Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཟ༽


   
   
   
   
  expand section
  expand section
   
   
   
   
   
   
   
ཤན་པ་སྲོག་སྒྲུབ་ནག་མོའི་སྐོང་གསོའི་ཆོ་ག་རོ་ལངས་ཐལ་བྱེད་ཅེས་བྱ་བ།
   
   
   
  expand section
   
   
  expand section
   
  expand section
   
   


 
previousཤན་པ་སྲོག་སྒྲུབ་ནག་མོའི་སྐོང་གསོའི་ཆོ་ག་རོ་ལངས་ཐལ་བྱེད་ཅེས་བྱ་བ།next

ཤན་པ་སྲོག་སྒྲུབ་ནག་མོའི་སྐོང་གསོའི་ཆོ་ག་རོ་ལངས་ཐལ་བྱེད་ཅེས་བྱ་བ།

༄༅། །ཤན་པ་སྲོག་སྒྲུབ་ནག་མོའི་སྐོང་གསོའི་ཆོ་ག་རོ་ལངས་ཐལ་བྱེད་ཅེས་བྱ་བ་བཞུགས་སོ། །

༄༅། །ཧཱུྃ། འགྲུབ་པར་གྱུར་ཅིག་ཚོགས་གཉིས་རྫོགས་པའི་གཙོ། །རང་བྱུང་པདྨ་རྒྱལ་ལ་ཕྱག་འཚལ་ལོ། །འཇིགས་བྱེད་ཆེན་མོ་རབ་ཏུ་དགྱེས་བྱའི་ཕྱིར། །སྐོང་གསོའི་རིམ་པ་ཇི་ལྟར་བྱ་བ་བཤད། །

དེ་ལ་མ་མོའི་དཔལ་གཏོར་མཐེབ་སྐྱུས་བསྐོར་བ་ཤ་ཁྲག་དམར་གྱིས་བརྒྱན་པ་བཤམས་ལ། ཚོགས་དང་སྤྱན་གཟིགས་དང་ཉ་བོ་ལ་སོགས་པ་དགོས་པ་རྣམས་བསགས་ཏེ། རང་ཉིད་པདྨའི་ང་རྒྱལ་གྱིས་མཚམས་བཅད་པ་ནི། ཧཱུྃ། བདག་ཉིད་དཔལ་གྱི་ཐུགས་ཀ་ནས། །སྤྲུལ་པའི་མེ་རི་མཚོན་ཆ་འབར། །ཁྲོ་བོའི་སྤྲུལ་པས་ནམ་མཁའ་ཁེངས། །ཕྱག་མཚན་མཚོན་ཆ་སྐར་ལྟར་འཁྲུག །རླུང་ཡང་རྒྱུ་བའི་སྐབས་མེད་ན། །བར་ཆད་བགེགས་རྣམས་སྨོས་ཅི་དགོས། །ཧཱུྃ་དང་ཕཊ་ཀྱི་འབྲུག་སྒྲ་ཡིས། །ནམ་མཁའི་དབྱིངས་ཀུན་གང་བར་གྱུར། །མེ་རི་མཚོན་ཆའི་ར་བའི་གུར། །རྡོ་རྗེའི་ར་བ་ཆེན་པོ་ལས། །སུ་ཡང་འདའ་བར་མ་བྱེད་ཅིག །ༀ་སུམྦྷ་ནི་སུམྦྷ་ཧཱུྃ། གྲ྇ཧྞ་གྲ྇ཧྞ་ཧཱུྃ། གྲ྇ཧྞ་པ་ཡ་གྲ྇ཧྞ་པ་ཡ་ཧཱུྃ། ཨ་ན་ཡ་ཧོ་བྷ་ག་ཝཱ་ནུ་བིདྱ་རཱ་ཛ་ཡ་ཧཱུྃ་ཕཊ། དེ་ནས་མདུན་གྱི་ནམ་མཁར་མ་མོ་འཁོར་དང་བཅས་པ་སྐད་ཅིག་གིས་བསྐྱེད་ལ།

སྤྱན་དྲངས་པ་ནི། ༀ་ཁྱི་ཁ་ལེ་ནག་མོ་ཏྲག་རཀྴ་ས་མ་ཡེ་ཛ་ཛཿ མ་མ་ཏྲག་རཀྴ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ། བསྐལ་པའི་རླུང་ནག་འཚུབས་མའི་དཀྱིལ་འཁོར་ནས། །ལས་དང་ཡེ་ཤེས་ཚོགས་ཀྱི་རྗེ་མོ་ནི། །ཤ་ཟ་ཁྲག་འཐུང་དཔལ་གྱི་ཡུམ་ཆེན་རྣམས། །རུ་ལུའི་སྒྲ་སྐད་ནམ་མཁའི་འབྲུག་ལྟར་སྒྲོགས། །ལྷོ་སྤྲིན་འཐིབས་ཚུལ་སྐུ་མདོག་ནག་མོར་སྟོན། །གློག་ལྟར་འཁྱུགས་ཤིང་གང་ལའང་ཐོགས་པ་མེད། །དུས་བཞིར་ཉུལ་བྱེད་བསྟན་པའི་དམ་རྫས་བསྲུང་། །ཐུགས་ཀྱི་མ་མོ་སྲོག་སྒྲུབ་ནག་མོ་ནི། །ནམ་གྲུ་ཞིང་གི་རྡུལ་སྙེད་འཁོར་དང་བཅས། །གདུང་བས་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །བཀའ་དང་བསྟན་པ་སྲུངས་ལ་གང་ཟག་སྐྱོངས། །འདོད་པའི་དོན་སྐོངས་ཕྲིན་ལས་རྫོགས་པར་མཛོད། །ༀ་བཛྲ་ས་མ་ཡ་གྷྲིག་ཛཿ

ཧཱུྃ། ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་ནས། །ཀུན་ཏུ་བཟང་མོའི་སྤྲུལ་པ་ལས། །སྲིད་པའི་མ་མོ་ཡལ་གམ་ཅན། །ཤན་པ་སྲོག་སྒྲུབ་ནག་མོ་སྟེ། །རལ་པ་(༣༦)གཡེངས་པས་ནམ་མཁའ་ཁྱབ། །རལ་པ་རེ་ལ་ཕུར་པ་རེ། །ཕུར་བུ་འཁྲོལ་བས་སྟོང་ཁམས་གཡོ། །ཆིབས་སུ་རླུང་ནག་འཚུབས་མ་བཅིབས། །ཕྱག་གཡས་སྙིང་རྩ་དམར་པོ་བསྣམས། །གཡོན་པས་ནད་ཀྱི་རྐྱལ་པ་སྟེ། །གཅེར་བུ་མི་ལྤགས་སྟོད་ལ་དཀྲིས། །ཞལ་གདངས་མཆེ་གཙིགས་སྤྱན་གསུམ་བགྲད། །ཤངས་ནས་རླུང་འཚུབས་བུ་ཡུག་འགྱེད། །བ་སྤུ་མེ་སྟག་མཚོན་ཆ་འཕྲོ། །མི་མགོ་རློན་པའི་དོ་ཤལ་ཅན། །གསོད་བྱེད་མ་མོ་གཤེགས་སུ་གསོལ། །གཡས་ན་གསོད་བྱེད་ཤ་ཟ་མ། །དམར་མོ་ཤ་ཟ་ལྕེ་སྤྱང་གདོང་། །རོ་ལ་ཞོན་ནས་ཤ་ལ་ཟ། །གཡས་གཡོན་ཞིང་དབྱུག་ཏི་ར་བསྣམས། །ཤ་ཟ་ཆེན་མོ་གཤེགས་སུ་གསོལ། །གཡོན་ན་ནག་མོ་ཝ་གདོང་མ། །ཕྱག་ན་གྲི་གུག་ཞགས་པ་བསྣམས། །དུར་བྱ་ཞོན་ནས་མཁའ་ལ་རྒྱུ། །ལས་མཁན་ཆེན་མོ་གཤེགས་སུ་གསོལ། །མདུན་ན་སྲོག་གཅོད་ཤ་ཟ་སྟོང་། །ནག་མོ་འུག་གདོང་གནམ་ལྕགས་སྡེར། །ཁྲག་གི་རལ་པ་ཤ་ར་ར། །དུར་ཕག་འཕར་བ་རྐང་རྡེབ་དང་། །སྟག་སྤྱང་དོམ་དྲེད་ལ་སོགས་ཞོན། །སྐད་ཅིག་སྟོང་གསུམ་ཉུལ་བྱེད་མ། །ཤ་ཟ་ནག་མོ་གཤེགས༴། །རྒྱབ་ན་ལས་བྱེད་མ་མོ་འབུམ། །སྐུ་མདོག་སྣ་ཚོགས་འཇིགས་པ་ལ། །ནད་དང་མཚོན་གྱི་གྲུ་གུ་རྐྱོངས། །ཐོག་དང་སེར་ཆེན་གློག་དམར་འགྱེད། །དྲེལ་རྟ་ཞོན་ནས་ཕྱོགས་བཅུར་རྒྱུག །ལས་ཀྱི་མ་མོ་གཤེགས༴། །གསོད་བྱེད་ཀུན་གྱི་བཀའ་ཉན་མོ། །བྱེ་བ་འབུམ་ཕྲག་མང་པོ་རྣམས། །ལ་ལས་ནད་ཀྱི་བུ་ཡུག་གཏོང་། །ལ་ལས་མཚོན་གྱི་བསྐལ་པ་གཏོང་། །ལ་ལས་དུས་ཀྱི་འཁྲུག་པ་གཏོང་། །ལ་ལས་མི་ནད་ཕྱུགས་ནད་གཏོང་། །ལ་ལས་ཞིང་ཆེན་རྒྱལ་མཚན་འཕྱར། །ལ་ལས་ཞིང་ཆུང་གླད་ལ་བསྐོར། །ལ་ལས་ཏི་ར་ཕྱོགས་བཅུར་འཕེན། །ལ་ལས་དུལ་མོ་ས་ལ་རྡེབ། །དེ་ལ་སོགས་ཏེ་བསམ་མི་ཁྱབ། །སྤྲུལ་པ་ཡང་སྤྲུལ་བཅས་པ་རྣམས། །སྐད་ཅིག་ཡུད་ཀྱིས་གཤེགས་སུ་གསོལ། །ༀ་ཁྱི་ཁ་ལེ་རཀྨོ་རཀྨོ་རུ་རུ་ཕེཾ་ས་མ་ཡ་ཛ་ཛཿ ཞེས་པས་ཐིབས་ཀྱིས་བྱོན་པར་བསམ་པ་ཀུན་དམ་ཚིག་པ་ལ་བརྟན་པར་བཞུགས་སུ་གསོལ་བ་ནི། ཧཱུྃ། ཆོས་ཀྱི་དབྱིངས་ལས་སྒྱུ་མའི་སྐུར་བཞེངས་པ། །དཔལ་ལྡན་སྲོག་སྒྲུབ་འཁོར་དང་བཅས་པ་རྣམས། །དུར་ཁྲོད་གསང་བ་མཆོག་གི་གནས་འདི་རུ། །དགྱེས་པའི་ཚུལ་གྱིས་བརྟན་པར་བཞུགས་སུ་གསོལ། །ༀ་རུ་རུ་ས་མ་ཡ་ཏིཥྛ་ལྷན། ཅེས་པས་བཞུགས་པར་བསམས་ལ།

དང་པོ་བརྡ་ཕྱག་འཚལ་བ་ནི། ཧཱུྃ། དབྱིངས་ཀྱི་ཡུམ་ཆེན་ཐུགས་ཀྱི་སྤྲུལ་པ་ནི། །འདོད་རྒུར་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །ཤན་པ་སྲོག་སྒྲུབ་འཁོར་དང་བཅས་པ་ལ། །སྒྲུབ་མཆོག་བདག་གིས་གུས་པས་ཕྱག་འཚལ་ལོ། །ༀ་ཁྱི་ཁ་ལེ་པྲ་ཏཱིཙྪ་ཧོཿ

དམ་བཅའ་བ་ནི། ཧཱུྃ། དཔལ་ལྡན་སྲོག་སྒྲུབ་ནམ་གྲུ་འཁོར་བཅས་རྣམས། །དམ་བཅའ་བདག་དང་མི་འབྲལ་རྟག་ཏུ་བརྟེན། །དེང་ནས་(༣༧)བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །བདག་ལ་བྱིན་རློབས་དཀྱིལ་འཁོར་གཉན་པོར་བཟུང་། །ༀ་ཁྱི་ཁ་ལེ་བཛྲ་ས་མ་ཡ་ཧཱུྃ། སྨན་རཀ་དང་མཆོད་གཏོར་ༀ་ཨཱཿཧཱུྃ་གིས་དགྲའི་ཤ་ཁྲག་གི་རི་དང་རྒྱ་མཚོར་བསམས་ལ།

རིམ་པར་འབུལ་བ་ནི། ཧཱུྃ། བསད་ཁྲག་རཀྟའི་རྦ་ཀློང་འཁྱིལ། །ཀེང་རུས་རི་རབ་བརྩེགས་པ་སྟེ། །ཤ་ཆེན་དམར་གྱི་གཏོར་མ་འདི། །མ་ཚོགས་འཁོར་དང་བཅས་ལ་འབུལ། །ༀ་ཁྱི་ཁ་ལེ་ནག་མོ་མ་ཏྲག་རཀྴ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཧཱ་མཱཾ་ས་ལ་ཁཱ་ཧི། མཧཱ་རཀྴ་ལ༴། མཧཱ་ཙིཏྟ་ལ༴། མཧཱ་བ་སུ་ཏ་ལ༴། མཧཱ་གོ་རོ་ཙ་ན་ལ༴། །མཧཱ་ཨ་མྲ྇་ཏ་ལ་ཁཱ་ཧི། ཧཱུྃ། སྣ་ཚོགས་བདུད་རྩི་མཆོག་གི་རོ། །རྩ་བ་བརྒྱད་ལ་ཡལ་ག་སྟོང་། །སྲོག་སྒྲུབ་འཁོར་དང་བཅས་པ་མཆོད། །དགྱེས་མཉམ་མཆོག་གི་དངོས་གྲུབ་སྩོལ། །ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲ྇་ཏ་ཧཱུྃ་ཧྲཱིཿཐཱ། མཧཱ་པཉྩ་ཨ་མྲ྇་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི།

ཧཱུྃ། དཔལ་ཆེན་མ་ཚོགས་འཁོར་དང་བཅས་པ་ལ། །ཚོགས་དང་གཏོར་མའི་མཆོད་པ་འདི་འབུལ་གྱིས། །བཞེས་ནས་ལས་ཀྱི་དངོས་གྲུབ་སྩོལ་བ་དང་། །ཐུགས་དམ་གཉན་བསྐང་བཅོལ་པའི་ལས་མཛོད་ཅིག །

ཧཱུྃ། ཕྱི་ནང་གསང་བ་མཆོག་གི་མཆོད་པ་དང་། །ཚོགས་དང་གཏོར་མ་སྒྲུབ་རྫས་བདུད་རྩི་ལྔ། །ཤ་ལྔ་ལ་སོགས་མཐུན་པའི་དམ་རྫས་ཀྱིས། །མ་དང་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག །ༀ་མཧཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ།

སྐོང་བཤགས་བྱ་བ་ནི། ཧཱུྃ། དཔལ་ལྡན་སྲོག་སྒྲུབ་འཁོར་བཅས་ལ། །སྤོས་དང་མར་མེས་ཐུགས་དམ་བསྐང་། །མེ་ཏོག་དྲི་ཆབ༴། །སིལ་སྙན་རོལ་མོས༴། །བསྐངས་པས་དངོས་གྲུབ་སྩལ་དུ་གསོལ། །དཔལ་གྱི་མ་ཚོགས་འཁོར་བཅས་ལ། །དམར་ཆེན་གཏོར་མས་ཐུགས་དམ༴། །ཞུན་ཆེན་རཀྟས༴། །ཚིལ་ཆེན་དུད་པས༴། །རྐང་གླིང་རོལ་མོས༴། །བསྐངས་པས་དངོས་གྲུབ་བདག་ལ་སྩོལ། །དཔལ་གྱི་མ་ཚོགས་འཁོར་བཅས་ལ། །བསད་ཁྲག་རྦ་ཀློང་ཐུགས༴། །དབང་པོ་རྣམ་ལྔས༴། །ཤ་སྣ་སྙིང་སྣས༴། །ཛ་གད་ཕུད་ཀྱིས༴། །སྤྱན་གཟིགས་མང་པོས༴། །བསྐངས་པས་དངོས་གྲུབ་བདག་ལ་སྩོལ། །

ཧཱུྃ། སྐྱེ་མེད་ནམ་མཁའ་ལྟ་བུའི་རང་བཞིན་ལས། །མ་རིག་འཁྲུལ་པས་ང་དང་བདག་ཏུ་བཟུང་། །ཀུན་རྟོག་ཉོན་མོངས་གཟུང་འཛིན་གདོན་གྱིས་བརླམས། །ཆོས་ཉིད་དོན་དང་འགལ་བ་མཐོལ་ལོ་བཤགས། །ཐུགས་རྗེའི་དབྱིངས་ལས་སྤྲུལ་པའི་མ་མོ་ཁྱོད། །སྐུ་གསུང་ཐུགས་སུ་བསྒྲུབ་པར་དམ་བཅས་ཀྱང་། །བདག་རྟོག་དྲི་མས་དེ་ལྟར་རྔོ་མ་ཐོགས། །བསྙེན་སྒྲུབ་དོན་ལས་ཉམས་པ་མཐོལ་ལོ་བཤགས། །དཔལ་ལྡན་ནག་མོ་འཁོར་བཅས་སྤྱན་སྔ་རུ། །རྨད་དུ་བྱུང་བའི་མཆོད་པ་ཆེན་པོ་དང་། །ཤ་ཁྲག་དམར་གྱི་གཏོར་མ་ལ་སོགས་ཏེ། །ཚོགས་ཀྱི་མཆོད་པ་མངོན་དུ་མ་བཤམས་པ། །མཆོད་དང་སྒྲུབ་རྫས་ཉམས་པ༴། །བདག་ནི་མི་ཤེས་ཉོན་མོངས་དབང་གྱུར་པས། །ལུས་ངག་ཡིད་ཀྱིས་སྡིག་པའི་ལས་རྣམས་བགྱིས། །བགྱིད་དང་(༣༨)བགྱིད་དུ་བསྩལ་པ་ཅི་མཆིས་པ། །འཕྲལ་དང་ཡུན་གྱི་སྒྲིབ་པ་ཐམས་ཅད་བཤགས། །ཏིང་འཛིན་མ་གསལ་བསྙེན་སྒྲུབ་དོན་ལས་གཡེལ། །སྒོམ་པ་ཡུན་ཐུང་བཟླས་གྲངས་ཉུང་བ་དང་། །ཆོ་ག་ལྷག་ཆད་འགལ་འཁྲུལ་ནོར་བ་དང་། །མཆོད་གཏོར་ཉམས་དང་དུས་ལས་ཡོལ་བ་དང་། །ཆག་ཉམས་ལས་ཀྱི་སྐྱོན་རྣམས་ཐམས་ཅད་ཀྱང་། །རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ༴། །དམ་རྫས་མ་ཚང་སྒྲུབ་པ་ཡུན་ཐུང་དང་། །ཏིང་འཛིན་མ་གསལ་བསྙེན་སྒྲུབ་འཆོལ་བར་སྤྱད། །སྦྱོར་དང་སྒྲོལ་བའི་ལས་མཐའ་ལོག་པ་དང་། །ཐུན་དང་ཟོར་གྱི་ལས་རྣམས་མ་རྫོགས་པས། །སྲོག་སྒྲུབ་འཁོར་བཅས་སྐུ་གསུང་ཐུགས་དང་འགལ། །ཚོར་དང་མ་ཚོར་ཉམས་ཆག་ཅི་མཆིས་པ། །མཐོལ་ཞིང་བཤགས་སོ་ཚངས་པར་མཛད་དུ་གསོལ། །བདག་ནི་མི་ཤེས་དང་པོའི་ལས་ཅན་ཏེ། །འགལ་འཁྲུལ་ཉམས་ཆག་ཞིག་རལ་ཅི་མཆིས་པ། །བྱམས་ལྡན་ཐུགས་རྗེའི་ཡུམ་ལ་བཤགས་པར་བགྱི། །བཟོད་པར་བཞེས་ནས་ཚངས་པར་སྩལ་དུ་གསོལ། །ཞེས་པ་དང་ཡི་གེ་བརྒྱ་པ་བརྗོད་དོ། །

དེ་ནས་མངའ་གསོལ་བ་ནི། ཕུད་དང་རཀྟ་སྦྲེང་། མེ་ཏོག་འཐོར་ཞིང་། ཧོཿ དཔལ་ལྡན་སྔགས་ཀྱི་བདག་མོ་སྲུང་མ་ཆེན་མོ་སྐུ་མདོག་ནག་མོ་ཞིང་ཆེན་གྱི་གཡང་གཞི་གསོལ་བ། ཁྲག་དང་ཞག་གི་ཐིག་ལེ་བྱུགས་ཤིང་རལ་པ་གཡེངས་པས་ནམ་མཁའ་ཁེངས་པ། ཕྱག་ན་སྙིང་དང་ནད་ཀྱི་རྐྱལ་པ་བསྣམས་པ། ཞལ་ནས་རཀྟའི་ཞམ་ཆུ་འབབ་ཅིང་མཆེ་བ་རྣོ་དཀར་དགྲ་ལ་གཙིགས་པ། སྤྱན་གསུམ་བསྐལ་པའི་མེ་འོད་འབར་ཞིང་མེའི་ཚྭ་ཚྭ་ཕྱོགས་བཅུར་འཕྲོ་བ། རླུང་ནག་འཚུབས་བའི་ནང་ན་བཞུགས་ཤིང་ནད་དང་མཚོན་གྱི་བསྐལ་པ་གཏོང་བ། རྡོ་རྗེ་འབར་བའི་སྤུ་གསེབ་ནས་ཡེ་ཤེས་ཀྱི་མེ་འབར་བས་སྟོང་ཁམས་ཐམས་ཅད་ཁེངས་པར་བྱེད་པ་ཁྱེད་ལ། དམར་གྱི་གཏོར་མ་བརྗིད་ཅིང་འགྱིང་བ། རི་རབ་ལྷུན་པོ་བས་འཕངས་མཐོ་བ། རཀྟའི་ཞམ་ཆུ་བས་བསྐྱིལ་ལེགས་པ། རྒྱ་མཚོ་ཆེན་པོ་བས་གཏིང་ཟབ་པ། དཀར་ལ་དམར་གྱི་ཐིག་བཀྱེས་པ་ཉི་ཟླ་གཟའ་སྐར་བས་མདངས་གསལ་བ། དཔལ་གྱི་མཐེབ་སྐྱུས་མཐའ་བསྐོར་བ་གླིང་བཞི་གླིང་ཕྲན་བས་བཀོད་ལེགས་པ། དར་དང་ཟ་འོག་གི་གུར་ཕུབ་པ། མཐིང་ག་བརྗིད་ཆགས་པ། སྤྱན་གཟིགས་སྣ་ཚོགས་ཀྱིས་མདུན་བཤམས་པ། ལྷའི་འབྱོར་པ་བས་རྒྱ་ཆེ་བ་འདི་འབུལ་ལོ། །གསོལ་ལོ། །མཆོད་དོ། །བསམ་པ་གཉན་པོ་སྒྲུབས་ཤིག །རེ་བ་གཉན་པོ་སྐོངས་ཤིག །འགལ་འཁྲུལ་ཉམས་ཆག་ཐམས་ཅད་སྐོངས་ཤིག །སྡང་བའི་དགྲ་སོད་ཅིག །གནོད་པའི་བགེགས་ཐུལ་ཞིག །ཚེ་དཔལ་དང་འབྱོར་པ་སྤེལ་ཞིག །སྙན་པ་དང་གྲགས་པ་སྒྲོགས་ཤིག །གཞན་ཡང་དཔལ་ལྡན་ནག་མོ་ཐུགས་ཀྱི་དགྱེས་སྡེ་མོ། གཡས་ཀྱི་གསོད་བྱེད་ཤ་ཟ་དམར་མོ། གཡས་གཡོན་ཞིང་དབྱུག་དང་རྒྱུ་ཞགས་བསྣམས་པ། རོ་ལ་ཞོན་ནས་ཕྱོགས་བཅུར་རྒྱུག་པ་ལ་(༣༩)གསོལ་ལོ། །འབུལ་ལོ། །མཆོད་དོ། །བསམ་པ་གཉན་པོ་སྒྲུབས་ཤིག །རེ་བ་གཉན་པོ་སྐོངས་ཤིག །འགལ་འཁྲུལ་དང་ཉམས་ཆག་ཐམས་ཅད་སྐོངས་ཤིག །སྡང་བའི་དགྲ་སོད་ཅིག །གནོད་པའི་བགེགས་ཐུལ་ཞིག །ཚེ་དཔལ་དང་འབྱོར་པ་སྤེལ་ཞིག །སྙན་པ་དང་གྲགས་པ་སྒྲོགས་ཤིག །གཡོན་ན་ནག་མོ་ཝ་གདོང་མ། ཕྱག་ན་གྲི་གུག་དང་རྒྱུ་ཞགས་བསྣམས་པ། དུར་བྱ་ཞོན་ནས་མཁའ་ལ་རྒྱུ་བ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །བསམ་པ་གཉན་པོ༴། རེ་བ་གཉན་པོ༴། འགལ་འཁྲུལ༴། སྡང་བའི༴། གནོད་པའི༴། ཚེ་དཔལ༴། སྙན་པ་དང་༴། མདུན་ན་སྲོག་གཅོད་ཀྱི་ཤ་ཟ་ནག་མོ་སྟོང། འུག་པ་ཁྭ་དང་བྱ་རྒོད་ལ་སོགས་པའི་གདོང་དང་ལྡན་པ། ཁྲག་གི་རལ་པས་གནམ་ས་ཁྱབ་ཅིང་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས་པ། སྟག་སྤྱང་དོམ་དྲེད་འཕར་བ་ཞོན་ཅིང་སྐད་ཅིག་སྟོང་གསུམ་ཀུན་ཏུ་ཉུལ་བའི་ཚོགས་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །བསམ་པ༴། རེ་བ༴། འགལ་འཁྲུལ༴། །སྡང་བའི༴། གནོད་པའི༴། ཚེ་དཔལ༴། སྙན་པ་དང་༴། རྒྱབ་ན་ལས་ཀྱི་མ་མོ་འབུམ་ཕྲག་སྐུ་མདོག་སྣ་ཚོགས་འཇིགས་པར་སྟོན་པ། ཕྱག་ན་ནད་དང་མཚོན་ཆ་བསྣམས་པ། ཐོག་དང་སེར་ཆེན་གློག་དམར་འགྱུ་བ། ཆིབས་སུ་དྲེལ་རྟ་རྐང་གསུམ་བཅིབས་པ། གསོད་བྱེད་འབུམ་གྱི་འཁོར་དང་བཅས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །བསམ་པ༴། རེ་བ༴། འགལ༴། སྡང་༴། གནོད༴། ཚེ་དཔལ༴། སྙན་པ་དང་༴། ཕོ་ཉ་ཡང་སྤྲུལ་བཀའ་ཉན་གྱི་ཚོགས་སུ་གྱུར་པ་འབུམ་ཕྲག་བྱེ་བ་བསམ་གྱིས་མི་ཁྱབ་པ། ལ་ལས་གདུགས་དང་རྒྱལ་མཚན་འཕྱར་བ། ལ་ལས་སིལ་སྙན་རོལ་མོ་འཁྲོལ་བ། ལ་ལས་ནད་ཀྱི་རྐྱལ་པ་ཐོགས་པ། ལ་ལས་མཚོན་གྱི་གྲུ་གུ་རྐྱོང་བ། ལ་ལས་ཐོག་དང་སེར་བ་འབེབས་པ། ལ་ལས་གློ་བུར་ཡེ་འདྲོག་གཏོང་བ། ལ་ལས་ལྟས་ངན་ཆོ་འཕྲུལ་འགྱེད་པ། ལ་ལ་རླུང་ནག་འཚུབས་མར་འཁྱིལ་པ། ལ་ལས་མི་རྐང་གླིང་བུ་འབུད་པ། ལ་ལས་འོ་དོད་གནམ་དུ་འབོད་པ། ལ་ལས་དུལ་མོ་ས་ལ་བརྡུལ་བ། ལ་ལས་སྤྲུལ་པ་འབུམ་ཕྲག་འགྱེད་པའི་ཚོགས་དང་བཅས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །བསམ་པ་གཉན༴། རེ་བ་གཉན༴། འགལ་འཁྲུལ༴། སྡང་བའི་དགྲ་ལ༴། གནོད་པའི་བགེགས༴། ཆག་ཆེ་དང་ཉམ་ང་ཐམས་ཅད་ཟློག་ཅིག །མཐུ་དང་རྫུ་འཕྲུལ་ཆེན་པོ་སྒྲུབས་ཤིག །ཚེ་དཔལ་དང་འབྱོར་པ་ཆེན་པོ་སྤེལ་ཞིག །སྙན་པ་དང་གྲགས་པ་བཟང་པོ་སྒྲོགས་ཤིག །ཅེས་བརྗོད་དོ། །

དེ་ནས་བསྟོད་པ་བྱ་བ་ནི། ཧཱུཾ། སྔོན་ཚེ་རྒྱ་གར་རྡོ་རྗེའི་གདན་དྲུང་དུ། །ཡུལ་གྱི་མ་མོ་ཐམས་ཅད་འདུས་པའི་ཚེ། །ཐུགས་ཀྱི་མ་མོ་གཅིག་ཏུ་བསྡུས་པ་ནི། །ཤན་པ་སྲོག་སྒྲུབ་ནག་མོར་མངའ་གསོལ་བ། །སྐུ་མདོག་ནག་མོ་ལྷོ་སྤྲིན་འཐིབས་པ་འདྲ། །རལ་པ་གཡེངས་པས་ནམ་མཁའ་ཐམས་ཅད་ཆོད། །ཕུར་བུ་འཁྲོལ་(༤༠)བས་སྟོང་ཁམས་ཐམས་ཅད་གཡོ། །ཞལ་ནས་ཁྲག་འཛག་རྣོ་དཀར་མཆེ་བ་གཙིགས། །ཤངས་ནས་རླུང་འཚུབས་སྤྱན་གསུམ་སྡང་མིག་གཟིགས། །ཞིང་ཆེན་གཡང་གཞི་སྐུ་ཡི་སྟོད་དུ་དཀྲིས། །བ་སྤུའི་གསེབ་ནས་མེ་ཡི་ཚྭ་ཚྭ་འཕྲོ། །རླུང་ནག་འཚུབས་མའི་ནང་དུ་སྐུ་བཞུགས་པ། །ཤན་པ་སྲོག་སྒྲུབ་སྐུ་ལ་ཕྱག་འཚལ་བསྟོད། །གཡས་ན་གསོད་བྱེད་ཤ་ཟ་རལ་པ་ཅན། །སྐུ་མདོག་དམར་མོ་ཞིང་དབྱུག་རྒྱུ་ཞགས་འཛིན། །གཅེར་བུ་རོ་ཞོན་སྟོང་ཁམས་ཁྱབ་པར་ཉུལ། །ལས་བྱེད་ནག་མོའི་སྐུ་ལ་ཕྱག་འཚལ་བསྟོད། །གཡོན་ན་འཇིགས་བྱེད་ནག་མོ་ཝ་གདོང་མ། །གྲི་གུག་རྒྱུ་ཞགས་སྡང་བའི་དགྲ་ལ་འདེབས། །དུར་བྱ་ཞོན་ནས་སྟོང་ཁམས་ཁྱབ་པར་ཉུལ། །ལས་བྱེད་ནག་མོའི་སྐུ་ལ་ཕྱག་འཚལ་བསྟོད། །མདུན་ན་སྲོག་གཅོད་ཤ་ཟ་ནག་མོ་སྟོང་། །ཁྭ་དང་འུག་པ་བྱ་རྒོད་གདོང་ཅན་སོགས། །ཁྲག་གི་རལ་པ་གནམ་ས་ཀུན་ཏུ་ཁྱབ། །མདའ་ཆེན་མདུང་དང་འཁོར་ལོ་གཏུན་ཤིང་སོགས། །མཚོན་ཆ་སྣ་ཚོགས་དགྲ་བགེགས་སྟེང་དུ་འཕེན། །སྟག་སྤྱང་དོམ་དྲེད་མ་ཧེ་གཟིག་ལ་སོགས། །སྣ་ཚོགས་ཞོན་ནས་སྟོང་ཁམས་ཀུན་ཏུ་ཉུལ། །ཤ་ཟ་སྟོང་གི་ཚོགས་ལ་ཕྱག་འཚལ་བསྟོད། །རྒྱབ་ན་སྣ་ཚོགས་ལས་ཀྱི་མ་མོ་འབུམ། །སྣ་ཚོགས་སྐུ་མདོག་གར་ཡང་སྤྲུལ་ཞིང་བསྒྱུར། །མི་བཟོད་མཚོན་དང་ཐོག་ཆེན་སྐར་མདའ་འཕེན། །དྲེལ་རྟ་ཞོན་ནས་སྟོང་ཁམས་ཁྱབ་པར་ཉུལ། །ལས་བྱེད་མ་མོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཀུན་གྱི་བཀའ་ཉན་ཕོ་ཉ་ཡང་སྤྲུལ་ནི། །འབུམ་ཕྲག་བསམ་ཡས་སྣ་ཚོགས་འཇིགས་གཟུགས་ཅན། །རུ་ལུའི་སྒྲ་སྐད་ནམ་མཁའི་འབྲུག་ལྟར་སྒྲོགས། །ལ་ལ་གདུགས་དང་བླ་རེ་རྒྱལ་མཚན་འཕྱར། །ལ་ལ་འཕན་ལྡིང་སིལ་སྙན་རོལ་མོ་འཛིན། །ལ་ལ་གར་བྱེད་རིན་ཆེན་ཆར་པ་འབེབས། །ལ་ལ་རྡོ་རྗེ་ནོར་བུ་པདྨ་འཛིན། །ལ་ལ་རྒྱས་མཛད་རིན་ཆེན་སྒྲོམ་བུ་འཛིན། །ལ་ལ་དབང་མཛད་ཆགས་ཚུལ་མདངས་དང་ལྡན། །ལ་ལ་དྲག་མཛད་འཇིགས་གཟུགས་རྔམས་པ་སྟེ། །ལ་ལ་ཟིལ་གནོན་དྲག་པོའི་ཕྲིན་ལས་མཛད། །ལ་ལ་ནད་ཀྱི་རྐྱལ་པ་དགྲ་ལ་གཏོང་། །ལ་ལ་མཚོན་གྱི་བསྐལ་པ་དགྲ་ལ་གཏོང་། །ལ་ལ་ལྟས་ངན་གློ་བུར་ཡེ་འདྲོག་གཏོང་། །ལ་ལ་མི་རྐང་གླིང་བུ་དགྲ་ལ་འབུད། །ལ་ལ་རླུང་ནག་འཚུབས་མའི་ནང་ན་བཞུགས། །ལ་ལ་འོ་དོད་གནམ་དུ་འབོད་པ་སྟེ། །ལ་ལ་དུག་ཆེན་ས་ལ་བརྡལ་བར་བྱེད། །ཕོ་ཉ་ཡང་སྤྲུལ་ཚོགས་ལ་ཕྱག་འཚལ་བསྟོད། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་བརྗོད་ནས།

ཕུད་དང་རཀྟ་གཏོར་མར་སྦྲན་ལ། ཐུགས་དམ་གནད་ནས་བསྐུལ་ཞིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ། ཤན་པ་ནག་མོ་མི་ཟན་མ། །མིང་པོ་རྡོ་རྗེ་བདག་འབོད་ཀྱིས། །སྲིང་མོ་མ་ཐོགས་མྱུར་དུ་བྱོན། །མིང་པོ་རྡོ་རྗེའི་ལས་མཛོད་ཅིག །མ་གཡེལ་མ་གཡེལ་མ་དང་སྲིང་། །བྲག་ཕུག་གཉན་པོར་འདུ་བ་དང་། །མ་དང་སྲིང་མོ་ཉེ་རུ་རེ། །ཤན་པ་ནག་མོ་ཉེ་རུ་རེ། །མཱཾ་ས་ཟས་སུ་ཟ་བ་ཡང་། །མ་དང་སྲིང་མོ་ཉེ་རུ་རེ། །ཤན་པ་ནག་མོ་ཉེ་རུ་རེ། །(༤༡)ཚིལ་ཆེན་དུད་པ་གཏོང་བ་ཡང་། །མདངས༴། །ཤན་པ༴། །བྷནྡྷ་རཀྟས་བཀང་བ་ཡང་། །མདངས་༴། །ཤན་པ༴། །དམར་ཆེན་གཏོར་མས་མཆོད་པ་ཡང་། །མདངས༴། །ཤན་པ༴། །ཛ་གད་ཕུད་ཀྱིས་མཆོད་པ་ཡང་། །མདངས༴། །ཤན་པ༴། །ཞིང་ཆེན་གཡབ་མོ་བྱ་བ་ཡང་། །མདངས༴། །ཤན་པ༴། །མི་རྐང་གླིང་བུ་འབུད་པ་ཡང་། །མདངས༴། །ཤན་པ༴། །ཚོགས་དང་མཆོད་པས་བསྐང་བ་ཡང་། །མདངས༴། །ཤན་པ༴། །གདུང་བའི་དབྱངས་ཀྱིས་འབོད་པ་ཡང་། །མདངས༴། །ཤན་པ༴། །བསྙེན་སྒྲུབ་ཏིང་འཛིན་བསྒོམ་པ་ཡང་། །མདངས༴། །ཤན་པ༴། །སྲོག་གི་སྙིང་པོ་བཟླ་བ་ཡང་། །མདངས༴། །ཤན་པ༴། །ཐུན་དང་ཟོར་གྱིས་བསྐང་བ་ཡང་། །མདངས༴། །ཤན་པ༴། །ཤེལ་ནག་མུན་པས་བསྐང་བ་ཡང་། །མདངས༴། །ཤན་པ༴། །མཁའ་ལྡིང་ནག་མོས་བསྐང་བ་ཡང་། །མདངས༴། །ཤན་པ༴། །ནམ་གྲུ་ནག་མོ་འཁོར་བཅས་ལ། །དམར་ཆེན་གཏོར་མས་ཐུགས་དམ་བསྐང་། །ཛ་གད་ཕུད་ཀྱིས༴། །ཞུན་ཆེན་མར་མེས༴། །ཚིལ་ཆེན་དུད་པས༴། །སྨན་དང་རཀྟས༴། །ཤེལ་ནག་མཁའ་ལྡིང་༴། །རྔ་དང་རོལ་མོས༴། །ཐུན་དང་ཟོར་གྱིས༴། །བསྐང་ངོ་བསྐལ་པར༴། །བསྐངས་པས་དངོས་གྲུབ་བདག་ལ་སྩོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཚེ་དང་དཔལ་འབྱོར་རྒྱས་པ་དང་། །དགེ་ཞིང་ཞི་བའི་ལས་འགྲུབ་དང་། །འདོད་པ་སྐོངས་ལ་བསམ་པ་སྒྲུབས། །ཆག་ཆེ་ཉམ་ང་ལ་སོགས་པའི། །རྐྱེན་ངན་བར་ཆད་ཟློག་པ་དང་། །དགྲ་སོད་བགེགས་ཐུལ་འདོད་པ་སྒྲུབས། །བཀྲ་ཤིས་ཕུན་སུམ་ཚོགས་པར་མཛོད། །མཧཱ་བ་ལིཾ་ཏ་ཁཱ་ཧི། མཧཱ་མཱཾ་ས༴། མཧཱ་རཀྟ་ལ༴། མཧཱ་གོ་རོ་ཙ་ན་ལ༴། མཧཱ་ཨ་མྲ྇་ཏ་ལ་ཁཱ་ཧི། ཞེས་ཕུད་དང་རཀྟ་སྦྲེང་ངོ་། །

རྒྱུན་གྱི་སྐོང་གསོལ་དེ་ནས་གཏོར་མ་བཏང་ནས་བཀྲ་ཤིས་བརྗོད། གལ་ཏེ་མངོན་སྤྱོད་ཀྱི་ལས་བསྒྲུབ་དགོས་ན། གདབ་ལས་དང་རྦད་བསྐུལ་བྱ་བ་ལས། གདབ་ལས་ནི་ཉ་བོའི་སྟེང་དུ་ལག་ཕུར་རམ་ཟངས་གྲི་ལ་སོགས་པས་གདབ་ཅིང་དགྲ་དངོས་སུ་བསམས་ལ། ཧཱུྃ། སྲིད་པའི་མ་མོ་མཐུ་མོ་ཆེ། །བཤན་པ་གསོད་བྱེད་ནག་མོ་སྟེ། །ཞབས་གཉིས་རཀྟའི་རྦ་ལ་འཕྱོ། །ཕྱག་གཉིས་ཕུར་བུས་དགྲ་སྙིང་གཟིར། །སྲོག་དབུགས་ལྷུ་གཟུགས་སོ་སོར་འབྲལ། །དམ་ཉམས་དགྲ་བོ་ཆེ་གེ་ཡི། །སྲོག་ཆོད་སྙིང་ཕྱུང་དབང་པོ་སྣུབས། །དུས་མཐའ་བསྟུངས་ལ་གཟེར་ཆེན་ཕོབ། །དེ་ཡི་བཀའ་ཉན་ལས་མཁན་མོ། །ལག་ན་གདུག་པའི་མཚོན་ཆ་བསྣམས། །དགྲ་བོའི་སྟེང་དུ་ད་གཟིར་ཅིག །མགོ་ལུས་ཕྲོལ་ལ་དོན་སྙིང་ཕྱུངས། །ཤ་ཟོ་ཁྲག་འཐུང་རུས་ལ་ཡ། །ཤན་པ་ནག་མོའི་ཞལ་དུ་བསྟབ། །ལས་མཁན་འབུམ་གྱི་ཞལ་དུ༴། །ཤ་ཟ་སྟོང་གི༴། །གདུགས་པའི་དགྲ་བོ་ཆེ་གེ་མོ། །ཤན་པ་འཁོར་བཅས༴། །མ་དང་སྲིང་མོའི༴། །ཤ་རུས་ཁམ་ཚད་ལིངས་སི་ལིང་། །སྙིང་ཁྲག་དྲོན་མོ་ཙ་ར་ར། །གློ་སྙིང་ནང་ཁྲོལ་ཆི་ལི་ལི། །ཞིང་ཆེན་ལྷུ་གཟུགས་ཁྲོ་ལོ་ལོ། །ཐོད་རུས་རྒལ་ཚིགས་ཉི་ལི་ལི། །མ་སྲིང་ཞལ་དུ་ཁ་རཾ་ཁཱ་ཧི། ༀ་ཁྱི་ཁ་ལེ་ནག་མོ་ལི་ལི་ཏི་ཏི་རྃ་རྃ་བྷྱོ་བྷྱོ། མ་མ་རཀྨོ་རཀྨོ་ཆེ་(༤༢)གེ་མོའི་ལུས་ངག་ཡིད་གསུམ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་དུམ་བུར་ཕུལ་གཏོར་མར་བསྟབ་པོ། །

དེ་ནས་ལས་ཀྱི་མ་མོ་དགྲ་ལ་རྦད་པ་ནི། གཏོར་མ་དགྲ་ཕྱོགས་སུ་བཏེགས་ལ་རབ་ཏུ་ཁྲོས་བས་འདི་སྐད་དོ། །བྷྱོ། མཁའ་འགྲོ་ནག་མོ་མི་སྲུན་མ། །ཤ་ཟ་ཁྲག་མིག་སྲིན་མོའི་གདོང་། །འཇིགས་པའི་གཟུགས་ཅན་མཁའ་འགྲོའི་གཙོ། །སྐུ་མདོག་ནག་མོ་ཆར་སྤྲིན་མདོག །ཕྱག་ན་གསོད་པའི་མཚོན་ཆ་བསྣམས། །ཆིབས་སུ་སྲིད་པའི་རླུང་ལ་བཅིབས། །རལ་པ་མཚོན་ཆ་ཤ་ར་ར། །གཅེར་བུ་མི་ལྤགས་སྟོད་ལ་དཀྲིས། །གློ་སྙིང་ཁྲག་འཛག་ཞལ་དུ་གསོལ། །ཁྲག་གི་ཞམ་ཆུ་ཀྱུ་རུ་རུ། །མཆེ་བ་ཟངས་ཡག་རབ་ཏུ་གཙིགས། །སྨ་ར་སེར་པོ་མེ་སྟག་འཕྲོ། །སྤྱན་གསུམ་སྡང་མིག་དགྲ་ལ་གཟིགས། །ཤངས་ནས་འཚུབས་མ་མཚོན་ཆར་འགྱེད། །བ་སྤུ་མཚོན་ཆ་མེ་ལྟར་འབར། །མི་མགོ་རློན་པའི་དོ་ཤལ་ཅན། །དམར་གྱི་གཏོར་མ་འདི་བཞེས་ལ། །དགྲ་བོའི་སྟེང་དུ་ད་རྒྱུག་ཅིག །དམ་ཉམས་སྙིང་ལ་ད་གཟིར་ཅིག །དབུགས་ཆོད་སྲོག་འཕྲོག་བདུད་ཆོད་ཅིག །གཡས་ན་གསོད་བྱེད་ཤ་ཟ་མོ། །སྐུ་མདོག་དམར་མོ་ཙེ་རེ་རེ། །རལ་པ་ཉིལ་བས་ས་གཞི་ཁེབས། །ཕུར་བུ་འཁྲིལ་པས་སྟོང་གསུམ་གཡོ། །རོ་ལ་ཞོན་ནས་ཤ་ལ་ཟ། །རྐན་བརྡབ་དགྲ་བོའི་མིག་འབྲས་འབྲུལ། །ལྕགས་སྡེར་མཚོན་ཆས་དགྲ་སྙིང་འབྱིན། །ཞིང་དབྱུག་རྡེབས་པས་སྲིད་གསུམ་གཡོ། །དུང་གི་མཆེ་བ་ཐམས་སེ་ཐམ། །ཁྲག་གི་མཆི་མ་ཆི་ལི་ལི། །དམར་གྱི་གཏོར་མ་འདི་བཞེས་ལ། །དགྲ་བོའི་སྟེང་དུ་ད་རྒྱུག་ཅིག །དམ་ཉམས་སྙིང་ལ་ད་གཟིར་ཅིག །སྲོག་རྩ་དམར་པོ་ད་ཆོད་ཅིག །གཡོན་ན་ནག་མོ་ཝ་ཡི་གདོང་། །སྐུ་མདོག་ནག་མོ་ཙེ་རེ་རེ། །ཞལ་ནས་ཁྲག་གི་ཞམ་ཆུ་འབབ། །ཕྱག་ན་ཞགས་པ་གྲི་གུག་ཐོགས། །བ་སྤུ་མཚོན་ཆ་སྤུ་གྲིའི་སོ། །རེག་པ་ཙམ་གྱིས་མགོ་ལུས་འབྲལ། །དུར་བྱ་ཞོན་ནས་སྟོང་ཁམས་ཉུལ། །དམར་ཆེན༴། །དགྲ་བོའི༴། །དམ་ཉམས༴། །སྲོག་རྩ་ཆོད་ལ་སྙིང་རྩ་ཕྱུང་། །ཤ་ཟོ་ཁྲག་འཐུང་ཀེང་རུས་མུར། །མདུན་ན་སྲོག་གཅོད་ཤ་ཟ་སྟོང་། །སྐུ་མདོག་མཐིང་ནག་ཙེ་རེ་རེ། །ཁྭ་དང་འུག་པ་བྱ་རྒོད་གདོང་། །ཁྲག་རལ་མཚོན་ཆ་ཉི་ལི་ལི། །བསེ་ཡི་འདབ་གཤོག་སྤུ་གྲི་འབར། །གནམ་ལྕགས་མཆུ་སྡེར་ཟངས་སེ་ཟང་། །མཚོན་ཆ་སྣ་ཚོགས་ཤ་ར་ར། །ལྕེ་སྤྱང་ཞོན་ནས་སྟོང་ཁམས་ཉུལ། །དམར་ཆེན༴། །དགྲ་བོའི༴། །སྲོག་རྩ༴། །ཤ་ཟོ་ཁྲག་འཐུང་རུས་ལ་མུར། །རྒྱབ་ན་ལས་བྱེད་མ་མོ་འབུམ། །སྐུ་མདོག་སྣ་ཚོགས་ཙེ་རེ་རེ། །ཕྱག་མཚན་མཚོན་ཆ་སྐར་ལྟར་འཁྲུག །དྲེལ་རྟ་ཞོན་ནས་སྟོང་ཁམས་ཉུལ། །རལ་པ་མཚོན་ཆ་ཉི་ལི་ལི། །དམར་ཆེན༴། །དགྲ་བོའི༴། །དམ་ཉམས༴། །སྲོག་རྩ༴། །ཤ་ཟོ༴། །བཀའ་ཉན་ཡང་སྤྲུལ་ཕོ་ཉ་མོ། །ལས་མཁན་འབུམ་ཕྲག་བྱེ་བ་རྣམས། །འཇིགས་པའི་གཟུགས་ཅན་སྣ་ཚོགས་ཏེ། །ལ་ལ་བྱད་ཁ་རྦོད་གཏོང་མོ། །གཅེར་བུ་གྲི་ཐོགས་ཡེ་རེ་རེ། །ལ་ལ་ནད་དང་རིམས་བདག་མོ། །ནད་ཡམས་བུ་ཡུག་ཐུ་ལུ་ལུ། །ལ་ལ་གློ་བུར་(༤༣)ཡེ་འདྲོག་མོ། །གྲི་རྒོད་འཁྲུག་པ་ཤ་ར་ར། །ལ་ལ་རྨུགས་བྱེད་རོ་ལངས་མོ། །སྨྱོ་འབོག་བརྒྱལ་ནད་ཐ་ལ་ལ། །ལ་ལ་ཕུང་བྱེད་སྒྲོལ་གིང་མོ། །བསད་ཁྲག་རྦ་ཀློང་ཉེ་རེ་རེ། །ལ་ལ་འཇོམས་བྱེད་ལས་མཁན་མོ། །དགྲ་བགེགས་རྡུལ་དུ་སངས་སེ་སང་། །ལ་ལ་གསོད་བྱེད་ཤན་པ་མོ། །སྙིང་ཁྲག་ཞལ་དུ་ཀྱུ་རུ་རུ། །ལ་ལ་འབོད་བྱེད་རོ་ལངས་མོ། །འོ་དོད་གནམ་དུ་ལྷངས་སེ་ལྷང་། །ལ་ལ་དུལ་བྱེད་ལས་མཁན་མོ། །ཞིང་ཆེན་གཡབ་མོ་ལིངས་སེ་ལིང་། །དམར་གྱི་གཏོར་མ་འདི་བཞེས་ལ། །དགྲ་བོའི་སྟེང་དུ་ད་རྒྱུག་ཅིག །དམ་ཉམས་སྙིང་ལ་ད་གཟིར་ཅིག །སྲོག་རྩ་ཆོད་ལ་སྙིང་རྩ་ཕྱུང་། །ཤ་ཟོ་ཁྲག་འཐུང་རུས་ལ་མུར། །གསོད་བྱེད་ཆེན་མོ་ད་རྒྱུག་ཅིག །ལུས་སྲོག་ཕྲོལ་ལ་དབང་པོ་སྣུབས། །ལས་མཁན་ཆེན་མོ་ད༴། །དབུགས་ལོངས་བདུད་ཆོད་འོད་ཕྲོགས་ཤིག །སྒྲོལ་གིང་ཆེན་མོ་ད༴། །ཤ་ཟོ་ཁྲག་འཐུང་རུས་ལ་མུར། །བྱད་མཁན་ཆེན་མོ་ད༴། །དགྲ་བོའི་སྙིང་ལ་ཐུན་ཟོར་བྷྱོ། །ནད་བདག་ཆེན་མོ་ད༴། །དགྲ་ལ་དལ་ཡམས་གཟེར་ཐུང་ཕོབ། །རིམས་བདག་ཆེན་མོ་ད༴། །དགྲ་ལ་ཡམས་ནད་ཁྲག་ནད་ཕོབ། །སྨྱོ་བྱེད་ཆེན་མོ་ད༴། །དགྲ་ལ་བརྒྱལ་ནད་སྨྱོ་འབོག་ཐོང་། །རྗེད་བྱེད་ཆེན་མོ་ད༴། །དགྲ་རྣམས་རྨུགས་ཤིང་རེངས་སུ་ཆུག །འཇིགས་བྱེད་ཆེན་མོ་ད༴། །དགྲ་རྣམས་ཐལ་བའི་རྡུལ་དུ་རློག །ཟ་བྱེད་ཆེན་མོ་ད༴། །དགྲ་རྣམས་སྙིང་ཁྲག་གཏིང་ནས་འཇིབ། །གནོད་བྱེད་ཆེན་མོ་ད༴། །དགྲ་རྣམས་ཚལ་པ་དུམ་བུར་གཏུབས། །འཇོམས་བྱེད་ཆེན་མོ་ད༴། །དགྲ་རྣམས་ཐམས་ཅད་ད་གཞོམ་ཅིག །སྣ་སྟུན་ཆེན་མོ་ད༴། །དགྲ་རྣམས་མི་མཐུན་སོ་སོར་ཕྱེས། །ཕུང་བྱེད་ཆེན་མོ་ད༴། །དགྲ་རྣམས་མིང་ཙམ་མེད་པར་མཛོད། །ཐལ་བའི་རྡུལ་ཕྲན་བཞིན་དུ་རློག །མེ་ཡིས་བསྲེགས་ལ་ཆུ་ཡིས་ཤོལ། །རླུང་གིས་གཏོར་ལ་སྟོང་པར་མཛོད། །ༀ་ཁྱི་ཁ་ལེ་ནག་མོས་སོད། སྲོག་ཏྲི་སོད། སྙིང་ཁ་ཁ་བམ་ཡ་སོད། ཙ་བ་བརི་མུ་སོད། གྷ་ཡ་སོད། རཀྨོ་རཀྨོ་མ་གཟིར་ནན། ཁཾ་ཁུག་དྲངས་ཆེ་གེ་མོའི་ཙིཏྟ་ལ་རྦད། ཅེས་བརྗོད་དོ། །

དེ་ནས་རང་ཉིད་དྲག་པོའི་ལྷར་གསལ་ཞིང་ཤིན་ཏུ་རྔམས་པས་ཐུན་དང་ཟོར་གྱི་ལས་བྱ་སྟེ། ཟོར་ལམ་དབྱེ་བ་དང་། དཔང་གཟུག་པ་དང་། ཉེས་པ་བསྒྲག་པ་ནི། བྷྱོཿ མ་སྲིང་དམ་ཅན་རྒྱ་མཚོ་དང་། །ལྷ་ཀླུ་སྡེ་བརྒྱད་ལ་སོགས་པ། །སྣང་སྲིད་ལྷ་འདྲེ་ཐམས་ཅད་དང་། །ཡུལ་ལྷ་གཞི་བདག་འཁོར་བཅས་རྣམས། །དོ་ནུབ་གཟུ་དང་དཔང་མཛོད་ཅིག །དམ་ཉམས་སྡིག་ཅན་དགྲ་བོ་འདིས། །རིག་འཛིན་སྔགས་འཆང་རྣལ་འབྱོར་བདག །བྱང་ཆུབ་བསྒྲུབ་ཏུ་མ་སྟེར་བས། །ཐུན་དང་ཟོར་གྱི་ལས་བྱོས་ཤིག །བདག་ལ་སྡང་བྱེད་དགྲ་བོ་འདིས། །བླ་མ་དམ་པའི་སྐུ་ལ་བསྡོས། །སངས་རྒྱས་བསྟན་པ་གཉན་པོ་བཤིག །དཀོན་མཆོག་དབུ་འཕང་གཉན་པོ་སྨད། །འཇིག་རྟེན་སྐྱེ་བོ་ཡོངས་ལ་འཚེ། །དབེན་གནས་གཉན་འདི་བཅོམ་བརླག་བྱས། །རྡོ་རྗེ་རྒྱལ་པོ་དམངས་སུ་ཕབ། །སྲུང་མ་གཉན་(༤༤)པོ་ཁྱད་དུ་བསད། །སྡིག་ཅན་ལས་ཀྱི་མཐའ་འཁོར་བས། །དོ་ནུབ་བསྒྲལ་བའི་དུས་ལ་བབས། །

བྷྱོ། སྔགས་འཆང་བདག་གིས་ཟོར་ཅིག་འཕེན། །དོ་ནུབ་ཟོར་གྱི་ལམ་ཕྱེས་ཤིག །སྟེང་གི་ལྷ་ལ་མི་འཕེན་ནོ། །འོག་གི་ཀླུ་ལ་མི་འཕེན་ནོ། །གཞི་བདག་གཉན་ལ་མི་འཕེན་ནོ། །དབུ་ཞབས་བསྲིངས་པ་ཐམས་ཅད་བསྡུས། །དམ་ཉམས་དགྲ་བོའི་སྟེང་དུ་འཕེན། །ཤན་པ་འཁོར་བཅས་ད་རྒྱུག་ཅིག །མ་སྲིང་ལས་མཁན་ཆེན་མོ་རྣམས། །ཐུན་དང་ཟོར་གྱི་ལས་ལ་བྷྱོ། །

ཧཱུྃ། ཉུངས་དཀར་ཐུན་གྱི་རྒྱལ་པོ་འདི། །ཡན་ལག་མེད་པར་སྟོང་གསུམ་འགྲོ། །གཤོག་པ་མེད་པར་ནམ་མཁར་ལྡིང་། །མཚོན་ཆ་མེད་པར་ལྟོ་རྒྱབ་འབྱིན། །དགྲ་བོ་དམ་ཉམས་ཆེ་གེ་མོ། །ལྟོ་རྒྱབ་གཙང་མར་ཐལ་གྱིས་ཕྱུངས། །ཐོགས་པ་མེད་པར་བསྒྲལ་དུ་གསོལ། །ༀ་ཁྱི་ཁ་ལེ་ནག་མོས་སོད། མཱ་ར་ཡ་ཐུན་བྷྱོ། རྦད་ཐུམ་རི་ལི་ལི་ཧི་བ་ཧེ་ས་ར་ཁ་ར་ཧོར་ཏི་ཤོད། ཟོན་ཟོན་མཱཾ་ས་ཐུན་རྦད། ཅེས་པས་ཡུངས་ཀར་གྱི་ཟོར་དགྲ་ཕྱོགས་སུ་འཕངས་པས། ཡུངས་ཀར་རྡོག་པོ་རྣམས་ཕོ་ཉ་ཡང་སྤྲུལ་དུ་བསམས་ཏེ། སྐད་ཅིག་གིས་སོང་ནས་དགྲ་བོ་མི་ནོར་འཁོར་དང་བཅས་པ་ཐམས་ཅད་རྡུལ་དུ་བུན་བུན་སོང་ནས་མིང་ཡང་མེད་པར་བསམ་ཞིང་བརྒྱ་རྩ་བརྒྱད་དུ་འཕང་ངོ་། །དེ་ནས་ཆུ་ཟོར། ཁྲག་ཟོར། མདའ་ཟོར། རྡོ་ཟོར། མཚོན་ཟོར་རྣམས་ཀྱང་རིམ་པས་བརྒྱ་རྩ་རེ་དགྲ་ཕྱོགས་སུ་འཕང་ཞིང་། ཟོར་རྣམས་ལས་ཀྱི་ཤ་ཟ་འཕྲོ་བས་དགྲ་བོ་འཁོར་དང་བཅས་པ་ལ་བབས་ཏེ་ཁྲག་ཏུ་སྐྱུགས་ནས་བསད། མཚོན་གྱིས་གཏུབ། རྡུལ་ཕྲན་བཞིན་དུ་བརླག་པར་བསམ་ཞིང་། ཨ་ཁྱི་ཁ་ལེ་ནག་མོ་སོད། སྲོག་ཏྲི་སོད། སྙིང་ཁ་ཁ་བཾ་ཡ་ཡ་སོད། ཙ་བ་བ་རི་མུ་སོད། གྷ་ཡ་སོད། ཎི་ཡ་སོད། རཀྨོ་ཙིཏྟ་རྦད། ཆེ་གེ་མོའི་སྲོག་ལ་རྃ་ཡྃ་ཁྃ་མཱ་ར་ཡ་ཐུན་བྷྱོ། རཀྨོ་རྣྲ་ཤ་ཀུ་རུ་ལུ་ཐུཾ་རྦད། རཀྨོ་ཁ་ལ་ཙ་ཐུན་བྷྱོ། རཀྟ་ཐུན་རྦད། ཙ་ལ་ཙ་ལ་བྷྱོ། ཙིཏྟ་ལ་རྦད། སྙིང་ལ་དུན། རཀྨོ་ཁ་ལ་ཙ་ཙ་དུན་བྷྱོ། ཏི་ཐ་བཾ་རིལ། ས་མ་ཡ་དུན་བྷྱོ། དགྲ་བོའི་སྲོག་ལ་མཱ་ར་ཡ་ཐུན་བྷྱོ། ཞེས་བཟླས་ཤིང་རྔ་དང་རོལ་མོ་བྱ། ཟོར་འཕང་། དུལ་མོ་དང་དམོད་བཅོལ་བྱས་པས་ཟླ་བ་མི་བགྲང་བར་དགྲ་ལ་ཡམས་ནད་དང་། འཁྲུག་པ་དང་། ལྟས་ངན་དང་། ཡེ་འདྲོག་བྱུང་ནས་ཕུང་བར་བྱེད་དོ། །འདི་ཤིན་ཏུ་གཉན་པས་ལྟ་དགོངས་བརྟན་པ་གལ་ཆེའོ། །དེ་ནས་རང་གི་གནས་སུ་བཀྲ་ཤིས་བརྗོད་དོ། །

དཔལ་ལྡན་ཤན་པ་ནག་མོའི་སྐོང་གསོ་འདི། །ཐེག་མཆོག་རྡོ་རྗེ་རྒྱལ་པོའི་རྣལ་འབྱོར་པས། །གངས་རི་ཐོད་དཀར་མགུལ་དུ་ལེགས་པར་བཀོད། །དགེ་བས་མངོན་སྤྱོད་ཕྲིན་ལས་འགྲུབ་པར་ཤོག །ཤན་པ་ནག་མོའི་སྐོང་གསོ་རོ་ལངས་ཐལ་བྱེད་ཅེས་བྱ་བ་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བསྡེབས་པ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ།། །།


previousཤན་པ་སྲོག་སྒྲུབ་ནག་མོའི་སྐོང་གསོའི་ཆོ་ག་རོ་ལངས་ཐལ་བྱེད་ཅེས་བྱ་བ།next