཀྱིས། །འཕོ་ལྷུང་སྡུག་བསྔལ་ཞི་གྱུར་ནས། །ལེ་ལོའི་སྐྱེ་སྒོ་ཆོད་པར་ཤོག །ༀ་པདྨ་མཧཱ་ཛྙཱ་ན་གུ་རུ་ཙྪིནྡ་ཙྪིནྡ་དེ་བ་ཧེ་ཏུཾ་ཧཱུྃ་ཕཊ། ན་མོ། ཚེ་ལས་འདས་པ་ཆེ་གེ་མོ་ཁྱོད་ཉོན་ཅིག །ཁྱོད་ཀྱི་ཉོན་མོངས་པ་ཕྲག་དོག་རང་དགའ་མར་སྤྱད་པའི་དབང་གིས། ལྷ་མ་ཡིན་འཐབ་རྩོད་ཀྱི་གནས་སུ་སྐྱེས་སམ་སྐྱེའམ་སྐྱེ་བར་འགྱུར་བའི་ལས་ཅན་དང་རིགས་ཅན་ཅིག་ཡིན་ནའང་། བདག་གིས་བཏང་སྙོམས་མཉམ་པ་ཉིད་ཕྱོགས་མེད་དུ་བསྒོམས་པ་དང་། མཆོད་སྦྱིན་གྱི་གཏོར་མ་འདི་བསྔོས་པས། ཚེ་ལས་འདས་པ་ཁྱོད་ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཅིག །ཧཱུྃ། ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱི། །ཕྲག་དོག་འཐབ་རྩོད་རྣམ་སྨིན་གྱིས། །ལྷ་མིན་གནས་སུ་སྐྱེས་པ་ན། །བཏང་སྙོམས་ཆེན་པོའི་གོ་གྱོན་ལ། །ལྷ་དང་བླ་མ་དྲན་གྱིས་ལ། །དཀྱིལ་འཁོར་ལྷ་ལ་མཆོད་པ་ཕུལ། །པུཥྤེ་སོགས། ཧཱུྃ། འདི་ནི་བསམ་གཏན་རང་བཞིན་ཆུ། །བསམ་གཏན་ཆུ་ཡིས་ལེགས་བཀྲུས་པས། །ཁོང་ཁྲོའི་དྲི་མ་དག་གྱུར་ནས། །བྱ་གྲུབ་ཡེ་ཤེས་དོན་རྟོགས་ཤོག །ས་འདི་(༥༥)བཅད་པ་མན་ཆད་ནི། །ལྷ་མ་ཡིན་གྱི་གནས་ཡིན་པས། །ཀརྨ་ཐོད་ཕྲེང་བྱིན་རླབས་ཀྱིས། །འཐབ་རྩོད་སྡུག་བསྔལ་ཞི་གྱུར་ནས། །ལྷ་མིན་སྐྱེ་སྒོ་ཆོད་པར་ཤོག །ༀ་ཀརྨ་གུ་རུ་ཀླེ་ཤ་ཀླེ་ཤ་ཧེ་ཏུཾ་ཧཱུྃ་ཕཊ། ན་མོ། ཚེ་ལས་འདས་པ་ཆེ་གེ་མོ་ཁྱོད་ཉོན་ཅིག །ཁྱོད་ཀྱིས་ཉོན་མོངས་པ་འདོད་ཆགས་རང་དགའ་མར་སྤྱད་པའི་དབང་གིས། མཐའ་འཁོབ་ཀླ་ཀློ་མི་ལུས་ཙམ་པོའི་གནས་སུ་སྐྱེས་སམ་སྐྱེའམ་སྐྱེ་བར་འགྱུར་བའི་རིགས་ཅན་ཅིག་ཡིན་ནའང་། བདག་གིས་དཀྱིལ་འཁོར་ཟབ་མོ་སྒོམ་སྒྲུབ་བྱས་པ་དང་། གཟུངས་སྔགས་ཁྱད་པར་ཅན་བགྲང་བ་དང་། མཆོད་སྦྱིན་གཏོར་མ་འདི་བསྔོས་པས། ཚེ་ལས་འདས་པ་ཁྱོད་མི་སྐྱེ་རྒས་ན་འཆི་འཕོ་འགྱུར་གྱི་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཅིག །ཧཱུྃ། ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱི། །འདོད་སྲེད་ཞེན་པའི་རྣམ་སྨིན་གྱིས། །མཐའ་འཁོར་ཀླ་ཀློར་སྐྱེས་པ་ན། །ལྷ་དང་བླ་མ་དྲན་གྱིས་ལ། །མི་དགེ་སྤོང་བའི་གོ་གྱོན་ལ། །དཀྱིལ་འཁོར་ལྷ་ལ་མཆོད་པ་ཕུལ། །པུཥྤེ་སོགས། ཧཱུྃ། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཚུལ་ཁྲིམས་ཆུ་ཡིས་ལེགས་བཀྲུས་པས། །འཆལ་བའི་དྲི་མ་དག་གྱུར་ཅིག །སོར་རྟོག་ཡེ་ཤེས་དོན་རྟོགས་ཤོག །ས་འདི་བཅད་པ་མན་ཆད་ནི། །མི་ལུས་ཙམ་པོའི་གནས་ཡིན་པས། །ཟིལ་གནོན་པདྨའི་བྱིན་རླབས་ཀྱིས། །སྐྱེ་འཆིའི་སྡུག་བསྔལ་ཞི་གྱུར་ནས། །ཀླ་ཀློའི་སྐྱེ་སྒོ་ཆོད་པར་ཤོག །ༀ་པདྨ་གུ་རུ་ཙྪིནྡ་ཙྪིནྡ་ཧེ་ཏུཾ་ཧཱུྃ་ཕཊ། ས་འདི་བཅད་པ་ཚུན་ཆད་ནི། །ཐོད་ཕྲེང་རིགས་ལྔའི་ཞིང་ཁམས་ཡིན། །ས་འདི་བཅད་པ་ཚུན་ཆད་ནི། །ཡུམ་ཆེན་ལྔ་ཡི་དཀྱིལ་འཁོར་ཡིན། །ས་འདི་བཅད་པ་ཚུན་ཆད་ནི། །པདྨ་འོད་ཀྱི་གཞལ་ཡས་ཡིན། །འོག་མིན་དག་པའི་ཞིང་ཁམས་ཡིན། །བདེ་བ་ཆེན་པོའི་གནས་མཆོག་ཡིན། །ཆོས་ཉིད་དག་པའི་ཞིང་ཁམས་ཡིན། །བུམ་པ་སྐུ་ཡི་ཞིང་ཁམས་ཡིན། །མ་ཡེངས་བདེ་བར་གནས་པར་གྱིས། །ཞེས་བརྗོད་ནས། ཡུངས་ཀར་དང་ཕྱེ་མས་མིང་བྱང་བྲབ་བོ། །དེ་ནས་ལྷ་ཚོགས་ལ་མཆོད་བསྟོད་བྱ་ཞིང་གཏོར་མ་འབུལ་ལོ། །

དེ་ནས་ཚེ་འདས་དཀྱིལ་འཁོར་དུ་འཇུག་པ་དང་དབང་བསྐུར་བ་གཉིས་ལས། དང་པོ་ནི། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ནི། །འཁོར་གསུམ་འཁོར་བའི་གཉེན་གཅིག་པུ། །ལ་སོགས་པའི་གསོལ་བ་འདེབས་ལན་གསུམ་བྱའོ། །གཉིས་པ་དབང་བསྐུར་བ་ནི། བུམ་པ་སྔར་བཞིན་བསྐྱེད་ནས། ལྷ་རྣམས་ཀྱི་སྤྱི་བོའི་ༀ་དཀར་པོ་ལས་འོད་ཟེར་དཀར་པོ་བྱུང་བས། སློབ་བུའི་སྤྱི་བོར་ཕོག །ལུས་ཀྱི་སྡིག་གྲིབ་ཐམས་ཅད་དག་སྐུའི་དངོས་གྲུབ་ཐོབ་པར་བསམ། དེ་བཞིན་དུ། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་བྱུང་། སློབ་བུའི་མགྲིན་པར་ཕོག །ངག་གི་སྡིག་སྒྲིབ་དག །གསུང་གི་དངོས་གྲུབ་ཐོབ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་(༥༦)སྔོན་པོ་བྱུང་། སློབ་བུའི་སྙིང་གར་ཕོག །ཡིད་ཀྱི་སྡིག་སྒྲིབ་དག །ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམས་ལ། ཨེ་མ། ངོ་མཚར་རྨད་དུ་བྱུང་བའི་དབང་། །བླ་མ་ལྷ་དང་དབྱེར་མེད་ཅིང་། །མཁའ་འགྲོས་བྱིན་གྱིས་རློབ་པའི་ཕྱིར། །སྐུ་གསུམ་བུམ་པའི་དབང་བསྐུར་བས། །རྩ་བ་གསུམ་གྱིས་བྱིན་བརླབས་ནས། །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས། །སྒོ་གསུམ་སྒྲིབ་པ་བྱང་གྱུར་ནས། །སྐུ་གསུམ་མི་འགྱུར་དབང་ཐོབ་ཤོག །ༀ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ༀ་ༀ་ༀ་ཨཱཿཨཱཿཨཱཿཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། སློབ་དཔོན་རྡོ་རྗེ་འཆང་ཡབ་ཡུམ་དུ་བསྒོམས་ལ་དབང་བསྐུར། ཅེས་སོ། །

བཞི་པ་རིག་པ་རྩལ་གྱི་དབང་ནི། སློབ་དཔོན་གྱིས་འདི་སྐད་ཅེས་ངོ་སྤྲད་དོ། །ཨེ་མ་ཧོ། ཕུང་པོ་ཡབ་ཡིན་ཁམས་རྣམས་ཡུམ་ཡིན་ནོ། །སྐྱེ་མཆེད་དབྱེར་མེད་སེམས་དཔའ་སེམས་མའི་ཚོགས། །བདག་གཞན་དབྱེར་མེད་འགྲོ་ཀུན་ལྷ་ཡི་ཚོགས། །ས་རྡོ་མི་དམིགས་རྩི་ཤིང་ནགས་ཚལ་ལྷ། །འབྱུང་བའི་སྒྲ་སྐད་གྲགས་སྟོང་བཟླས་པའི་སྔགས། །མདོར་ན་ལྷ་ཡིན་ལྷ་མིན་གཅིག་ཀྱང་མེད། །དག་དང་མ་དག་མེད་པར་བསྒོམ་པར་གྱིས། །དེ་ཡང་། ཕུང་པོ་ལྔ་ནི་རྒྱལ་བ་ཡབ་ལྔ་སྟེ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད། ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན། རྣམ་ཤེས་ཀྱི་ཕུང་པོ་མི་བསྐྱོད་པ། འདུ་ཤེས་ཀྱི་ཕུང་པོ་འོད་དཔག་མེད། འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པར་ཡེ་ནས་སངས་རྒྱས་པ་ཡིན་ལ། འབྱུང་བའི་ཁམས་རྣམ་པ་ལྔ་ལ། ས་ཡུམ་སངས་རྒྱས་སྤྱན་མ། ཆུ་མཱ་མ་ཀི། མེ་གོས་དཀར་མོ། རླུང་དམ་ཚིག་སྒྲོལ་མ། ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མར་གདོད་ནས་ལྷུན་གྱིས་གྲུབ་པའི་ངོ་བོ་ཡིན་ནོ། །འཁོར་འདས་ཡེ་གྲོལ་ཅོག་གཞག་གཉུག་མའི་དབང་འདི་སྐད་དུ་ངོ་སྤྲད་དོ། །ཨེ་མ་ཧོ། སྐལ་ལྡན་རིགས་ཀྱི་བུ། ལུས་ངག་སྒྲིབ་སྦྱོང་ཟབ་མོའི་དབང་བསྐུར་བས། །མ་བཅོས་དབང་མཆོག་བདེ་བ་ཆེན་པོ་ཐོབ། །བཟང་རྟོག་ལྷར་འཛིན་ངན་རྟོག་འདྲེ་རུ་འཛིན། །བདག་དང་གཞན་དུ་འཛིན་པའི་རྣམ་རྟོག་དེ། །དང་པོ་གར་སྐྱེས་ད་ལྟ་གང་ན་གནས། །ལུས་ཀྱི་ཤའམ་པགས་པ་གང་ན་གནས། །དབྱིབས་དང་ཁ་དོག་རྣམ་པ་ཇི་ལྟ་བུ། །ཐ་མ་གར་འགྲོ་རྫོགས་མཐའ་ཇི་ལྟར་འདུག །ལྟོས་དང་བལྟས་པས་སེམས་དེ་མཐོང་བ་མེད། །བཟུང་ཡང་སེམས་དེ་སུས་ཀྱང་ཟིན་པ་མེད། །བསྒྲུབས་ཀྱང་སེམས་ཀྱི་བྱ་བ་ཐམས་ཅད་འཇིག །དེས་ན་མ་ཡེངས་རང་བཞིན་འཇོག་པ་གཅེས། །ལྟ་སྒོམ་དབང་དུ་འཛིན་པར་བྱེད་པ་དེ། །རྟོག་པའི་འཁོར་ལོ་དྲྭ་ཕྱེད་འབྲེལ་བ་ཡིན། །སེམས་ལ་བྱར་མེད་འབད་རྩོལ་མེད་པར་ཞོག །རྟོག་པ་མི་འགེགས་ཆེད་འཛིན་མེད་པར་ཞོག །ཧད་དེ་ཕྱང་ངེ་སལ་ལེ་ཧྲིག་གེ་ཞོག །ཡིད་ལ་མ་བྱེད་མཉམ་པ་ཉིད་ལ་ཞོག །ཆོས་སྐུ་ཉག་གཅིག་འཁོར་འདས་དབྱེ་(༥༧)བ་མེད། །ཇི་ལྟར་འདུག་པ་དེ་ལྟར་ངང་ལ་ཞོག །ཅེས་བརྗོད་དོ། །

དེ་ནས་ཟས་གཏད་བྱ་བ་ནི། ཤ་ཉེ་བའི་ཟས་དང་། སྐོམ་དང་། ནོར་དང་། གོས་རྒྱན་ལ་སོགས་པ་མིང་བྱང་གི་མདུན་དུ་བཞག་ལ། སྔགས་དྲུག་ཕྱག་རྒྱ་དྲུག་གིས་འདོད་པའི་ཡོན་ཏན་ལྔར་བྱིན་གྱིས་བརླབས་ནས། ཧཱུྃ། འདི་ནི་སྦྱིན་པའི་རང་བཞིན་ཟས། །དབུལ་ཕོང་སེར་སྣ་ཐམས་ཅད་འཇོམས། །ཚེ་འདས་ཁྱོད་ལ་བསྔོས་པ་ཡིས། །བསྐལ་པ་ཡུན་གྱི་ཟས་སུ་ཤོག །ཧཱུྃ། འདི་ནི་ཚུལ་ཁྲིམས་རང་བཞིན་ཟས། །དབུལ་ཕོངས་འཆལ་པ་ཐམས་ཅད་འཇོམས། །ཚེ་འདས་ཁྱོད་ལ་བསྔོས་པ་ཡིས། །བསྐལ་པ་ཡུན་གྱི་ཟས་སུ་ཤོག །ཧཱུྃ། འདི་ནི་བཟོད་པའི་རང་བཞིན་ཟས། །དབུལ་ཕོངས་ཁོང་ཁྲོ་ཐམས་ཅད་འཇོམས། །ཚེ་འདས་ཁྱོད་ལ་བསྔོས་པ་ཡིས། །བསྐལ་པ་ཡུན་གྱི་ཟས་སུ་ཤོག །ཧཱུྃ། འདི་ནི་བརྩོན་འགྲུས་རང་བཞིན་ཟས། །དབུལ་ཕོངས་ལེ་ལོ་ཐམས་ཅད་འཇོམས། །ཚེ་འདས་ཁྱོད་ལ་བསྔོས་པ་ཡིས། །བསྐལ་པ་ཡུན་གྱི་ཟས་སུ་ཤོག །ཧཱུྃ། འདི་ནི་བསམ་གཏན་རང་བཞིན་ཟས། །དབུལ་ཕོངས་གཡེང་བ་ཐམས་ཅད་འཇོམས། །ཚེ་འདས་ཁྱོད་ལ་བསྔོས་པ་ཡིས། །བསྐལ་པ་ཡུན་གྱི་ཟས་སུ་ཤོག །ཧཱུྃ། འདི་ནི་ཤེས་རབ་རང་བཞིན་ཟས། །དབུལ་ཕོངས་རྨོངས་པ་ཐམས་ཅད་འཇོམས། །ཚེ་འདས་ཁྱོད་ལ་བསྔོས་པ་ཡིས། །བསྐལ་པ་ཡུན་གྱིས་ཟས་སུ་ཤོག །ཧཱུྃ། འདི་ནི་འདོད་ཡོན་ལྔ་ལྡན་ཟས། །དབུལ་ཕོངས་བཀྲེས་སྐོམ་ཐམས་ཅད་འཇོམས། །ཚེ་འདས་ཁྱོད་ལ་བསྔོས་པ་ཡིས། །བསྐལ་པ་ཡུན་གྱི་ཟས་སུ་ཤོག །ཧཱུྃ། འདི་ནི་འདོད་ཡོན་ལྔ་ལྡན་ཟས། །དབུལ་ཕོངས་བཀྲེས་སྐོམ་ཐམས་ཅད་འཇོམས། །ཚེ་འདས་ཁྱོད་ལ་བསྔོས་པ་ཡིས། །བསྐལ་པ་ཡུན་གྱི་ཟས་སུ་ཤོག །དཔག་བསམ་ཤིང་དང་འདོད་འཇོའི་བ། །ཡིད་བཞིན་ནོར་དང་བུམ་པ་བཟང་། །རིན་ཆེན་མཛོད་དང་ནོར་བུའི་གཏེར། །བཀྲ་ཤིས་རྫས་བརྒྱད་རིན་ཆེན་གཏེར། །ལྷ་དང་མི་ཡི་ལོངས་སྤྱོད་ཀུན། །ཚེ་འདས་ཁྱོད་ལ་བསྔོས་པ་ཡིས། །བསྐལ་པ་ཡུན་གྱི་ཟས་སུ་ཤོག །ཟག་མེད་བདེ་བ་རྒྱས་པ་དང་། །ལྷ་ཡི་རྒྱན་གྱིས་མཛེས་པ་དང་། །མཚན་དཔེའི་འབྱོར་པ་རབ་རྒྱས་ཤིང་། །ཚེ་འདས་ཡུན་དུ་བདེ་བར་ཤོག །ཅེས་པའམ། ཚེ་འདས་ཀྱི་དོན་དུ་ཕུད་གཏོར་མ་ལ་འབུལ། མགྲོན་བཞི་ལ་གཏོར་མ་ཁྱབ་པར་བསྔོས་ལ་ཐམས་ཅད་ཚོགས་སུ་ལོངས་སྤྱད་དོ། །

དེ་ནས་དཀྱིལ་འཁོར་ལྷ་ལ་མཆོད་བསྟོད་འབུལ། ཚེ་འདས་འོག་མིན་བདེ་བ་ཅན་དུ་ལམ་བསྟན་པར་བྱ་སྟེ། ཧཱུྃ། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པ་ཡིན་ཏེ། ཕུང་པོ་གཡར་པོ་ཡིན་པས་ལིངས་ཏེ་བསྐྱུར་བ་ཡིན། ཐིབས་ཏེ་འགགས་པ་རྣམ་རྟོག་ཡིན། ཧྲིག་གེ་བ་དེ་རིག་པ་ཡིན། ལྷག་གེ་ཤར་བ་ཡེ་ཤེས་ཡིན་པས་ཤར་བ་ཡིན། ཕྱམས་ཏེ་ཕྱུང་བ་ཆོས་ཉིད་ཡིན་པ་སྟེ། རང་སྣང་རིག་པའི་སྣང་བར་ཤེས་པར་གྱིས་ལ་ཉོན་ཅིག །ཅེས་འདི་སྐད་དོ། །ཧཱུྃ། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཁྱོད་ཀྱི་ཉོན་མོངས་(༥༨)སྡིག་སྒྲིབ་ཀུན། །བླ་མ་ཡི་དམ་ཐུགས་རྗེས་སྦྱངས། །ཐུགས་རྗེ་ཐབས་མཁས་སློབ་དཔོན་ངས། །ལས་སྐལ་ལྡན་པའི་ཚེ་འདས་ཁྱོད། །བྱང་ཆུབ་ཞིང་དུ་ལམ་བསྟན་གྱིས། །མ་ཡེངས་དྲན་པའི་སེམས་ཀྱིས་ཟུངས། །ཕར་ཕྱིན་ཤེས་རབ་ཡུམ་གྱི་གཞུ། །སྦྱོར་བ་ཐབས་མཆོག་ཡབ་ཀྱི་མདའ། །གཉིས་མེད་བྱང་ཆུབ་སེམས་ཀྱིས་སྦྲེལ། །ཐབས་ཤེས་བྱང་ཆུབ་མཐེབ་སྦྱར་ནས། །ཆོས་དབྱིངས་ཐུགས་རྗེའི་མདེལ་རྩེ་ལ། །ཚེ་འདས་རྣམ་ཤེས་བླང་བྱས་ཏེ། །འོག་མིན་བདེ་ཆེན་ཞིང་ཁམས་ན། །ཟིལ་གནོན་པདྨ་ཡབ་ཡུམ་བཞུགས། །གཉིས་མེས་སྦྱོར་བའི་མཁའ་དབྱིངས་སུ། །རང་རིག་ཡེ་ཤེས་ཤུགས་ཀྱིས་འཕང་། །ལྷ་དང་བླ་མའི་ཐུགས་རྗེ་ཡིས། །ལམ་ལྔ་ས་བཅུ་སྐད་ཅིག་ལ། །མདའ་འཕངས་བཞིན་དུ་བསྒྲོད་པར་འགྱུར། །སྐྱེ་འཆི་མེད་པ་ཡུམ་གྱི་མཁའ། །འཕོ་འགྱུར་མེད་པ་ཡབ་ཀྱི་ཀློང་། །མཁའ་ཀློང་རྣམ་དག་ཆོས་ཀྱི་དབྱིངས། །ཡེ་ཤེས་ཕོ་བྲང་ཉམས་དགའ་བར། །རིགས་ཀྱི་བུ་ཁྱོད་ལམ་བསྟན་གྱིས། །མ་ཆགས་མ་འཁོར་མྱུར་དུ་གཤེགས། །ཡེ་ཤེས་གཞལ་ཡས་ཞིང་ཁམས་ན། །འདོད་སྲེད་ཞེན་པ་གནས་གྱུར་པའི། །དམ་ཅན་རྒྱ་མཚོ་དཔག་མེད་བཞུགས། །ཚེ་འདས་དེ་རུ་ལམ་བསྟན་གྱིས། །མ་ཆགས་མ་འཁོར་མྱུར་དུ་གཤེགས། །ཡེ་ཤེས་གཞལ་ཡས་སྒོ་བཞི་ན། །རྟག་ཆད་མུ་བཞི་གནས་གྱུར་པའི། །ཡེ་ཤེས་སྒོ་མ་བཞི་པོ་བཞུགས། །ཚེ་འདས་དེ་རུ་ལམ་བསྟན་གྱིས། །མ་ཆགས་མ་འཁོར་མྱུར་དུ་གཤེགས། །གཞལ་ཡས་ཕྱོགས་བཞིའི་བར་ཁྱམས་ལ། །ཡུལ་བཞི་ཚོགས་ཡུལ་གནས་གྱུར་པའི། །རིགས་བཞི་དཔའ་བོ་ཡབ་ཡུམ་བཞུགས། །ཚེ་འདས་དེ་རུ་ལམ་བསྟན་གྱིས། །མ་ཆགས་མ་འཁོར་མྱུར་དུ་གཤེགས། །གཞལ་ཡས་ཁང་གི་གྲུ་ཆད་ལ། །དུས་བཞི་ཡུལ་སྣང་གནས་གྱུར་པའི། །ཡེ་ཤེས་གིང་ཆེན་ཡབ་ཡུམ་བཞུགས། །ཚེ་འདས་དེ་རུ་ལམ་བསྟན་གྱིས། །མ་ཆགས་མ་འཁོར་མྱུར་དུ་གཤེགས། །སྣ་ཚོགས་པད་སྐོར་ཕྱི་མ་ལ། །ཚོགས་ཡུལ་ཞེན་པ་གནས་གྱུར་པའི། །རིག་འཛིན་ཡབ་ཡུམ་བཅུ་དྲུག་བཞུགས། །ཚེ་འདས་དེ་རུ་ལམ་བསྟན་གྱིས། །མ་ཆགས་མ་འཁོར་མྱུར་དུ་གཤེགས། །པདྨ་འདབ་བརྒྱད་ཟེའུ་འབྲུ་ལ། །ཚོགས་ཡུལ་བརྒྱད་པོ་གནས་གྱུར་པའི། །པདྨ་མཚན་བརྒྱད་ཡབ་ཡུམ་བཞུགས། །ཚེ་འདས་དེ་རུ་ལམ་བསྟན་གྱིས། །

མ་ཆགས་མ་འཁོར་མྱུར་དུ་གཤེགས། །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །ཞེ་སྡང་ཉོན་མོངས་གནས་གྱུར་པའི། །རྡོ་རྗེ་ཐོད་ཕྲེང་ཡབ་ཡུམ་བཞུགས། །ཚེ་འདས་དེ་རུ་ལམ་བསྟན་གྱིས། །མ་ཆགས་མ་འཁོར་མྱུར་དུ་གཤེགས། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །ང་རྒྱལ་ཉོན་མོངས་གནས་གྱུར་པའི། །རཏྣ་ཐོད་ཕྲེང་ཡབ་ཡུམ་བཞུགས། །ཚེ་འདས་དེ་རུ་ལམ་བསྟན་གྱིས། །མ་ཆགས་མ་འཁོར་མྱུར་དུ་གཤེགས། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །འདོད་ཆགས་ཉོན་མོངས་གནས་གྱུར་པའི། །པདྨ་ཐོད་ཕྲེང་ཡབ་ཡུམ་བཞུགས། །ཚེ་འདས་དེ་རུ་ལམ་བསྟན་གྱིས། །མ་ཆགས་མ་འཁོར་མྱུར་དུ་གཤེགས། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །ཕྲག་དོག་ཉོན་མོངས་གནས་གྱུར་པའི། །(༥༩)ཀརྨ་ཐོད་ཕྲེང་ཡབ་ཡུམ་བཞུགས། །ཚེ་འདས་དེ་རུ་ལམ་བསྟན་གྱིས། །མ་ཆགས་མ་འཁོར་མྱུར་དུ་གཤེགས། །དཀྱིལ་འཁོར་དབུས་ཀྱི་ལྟེ་བ་ལ། །གཏི་མུག་ཉོན་མོངས་གནས་གྱུར་པའི། །ཟིལ་གནོན་པདྨ་ཡབ་ཡུམ་བཞུགས། །ཚེ་འདས་དེ་རུ་ལམ་བསྟན་གྱིས། །མ་ཆགས་མ་འཁོར་མྱུར་དུ་གཤེགས། །དབྱིངས་དང་རིག་པ་དབྱེར་མེད་པའི། །འབྱུང་བའི་ཁམས་ལྔ་གནས་གྱུར་པའི། །ཡེ་ཤེས་མཁའ་འགྲོ་ཡུམ་ལྔ་བཞུགས། །ཚེ་འདས་དེ་རུ་ལམ་བསྟན་གྱིས། །མ་ཆགས་མ་འཁོར་མྱུར་དུ་གཤེགས། །ཟིལ་གནོན་པདྨའི་ཐུགས་ཀ་ནས། །ཡིད་དང་ཡིད་ཆོས་རྣམ་དག་པའི། །ཡེ་ཤེས་སེམས་དཔའ་ཡབ་ཡུམ་བཞུགས། །ཚེ་འདས་དེ་རུ་ལམ་བསྟན་གྱིས། །མ་ཆགས་མ་འཁོར་མྱུར་དུ་གཤེགས། །ཡེ་ཤེས་བླ་མའི་ཐུགས་ཀ་ནས། །སྐུ་གསུམ་འདུས་པའི་ཡི་གེ་ཧཱུྃ། །དམར་ལ་གསལ་བའི་མདངས་དང་བཅས། །འོད་ཟེར་མུ་མེད་འཕྲོ་བ་དེར། །ཚེ་ལས་འདས་པའི་རྣམ་པར་ཤེས། །བླ་མའི་ཐུགས་ཀའི་ཧཱུྃ་དང་འདྲེས། །གཉིས་མེད་ཆོས་སྐུར་སངས་རྒྱས་སོ། །ཞེས་ཚེ་འདས་ཀྱི་རྣམ་ཤེས་བླ་མའི་ཐུགས་ཀའི་ཧཱུྃ་དང་གཉིས་སུ་མེད་པར་བསམ་མོ། །

མར་མེ་ཤིན་ཏུ་གསལ་བ་ལ་མིང་བྱང་བསྲེག་པ་ནི། ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ཌཱ་ཀི་ནཱི་ཧཱུྃ། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཀོང་བུ་རུ། །བྱང་ཆུབ་སེམས་ཀྱི་མར་ཁུས་གཏམས། །རང་རིག་རྟོགས་པའི་རས་སྡོང་ལ། །ཤེས་རབ་ཡེ་ཤེས་མེ་སྤར་ཏེ། །ཚེ་འདས་ཉོན་མོངས་མ་ལུས་བསྲེག །མེ་ནི་ཞི་གནས་རང་བཞིན་མེ། །མེ་འདི་ཆོས་སྐུ་ཉག་གཅིག་མེ། །མེ་འདི་ཡེ་ཤེས་འོད་གསལ་མེ། །མེ་འདི་སྐྱེ་བ་མེད་པའི་མེ། །མེ་འདི་གནས་པ་མེད་པའི་མེ། །མེ་འདི་འགག་པ་མེད་པའི་མེ། །མེ་འོད་དོར་བ་མེད་པའི་མེ། །མེ་འདི་སྤངས་པ་མེད་པའི་མེ། །མེ་འདི་སྨོན་པ་མེད་པའི་མེ། །མེ་འདི་མཚན་མ་མེད་པའི་མེ། །མེ་འདི་རྡོ་རྗེ་ཐོད་ཕྲེང་མེ། །མེ་འདི་རཏྣ་ཐོད་ཕྲེང་མེ། །མེ་འདི་པདྨ་ཐོད་ཕྲེང་མེ། །མེ་འདི་ཀརྨ་ཐོད་ཕྲེང་མེ། །མེ་འདི་ཟིལ་གནོན་ཐོད་ཕྲེང་མེ། །མེ་འདི་མེ་ལོང་ཡེ་ཤེས་མེ། །མེ་འདི་མཉམ་ཉིད༴། །མེ་འདི་སོར་རྟོག༴། །མེ་འདི་བྱ་གྲུབ༴། །མེ་འདི་ཆོས་དབྱིངས༴། །མེ་འདི་རང་བྱུང་ཡེ༴། །མེ་འདི་སྐྱེ་ཤི་མེད་པའི་མེ། །མེ་འདི་མཉམ་ཉིད་ལྷུག་པའི་མེ། །བདག་འཛིན་རྟོག་པའི་ཕུང་པོ་བསྲེག །ཐམས་ཅད་ཆོས་དབྱིངས་བྷ་ག་ལས། །ཕྱག་རྒྱ་རྣམ་པ་གང་ཡང་མེད། །དེ་ཉིད་བྷ་གའི་རང་བཞིན་ནོ། །ཀུན་གཞི་སེམས་ཀྱི་རང་བཞིན་ལས། །ཡིད་ལ་རྣམ་རྟོག་གང་ཤར་ཡང་། །དེ་ཉིད་རང་ཞི་རང་གྲོལ་ལོ། །དེ་ལ་སྐྱེ་ཤི་གང་ཡང་མེད། །དེ་ལ་འཕོ་འགྱུར་ག་ལ་སྲིད། །དེ་ལ་སྤང་ཐོབ་གཉིས་མི་སྲིད། །དེ་ལ་རེ་དོགས་གཉིས་མི་སྲིད། །བྱ་རྩོལ་མེད་པར་ཡེ་སངས་རྒྱས། །འབད་རྩོལ་མེད་པར་ལྷུན་གྱིས་གྲུབ། །རང་བྱུང་ཡེ་ཤེས་ཆེན་པོ་དེ། །ཚེ་འདས་ཁྱོད་ལ་འདིར་སྣང་ངོ་། །ཞེས་སྙིང་པོ་བརྗོད་ཅིང་མིང་བྱང་བསྲེག་གོ། །

དེ་ནས་མེ་ཏོག་གཏོར་ཞིང་སྨོན་ལམ་(༦༠)བརྗོད། ཧོཿ ཚེ་འདས་རིགས་ཀྱི་བུ་ཁྱོད་ལ། །བྱང་ཆུབ་བརྟན་པ་མ་ཐོབ་པར། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །རྒྱུན་དུ་མི་འབྲལ་འགྲོགས་པར་ཤོག །བླ་མ་རྣམས་ཀྱི་བྱིན་རླབས་དང་། །ཡི་དམ་ལྷ་ཡི་ཐུགས་རྗེ་དང་། །མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས། །རྒྱུན་མི་འཆད་པར་བྱིན་རློབས་ཤིག །རིག་པའི་དོན་ལ་སྐྱེ་ཤི་མེད། །མ་སྐྱེས་པ་ཡི་ཚུལ་གྱིས་ནི། །སྐྱེ་བ་ཕྱིས་མི་ལེན་པ་དང་། །འཕོ་འགྱུར་མེད་པའི་སྐུ་ཐོབ་ཤོག །ས་ལམ་བར་ཆད་ཀུན་གྲོལ་ནས། །སངས་རྒྱས་ཞིང་ཁམས་ཉམས་དགའ་བར། །སྣོད་ལྡན་དག་པའི་འཁོར་གྱིས་བསྐོར། །ཐེག་ཆེན་ཆོས་ལ་སྤྱོད་པར་ཤོག །སྐྱེ་བ་གཞན་དུ་སོང་གྱུར་ན། །ཟབ་རྒུའི་ཆོས་དང་འཕྲད་ནས་སུ། །ངན་སོང་འཁོར་བ་དོང་སྤྲུགས་ཏེ། །ཀུན་གྱི་འདྲེན་པའི་དཔལ་དུ་ཤོག །སེམས་ཉིད་མཐའ་དབུས་མེད་པས་ན། །མ་སྐྱེས་པ་ཡི་ཚུལ་གྱིས་ནི། །སྐྱེ་བ་ཕྱིར་མི་ལེན་པ་དང་། །ཆོས་སྐུ་རྒྱལ་མཆོག་ཐོབ་པར་ཤོག །ༀ་ཨཱཿཧཱུྃ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཧྲཱིཿམཧཱ་རི་ནི་ས་ར་ཙ་ཧྲི་ཡ་ལས་དང་ཉོན་མོངས་པ་ཤཱིནྟཾ་ཀུ་རུ་ཧཱུྃ་ཕཊ། དེ་ནས་མིང་བྱང་བསྲེགས་པའི་ཐལ་བ་དང་འཇིམ་པ་བསྲེས་ལ། སཱཙྪ་གདབ། མེ་ཏོག་གཏོར་ལ་ས་གཙང་ས་རུ་བཞུགས་སུ་གསོལ། གཏང་རག་མཆོད་གཏོར་བཟང་དུ་འབུལ་ལོ། །

དེ་ནས་མཇུག་གི་ཆོ་ག་ཕྲིན་སྒྲུབ་བཞིན་དུ་ཤེས་པར་བྱའོ། །ཕྲིན་སྒྲུབ་ཀྱི་བུ་ཡིག་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ། དྲི་མེད་འོད་ཟེར་གྱིས་མཆིམས་ཕུ་དགེ་གོང་གནས་སུ་བཀོད་པ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།


previousཕྲིན་སྒྲུབ་ཀྱི་བུ་ཡིག་ཐུགས་རྗེའི་ལྕགས་ཀྱུ།next