Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཟ༽


   
   
   
   
  expand section
  expand section
   
   
   
   
   
   
   
   
   
རྒྱལ་བརྔན་ལོ་རྒྱུས་དང་བཅས་པ།
   
  expand section
   
   
  expand section
   
  expand section
   
   


 
previousརྒྱལ་བརྔན་ལོ་རྒྱུས་དང་བཅས་པ།next

རྒྱལ་བརྔན་ལོ་རྒྱུས་དང་བཅས་པ།

༄༅། །རྒྱལ་བརྔན་ལོ་རྒྱུས་དང་བཅས་པ་ཞེས་བྱ་བ་བཞུགས་སོ། །

༄༅། །ༀ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ན་མ། སྔོན་འཛམ་བུ་གླིང་གི་དབུས་དག་ན། །བཙད་པོ་ཁྲི་སྲོང་ལྡེའུ་བཙན་དེས། །བསམ་ཡས་ཆོས་འཁོར་བཞེངས་པ་ལ། །ས་བདག་ཀླུ་གཉན་ཁྲོས་གྱུར་ནས། །ལྷ་ཁང་ཉིན་བརྩིགས་མཚན་མོར་བཤིག །རི་རྡོ་ཐམས་ཅད་གཤོང་ལ་ཕག །ཀླུང་རྡོ་ཐམས་ཅད་རི་ལ་བསྐྱལ། །ལོ་ཏོག་རྩི་ཤིང་ཐམས་ཅད་བསྲེགས། །ནད་དང་གནོད་པ་སྣ་ཚོགས་བྱུང་། །བཙན་པོའི་ལྷ་ཁང་ཤོལ་ལ་ཐུག །བཙན་པོ་རྒྱལ་བློན་བཀའ་བགྲོས་ཏེ། །སློབ་དཔོན་པདྨ་སྤྱན་དྲངས་ནས། །བྲག་དམར་དཔལ་གྱི་བསམ་ཡས་སུ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །རྡོ་རྗེ་ཕུར་པའི་དཀྱིལ་འཁོར་བཞེངས། །ལྷ་འདྲེ་ཐམས་ཅད་དམ་ལ་བཏགས། །དཀོན་མཆོག་གསུམ་ལ་མཆོད་པ་ཕུལ། །ལྷ་དང་སྲུང་མ་ཐམས་ཅད་དང་། །ས་བདག་ཀླུ་གཉན་ཐམས་ཅད་བརྔན། །དེ་ཚེ་ཆོས་འཁོར་བཞེངས་སུ་བཏུབ། །ལྷ་སྲུང་བརྔན་པའི་བྱིན་རླབས་ཀྱིས། །བོད་ཁམས་བདེ་ཞིང་བཀྲ་ཤིས་དང་། །རྒྱལ་བློན་སྐུ་ཚེ་རིང་བ་དང་། །འབྲས་དྲུག་ལོ་ཏོག་སྨིན་པ་དང་། །ཤིང་ཏོག་རྩི་ཐོག་རྒྱས་པ་དང་། །ལེགས་པའི་ཡོན་ཏན་བསམ་མི་ཁྱབ། །དེ་ཕྱིར་ཕྱི་རབས་རྣལ་འབྱོར་པས། །བསམ་པ་ཐམས་ཅད་འགྲུབ་པ་དང་། །གྲགས་པས་ནམ་མཁའ་ཁྱབ་པ་དང་། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་དང་། །སངས་རྒྱས་བསྟན་པ་བསྲུང་བ་དང་། །དགེ་བའི་བར་ཆད་བསལ་བ་དང་། །སྒྲུབ་པོའི་སྡོང་གྲོགས་བྱེད་པ་དང་། །ནད་པ་ཡོ་ནས་བསླང་བ་དང་། །ཡུལ་མཁར་སོ་མ་རྩིག་པ་དང་། །དགོན་གནས་གསར་རྙིང་འཛིན་པ་དང་། །ཐག་རིང་མགྲོན་པོ་འགྲོ་བ་དང་། །ཆུ་ཆེན་སྒྲོལ་དང་ཟམ་འཛུགས་དང་། །གཏོ་འཕེན་དམག་སྣ་བཟློག་པ་དང་། །ནོར་བསྐྱང་རྒན་པོའི་ཚེ་བསྲིང་དང་། །བུ་ཚ་གསོ་དང་ཚེ་ཐར་གཏོང་། །གདོན་བགེགས་གནོད་པ་སྲུང་བ་དང་། །རྨི་ལྟས་ངན་པ་བཟློག་པ་དང་། །བྲི་ཀློག་ཉན་བཤད་བྱེད་པ་དང་། །རིམས་ནད་ཡམས་ནད་བཅད་པ་དང་། །སད་སེར་སྲུང་དང་ཆར་འབེབས་དང་། །བག་མ་གཏོང་ལེན་བྱེད་པ་དང་། །ཞིང་རྨོ་ཁང་ཁྱིམ་འབུབ་པ་དང་། །མཐུ་དང་སེར་བ་འབེབས་པ་སོགས། །ཞི་རྒྱས་དབང་དྲག་ལ་སོགས་པའི། །དྲག་དལ་ལས་རྣམས་གང་བྱེད་ཀྱང། །བླ་མ་དཀོན་མཆོག་མཆོད་པ་དང་། །ལྷ་འདྲེ་ཐམས་ཅད་བརྔན་པ་ནི། །ཤིན་ཏུ་གཙང་མའི་ས་གཞི་ལ། །གཞི་མ་དཀར་པོའི་སྟེང་དུ་ནི། །དཀོན་མཆོག་མཆོད་པ་རྒྱ་ཆེར་བཤམ། །ཤ་ཆང་གཏོར་མ་སྣ་ཚོགས་དང་། །ཟས་ཕུད་གཙང་མ་སྣ་ཚོགས་དང་། །རིན་ཆེན་འབྲུ་སྣ་སྣ་ཚོགས་དང་། །འབྲས་ཀྱི་གཡག་ལུག་ར་གསུམ་དང་། །བ་གླང་བོང་བུ་མཛོ་དྲེའུ་དང་། །སྲོག་ཆགས་གཟུགས་བརྙན་སྣ་ཚོགས་བྱེད། །མངར་གསུམ་སྨན་སྣ་མང་པོ་དང་། །དཀར་གསུམ་མེ་ཏོག་སྣ་ཚོགས་དང་། །གསེར་སྡོང་རིན་ཆེན་སྣ་ཚོགས་དང་། །སྟག་(༤)སོགས་རས་མ་སྣ་ཚོགས་དང་། །ཟ་འོག་དར་སྣ་སྣ་ཚོགས་དང་། །དུང་སོགས་མཆོད་པ་སྣ་ཚོགས་དང་། །སྦ་སོག་རྩི་ཤིང་སྣ་ཚོགས་དང་། །མཁན་ཤུག་ཕྱེ་མར་སྤོས་སྣ་སོགས། །དྲི་ཞིམ་དུད་པས་ནམ་མཁའ་གང་། །དར་ཕྱར་དུང་འབུད་རྔ་ཆེན་བརྡུང་། །སྙན་པའི་དབྱངས་ཀྱི་འདི་སྐད་དོ། །ཧཱུྃ། བསྟན་པ་འདི་ལ་ངོ་མཚར་རྨད་དུ་བྱུང་། །འཇིག་རྟེན་མགོན་གྱུར་པདྨ་རྒྱལ་པོ་ནི། །རིགས་ནི་ཟ་ཧོར་རྒྱལ་པོའི་རིགས་སུ་འཁྲུངས། །ཨོ་རྒྱན་ཡུལ་དུ་སྒྲོ་འདོགས་མ་ལུས་བཅད། །བསིལ་བ་ཚལ་དུ་དངོས་གྲུབ་མ་ལུས་བརྙེས། །ཝཱ་ར་ཎཱ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར། །རྡོ་རྗེ་གདན་དུ་བསྟན་པའི་རྒྱལ་མཚན་བཙུགས། །རྒྱ་གར་ཡུལ་དུ་བསྟན་པ་རྒྱས་པར་མཛད། །བོད་ཀྱི་ཡུལ་དུ་སྣང་སྲིད་ལྷ་འདྲེ་བཏུལ། །ཁ་བ་ཅན་དུ་བསྟན་པ་རྒྱས་པར་མཛད། །ལྷོ་ནུབ་རྔ་ཡབ་གླིང་ཕྲན་ཡུལ་དུ་བྱོན། །ཞེ་སྡང་གདོང་དམར་སྲིན་པོའི་ཁ་གནོན་མཛད། །མྱ་ངན་མི་འདའ་འགྲོ་བའི་གཉེན་གཅིག་པུ། །སྐུ་གསུམ་ཆེ་མཆོག་བཛྲ་ཧེ་རུ་ཀ །དུས་གསུམ་མཉམ་ཉིད་བླ་མ་དུས་འདིར་དྲན། །བདག་དང་དབྱེར་མེད་བླ་མ་ཧེ་རུ་ཀ །རྒྱལ་བའི་དཀྱིལ་འཁོར་དག་པ་ཆེན་པོ་འདིར། །མི་འགྱུར་ལྷུན་གྲུབ་པདྨ་རྒྱལ་པོ་དང་། །བླ་མ་ཡི་དམ་མཁའ་འགྲོས་བྱིན་གྱིས་རློབས། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་ཆོས་དང་དགེ་འདུན་དང་། །ཞི་རྒྱས་དབང་དང་མངོན་སྤྱོད་ལྷ། །ཕྱི་ནང་སྲུང་མའི་ཚོགས་རྣམས་དང་། །གསང་སྔགས་རིག་སྔགས་ལྷ་རྣམས་དང་། །འདས་དང་མ་བྱོན་ད་ལྟར་གྱི། །ཕྱི་ནང་སྲུང་མ་དམ་ཚིག་ཅན། །མ་མོ་མཁའ་འགྲོ་ཤུགས་འགྲོ་དང་། །འཇིག་རྟེན་གནས་ཀྱི་མཆོག་གྱུར་པའི། །སྒྲུབ་གནས་བྱིན་ཆེན་ཐམས་ཅད་དང་། །གཞན་ཡང་ས་འོག་ས་སྟེང་གི། །གནས་བདག་ཆེན་པོ་ཐམས་ཅད་དང་། །འཁོར་དུ་གཏོགས་པའི་སྡེ་བརྒྱད་པོ། །སྟོང་གསུམ་ཁྱབ་པའི་མཐུ་རྩལ་ཅན། །ཆེ་རྒུ་གཉན་རྒུ་ཐམས་ཅད་དང་། །གཙུག་ལག་ཁང་དང་དབེན་གནས་ཀྱི། །སྲུང་མ་གཉན་པོ་ཐམས་ཅད་དང་། །གཞན་ཡང་ལྷ་ཀླུ་གནོད་སྦྱིན་དང་། །དྲི་ཟ་གྲུལ་བུམ་མཁའ་འགྲོ་སོགས། །བརྔན་པར་འོས་པའི་མགྲོན་རྣམས་དང་། །ས་བདག་ཀླུ་གཉན་ཐམས་ཅད་ཀུན། །སངས་རྒྱས་བསྟན་པ་བསྲུང་བ་དང་། །སྒྲུབ་པའི་སྡོང་གྲོགས་བྱེད་པ་དང་། །དགོན་གནས་བར་ཆད་བསལ་བ་དང་། །དགྲ་དང་བགེགས་རྣམས་གཞོམ་པ་དང་། །ནད་གདོན་གནོད་པ་ལ་སོགས་པ། །ཆག་ཆེ་ཉམ་ང་བཟློག་པ་དང་། །འདོད་པ་ཐམས་ཅད་སྒྲུབ་པའི་ཕྱིར། །མགྲོན་རྣམས་སྤྱན་འདྲེན་གནས་འདིར་བྱོན། །འདིར་གཤེགས་བཤམ་པའི་མཆོད་པ་བཞེས། །བསྟན་པ་དར་ཞིང་རྒྱས་པར་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །ཡིད་ལ་རེ་བ་སྐོང་བ་དང་། །ཀུན་ཀྱང་བཤད་པའི་ཆོས་ལ་ཉོན། །བྱིན་རླབས་དངོས་གྲུབ་དཀྱིལ་འཁོར་ནས། །སྐུ་ལྔ་ཡེ་ཤེས་ལྔ་ལྡན་(༥)མཆོག །སྒྲུབ་བརྒྱུད་བླ་མའི་ཚོགས་རྣམས་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཆོས་སྐུ་ཀུན་བཟང་ལ་སོགས་པའི། །ཆོས་སྐུའི་བླ་མ་ཐམས་ཅད་ལ། །ཕྱག་འཚལ༴། །མཚན་དཔེ་འབར་བའི་ཞིང་ཁམས་ནས། །ཞི་ཁྲོ་རབ་འབྱམས་ལ་སོགས་པའི། །ལོངས་སྐུའི་བླ་མ་ཐམས་ཅད་ལ། །ཕྱག་འཚལ༴། །འོག་མིན་ཆོས་ཀྱི་ཕོ་བྲང་ནས། །དྲུག་པ་རྡོ་རྗེ་འཆང་ཆེན་དང་། །རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ། །ཕྱག་འཚལ༴། །ཁྱད་པར་འགྲོ་བའི་གཉེན་གཅིག་པུ། །ཨོ་རྒྱན་པདྨ་རྒྱལ་པོ་ལ། །ཕྱག་འཚལ༴། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །སྤྲུལ་སྐུའི་བླ་མ་ཐམས་ཅད་ལ། །ཕྱལ་འཚལ༴། །བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ། ཕྱག་འཚལ༴། །ཡུམ་ལྔ་རིན་ཆེན་ཕྲེང་བ་ལ། །ཕྱག་འཚལ༴། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །ཕྱག་འཚལ༴། དུས་གསུམ་སངས་རྒྱས་ཐམས་ཅད་ལ། །ཕྱག་འཚལ༴། །ཞི་ཁྲོ་དཔལ་ཆེན་འཁོར་བཅས་ལ། །ཕྱག་འཚལ༴། །རིགས་གསུམ་མགོན་པོ་འཁོར་བཅས་ལ། །ཕྱག་འཚལ༴། །གདུང་བ་སེལ་བ་ལ་སོགས་པའི། །འཕགས་པ་རང་རྒྱལ་ཐམས་ཅད་ལ། །ཕྱག་འཚལ༴། །འོད་སྲུང་ཆེན་པོ་ལ་སོགས་པའི། །ཉན་ཐོས་ཆེན་པོ་ཐམས་ཅད་ལ། །ཕྱག་འཚལ༴། །བྷ་ར་དྷྭ་ཛ་ལ་སོགས་པའི། །གནས་བརྟན་ཆེན་པོ་ཐམས་ཅད་ལ། །ཕྱག་འཚལ༴། །ནམ་མཁའི་སྙིང་པོ་ལ་སོགས་པའི། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །ཕྱག་འཚལ་མཆོད༴། །ཚོགས་གཉིས་རྒྱ་མཚོ་རྫོགས་པར་མཛོད། །ཨིནྡྲ་བྷཱུ་ཏི་ལ་སོགས་པའི། །གྲུབ་ཆེན་བརྒྱད་པོ་ཐམས་ཅད་ལ། །ཕྱག་འཚལ༴། །ས་ར་ཧ་པ་ལ་སོགས་པའི། །གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ལ། །ཕྱག་འཚལ༴། །ཀླུ་སྒྲུབ་སྙིང་པོ་ལ་སོགས་པའི། །རྒྱན་དྲུག་མཆོག་བརྒྱད་ཐམས་ཅད་ལ། །ཕྱག་འཚལ༴། །དོན་ཡོད་ཞགས་པ་ལ་སོགས་པའི། །ཀྲི་ཡ་བྱ་རྒྱུད་ལྷ་རྣམས་དང་། །པདྨ་བརྩེགས་པ་ལ་སོགས་པའི། །ཨུ་པ་སྤྱོད་རྒྱུད་ལྷ་རྣམས་ལ། །ཕྱག་འཚལ༴། །ངན་སོང་སྦྱོང་བ་ལ་སོགས་པའི། །ཡོ་ག་རྣལ་འབྱོར་ལྷ་རྣམས་ལ། །ཕྱག་འཚལ༴། །གསང་འདུས་རྡོ་རྗེ་གདན་བཞི་དང་། །མཱ་ཡཱ་འཇིགས་བྱེད་སྒྱུ་འཕྲུལ་དྲྭ། །རྡོ་རྗེ་ཕུར་པ་ལ་སོགས་པའི། །མཧཱ་ཨ་ནུ་བླ་མེད་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །ཕྱག་འཚལ༴། །མི་ནུབ་བྱང་ཆུབ་སེམས་ཀྱི་ལུང་། །ཀུན་བཟང་རྡོ་རྗེ་སེམས་དཔའི་ཚོགས། །སྙིང་པོ་དོན་གྱི་ལྷ་རྣམས་ལ། །ཕྱག་འཚལ༴། །འཇམ་དཔལ་སྐུ་དང་པདྨ་གསུང་། །ཕུར་པ་ཕྲིན་ལས་ལ་སོགས་པའི། །སྒྲུབ་པ་བཀའ་བརྒྱད་ལྷ་རྣམས་ལ། །ཕྱག་འཚལ༴། །ནུབ་ཕྱོགས་ཨོ་རྒྱན་ལ་སོགས་པའི། །དུར་ཁྲོད་ཆེན་པོ་ཐམས་ཅད་ཀྱི། །མ་སྲིང་མཁའ་འགྲོ་རྒྱ་མཚོ་ལ། །ཕྱག་འཚལ༴། །གནས་དང་ཉེ་བའི་གནས་དང་ཡུལ། །ཉི་ཤུ་རྩ་བཞིའི་མཁའ་འགྲོ་དང་། །(༦)སྲུང་མ་ཞིང་སྐྱོང་ཐམས་ཅད་ལ། །ཕྱག་འཚལ༴། །འདོད་རྒུའི་རེ་བ་བསྐང་དུ་གསོལ། །ཧཱུྃ། མཆོད་ཡོན་མེ་ཏོག་བདུག་སྤོས་དྲི། །ཞལ་ཟས་རོལ་མོ་གཏོར་མ་དང་། །སྐུ་གླུད་བསང་ཕུད་སྣ་ཚོགས་ཀྱིས། །འཇིག་རྟེན་འདས་དང་མ་འདས་པའི། །སྲུང་མ་གཉན་པོ་ཐམས་ཅད་དང་། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་སོགས། །ཆེ་རྒུ་གཉན་རྒུ་ཐམས་ཅད་བརྔན། །ན་བཟའ་ལྷབ་ལྷུབ་སྣ་ཚོགས་དང། །རིན་ཆེན་ལྔ་ཡི་ཕྲེང་བ་ཡིས། །ལྷ་ཡི་དབང་པོ་ཚངས་པ་བརྔན། །བརྒྱ་བྱིན་གསེར་གྱི་ཕྱེ་མས་བརྔན། །རྒྱལ་ཆེན་སྡེ་བཞི་སྟག་གིས་བརྔན། །ཤེལ་སྒོང་ནག་པོ་སྤྱི་དཀར་དང་། །ཤ་ཁྲག་དམར་གྱི་གཏོར་མ་ཡིས། །མཧཱ་ཀཱ་ལ་ལྕམ་དྲལ་དང་། །ལེགས་ལྡན་ནག་པོ་འཁོར་བཅས་བརྔན། །རྒྱན་ཆའི་མཆོད་པ་སྣ་ཚོགས་དང་། །བདུད་རྩི་ཤ་ཁྲག་གསེར་སྐྱེམས་དང་། །མཁའ་ལྡིང་ནག་པོ་གསེར་མིག་གིས། །དཔལ་ལྡན་ལྷ་མོ་འཁོར་བཅས་བརྔན། །ཕྱི་ནང་གསང་བའི་མཆོད་གཏོར་དང་། །བྱ་ནག་ཁྱི་སྤྱང་དོམ་དྲེད་དང་། །བསང་ཕུད་སྤྱན་གཟིགས་སྣ་ཚོགས་ཀྱིས། །སྔགས་བདག་ཤན་པ་གཟའ་མཆོག་དང་། །དམར་ནག་དམ་ཅན་ལ་སོགས་པ། །དམ་ཅན་རྒྱ་མཚོ་འཁོར་བཅས་བརྔན། །ལྷ་རྣམས་འདོད་ཡོན་རྣམ་ལྔས་བརྔན། །ལྷ་མོ་མེ་ཏོག་ཕྲེང་བས་བརྔན། །ཀླུ་རྣམས་མངར་གསུམ་གཏོར་མས་བརྔན། །གཉན་རྣམས་དཀར་གསུམ་དར་ཟབ་བརྔན། །ས་བདག་གསེར་དངུལ་རིན་ཆེན་བརྔན། །ལྷ་མོ་བརྟན་མ་བུམ་པས་བརྔན། །དྲི་ཟ་དྲི་དང་གསུར་གྱིས་བརྔན། །གཤིན་རྗེ་ཤ་ཆང་གཏོར་མས་བརྔན། །ལྟོ་འཕྱེ་གྲུལ་བུམ་མི་འམ་ཅི། །མཁའ་ལྡིང་མཆོད་སྦྱིན་གཏོར་མས་བརྔན། །གནོད་སྦྱིན་རླུང་ལྷ་དྲང་སྲོང་རྣམས། །གསེར་གཡུ་སྦ་དང་སྨྱུག་མས་བརྔན། །དགེ་བསྙེན་ཤ་དང་ཆང་གིས་བརྔན། །ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་རྣམས། །ཡིད་དང་མཐུན་པའི་གཏོར་མས་བརྔན། །བཙན་རྣམས་བྱ་དང་ར་དཀར་བརྔན། །ཀླུ་བདུད་སྦྲུལ་དང་སྦལ་པས་བརྔན། །ལན་ཆགས་མགྲོན་རྣམས་གཏོར་མས་བརྔན། །དམ་སྲི་གནོད་སྦྱིན་འབྱུང་པོ་རྣམས། །སྐུ་གླུད་དར་ཟབ་གཏོར་མས་བརྔན། །རྒྱ་མཚོའི་ནང་གི་ཀླུ་ཆེན་བརྒྱད། །ཀླུ་རྟ་རྒྱན་དང་བཅས་པས་བརྔན། །བར་སྣང་གནས་པའི་གཟའ་ཆེན་བརྒྱད། །ནས་ནག་ར་དང་སྙིང་གིས་བརྔན། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། །བློན་པོ་སུམ་ཅུ་རྩ་བདུན་རྣམས། །རིན་ཆེན་གསེར་འབུལ་ཕྱེ་མས་བརྔན། །འཕྲོག་མ་མ་བུ་ལྔ་བརྒྱའི་ཚོགས། །ཆང་བུ་དག་གི་གཏོར་མས་བརྔན། །རིགས་ཀྱི་སྲུང་མ་ཐམས་ཅད་ལ། །སོ་སོར་དགྱེས་པའི་གཏོར་མས་བརྔན། །སྒོ་བཞི་སྲུང་མ་འཁོར་བཅས་རྣམས། །རིན་ཆེན་དར་ཟབ་དོང་ཙེས་བརྔན། །ལྷ་སྲུང་གཉན་པོ་ཁྱེད་རྣམས་ཀྱིས། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །བསམ་པ་སྒྲུབ་ལ་རེ་བ་སྐོངས། །འཁོར་སྲུང་རྐྱེན་ཟློག་བར་ཆད་སོལ། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་ཐུགས་སུ་ཆུད་པའི་གནས། །(༧)རྡོ་རྗེ་གདན་གྱི་ས་བདག་བརྔན། །རྒྱ་གར་ཤར་ནུབ་རི་ཆེན་པོ། །མ་མོ་མཁའ་འགྲོ་འདུ་བའི་གནས། །རི་བོ་ཏ་ལའི་ས་བདག་བརྔན། །རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །བྱ་རྒོད་ཕུང་པོའི་རི་དང་ནི། །སྤོས་ངད་ལྡན་པའི་རི་བོ་ཡི། །ས་བདག་གཉན་པོ་ཐམས་ཅད་བརྔན། །ཙཱ་རི་ཙ་གོང་ལ་སོགས་པའི། །རྒྱ་གར་ཤར་ཕྱོགས་ཡུལ་རྣམས་ཀྱི། །ས་བདག་གཉན་པོ་ཐམས་ཅད་བརྔན། །བསིལ་བ་ཚལ་གྱི་དུར་ཁྲོད་དང་། །རྔམས་པ་སྒྲ་སྒྲོགས་ཚང་ཚིང་འཁྲིགས། །ཧ་ཧ་དགོད་པ་ལ་སོགས་འདི། །དུར་ཁྲོད་བརྒྱད་ཀྱི་ས་བདག་བརྔན། །རྒྱལ་པོའི་ཁབ་དང་ཡངས་པ་ཅན། །མཉན་ཡོད་གནས་བཅས་ལ་སོགས་པའི། །གྲོང་ཁྱེར་ཡུལ་འཁོར་ཐམས་ཅད་ཀྱི། །ས་བདག་གཉན་པོ་ཐམས༴། །གཞན་ཡང་ཁ་ཆེ་ཨོ་རྒྱན་ཡུལ། །ལི་ཡུལ་བལ་ཡུལ་ལ་སོགས་པའི། །ས་བདག་གཉན་པོ་ཐམས༴། །འཇིག་རྟེན་གསུམ་སྣང་མནྡཱ་ར། །འབིགས་བྱེད་ལ་སོགས་འཛམ་གླིང་འདིའི། །ས་བདག་གཉན་པོ་ཐམས༴། །མ་དྲོས་ལ་སོགས་མཚོ་རྣམས་དང་། །གངྒཱ་སིནྡྷུ་ལ་སོགས་པའི། །ཆུ་ཆེན་རྣམས་ཀྱི་ས་བདག༴། །ཏི་སེ་གངས་རི་ལ་སོགས་པའི། །མགུར་ལྷ་གཉན་པོ་ཐམས༴། །མ་ཕམ་ཀླུ་གཉན་ལ་སོགས་པའི། །ས་བདག་གཉན་པོ་ཐམས༴། །རི་བོ་གནྡྷོ་ལ་སོགས་པའི། །ལི་ཡི་ས་བདག་ཐམས༴། །ལྕང་ར་སྨུག་པོ་ལ་སོགས་པའི། །སོག་ཡུལ་གཞི་བདག་གཉན་པོ༴། །གཞན་ཡང་གྲུ་གུ་ཞང་ཞུང་དང་། །གར་ལོག་ལ་སོགས་མཐའ་འཁོབ་ཡུལ། །

གཞི་བདག་གཉན་པོ་ཐམས༴། །རྒྱ་གར་རྒྱན་ནག་ཧོར་དང་འཇང་། །བལ་ཡུལ་བོད་ཡུལ་ལ་སོགས་པའི། །གཞི་བདག་གཉན་པོ་ཐམས་ཅད༴། །ཁྱད་པར་མངའ་རིས་དབུས་གཙང་དང་། །མདོ་ཁམས་གཞི་བདག་གཉན་པོ༴། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །འཁོར་སྲུངས་རྐྱེན་ཟློག་བར་ཆད་སོལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །ཧཱུྃ། ཡུལ་ནི་རྡོ་རྗེའི་བྲག་དམར་གྱི། །སྲིང་གཅིག་གངས་དཀར་ཤ་མེད་མ། །ཆིབས་སུ་དྲེའུ་རྟ་རྐང་གསུམ་ཆིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཡུལ་ནི་རྨ་ཆེན་སྤོམ་ར་ཡི། །སྲིང་གཅིག་ཁ་རག་ཁྱུང་བཙུན་མ། །ཆིབས་སུ་གྱི་ལིང་ཁ་དཀར་བཅིབས། །བཤོས་བུ༴། །ཡུལ་ནི་དབུ་རུའི་ཉིན་ཚལ་གྱི། །སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ། །ཆིབས་སུ་ཆུ་རྟ་སྔོན་པོ་བཅིབས། །བཤོས་བུ༴། །ཡུལ་ནི་མནྡཱ་དེ་བ་ཡི། །སྲིང་གཅིག་རྡོ་རྗེ་ཀུན་གྲགས་མ། །ཆིབས་སུ་ཆུ་གླང་སྔོན་པོ་བཅིབས། །བཤོས་བུ༴། །ཡུལ་ནི་ལྷོ་ཡུལ་དེ་ཉིན་གྱི། །སྲིང་གཅིག་སྐྱི་མཐིང་གཡའ་མ་སྐྱོང་། །ཆིབས་སུ་གསེར་ཤ་ཡུ་མོ་བཅིབས། །བཤོས་བུ༴། །ཡུལ་ནི་དཔེ་མེད་ལྟེ་བ་ཡི། །སྲིང་གཅིག་ཁུག་ཆོས་གཡའ་མ་བསིལ། །ཆིབས་སུ་རུས་སྦལ་མགོ་དགུ་བཅིབས། །བཤོས་བུ༴། ཡུལ་ནི་བལ་ཡུལ་གསེར་ཕུག་ན། །ཨེ་ཀ་ཛ་ཊཱི་རལ་གཅིག་མ། །ཆིབས་སུ་གཡུ་འབྲུག་སྔོན་པོ་བཅིབས། །བཤོས་བུ༴། །ཡུལ་ནི་ནཱ་ལེན་དྷ་ར་(༨)ན། །བཙན་ལ་རོལ་པའི་སྨན་གཅིག་མ། །ཆིབས་སུ་དྲེའུ་རྟ་རྐང་གསུམ་བཅིབས། །བཤོས་བུ༴། །ཡུལ་ནི་ཀོང་ཡུལ་ཀོང་ཕུག་ན། །སྲིང་གཅིག་གངས་ཀྱི་གཡུ་བུན་མ། །ཆིབས་སུ་སྟག་མོ་རིས་ཁྲ་བཅིབས། །བཤོས་བུ༴། །ཡུལ་ནི་མང་ཡུལ་མང་ཏིང་ན། །ཆེ་ཞེ་གཙུག་གི་འོད་འཆང་མ། །ཆིབས་སུ་འབྲོང་པོ་དར་མ་བཅིབས། །བཤོས་བུར༴། །ཡུལ་ནི་དབུ་རུ་སྙིང་པོ་ཡི། །བྱང་གི་མང་ཏིང་ཏིང་མོ་བཙུན། །ཆིབས་སུ་འབྲོང་ཆེན་འབྱིང་བ་བཅིབས། །བཤོས་བུ༴། །ཡུལ་ནི་ནུབ་ཡུལ་རྒན་ཚལ་གྱི། །བརྡལ་ལྷ་བཙན་མོ་གདུག་པ་འདུལ། །ཆིབས་སུ་དོམ་ནག་སྙིང་དཀར་བཅིབས། །བཤོས་བུར༴། །བརྟན་མ་ཆེན་མོ་ཁྱེད་རྣམས་ཀྱིས། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བསམ་པ་སྒྲུབ་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །ཧཱུྃ། བོད་ཡུལ་ཀུན་གྱི་གཞི་བདག་ནི། །ཆེ་རྒུ་གཉན་རྒུ་ཐམས་ཅད་བརྔན། །རྡོ་རྗེ་ལེགས་པ་ལ་སོགས་པའི། །གཙང་གི་གཡས་རུ་ཉིན་སྲིབ་ཀྱི། །གཞི་བདག་གཉན་པོ་ཐམས་ཅད་བརྔན། །ཁ་རག་ཁྱུང་བཙུན་ལ་སོགས་པའི། །གཙང་གི་གཡོན་རུ་ཉིན་སྲིབ་ཀྱི། །གཞི་བདག་གཉན་པོ་ཐམས་ཅད་བརྔན། །ཐང་ལྷ་ཡར་ཞུར་ལ་སོགས་པའི། །དབུ་རུ་ཉིན་སྲིབ་གཞི་བདག་བརྔན། །ཤམ་པོ་གང་བཟང་ལ་སོགས་པའི། །གཡོ་རུ་ཉིན་སྲིབ་གཞི་བདག་བརྔན། །ཡར་འབྲོག་གཡུ་མཚོ་ཕྱུག་མོ་བརྔན། །བྱང་གི་གནམ་མཚོ་ཕྱུག་མོ་བརྔན། །སྟོད་ཀྱི་ལྷ་རྒོད་མདུང་རྩེ་བརྔན། །འོད་དེ་གུང་རྒྱལ་ལ་སོགས་པའི། །ཉང་པོ་འོལ་ཁའི་གཞི་བདག་བརྔན། །སྒམ་པོ་དཔལ་རི་ལ་སོགས་པའི། །དྭགས་པོའི་གཞི་བདག་གཉན་རྣམས་བརྔན། །ཀོང་བཙུན་དེ་མོ་ལ་སོགས་པའི། །

ཀོང་པོའི་ཡུལ་གྱི་གཞི་བདག་བརྔན། །གསལ་རྗེ་གྱེར་རྗེ་ལ་སོགས་པའི། །གཉལ་ལོ་བྱར་གྱི་གཞི་བདག་བརྔན། །རྡོ་རྗེ་གྲགས་སྐྱེས་ལ་སོགས་པའི། །མོན་ཡུལ་རྡོ་དང་གློ་རྣམས་ཀྱི། །གཞི་བདག་གཉན་པོ་ཐམས་ཅད་བརྔན། །སྐུ་ལྷ་མཁའ་རི་ལ་སོགས་པའི། །ལྷོ་བྲག་ཡུལ་གྱི་གཞི་བདག་བརྔན། །རི་ཞུར་གངས་སྨན་ཅན་ལ་སོགས། །གྲུ་ཤུལ་ལུང་པའི་གཞི་བདག་བརྔན། །ནགས་སོག་ཆུ་རྒྱུད་དགེ་བསྙེན་དང་། །ཨ་ལ་རྡོད་ཀྱི་གཞི་བདག་བརྔན། །རྔུ་ཡི་ཉིན་སྲིབ་གཞི་བདག་བརྔན། །ལྷོ་ཡི་རོང་ལྷ་རྒྱལ་མཚན་དང་། །རོང་བཙན་ཁ་བ་དཀར་པོ་དང་། །དབང་ཆེན་ལྷ་མོ་མཆེད་བརྒྱད་དང་། །དམག་དཔོན་དགྲ་འདུལ་དབང་ཕྱུག་དང་། །སྨུག་རི་མོ་ནམ་ལ་སོགས་པའི། །ཚ་བ་སྒང་གི་གཞི་བདག་བརྔན། །ཀཾ་གྱི་ཐོད་རྒལ་རྨོག་ཞུ་དང་། །གཟེ་ཡི་ག་གཡོག་ག་པ་དང་། །ལྕེ་ཡི་བྲག་ལ་མདའ་ཟུག་དང་། །ཟླ་སྙིང་དཀར་ནག་སུམ་མདོ་དང་། །རྩི་ཡི་པང་རྒོད་མཐོན་པོ་དང་། །རྒྱ་མདོའི་གངས་དཀར་མཆེད་བརྒྱད་དང་། །ཟླ་བའི་གཞི་བདག་ཐམས་ཅད་བརྔན། །ཀླུ་ཡི་མགོན་པོ་དཀར་པོ་སོགས། །སྨར་ཁམས་ཡུལ་གྱི་གཞི་བདག་བརྔན། །ལྷ་ཡི་མགོན་པོ་དཀར་པོ་སྟེ། །མགྱོགས་བྱེད་སྡོང་ར་ལ་སོགས་པའི། །འབྲི་ཀླུང་ཉིན་(༩)སྲིབ་གཞི་བདག་བརྔན། །ལྡན་གྱི་ཝང་སྙེ་སྨྲེ་རུ་དང་། །གེར་མཛོད་རིང་མོ་དབང་ཞུ་དང་། །མཚམས་ལྷའི་གཞི་བདག་གཉན་པོ་བརྔན། །མཛའ་དང་ཤབ་རྨེ་ལ་སོགས་པའི། །སྤོམ་སྦོར་སྒང་གི་གཞི་བདག་བརྔན། །ཤར་གྱི་རྨ་གཉན་སྤོམ་ར་ནི། །རྨ་རིགས་སུམ་བརྒྱ་དྲུག་ཅུའི་མཆེད། །སྲིང་ལྕམ་བཞི་བཅུ་ཞེ་ལྔར་བཅས། །རྨ་ལུང་ཉིན་སྲིབ་གཞི་བདག་བརྔན། །བེའུ་ཡི་ནི་དུག་མཚོ་དང་། །སྟོང་ར་ཡི་ནི་མཚོ་ནག་དང་། །དེ་འུམ་ཆང་མཚོ་དཀར་མོ་དང་། །ཁྲི་ཤོར་རྒྱལ་མོའི་མཚོ་དང་ནི། །ཙོང་ཁ་ཡི་ནི་མཚོ་སྔོན་དང་། །མཚོ་སྨན་རྒྱལ་མོ་མཆེད་ལྔ་བརྔན། །སྐྱེས་རི་གཉན་པོ་ལ་སོགས་པའི། །ཙོང་ཁ་ཉིན་སྲིབ་གཞི་བདག་བརྔན། །ཨེ་ཚེ་རི་དང་ཧ་ལ་ཤན། །དགའ་དང་བྱང་ངོས་གཞི་བདག་བརྔན། །རྨ་ལུང་དན་ཏིག་རི་བོའི་ལྷ། །གཞོན་ནུ་ཀར་ཏི་ཀ་ལ་སོགས། །མདོ་ཁམས་སྒང་གི་གཞི་བདག་བརྔན། །ཞང་ཤོད་ལ་བོ་ཆེ་ལ་སོགས། །དབྱར་མོ་ཐང་གི་གཞི་བདག་བརྔན། །རྩི་ཡི་འདུས་རི་མཐོན་པོ་བརྔན། །སྤོ་ཏི་ཤག་དམར་སྒང་རྒྱུད་བརྔན། །སྤོ་ཏིའི་ཤེལ་ལུང་ཕྱུག་མོ་བརྔན། །གྲོལ་གྱི་གཡའ་ལུང་རལ་གསུམ་བརྔན། །རྨང་གྲོལ་རལ་གསུམ་གཞི་བདག་བརྔན། །དགུ་རིམ་བཞི་གསུམ་གཞི་བདག་བརྔན། །སྙེ་གོང་སྙེ་མར་གཞི་བདག་བརྔན། །སྙན་གོང་ཉིན་སྲིབ་གཞི་བདག་བརྔན། །བྲག་དམར་བྱ་རྒོད་ལ་སོགས་པའི། །ཏེ་ཆུའི་གཞི་བདག་ཀླུ་གཉན་བརྔན། །ལྷ་སྲིན་གདུག་པ་མང་བྱེད་པའི། །འོ་དེ་རལ་གསུམ་གཞི་བདག་བརྔན། །ཤིན་ཏུ་ཁྲོ་གཏུམ་ཆེ་བ་ཡི། །རྒྱལ་མོ་རོང་གི་གཞི་བདག་བརྔན། །འཇང་རི་སྨུག་པོ་ལ་སོགས་པའི། །འཇང་ཡུལ་གཞི་བདག་ཐམས་ཅད་བརྔན། །ཤར་ཕྱོགས་རྒྱ་ནག་འོད་དེ་ཤན། །རི་བོ་རྩེ་ལྔ་ལ་སོགས་པའི། །རྒྱ་ནག་ཡུལ་གྱི་གཞི་བདག་བརྔན། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །ཆེ་རྒུ་གཉན་རྒུ་ཐམས་ཅད་བརྔན། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །རེ་བ་ཐམས་ཅད་སྐོང་བ་དང་། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །ཧཱུྃ། གཞན་ཡང་སྟོང་གསུམ་འཛམ་གླིང་ཡུལ། །ས་འོག་ས་སྟེང་ས་བླ་ཡི། །གཞི་བདག་གཉན་པོ་ཐམས་ཅད་བརྔན། །ས་ལ་གནས་པའི་ས་བདག་བརྔན། །ཆུ་ལ་གནས་པའི་ཆུ་བདག་བརྔན། །བྲག་ལ་གནས་པའི་གཞི་བདག་བརྔན། །བར་སྣང་གང་བའི་ལྷ་རྣམས་བརྔན། །ཡུལ་ལ་གནས་པའི་གཞི་བདག་བརྔན། །ལམ་ལ་གནས་པའི་གཞི་བདག་བརྔན། །འཕྲང་ལ་གནས་པའི་གཞི་བདག་བརྔན། །བྲག་ལ་གནས་པའི་གཞི་བདག་བརྔན། །གྲུ་ཟམ་ལ་གནས་གཞི་བདག་བརྔན། །འགྲོ་ལམ་ལ་གནས་གཞི་བདག་བརྔན། །གཞི་བདག་གཉན་པོ་ཁྱེད་རྣམས་ཀྱང་། །མཐུ་སྟོབས་རྫུ་འཕྲུལ་སོ་སོར་ཆེ། །དཔལ་དང་འབྱོར་པ་སོ་སོར་ཆེ། །མངའ་རིས་མངའ་ཐང་སོ་སོར་ཆེ། །མཛད་པའི་ཕྲིན་ལས་སོ་སོར་ཆེ། །མཆོད་པའི་འོས་སུ་སོ་སོར་ཆེ། །དེ་བས་གཞི་བདག་གཉན་རྣམས་ལ། །(༡༠)ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །འདོད་པའི་དོན་ལ་གསོལ་འདེབས་ཀྱི། །སྔོན་གྱི་ཐུགས་དམ་བརྩེར་དགོངས་ཏེ། །དགྱེས་པའི་མཆོད་ཡོན་བཞེས་ནས་ཀྱང་། །བདག་གི་རེ་བ་བསྐང་དུ་གསོལ། །བརྔན་འོས་ཁྱེད་རྣམས་བརྔན་པ་ཡིས། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །ཧཱུྃ། གཞན་ཡང་བརྔན་པར་འོས་པའི་མགྲོན། །མིང་དང་མཚན་ནས་མ་ཐོན་པའི། །བླ་མ་ཡི་དམ་མཁའ་འགྲོ་དང་། །སྲུང་མ་དམ་ཅན་རྒྱ་མཚོ་དང་། །ལྷ་དང་དྲང་སྲོང་ཐམས་ཅད་བརྔན། །ཡུལ་ལྷ་ནོར་ལྷ་ནང་ལྷ་དང་། །ལམ་ལྷ་གཉན་པོ་ཐམས་ཅད་བརྔན། །གཞན་ཡང་དུས་གསུམ་ཕ་མ་དང་། །ཁམས་གསུམ་རིགས་དྲུག་ཐམས་ཅད་བརྔན། །ཡི་དྭགས་རྣམས་དང་བགེགས་རྣམས་དང་། །ལན་ཆགས་སྙིང་རྗེའི་མགྲོན་རྣམས་བརྔན། །གློ་བུར་ལྷགས་པའི་མགྲོན་རྣམས་དང་། །ལྷག་མའི་མགྲོན་རིགས་ཐམས་ཅད་བརྔན། །ཕམ་རྒྱལ་མེད་པར་ཐོབ་ནས་ཀྱང་། །ཡིད་ལ་རེ་བ་རྫོགས་པར་མཛོད། །ཧཱུྃ། དེ་ལྟར་མགྲོན་རིགས་ཐམས་ཅད་ཀྱིས། །མངའ་རིས་སྤྱན་ལམ་སོ་སོ་རུ། །མཆོད་སྦྱིན་གཏོར་མ་འདིས་བརྔན་པས། །ལོངས་སྤྱོད་ནམ་མཁའི་མཛོད་གྱུར་ཏེ། །གང་ལ་ཅི་འདོད་ཐོབ་པར་ཤོག །རྒྱལ་བརྔན་ཆེན་མོ་འདི་མཛད་པས། །མགྲོན་རིགས་བརྔན་པའི་བྱིན་རླབས་ཀྱིས། །བདག་གི་དོན་རྣམས་འགྲུབ་པར་ཤོག །སྔོན་ཚེ་སློབ་དཔོན་པདྨ་ཡིས། །རྒྱལ་བརྔན་ཆེན་མོ་འདི་མཛད་པས། །གཙུག་ལག་འགྲུབ་ཅིང་མཐའ་དམག་ཐུལ། །རྗེ་ཡི་དགོངས་པ་འགྲུབ་པ་ལྟར། །བདག་གིས་མགྲོན་རྣམས་བརྔན་པ་ཡིས། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །འཁོར་རྣམས་སྲུངས་ལ་རྐྱེན་རྣམས་ཟློག །ཚེ་སྲིངས་དཔལ་སྐྱེད་འབྱོར་པ་སྤེལ། །སྙན་པ་སྒྲུབས་ལ་གྲགས་པ་སྒྲོགས། །རྟག་ཏུ་འགོ་ཞིང་སྡོང་གྲོགས་མཛོད། །

མགྲོན་ལམ་བདེ་ཞིང་འཇིགས་པ་མེད། །ལམ་འཕྲང་བདེ་བར་བགྲོད་པ་དང་། །རྙེད་པ་ཆེན་པོ་འགྲུབ་པ་དང་། །གཞི་བྱེས་ཀུན་ཏུ་བདེ་ལེགས་མཛོད། །ཅེས་པ་འདི་ཡང་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་ཉེ་བར་སྦྱར་བའོ། །དགེའོ།། །།


previousརྒྱལ་བརྔན་ལོ་རྒྱུས་དང་བཅས་པ།next