Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཟ༽


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
ཞྭ་པདྨ་དབང་ཆེན་མི་འགྱུར་ལྷུན་གྱིས་གྲུབ་པའི་ཕུད་རབས་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་དགའ་སྟོན།
  expand section
   
   
  expand section
   
  expand section
   
   


 
previousཞྭ་པདྨ་དབང་ཆེན་མི་འགྱུར་ལྷུན་གྱིས་གྲུབ་པའི་ཕུད་རབས་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་དགའ་སྟོན།next

ཞྭ་པདྨ་དབང་ཆེན་མི་འགྱུར་ལྷུན་གྱིས་གྲུབ་པའི་ཕུད་རབས་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་དགའ་སྟོན།

༄༅། །ཞྭ་པདྨ་དབང་ཆེན་མི་འགྱུར་ལྷུན་གྱིས་གྲུབ་པའི་ཕུད་རབས་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །

༄༅། །དགོས་འདོད་མ་ལུས་འབྱུང་བའི་གནས། །བླ་མ་ཡི་དམ་མཁའ་འགྲོ་དང་། །དམ་ཅན་རྒྱ་མཚོའི་ཞབས་བཏུད་དེ། །ཕུད་རབས་མཆོད་པའི་ཆོ་ག་བྲི། །

དེ་ལ་དང་པོ་ལེགས་པར་བཤམས་པ་ནི། རིན་པོ་ཆེ་ལ་སོགས་པའི་མཆོད་གཞོང་གཙང་མར། བསང་བཤོས་ཟླ་གམ་རྩེ་ལྔ་པ་མར་ཐུད་ལ་སོགས་པས་བརྒྱན་པའི་མཐར་ཤ་དང་ཁུར་བ་ལ་སོགས་པས་བསྐོར་ཞིང་། གསེར་སྐྱེམས་དང་གཡུ་སྔོན་ལ་སོགས་པའི་མཆོད་རྫས་མང་པོ་དང་། སྤོས་དང་མར་མེ་ལ་སོགས་པའི་མཆོད་པ་དང་། རོལ་མོའི་བྱེ་བྲག་སྣ་ཚོགས་དང་། མཆོད་འབྲུ་དང་ཕུད་ཕོར་ལ་སོགས་སྟ་གོན་བྱས་ལ་མཆོད་རྫས་ཐམས་ཅད་ལ་རོལ་(༡༡)མོས་བྱིན་དབབ་པོ། །དེ་ནས་བདག་ཉིད་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་གིས་འདུག་སྟེ། ཐལ་མོ་སྦྱར་ཞིང་སྐྱབས་སུ་འགྲོ་བ་ནི། རྒྱུ་སྦྱོར་བས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ལན་གསུམ།

སེམས་བསྐྱེད་པ་ནི། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ། དེ་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་བར་བགྱིའོ། །ལན་གསུམ། ན་མོ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་བི་ཤུདྡྷོ་ཧཾ། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཆེན་པོ། སྟོང་པའི་ངང་ལས་པྃ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། རང་ཉིད་འཕགས་པའི་རྒྱལ་པོ་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡོན་པདྨ་དཀར་པོའི་ཡུ་བ་ཐུགས་ཀར་འཛིན་ཅིང་། གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན། ཞབས་སྐྱིལ་ཀྲུང་དུ་བཞུགས་པ་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། འོད་ཟེར་མུ་མེད་པ་འཕྲོ་བའི་འོད་ཀྱིས་ཤར་ཕྱོགས་རི་པོ་ཏ་ལ་ནས་འཕགས་པ་སྤྱན་རས་གཟིགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་བདག་ལ་ཐིམ་པས་རང་ཉིད་སྤྱན་རས་གཟིགས་དངོས་སུ་གྱུར། ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ

དེ་ནས་མཆོད་རྫས་བྱིན་གྱིས་བརླབས་པ་ནི། རྃ་ལས་མེ་འབར་མཆོད་རྫས་སོ་སོའི་འབག་བཙོག་དང་སེར་སྣ་ལ་སོགས་པའི་མ་དག་པ་ཐམས་ཅད་བསྲེགས། ༀ་སྭ་བྷཱ་ཝ་བི་ཤུདྡྷེ་བཛྲ་སིདྡྷི་ཧཱུྃ། མཆོད་རྫས་སུ་སྣང་བ་ཐམས་ཅད་ཀྱང་ཤིན་ཏུ་རྣམ་པར་དག་པར་གྱུར། སྟོང་པའི་ངང་ལས་ྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁྃ་ལས་མཆོད་རྫས་ཀྱི་དངོས་པོ་ཡེ་ཤེས་ཀྱི་བདུད་རྩི་དཔག་ཏུ་མེད་པར་གྱུར། ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁ་བྷྱ་སརྦ་ཏཏྑཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨ་ལས་བདུད་རྩི་དེ་ཉིད་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ༀ་ཨ་མྲ྇་ཏེ་ཧཱུྃ་ཕཊ། ༀ་ལས་འདོད་ཡོན་དེ་དག་མགྲོན་སོ་སོས་ཅི་བཞེད་པའི་ལོངས་སྤྱོད་དུ་གྱུར། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱདྱ་ནུཏྤནྣ་ཏོཏྟ་ༀ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཧཱུྃ་ལས་འོད་འཕྲོས་ལོངས་སྤྱོད་དེ་དག་མགྲོན་སོ་སོའི་སྤྱན་ལམ་དུ་འབབ་པར་འགྱུར། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུྃ། ཛ་ལས་སྤྱན་ལམ་དུ་བབས་པའི་ལོངས་སྤྱོད་རྣམས་མགྲོན་ཐམས་ཅད་ཀྱིས་ཕམ་རྒྱལ་མེད་པར་ཐོབ་པའི་ནུས་པ་དང་ལྡན་པར་གྱུར། ༀ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་(༡༢) སརྦ་ཨརྠ་སཱངྷ་ནི་སྭཱ་ཧཱ། མཆོད་ཡོན་ཕུན་སུམ་ཚོགས་པ་ཡིད་བཞིན་གྱི་གཏེར་མཁོ་རྒུ་འབྱུང་བས་འཕགས་པ་སྤྱན་རས་གཟིགས་དང་། འདོད་ཡོན་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ལྟ་བུས་ས་གཞི་བར་སྣང་ཐམས་ཅད་གང་བར་གྱུར།

དེ་ནས་ཡུལ་ཁམས་བྱིན་གྱིས་བརླབ་པ་ནི། ༀ་སྭ་བྷཱ་ཝས་སྦྱངས། སྣོད་བཅུད་ཀྱི་ཆོས་ཐམས་ཅད་སྟོང་པའི་ངང་ལས་ྃ་ཛྙཱ་ན་ཙཀྲ་ྃ་ལས་ཕྱི་ཡུལ་དུ་སྣང་བ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་རིན་པོ་ཆེ་སྣ་ཚོགས་ཀྱི་ས་གཞི་ལ། ཡེ་ཤེས་རིན་པོ་ཆེའི་གཞལ་ཡས་ཁང་བཀོད་པ་ཚད་མེད་པས་བརྒྱན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔལ་ཐམས་ཅད་ཀྱི་བཞུགས་གནས་སུ་གྱུར་པ། རྒྱ་ཚད་མེད་པ། ཉེ་འཁོར་མཐའ་ཡས་པ། ཕྱི་ནང་ཀུན་ནས་མགྲོན་སོ་སོའི་གནས་དང་གདན་དང་བཀོད་པ་མཐའ་ཡས་པ་ས་གཞི་དང་བར་སྣང་ཐམས་ཅད་པདྨ་རིན་པོ་ཆེའི་ཁྲི་དང་དར་ཟབ་རྣམས་བརྩེགས་པའི་ཁྲི་དང་། གདུགས་དང་། རྒྱལ་མཚན་དང་། བླ་རེ་དང་། འཕན་ལྡིང་དཔག་ཏུ་མེད་པའི་ཚོགས་དང་། རོལ་མོའི་ཚོགས་མཐའ་ཡས་པ་དང་། འདོད་པའི་ཡོན་ཏན་དཔག་མེད་པའི་སྤྲིན་ཕུང་འཁྲིགས་པས་རབ་ཏུ་བརྒྱན་པར་གྱུར། ༀ། ནམ་མཁའི་ཁམས་ཀྱི་མཐའ་ཀླས་པར། །ཕུང་པོ་ཐམས་ཅད་སངས་རྒྱས་ཞིང་། །རྣམ་དག་རིན་ཆེན་ས་གཞི་ལ། །ཡེ་ཤེས་འབར་བའི་གཞལ་ཡས་ཁང་། །མཐའ་ཡས་བསམ་གྱིས་མི་ཁྱབ་པ། །ཀུན་ཏུ་བཀོད་པ་ཚད་མེད་དེ། །གདན་ཁྲི་རིན་ཆེན་པདྨ་དང་། །དར་ཟབ་ལྷ་ཡི་གོས་ཀྱིས་བརྒྱན། །བླ་རེ་གདུགས་དང་རྒྱལ་མཚན་འཕན། །རོལ་མོ་སྣ་ཚོགས་སྤྲིན་ཕུང་འཁྲིགས། །ཕྱོགས་ཀྱི་ཉེ་འཁོར་ཐམས་ཅད་ཀྱང་། །དཔག་བསམ་ཤིང་དང་ལྗོན་པའི་ཚལ། །རིན་ཆེན་ཆུ་མཚོ་པདྨས་བརྒྱན། །གསེར་དངུལ་ལ་སོགས་རིན་ཆེན་རི། །འོད་འབར་ལྷ་ཡི་ཁང་བརྩེགས་འབར། །ཀུན་ནས་མཛེས་པའི་བཀོད་པས་བརྒྱན། །ས་དང་བར་སྣང་ཁམས་ཀུན་ཏུ། །ལྷ་དང་མི་ཡི་འདོད་ཡོན་གང་། །སྤོས་དང་རོལ་མོའི་སྤྲིན་ཕུང་འཕྲོ། །གྲངས་མེད་བསམ་གྱིས་མི་ཁྱབ་པ། །སྣ་ཚོགས་ཞིང་གི་ཡོན་ཏན་མཆོག །སེམས་ཀྱི་ཏིང་འཛིན་རོལ་མོ་ཡིས། །མངོན་སྤྲུལ་དག་པའི་གནས་མཆོག་འདིར། །འཕགས་དང་སོ་སོའི་སྐྱེ་བོ་ཡི། །མགྲོན་རྣམས་བཞུགས་པའི་གཞིར་གྱུར་ཅིག །ༀ་རཏྣ་མཎྜ་ལ་ས་མ་ཡེ་ཙཀྲ་ྃ།

དེ་ནས་མགྲོན་སྤྱན་དྲངས་པ་ནི། རང་གི་སྙིང་གའི་འོད་ཟེར་གྱིས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀྱི་མགྲོན་རིགས་ཐམས་ཅད་ལ་ཕོག་ནས་གཤེགས་པར་ཞུ་བ་ཕུལ་བས་ཐམས་ཅད་དགྱེས་ནས་འབྱོན་པར་བཀའ་གནང་བར་བསམས་ཏེ། སྤོས་དང་རོལ་མོའི་སྒྲ་དང་བཅས་ནས་སྤྱན་དྲངས་པ་ནི། ན་མོ། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །སེམས་འདི་རྒྱ་ཆེ་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་(༡༣)ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལ་མི་འདའ་ཐུགས་རྗེའི་དབང་གིས་ནི། །སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། །ཡིད་ཀྱིས་སྤྲུལ་ཞིང་མཆོད་པའི་གནས་འདི་རུ། །རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལ། །ཐོག་མའི་གནས་སུ་མངོན་པར་བྱང་ཆུབ་ནས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ། །ཆོས་སྐུ་ཀུན་ཏུ་བཟང་པོ་ནས་བཟུང་སྟེ། །རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་དང་། །གང་ཟག་སྙན་བརྒྱུད་བླ་མའི་ཚོགས་རྣམས་ཀུན། །བསོད་ནམས་རིན་ཆེན་གླིང་འདིར་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ་མ་ལུས་གཤེགས་སུ་གསོལ། །ཕྱི་ནང་རྒྱུ་འབྲས་ལུང་རིགས་སྙིང་པོའི་དོན། །མངོན་དུ་གྱུར་ནས་དངོས་གྲུབ་མཆོག་བརྙེས་ཤིང་། །སོ་སོའི་དམ་ཆོས་རིན་ཆེན་མཛོད་འཛིན་པར། །དཔལ་མགོན་བླ་མ་ཇི་སྙེད་བཞུགས་སོ་འཚལ། །ཡོན་ཏན་དགེར་འོས་གནས་འདིར་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ་མ་ལུས་གཤེགས་སུ་གསོལ། །སྤངས་དང་རྟོགས་པའི་ཡོན་ཏན་མཐར་ཕྱིན་ནས། །གཞན་དོན་མཐའ་ཡས་ཕྲིན་ལས་མངོན་དུ་གྱུར། །སྲིད་གསུམ་འགྲོ་བའི་རྩ་ལག་གཉེན་གཅིག་པུ། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་བཞུགས་སོ་འཚལ། །བཀྲ་ཤིས་གཙུག་ལག་ཁང་འདིར་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པའི་གཙོ། །རང་སྣང་ལོངས་སྤྱོད་དཀྱིལ་འཁོར་ལྷུན་གྲུབ་དང་། །ཞི་དང་ཁྲོ་ཚུལ་འབར་བའི་སྐུར་སྟོན་ཅིང་། །འོག་མིན་ལ་སོགས་ཞིང་ན་མངོན་བཞུགས་པ། །གསང་སྔགས་ཕྱི་ནང་དཀྱིལ་འཁོར་དཔག་མེད་ཀུན། །ཏིང་འཛིན་ཡིད་བཞིན་གནས་འདིར་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴། །ཐོག་མ་བར་དང་ཐ་མར་བར་དགེ་ཞིང་། །མྱ་ངན་འདས་པ་མཆོག་ཏུ་ཞི་བའི་ལམ། །རྒྱལ་བ་རྒྱལ་སྲས་ཉན་རང་ཀུན་གྱི་ཡུམ། །བཅོམ་ལྡན་ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །བསྟན་པའི་དམ་ཆོས་ཇི་སྙེད་བཞུགས་སོ་འཚལ། །རིན་ཆེན་གཞལ་མེད་ཁང་འདིར་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴། །གསང་སྔགས་རིག་སྔགས་གཟུངས་སྔགས་རྒྱུད་ཀྱི་དོན། །བྱ་བ་སྤྱོད་པ་རྣལ་འབྱོར་བླ་ན་མེད། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་གསང་བ་མཆོག །རྡོ་རྗེ་ཐེག་པ་ཇི་སྙེད་བཞུགས་སོ་འཚལ། །ཡོན་ཏན་ཚད་མེད་གནས་འདིར་སྤྱན་འདྲེན་གྱིས། །

འཁོར་དང་བཅས་ཏེ༴། །རྒྱུ་འབྲས་ཐེག་པ་ཀུན་གྱི་རྩེར་གྱུར་པ། །ཡེ་ནས་བྱང་ཆུབ་རྡོ་རྗེ་སྙིང་པོའི་ལུང་། །མི་ནུབ་རྒྱལ་མཚན་བྱང་ཆུབ་སེམས་ཀྱི་མདོ། །རང་བྱུང་ཡེ་ཤེས་ཀུན་ཏུ་བཟང་པོའི་རྒྱུད། །རང་བཞིན་རྫོགས་པ་ཆེན་པོ་བཞུགས་སོ་འཚལ། །མི་འགྱུར་འཕགས་པའི་གནས་འདིར་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴། །བསླབ་གཞི་ལེགས་བཅས་བརྩོན་པའི་རྣལ་འབྱོར་གྱིས། །རང་གཞན་དོན་ཆེན་སྒྲུབ་པའི་ལམ་ཞུགས་ཏེ། །སྤངས་རྟོགས་ཡོན་ཏན་གོང་མར་རིམ་བགྲོད་ནས། །མྱ་ངན་འདས་པའི་ས་ལ་རབ་(༡༤)གཞོལ་བ། །འཕགས་པའི་དགེ་འདུན་ཇི་སྙེད་བཞུགས་སོ་འཚལ། །སྐྱོབ་མཛད་འཇིགས་སེལ་གྲོགས་སུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴། །འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡིས། །བཅོམ་ལྡན་བསྟན་པ་གང་གི་ཕྱག་ཏུ་བཞག །གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པ། །འཕགས་པའི་གནས་བརྟན་ཆེན་པོ་བཞུགས་སོ་འཚལ། །དམ་ཆོས་རྒྱས་པའི་སླད་དུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴། །ནོར་བདུན་སྦྱངས་པའི་ཡོན་ཏན་དང་ལྡན་ཞིང་། །བདེན་བཞི་རྟེན་འབྲེལ་བཅུ་གཉིས་ལམ་སྒོམ་པ། །ཟུང་བཞི་ཡ་བརྒྱད་འབྲས་བུ་མངོན་དུ་གྱུར། །འགྲོ་བའི་བསོད་ནམས་ཞིང་གི་མཆོག་གྱུར་པ། །འཕགས་པ་ཉན་རང་དགེ་འདུན་བཞུགས་སོ་འཚལ། །ཡོན་སྤྱོད་མཆོད་པའི་གནས་སུ་སྤྱན་འདྲེན་གྱིས། །འཁོར་དང་བཅས༴། །བླ་མེད་བྱང་ཆུབ་ཆེན་པོའི་སེམས་སྟོབས་ཀྱིས། །རླབས་ཆེན་ཐེག་པས་འགྲོ་བའི་ཁུར་བཞེད་དེ། །ས་དང་ལམ་སྦྱངས་འཕགས་པའི་གོ་འཕང་བརྙེས། །ཡོན་ཏན་ཚད་མེད་ཡངས་པའི་ཚོགས་མངའ་བ། །བྱང་ཆུབ་སེམས་དཔའི་དགེ་འདུན་བཞུགས་སོ་འཚལ། །བསྟན་པ་རྒྱས་པའི་སླད་དུ་སྤྱན་འདྲེན་གྱིས། །འཁོར་དང་བཅས༴། །ཐུགས་ནི་རྣམ་དག་སངས་རྒྱས་ཡུལ་ལ་འཇུག །སྐུ་ནི་སྣ་ཚོགས་གདུལ་བྱའི་རེ་བ་སྐོང་། །གསུང་ནི་གསང་སྔགས་ངེས་པའི་སྙིང་པོ་སྟོན། །ཡོན་ཏན་ཚད་མེད་ཕྲིན་ལས་རྣམ་པ་བཞི། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་འབེབས་པ། །རིག་པ་འཛིན་པའི་དགེ་འདུན་བཞུགས་སོ་འཚལ། །འདོད་རྒུའི་རེ་བ་བསྐང་ཕྱིར་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴། །སྣང་སྲིད་སྣོད་བཅུད་སངས་རྒྱས་ཞིང་ཁམས་སུ། །བསྐྱེད་རྫོགས་ཟུང་འཇུག་ཏིང་འཛིན་དྲོད་ཐོབ་ནས། །གྲུབ་པ་བརྒྱད་དང་དངོས་གྲུབ་རྣམ་གཉིས་བརྙེས། །རིག་འཛིན་ས་བཞིས་རྒྱལ་བའི་སར་གཞོལ་བ། །གྲུབ་མཆོག་རིག་འཛིན་དགེ་འདུན་བཞུགས་སོ་འཚལ། །བླ་མེད་བསོད་ནམས་ཞིང་དུ་སྤྱན་འདྲེན་ན། །འཁོར་དང་བཅས་ཏེ༴། །དབྱིངས་དང་ཡེ་ཤེས་དོན་ལ་མངའ་བརྙེས་ཤིང་། །ཕྲིན་ལས་རྣམ་བཞིས་འགྲོ་ཀུན་དོན་མཛད་ཅིང་། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྟེར་བ། །དཔའ་བོ་དཔའ་མོ་རིགས་ལྔའི་མཁའ་འགྲོ་གིང་། །རྡོ་རྗེ་ཕྲ་མེན་ཤུགས་འགྲོ་བཞུགས་སོ་འཚལ། །དངོས་གྲུབ་རིན་ཆེན་སླད་དུ་སྤྱན་འདྲེན་ན། །འཁོར་དང་བཅས་ཏེ༴། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །ཡེ་ཤེས་སྐུ་མཆོག་འཇིགས་བྱེད་རྒྱན་གྱིས་བརྒྱན། །འབར་བའི་ཆ་ལུགས་ཅིར་ཡང་བསྒྱུར་མཛད་ཅིང་། །བདུད་དང་གཤིན་རྗེ་བགེགས་དཔུང་འདུལ་མཛད་པ། །ཕྱོགས་བཅུའི་ཁྲོ་རྒྱལ་ཇི་སྙེད་བཞུགས་སོ་འཚལ། །བསྟན་པ་བསྲུང་བའི་སླད་དུ་སྤྱན་འདྲེན་ན། །འཁོར་དང་བཅས་ཏེ༴། །ཐུགས་རྗེའི་དབྱིངས་ལས་སྒྱུ་མར་སྐུར་བཞེངས་ཏེ། །འབར་བའི་སྐུ་མཆོག་འཇིགས་པའི་ཚུལ་འཆང་བ། །བསྟན་པའི་རྒྱ་མཚོ་ཡུན་རིང་བསྲུང་མཛད་ཅིང་། །རྣལ་འབྱོར་དམ་ཅན་ཚོགས་རྣམས་སྐྱོང་མཛད་པ། །དཔལ་མགོན་ཆོས་སྐྱོང་(༡༥)སྲུང་མ་མཐུ་བོ་ཆེ། །དྲེགས་པ་ཕོ་རྒྱུད་མོ་རྒྱུད་བཞུགས་སོ་འཚལ། །མགོན་སྐྱབས་དཔུང་གཉེན་སླད་དུ་སྤྱན་འདྲེན་ན། །འཁོར་དང་བཅས་ཏེ༴། །ལྷ་མི་ཀུན་གྱི་འཇིག་རྟེན་ཐམས་ཅད་ན། །བསོད་ནམས་དཔལ་རྒྱས་ལོངས་སྤྱོད་ཕུན་སུམ་ཚོགས། །དཔག་མེད་འབྱོར་པས་རྒྱལ་བ་མཆོད་པ་དང་། །སྡུག་བསྔལ་འཕོངས་པ་ཀུན་གྱི་ར་མདའ་མཛད། །དངོས་གྲུབ་རིན་ཆེན་ནོར་གྱི་ཆར་འབེབས་པ། །ཕྱོགས་བཅུའི་ནོར་ལྷ་ཇི་སྙེད་བཞུགས་སོ་འཚལ། །དམ་ཆོས་ལྷ་ཁང་སྐྱོངས་ཕྱིར་སྤྱན་འདྲེན་ན། །འཁོར་དང་བཅས་ཏེ༴། །སྔོན་གྱི་ཐུགས་རྗེ་སྤྱོད་པའི་སྨོན་ལམ་གྱིས། །ཤེས་རབ་མིག་མངའ་ཀུན་གྱི་མིག་འབྱེད་པ། །བློ་གྲོས་འཆད་རྩོད་མ་རིག་མུན་པ་སེལ། །ལོང་བའི་ཚོགས་དང་འདྲ་བའི་འགྲོ་བ་ལ། །བཟོ་དང་སྒྱུ་རྩལ་བསྟན་བཅོས་སྣང་བ་སྟོན། །ཤེས་རབ་འཕྲུལ་གྱི་ལྷ་ཚོགས་བཞུགས་སོ་འཚལ། །ཡོན་ཏན་ཕུན་ཚོགས་སླད་དུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴། །འཕགས་པའི་སྤྱན་སྔར་ཞལ་མཐོང་སྨོན་ལམ་མཐུས། །རྒྱལ་བའི་བསྟན་ལ་བཀུར་སྟི་རིམ་གྲོ་མཛད། །མཐུ་དཔལ་ཆེན་པོས་ལྷ་མིའི་འཇིག་རྟེན་སྐྱོང་། །ལྷ་ཡི་དབང་པོ་ཚངས་པ་བརྒྱ་བྱིན་སོགས། །ལྷ་ཡི་དགེ་བསྙེན་ཆེན་པོ་བརྒྱད་རྣམས་ཀྱང་། །དམ་ཆོས་རྒྱས་པའི་ཕྱིར་དུ་སྤྱན་འདྲེན་ན། །འཁོར་དང་བཅས་ཏེ༴། །བསོད་ནམས་ཆེན་པོ་ཀུན་ནས་འབར་བའི་འོད། །བྱམས་པ་ཆེན་པོས་ས་འོག་འཇིག་རྟེན་སྐྱོང་། །སྟོང་གསུམ་ཆེན་པོ་ཡུལ་གྱི་དབུས་ཀྱི་མཚོ། །ཀླུ་ཡི་སྡེ་དཔོན་ཆེན་པོ་བརྒྱད་རྣམས་ཀྱང་། །དམ་ཆོས་ལྷ་ཁང་བསྐྱང་ཕྱིར་སྤྱན་འདྲེན་ན། །འཁོར་དང་བཅས་ཏེ༴། །འཇིག་རྟེན་ཀུན་གྱི་ལེགས་ཉེས་དབང་བསྒྱུར་ཞིང་། །འཇིག་རྟེན་མངའ་མཛད་འཇིག་རྟེན་ཀུན་གྱིས་མཆོད། །གཟའ་ཡི་སྡེ་དཔོན་ཆེན་པོ་བརྒྱད་རྣམས་ཀྱང་། །དམ་ཆོས་རྒྱས་པའི་སླད་དུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴། །བསོད་ནམས་ཆེན་པོ་གཟི་བརྗིད་འབར་བའི་སྐུ། །མཐུ་སྟོབས་ཆེན་པོ་ནམ་མཁའི་མཐའ་ལ་འཇལ། །ཕྲིན་ལས་ཆེན་པོས་འཇིག་རྟེན་ཀུན་ལ་བསྒྱུར། །ལྷ་ཡི་འཇིགས་བྱེད་ཆེན་པོ་དགུ་རྣམས་ཀྱང་། །དམ་ཆོས་རྒྱས་པའི་སླད་དུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴། །སྔོན་གྱི་བསོད་ནམས་དགེ་བ་ལས་འཁྲུངས་པས། །ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བར་མངའ་གསོལ་བ། །བརྒྱ་བྱིན་མེ་ལྷ་གཤིན་རྗེ་སྲིན་པོ་ཀླུ། །རླུང་ལྷ་གནོད་སྦྱིན་བགེགས་ཀྱི་རྒྱལ་པོ་སོགས། །ཕྱོགས་སྐྱོང་སྡེ་དཔོན་ཆེན་པོ་བཅུ་རྣམས་ཀྱང་། །དམ་ཆོས་རྒྱས་པའི་སླད་དུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴། །མཐུ་དཔལ་ཆེན་པོས་འཇིག་རྟེན་དབང་བསྒྱུར་ཞིང་། །བསོད་ནམས་ཆེན་པོས་ཕྱོགས་བཞིའི་འཇིག་རྟེན་སྐྱོང་། །ལྷ་ཡི་དབང་ཕྱུག་རྒྱལ་ཆེན་བཞི་རྣམས་ཀྱང་། །དམ་ཆོས་རྒྱལ་པའི་སླད་དུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴། །ཚད་མེད་ཡངས་པ་གླིང་བཞིའི་མཁར་རྒྱུ་ཞིང་། །དུས་ལ་དབང་བསྒྱུར་འཇིག་རྟེན་ལེགས་ཉེས་སྟོན། །རྒྱུ་སྐར་ཆེན་པོ་ཉི་ཤུ་(༡༦)བརྒྱད་རྣམས་ཀྱང་། །དམ་ཆོས་རྒྱས་པའི་སླད་དུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴། །དཀོན་མཆོག་གསུམ་གྱི་ཞབས་འབྲིང་ལྷ་རྣམས་དང་། །ཚོགས་ཀྱི་བདག་པོ་འབྲོག་གནས་མཆེད་ལ་སོགས། །གནོད་སྦྱིན་ཆོས་སྤུན་སུམ་ཅུ་རྩ་གཉིས་དང་། །ས་ཆུ་མེ་རླུང་འབྱུང་བཞིའི་ལྷ་རྣམས་དང་། །དཀར་ཕྱོགས་དགེ་བའི་ལྷ་མང་ཐམས་ཅད་ཀྱང་། །དམ་ཆོས་རྒྱས་པའི་སླད་དུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴། །སྦྱིན་སྲེག་བདག་པོ་དཀའ་ཐུབ་རལ་པ་ཅན། །བདེན་པའི་ཚིག་གིས་ཕན་འདོགས་དམོད་པ་འདོར། །ལྷ་དང་མི་ཡི་དྲང་སྲོང་ཆེ་རྒུ་དང་། །སྨན་གྱི་དྲང་སྲོང་ཆེན་པོ་ཐམས་ཅད་ཀྱང་། །དམ་ཆོས་རྒྱས་པའི་སླད་དུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴། །བསོད་ནམས་ཆེན་པོ་སྟོང་གསུམ་ཡུལ་གྱི་བདག །རྒྱ་མཚོ་རི་དང་ཆུ་ཀླུང་ཀུན་གནས་ཤིང་། །གྲོང་དང་ལྗོངས་དང་གཙུག་ལག་ཡང་རྣམས་སྐྱོང་། །དུས་སུ་ཆར་འབེབས་སྐྱེ་རྒུ་བདེ་མཛད་པ། །མ་དྲོས་ལ་སོགས་ས་བདག་ཀླུ་རྣམས་དང་། །ས་ལྷའི་བདག་དང་འཛམ་གླིང་ཡུལ་གྱི་བདག །མཐུ་དཔལ་རྫུ་འཕྲུལ་མངའ་བའི་ཚོགས་རྣམས་ཀྱང་། །དམ་ཆོས་རྒྱས་པའི་སླད་དུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴། །སྔོན་གྱི་ཐུགས་རྗེས་སྤྱོད་པའི་སྨོན་ལམ་གྱིས། །གཙུག་ལག་ཁང་རྣམས་བསྲུང་བར་དམ་བཅས་པ། །ཕོ་བྲང་འཁོར་སྐྱོང་སྲུང་མ་མཆོག་རྣམས་ཀྱང་། །དམ་ཆོས་རྒྱས་པའི་སླད་དུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴། །སྔོན་ཚེ་པདྨ་ཐོད་ཕྲེང་སྤྱན་སྔ་རུ། །ཁས་བླངས་དམ་བཅས་སྲུང་མ་ཐུགས་དམ་ཅན། །བོད་ཡུལ་གཏེར་བདག་བརྟན་མ་གཅུ་གཉིས་དང་། །ལྷ་རབས་མཆེད་དགུ་ཡུལ་ལྷ་གཞི་བདག་རྣམས། །དམ་ཆོས་རྒྱས་པའི་སླད་དུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴། །སེམས་ཀྱི་རང་བཞིན་གཅིག་ལས་མ་གཡོས་ཀྱང་། །བག་ཆགས་དབང་གིས་སྣ་ཚོགས་སྒྱུ་མར་སྣང་། །ཡོན་ཏན་བདེ་གཤེགས་སྙིང་པོའི་ཆོས་མཆོག་ཅན། །ལྷ་དང་ལྷ་མིན་མི་དང་བྱོལ་སོང་དང་། །ཡི་དྭགས་དམྱལ་བ་འགྲོ་བ་དྲུག་རྣམས་ཀྱང་། །མཆོད་སྦྱིན་བཟང་པོའི་གནས་འདིར་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴། །ནད་བཏང་མདངས་འཕྲོག་སྐྱེ་རྒུའི་དབུགས་འཆང་བ། །བདུད་གཅོད་འཆི་བདག་མང་པོ་ཀུན་གྱི་རྗེ། །ཡི་དྭགས་གཤིན་རྗེ་འཇིག་རྟེན་ཚུལ་འཆང་བ། །མཐུ་སྟོབས་རྫུ་འཕྲུལ་མངའ་བའི་ཚོགས་རྣམས་ཀྱང་། །མཆོད་སྦྱིན་བཟང་པོའི་གནས་འདིར་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴། །ལོག་འདྲེན་འཇིགས་པའི་ཚུལ་དུ་སྐུར་སྤྲུལ་ནས། །བགེགས་ལ་མངའ་མཛད་བགེགས་རྣམས་ཀུན་གྱི་གཙོ། །བགེགས་ཀྱི་རྒྱལ་པོ་ཇི་སྙེད་བཞུགས་སོ་འཚལ། །མཆོད་སྦྱིན་བཟང་པོའི་གནས་འདིར་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴། །ཐོག་མེད་ཐ་མ་མེད་པའི་དུས་དག་ནས། །གང་ལ་ཅི་འགྱུར་དེ་ལྟར་རྗེས་འགྲོ་བ། །ལན་ཆགས་མགྲོན་རིགས་ཇི་སྙེད་བཞུགས་སོ་འཚལ། །མཆོད་སྦྱིན་བཟང་པོའི་གནས་འདིར་སྤྱན་འདྲེན་(༡༧)གྱིས། །འཁོར་དང་བཅས་ཏེ༴། །དམན་པའི་ཚུལ་གྱིས་བཀའ་ཡི་འཁོར་གནས་ཏེ། །ལྷག་མའི་ཚོགས་སྡུད་སོ་སོའི་ལས་མཛད་པ། །ལྷག་མའི་མགྲོན་རིགས་ཇི་སྙེད་བཞུགས་སོ་འཚལ། །མཆོད་སྦྱིན་བཟང་པོའི་གནས་འདིར་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴། །ཅེས་སྤྱན་དྲངས་ནས་མེ་ཏོག་གི་ཆར་དང་རོལ་མོའི་ཚོགས་བསྒྲགས་པའི་རྗེས་ལ་བྱེ་བྲག་ཏུ་སྤྱན་དྲངས་པ་ནི། འགྲེངས་ཏེ་འདུད་པ་དང་བཅས་པས་འདི་སྐད་དོ། །

ཧོཿ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ངོ་མཚར་མཆོག་གི་གནས་མཆོག་དམ་པ་ན། འཁོར་བ་དང་མྱ་ངན་ལས་འདས་པ་ཀུན་གྱི་སྤྱི་ཕུད་དམ་པར་གྱུར་པ་དཔལ་ཀུན་ཏུ་བཟང་པོ་ལ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་རྣམས་དང་། ཁྱད་པར་དུ་ཡང་ཞྭ་པདྨ་དབང་ཆེན་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་སྐྱོང་བར་ཞལ་གྱིས་བཞེས་པའི་སྲུང་མ་ཆེན་པོ་དཔལ་ལྡན་སྔགས་ཀྱི་བདག་མོ་ཨེ་ཀ་ཛཱ་ཊི་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ། ལྷའི་དམག་དཔོན་ཆེན་པོ་ལེགས་ལྡན་ནག་པོ་ལྕམ་སྲིང་འཁོར་དང་བཅས་པ། གཟའ་ཡི་དགེ་བསྙེན་ཆེན་པོ་རཱ་ཧུ་ལ་འཁོར་དང་བཅས་པ། ནམ་གྲུ་སྲོག་སྒྲུབ་ནག་མོ་འཁོར་དང་བཅས་པ། གནོད་སྦྱིན་དམར་ནག་ཆེན་པོ་འཁོར་དང་བཅས་པ། གནོད་སྦྱིན་མདུང་དམར་ཅན་འཁོར་དང་བཅས་པ། དམ་ཅན་ཆེན་པོ་རྡོ་རྗེ་ལེགས་པ་འཁོར་དང་བཅས་པ། དཔལ་ལྡན་ཨ་ཕྱི་དབྱིངས་ཕྱུག་ཆོས་ཀྱི་སྒྲོན་མ་འཁོར་དང་བཅས་པ། གཏེར་བདག་དམ་ཅན་རྒྱ་མཚོའི་ཚོགས་སོ་སོའི་སྐུ་འཁོར་དང་བཅས་པ། བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས། དགེ་བསྙེན་ཉི་ཤུ་རྩ་གཅིག །ལྷ་རབས་མཆེད་དགུ། ཡུལ་ལྷ་གཞི་བདག་གི་ཚོགས་སོ་སོའི་སྐུ་འཁོར་དང་བཅས་པ་ཐམས་ཅད་འོག་མིན་ལྷའི་གཞལ་ཡས་ཁང་ན་བཞུགས་སམ། གཟུགས་ཁམས་འོད་གསལ་བསམ་གཏན་གྱི་གནས་ན་བཞུགས་སམ། འདོད་ཁམས་ཡིད་འགྱུར་དཔག་བསམ་གྱི་ཚལ་ན་བཞུགས་སམ། དབུས་ཀྱི་རི་བོ་མཆོག་རབ་ཀྱི་སྟེང་ན་བཞུགས་སམ། ཉི་ཟླ་རིན་ཆེན་གཟའ་སྐར་གྱི་སྟེང་ན་བཞུགས་སམ། རི་བདུན་རོལ་མཚོ་ཁོར་ཡུག་གི་གནས་ན་བཞུགས་སམ། ཤར་གྱི་ལུས་འཕགས་པོ་ན་བཞུགས་སམ། བྱང་གི་སྒྲ་མི་སྙན་ན་བཞུགས་སམ། ནུབ་ཀྱི་བ་གླང་སྤྱོད་ན་བཞུགས་སམ། ལྷོའི་འཛམ་བུ་གླིང་ན་བཞུགས་སམ། དུར་ཁྲོད་ཆེན་པོ་བརྒྱད་ན་བཞུགས་སམ། ཡུལ་ཉི་ཤུ་རྩ་བཞི་ན་བཞུགས་སམ། གནས་སུམ་ཅུ་སོ་གཉིས་ན་བཞུགས་སམ། གཡའ་རི་གངས་རི་སྨན་རི་ན་བཞུགས་སམ། ནགས་ཚལ་མཚོ་གླིང་ན་བཞུགས་སམ། གྲོང་དང་གྲོང་ཁྱེར་གྲོང་བརྡལ་ན་བཞུགས་སམ། ལམ་སྲང་བཞི་མདོ་ཚོང་དུས་ན་བཞུགས་སམ། གཙུག་ལག་ཁང་དང་དབེན་(༡༨)གནས་ན་བཞུགས་སམ། སོ་སོའི་གནས་མཆོག་དམ་པ་གང་ན་བཞུགས་ཀྱང་རུང་སྟེ། དད་པས་སྤྱན་འདྲེན་གྱིས་སྙན་གསན་དང་བརྩེ་བ་ཆེན་པོས་དགོངས་ཏེ་བདག་གི་གནས་མཆོག་དམ་པ་འདིར་ལྷ་མི་ལོངས་སྤྱོད་ཀྱི་ལྟད་མོ་ལ་འདུ་བ་ལྟར་ས་གཞི་ཐམས་ཅད་ཁྲོམ་གྱིས་ཆོད་པ་དགྱེས་པའི་གླུ་གར་དང་བཅས་ཏེ་གཤེགས་སུ་གསོལ། ལྷོ་སྤྲིན་རིན་ཆེན་འཇའ་འོད་འཁྲིགས་པས་ནམ་མཁའ་ཐམས་ཅད་དར་གྱིས་ཆོད་པ་ལྟར་མཛེས་པའི་སིལ་སྙན་དང་བཅས་ཏེ་གཤེགས་སུ་གསོལ། ཉི་ཟླ་གཟའ་སྐར་འོད་དུ་འཚེར་བ་ལྟར་བར་སྣང་ཐམས་ཅད་མགྲོན་གྱིས་ཆོད་པ་ཕོ་ཉ་ཡང་སྤྲུལ་ལས་མཁན་དང་བཅས་ཏེ་གཤེགས་སུ་གསོལ། ༀ་བཛྲ་ས་མ་ཡ་ཛཿ བཛྲ་ས་མ་ཡ་ཧཱུྃ། བཛྲ་ས་མ་ཡ་བྃ། བཛྲ་ས་མ་ཡ་ཧོཿ ཞེས་པས་སེ་གོལ་དཔུང་པར་བརྡབས་ལ་འགྲེངས་ཏེ་ཐལ་མོ་སྦྱར་ལ་འདི་སྐད་དོ། །ཧོ། དཀྱིལ་འཁོར་དབང་ཕྱུག་གདོད་མའི་མགོན་པོ་ནས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སྲུང་མ་དམ་ཅན་རྒྱ་མཚོ་འཁོར་དང་བཅས། །བགེགས་དང་ལན་ཆགས་རིགས་དྲུག་སྙིང་རྗེའི་མགྲོན། །ལྷག་མར་གྱུར་པའི་མགྲོན་རིགས་ཡན་ཆད་ཀུན། །བསོད་ནམས་རིན་ཆེན་གླིང་འདིར་སྤྱན་འདྲེན་གྱིས། །བྱང་ཆུབ་སེམས་བསྐྱེད་སེམས་དང་བཅས་ཏེ་བྱོན། །འཕགས་རྒུ་བསྙེན་བཀུར་སེམས་དང་བཅས་ཏེ་བྱོན། །སྐྱེ་རྒུ་ཕན་མཛད་སེམས་དང་བཅས་ཏེ་བྱོན། །གཙུག་ལག་སྐྱོང་བའི་སེམས་དང་བཅས་ཏེ་བྱོན། །མདོར་ན་དཀོན་མཆོག་གསུམ་གྱི་བཀའ་དྲིན་གྱིས། །འཁོར་འདས་ཐམས་ཅད་མགྲོན་དུ་སྤྱན་འདྲེན་གྱིས། །ཚོང་པ་རིན་ཆེན་གླིང་དུ་ཕྱིན་པ་ལྟར། །བསོད་ནམས་རིན་ཆེན་གླིང་འདིར་མྱུར་དུ་བྱོན། །ལྷ་རྣམས་འདྲེས་མའི་ཚལ་དུ་འདུ་བ་ལྟར། །ལོངས་སྤྱོད་འདྲེས་པའི་ཚལ་འདིར་མྱུར་དུ་བྱོན། །རིག་འཛིན་དཔག་བསམ་ཀུན་རར་རྒྱུ་བ་ལྟར། །མཆོད་སྦྱིན་དཔག་བསམ་ཀུན་རར་མྱུར་དུ་བྱོན། །ཞེས་རོལ་མོའི་སྒྲ་དང་བཅས་པས་མགྲོན་ཐམས་ཅད་ཕྱོགས་ཐམས་ཅད་ནས་ས་གཞི་དང་བར་སྣང་ཁྱབ་པ་བྱོན་པར་བསམས་ནས། བཞུགས་སུ་གསོལ་བ་ནི། པུས་མོ་བཙུགས་ཐལ་མོ་སྦྱར་ཏེ། ཧོཿ ཐམས་ཅད་ཀུན་ནས་བྱོན་ཅིང་གཤེགས་པ་རྣམས། །དངོས་བཤམས་ཏིང་འཛིན་དགའ་བའི་གནས་མཆོག་འདིར། །སོ་སོའི་མགྲོན་རིགས་དགྱེས་པའི་གདན་ཁྲི་ལ། །མི་འགྱུར་བདེ་ཆེན་ངང་དུ་བཞུགས་ནས་ཀྱང་། །བདག་གི་མཆོད་སྦྱིན་དམ་པ་བཞེས་སུ་གསོལ། །ༀ་བཛྲ་ས་མ་ཡ་ཛཿཧཱུྃ་བྃ་ཧོཿ བཛྲ་ས་མ་ཡ་ཏིཥྛ་ལྷན། ཅེས་སེ་གོལ་དང་བཅས་པས་མགྲོན་ཐམས་ཅད་སྔར་བསྐྱེད་པའི་གཞལ་མེད་ཁང་དུ་གཙོ་འཁོར་སོ་སོའི་གདན་ལ་ཆེ་ཆུང་སྟེང་འོག་ཕྱི་ནང་གི་ཚུལ་གྱིས་ཁྱབ་པར་བསམས་ལ། སྔོན་དུ་མཆོད་བསྟོད་མཉེས་པར་བྱ་བ་ནི། ༀ། བསོད་ནམས་རིན་ཆེན་གླིང་འདིར་གཤེགས་པ་ཡི། །འཁོར་འདས་མགྲོན་རྣམས་སོ་སོའི་སྤྱན་ལམ་དུ། །སྤོས་དང་མེ་ཏོག་མར་མེ་ལ་སོགས་པ། །(༡༩)ཕྱི་ནང་གསང་བ་མཆོག་གི་མཆོད་པ་དང་། །གདུགས་དང་རྒྱལ་མཚན་རོལ་མོའི་སྤྲིན་ཕུང་གིས། །ནམ་མཁའི་མཐའ་ཀླས་གྱུར་པ་བཀང་སྟེ་འབུལ། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རབ་རྫོགས་ཏེ། །འགལ་འཁྲུལ་ཉམས་ཆགས་མ་ལུས་དག་གྱུར་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ༀ་བཛྲ་པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ་ནཻ་ཝི་དྱ། ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དཔག་མེད་ཡོན་ཏན་རྒྱ་མཚོའི་དབང་ཕྱུག་གཙོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སྣང་སྲིད་སྣོད་བཅུད་མགྲོན་རྣམས་ཐམས་ཅད་ལ། །བྱང་ཆུབ་སེམས་ཀྱི་ངང་དུ་ཕྱག་འཚལ་བསྟོད། །ཆོས་རྣམས་རྣམ་དག་གདོད་ནས་དག་པའི་ཀློང་། །ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བའི་ངང་། །སྣང་སྲིད་འཁོར་འདས་ཆོས་རྣམས་རྣམ་དག་པས། །གཞི་རྫོགས་སེམས་ཉིད་ངང་དུ་ཕྱག་འཚལ་བསྟོད། །ཅེས་སོ་སོའི་ཕྱག་རྒྱ་དང་དངོས་སམ་ཡིད་ཀྱིས་ཕྱག་བྱའོ། །དེ་དག་ནི་མགྲོན་སྤྱན་དྲངས་ཤིང་སྤྱིར་མཆོད་པའོ། །

དེ་ནས་བྱེ་བྲག་ཏུ་ཕུད་ཀྱི་མཆོད་པ་དངོས་ནི། བསང་བཤོས་ཀྱི་རྩེ་མོ་ལྔའི་དབུས་དང་གཡས་གཡོན་ནས་བཅད་ཁམ་བཅད་པ་ཕུད་ཕོར་དུ་རིམ་པས་མཆོད་འབྲུ་ཕུད་དང་བསྡེབས་པ་བླུགས་ཏེ་གཅིག་ལངས་ནས་བཟུང་ལ། མཚམས་མཚམས་སུ་རོལ་མོའི་སྒྲ་དང་བཅས་པས་གནམ་ཕུད་འཐོར་ཞིང་གདངས་སྙན་པོས་འདི་སྐད་དོ། །ཧོཿ ཆོས་སྐུ་མཉམ་པ་ཆེན་པོའི་རང་བཞིན་ལས་ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ། ཐོག་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོ་ལ་འཁོར་ཡེ་ཤེས་རྒྱ་མཚོ་ཚོགས་ཀྱིས་བསྐོར་བ་ཀུན་གྱི་སྤྱི་ཕུད་དམ་པར་གྱུར་པ་དང་། བླ་ན་མ་མཆིས་པའི་འཕགས་པ་དཀོན་མཆོག་གསུམ་པོ་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་ཀླས་པར་བཀང་སྟེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་ཡོན་མཆོད་ལ་སོགས་པའི་སེམས་པའི་སེམས་ཅན་ཐམས་ཅད་ཚོགས་གཉིས་རྫོགས་པའི་མངའ་ཐང་ཆེན་པོས་དབང་དང་འབྱོར་པ་དང་འདོད་རྒུའི་རེ་བ་ཐམས་ཅད་ཡིད་བཞིན་དུ་འགྲུབ་ནས། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པས་རང་དང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་ཅིང་། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཧོཿ སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། དམ་ཆོས་ཐམས་ཅད་ཀྱི་འབྱུང་གནས། དགེ་འདུན་ཐམས་ཅད་ཀྱི་རང་བཞིན། དངོས་གྲུབ་ཐམས་ཅད་ཀྱི་རྩ་བ། ཡོན་ཏན་ཐམས་ཅད་ཀྱི་གཏེར་མཛོད། དཔལ་ལྡན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུང་བརྒྱུད་པ། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཞི་ཁྲོ་རབ་འབྱམས། སྤྲུལ་སྐུ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ། གསང་བདག་ཕྱག་ན་རྡོ་རྗེ། སྤྲུལ་སྐུ་དགའ་བར་རྡོ་རྗེ། (༢༠)གུ་རུ་འཇམ་དཔལ་བཤེས་གཉེན། མཁས་པ་ཤྲཱི་སིངྷ་། རྒྱལ་བ་ཛྙཱ་ན་སུ་ཏྲཱ། པཎ་ཆེན་བི་མ་ལ་མི་ཏྲ། ཨོ་རྒྱན་པདྨ་ཡབ་ཡུམ། ཉང་ཏིང་འཛིན་བཟང་པོ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། གནས་བརྟན་ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེང་གེ་དབང་ཕྱུག །སྤྲུལ་སྐུ་རྒྱལ་བ་ཞང་སྟོན། གུ་རུ་མཁས་པ་ཉི་འབུམ། ཆོས་བདག་གུ་རུ་ཇོ་འབེར། འཁྲུལ་ཞིག་སེང་གེ་རྒྱབ་པ། གྲུབ་ཆེན་ཟླ་བ་མུན་སེལ། རིག་འཛིན་ཀུ་མ་རཱ་ཛ། ཆོས་རྗེ་ཀློང་ཆེན་རབ་འབྱམས་དང་བཅས་པ་ལ། གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འདི་ཉིད། དེང་ནས་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་གསོལ་ལོ། །འབུལ་ལོ། །མཆོད་དོ། །བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་འཕྲལ་གྱི་རྐྱེན་སོལ་ཞིག །ཡུན་གྱི་སྒྲིབ་པ་སྦྱོངས་ཤིག །དབང་དང་བྱིན་རླབས་སྩོལ་ཅིག །ལྟ་དགོངས་དང་ཏིང་འཛིན་སྤེལ་ཞིག །དངོས་གྲུབ་ཆར་བཞིན་ཕོབ་ཅིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །གཞན་ཡང་མདོ་རྒྱུད་བཀའི་བརྒྱུད་པ། དགོངས་འགྲེལ་བསྟན་བཅོས་ཀྱི་བརྒྱུད་པ། ཡིད་ཆེས་ལུང་གི་བརྒྱུད་པ། རྣམ་དཔྱོད་རིག་པའི་བརྒྱུད་པ། སྙིང་པོ་མན་ངག་གི་བརྒྱུད་པ། རྒྱུ་འབྲས་ཐེག་པའི་རྒྱུད་པ། ཐེག་པ་རིམ་དགུའི་བརྒྱུད་པ། ཡ་ཀི་རྫོགས་པའི་སངས་རྒྱས་ནས་རང་རང་གི་རྩ་བའི་བླ་མ་ལ་ཐུག་གི་བར་དུ་གདུལ་བྱ་སོ་སོའི་མོས་པ་དང་མཐུན་པར་རིམ་གྱིས་བརྒྱུད་པའི་དཔལ་མགོན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་ཐམས་ཅད་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འདི་ཉིད་དེང་ནས་འགྲོ་བ་ཉེ་བར་ཞི་བའི་གོ་འཕང་ལ་གནས་ཀྱི་བར་དུ་གསོལ་ལོ། །འབུལ་ལོ། །མཆོད་དོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པ་དང་། ས་དང་ལམ་གྱི་ཐེམ་སྐས་བགྲོད་པ་དང་། གཟུངས་དང་ཏིང་ངེ་འཛིན་གྱི་ཡོན་ཏན་འབྱོར་པ་དང་། བསམ་རྒུའི་རེ་བ་ཡིད་བཞིན་དུ་བསྐང་བ་དང་། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ འོག་མིན་མཉམ་པ་ཆེན་པོའི་ཞིང་ཁམས་ན་མངའ་དབང་རྫོགས་པའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ་ལ་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་སེམས་ཉིད་མངོན་པར་འདུས་མ་བྱས་པའི་དཀྱིལ་འཁོར་དུ་ཆོས་ཐམས་ཅད་རང་བཞིན་རྫོགས་པ་ཆེན་པོར་འོད་འབར་ཏེ། གདོད་མའི་གནས་སུ་མངོན་པར་བྱང་ཆུབ་ནས་རང་དང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་ཅིང་། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་རྒྱལ་ཚབ་དམ་པ་སྟོན་པ་རིགས་ལྔའི་སངས་རྒྱས་ཞི་ཁྲོ་རབ་འབྱམས་ལ། འཁོར་རང་སྣང་ལོངས་སྤྱོད་རྫོགས་པའི་སྐུས་བསྐོར་བ་དང་བཅས་པའི་མངའ་རིས་དང་སྤྱན་ལམ་(༢༡)དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་གནས་ལུགས་རང་བཞིན་ཆོས་ཀྱི་སྐུ་ལས་མ་གཡོས་པར་སྣང་ལུགས་རང་སྣང་ལོངས་སྤྱོད་རྫོགས་ཏེ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པས་རང་གཞན་གྱི་དོན་གཉིས་འགྲུབ་པ་དང་། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ འོག་མིན་བདེ་བ་ཆེན་པོའི་ཞིང་ཁམས་སུ། ཕྲིན་ལས་རྫོགས་པའི་ཡོན་ཏན་རྡོ་རྗེ་འཆང་ཆེན་པོ་ལ། འཁོར་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །

བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་དབང་དང་བྱིན་རླབས་ཀྱི་ཆུ་བོས་སྨིན་ཏེ་བསྐྱེད་རྫོགས་ཟུང་འཇུག་མངོན་དུ་གྱུར་ནས། ཕྲིན་ལས་རྣམ་པ་བཞིས་འགྲོ་བ་འདྲེན་ཞིང་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་ནས། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ ཆོས་སྐུ་ནམ་མཁའ་ལྟ་བུའི་ངོ་བོ་རོ་གཅིག་ཀྱང་གཟུགས་སྐུ་སྒྱུ་མའི་རོལ་པར་འཇའ་ཚོན་ལྟར་སོ་སོར་གསལ་བ་གསང་སྔགས་ཕྱི་ནང་གི་དཀྱིལ་འཁོར་དཔག་ཏུ་མེད་པ་རྣམས་དང་། ཁྱད་པར་དུ་ཡང་བདེ་གཤེགས་ཞི་བའི་ལྷ་ཚོགས། ཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས། ཡང་དག་ཐུགས་ཀྱི་ལྷ་ཚོགས། འཇམ་དཔལ་སྐུའི་ལྷ་ཚོགས། པདྨ་གསུང་གི་ལྷ་ཚོགས། ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས། མ་མོ་རྦོད་གཏོང་གི་ལྷ་ཚོགས། རིག་འཛིན་སློབ་དཔོན་གྱི་ལྷ་ཚོགས། འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས། དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་སྣོད་བཅུད་རྒྱལ་བའི་ཞིང་དུ་གསལ་བས་བསྐྱེད་རྫོགས་དོན་གྱི་དངོས་གྲུབ་བརྙེས་ཏེ་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་ནས། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ འོག་མིན་ཆོས་ཀྱི་དབྱིངས་ཕོ་བྲང་ན། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་བསྐོར་བའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་འདི་འབུལ་ལོ། །གསོལ་ལོ། །མཆོད་དོ། །བཀྲ་ཤིས་དང་དགེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ན། དཔལ་རྣམ་པར་སྣང་མཛད་འཁོར་ས་བཅུའི་སེམས་དཔས་བསྐོར་བ་རྣམས་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འདི་འབུལ་ལོ། །གསོལ་ལོ། །མཆོད་དོ། །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ བྱ་རྒོད་ཕུང་པོའི་རི་བོ་ལ་བཅོམ་ལྡན་(༢༢)འདས་ཤཱཀྱ་ཐུབ་པ་ལ་དགེ་སློང་དང་དགེ་སློང་མ་ལ་སོགས་པ་ཐུན་མོང་གི་འཁོར་བཞི་དང་། བཟང་སྐྱོང་དང་དྲྭ་བས་བྱིན་ལ་སོགས་པ་ཁྱད་པར་གྱི་འཁོར་བཅུ་དྲུག་དང་། ལྷ་དང་ཀླུ་ལ་སོགས་པ་སྣ་ཚོགས་ཀྱི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འདི་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བས་རྟག་ཏུ་དགེ་བའི་ཆོས་ལ་སྤྱོད་ཅིང་འཁོར་བ་སྡུག་བསྔལ་གྱི་ཆུ་བོ་བསྒྲལ་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་སྟེ། བསམ་རྒུའི་རེ་བ་ཡིད་བཞིན་དུ་འགྲུབ་ནས། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ཅིང་དྲི་མ་དང་བྲལ་བའི་ཕོ་བྲང་ཆེན་པོ་ན། འཕགས་པ་གསུམ་གྱི་ངེས་པར་འབྱུང་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀའ་འཁོར་ལོ་གསུམ་དང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གིས་བསྐོར་བ་ཐམས་ཅད་དང་། ཐེག་པ་བླ་ན་མེད་པའི་རྒྱུད། ཆོས་ཀྱི་འཁོར་ལོ་གསང་སྔགས་ཕྱི་ནང་བྱ་བའི་རྒྱུད་སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད། ཕ་བླ་ན་མེད་པ། མ་བླ་ན་མེད་པ། གཉིས་སུ་མེད་པ་བླ་ན་མེད་པ། གསང་བ་འདུས་པ། བདེ་མཆོག་འཁོར་ལོ། ཀྱེ་རྡོ་རྗེ། དུས་ཀྱི་འཁོར་ལོ། སྒྱུ་འཕྲུལ་དྲྭ་བ། རྡོ་རྗེ་ཕུར་པ། རྟ་མཆོག་རོལ་པ། རྡོ་རྗེ་གདན་བཞི། བདུད་རྩི་འབྱུང་བ། མཁའ་འགྲོ་སྒྱུ་མ། སངས་རྒྱས་མཉམ་སྦྱོར་ལ་སོགས་པ་དཔག་ཏུ་མེད་པ། ཡོངས་སུ་རྫོགས་པ་ཆེན་པོའི་རྒྱུད། འཁོར་བ་དོང་སྤྲུགས། ཀུན་བྱེད་རྒྱལ་པོ། ཁུ་བྱུག་རོལ་པ། མི་ནུབ་རྒྱལ་མཚན་ལ་སོགས་པ་སེམས་ཀློང་མན་ངག་གི་སྡེ་ཆོས་ཀྱི་ཕུང་པོ་ནམ་མཁའི་མཐའ་ཀླས་པ་ཐམས་ཅད་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཉིན་མཚན་རྟག་ཏུ་ཆོས་ལ་སྤྱོད་ཅིང་ས་དང་ལམ་གྱི་ཡོན་ཏན་རྫོགས་ནས་བསམ་རྒུའི་རེ་བ་ཡིད་བཞིན་དུ་འགྲུབ་སྟེ། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ ཤར་རི་བོ་ཏ་ལའི་རྩེ་མོ་ན་ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས་དབང་ཕྱུག་འཁོར་དང་བཅས་པ། རྒྱ་ནག་རི་བོ་རྩེ་ལྔ་ན་མཁྱེན་རབ་ཀྱི་བདག་པོ་འཕགས་པ་འཇམ་དཔལ་འཁོར་དང་བཅས་པ། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་འཁོར་དང་བཅས་པ་དང་། གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཐར་པའི་ལམ་ལ་གནས་(༢༣)ཤིང་དད་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མངོན་དུ་གྱུར་ནས་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་རྫོགས་པར་བྱེད་ཅིང་འདོད་པའི་དོན་ཐམས་ཅད་ལྷུན་གྱིས་གྲུབ་སྟེ། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ འཛམ་གླིང་གི་ལྷའི་གནས་ལ་སོགས་པ་ན། འཕགས་པའི་གནས་བརྟན་ཡན་ལག་འབྱུང་དང་གསེར་བེའུ་ལ་སོགས་པ་ཉན་ཐོས་ཀྱི་དགེ་འདུན་འཁོར་དང་བཅས་པ་དང། གདུང་བ་སེལ་བ་དང་འཇིགས་པ་སྐྱོབ་པ་ལ་སོགས་རང་སངས་རྒྱས་ཀྱི་དགེ་འདུན་འཁོར་དང་བཅས་པ་ཐམས་ཅད་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་རྫོགས་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཆོག་ལ་རེག་ཅིང་། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ གསང་སྔགས་མཆོག་གི་དངོས་གྲུབ་བརྙེས་ནས་ཕྲིན་ལས་རྣམ་བཞིས་འགྲོ་བ་འདྲེན་པ་གྲུབ་མཆོག་རྣམས་དང་རིགས་ལྔའི་མཁའ་འགྲོ། ཆོས་དབྱིངས་མཁའ་འགྲོ། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། ལས་ཀྱི་མཁའ་འགྲོ། ཕྲ་མེན་ཤུགས་འགྲོ། རྡོ་རྗེ་གིང་ཆེན་འཁོར་དང་བཅས་པ་རྣམས་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཀྱི་ཕྲིན་ལས་རྣམ་བཞིའི་རེ་བ་འགྲུབ་ཅིང་། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ ཐུགས་ཞི་བ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་སྐུ་འབར་བའི་ཆོ་འཕྲུལ་ཅིར་ཡང་བསྒྱུར་བས་བདུད་དང་གཤིན་རྗེའི་འཇིག་རྟེན་འཇོམས་པར་མཛད་པ། ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ། མི་གཡོ་བ། གཤིན་རྗེའི་གཤེད། བགེགས་མཐར་བྱེད་ལ་སོགས་པ་རྣམས་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་རྐྱེན་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང་། འདི་དང་ཕྱི་མའི་ལེགས་པ་ཐམས་ཅད་འབྱུང་བ་དང་། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ འབར་བ་ཆེན་པོའི་དབྱིངས་ལས་སྤྲུལ་པ་ལས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དབང་ཕྱུག་ཆེན་པོ། སངས་རྒྱས་ཀྱི་བསྟན་པ་བསྲུང་ཞིང་དམ་ལྡན་གྱི་རྣལ་འབྱོར་བ་སྐྱོང་བར་ཞལ་གྱིས་བཞེས་པ། དཔལ་ལྡན་མགོན་པོ་མཧཱ་ཀ་ལ། ལྷ་མོ་འདོད་ཁམས་དབང་ཕྱུག་དཔལ་འབར་མ། གཞན་ཡང་སྲུང་མ་དམ་ཅན་རྒྱ་མཚོ་དྲེགས་པ་ཕོ་རྒྱུད་མོ་རྒྱུད་དང་བཅས་པ་རྣམས་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །སངས་རྒྱས་ཀྱིས་བསྟན་པ་བསྲུང་ཞིང་དགེ་འདུན་གྱི་གཙུག་ལག་ཁང་སྐྱོང་བ་དང་། བདག་ཅག་ཡོན་མཆོད་(༢༤)འཁོར་དང་བཅས་པའི་མགོན་སྐྱབས་དཔུང་གཉེན་མཛད་ཅིང་བསམ་རྒུའི་རེ་བ་འགྲུབ་ནས། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ དཔལ་ལྡན་ནོར་གྱི་དབང་ཕྱུག་ཆེན་པོ་ཚོགས་ཀྱི་བདག་པོ་འབྲོག་གནས་མཆེད་དང་། རྣམ་ཐོས་བུ་དང་། གང་བ་བཟང་པོ་དང་། ནོར་བུ་བཟང་པོ་དང། ཆུ་དབང་གནོད་མཛེས། འཕྲོག་མའི་བུ་དང་། ནོར་རྒྱུན་མ་སོགས་འཕགས་པ་ནོར་གྱི་དབང་ཕྱུག་ཐམས་ཅད་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །གཙུག་ལག་ཁང་གི་འབྱོར་པ་སྤེལ་ཞིང་བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་མངའ་ཐང་དཔལ་འབྱོར་ཕྱོགས་བཅུར་རྒྱས་ནས། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། །ཧོཿ མཁྱེན་རབ་མཆོག་གི་དབང་ཕྱུག་དམ་པ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། རྒྱ་མཚོའི་ལྷ་མོ་འཕགས་མ་དབྱངས་ཅན་འཇིག་རྟེན་གསུམ་གྱི་ཤེས་རབ་གསལ་བྱེད་ལ་སོགས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །

མཆོད་དོ། །གཙུག་ལག་ཁང་དུ་རིག་པ་སྤེལ་ཞིང་བདག་ཅག་ཡོན་མཆོད་འཁོར་དང་བཅས་པས་བཟོ་དང་སྒྱུ་རྩལ་དང་བསྟན་བཅོས་ལ་སོགས་པའི་ཤེས་བྱ་ཐོགས་པ་མེད་པ་ལ་བློ་གྲོས་ཀྱི་སྣང་བ་ཐོབ་ནས། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ མཐུ་དཔལ་ཆེན་པོས་བསྟན་པ་སྐྱོང་བ་ལྷའི་དགེ་བསྙེན་ཆེན་པོ་ཚངས་པ་དང་བརྒྱ་བྱིན་ལ་སོགས་ཏེ་ལྷ་ཆེན་པོ་བརྒྱད་དང་། དགའ་བོ་དང་འཇོག་པོ་ལ་སོགས་པ་ཀླུ་ཆེན་པོ་བརྒྱད་དང་། ཉི་མ་དང་ཟླ་བ་ལ་སོགས་ཏེ་གཟའ་ཆེན་པོ་བརྒྱད་དང་། སྨིན་དྲུག་དང་སྣར་མ་ལ་སོགས་ཏེ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། བརྒྱ་བྱིན་དང་མེ་ལྷ་ལ་སོགས་པ་ཕྱོགས་སྐྱོང་བ་བཅུ་དང་། ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ་ལ་སོགས་རྒྱལ་པོ་ཆེན་པོ་བཞི་དང་། ནག་པོ་ཆེན་པོ་ལ་སོགས་པ་འཇིགས་བྱེད་ཆེན་པོ་དགུ་སྟེ། དཔལ་མགོན་བདུན་ཅུ་རྩ་ལྔ་འཁོར་དང་བཅས་པ་རྣམས་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །གཙུག་ལག་ཁང་གི་ལེགས་རྒུ་སྒྲུབ་ཅིང་འབྱོར་པ་སྤེལ་བ་དང་། བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་བསམ་རྒུ་སྒྲུབ་ཅིང་རེ་བ་བསྐངས་ནས། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ སྔོན་གྱི་བསོད་ནམས་དཔག་ཏུ་མེད་པས་རྒྱལ་བའི་ཞལ་མཐོང་བདུད་རྩི་ཐོས་ཤིང་། སངས་རྒྱས་བསྟན་པའི་རིམ་གྲོ་མཛད་པ། དཀོན་མཆོག་གསུམ་གྱི་ཞབས་འབྲིང་ཆེན་པོ། ལྷའི་དགེ་བསྙེན་ཧ་ནུ་མནྡྷ། གནོད་སྦྱིན་ཆོས་སྤུན་སུམ་ཅུ་རྩ་གཉིས། ཚོགས་ཀྱི་བདག་པོ། འབྲོག་གནས་མཆེད་དང་། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ། ནམ་མཁའ་ལྡིང་གི་དབང་པོ་གསེར་གྱི་མིག་ཅན། སྲིན་པོའི་རྒྱལ་པོ་(༢༥)ལངྐ་མགྲིན་བཅུ་ལ་སོགས་པ་ཆོས་སྲིད་དགེ་བའི་ལྷ་དང་། ཀླུ་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ནམ་མཁའི་ལྡིང་གི་དབང་པོ་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་། གཙུག་ལག་ཆེན་པོ་སྐྱོང་ཞིང་བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ སྔོན་གྱི་བསོད་ནམས་ཚོགས་ལས་འཁྲུངས་པ་འབྱུང་པོ་སོ་སོའི་ལྷ་ཚོགས་དམ་པ། རྒྱལ་ཆེན་བཞི་དང་སྐལ་བ་མཉམ་པ། སའི་ལྷ་དང་། ཆུའི་ལྷ་དང་། མེའི་ལྷ་དང་། རླུང་གི་ལྷ་དང་། བར་སྣང་གི་ལྷ་དང་། ཤིང་གི་ལྷ། ནགས་ཚལ་གྱི་ལྷ་དང་། སྐྱེད་མོས་ཚལ་གྱི་ལྷ། གྲོང་གི་ལྷ་དང་། གྲོང་ཁྱེར་གྱི་ལྷ་དང་། རིའི་ལྷ་དང་། ལྗོངས་ཀྱི་ལྷ་དང་། དུས་ཀྱི་ལྷ་དང་། ལྷན་ཅིག་སྐྱེས་པའི་ལྷ་ལ་སོགས་པ་འཁོར་དང་བཅས་པ་རྣམས་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །གཙུག་ལག་ཁང་དང་ཉེ་འཁོར་ཡོངས་སུ་སྐྱོང་ཞིང་། འབྱུང་བ་སོ་སོའི་གནོད་པ་རྣམས་བསྲུང་བ་དང་། ལོ་ཕྱུགས་ལེགས་ཤིང་ཆར་ཆུ་དུས་སུ་འབབ་པ་དང་། བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་མངའ་ཐང་དང་འབྱོར་པ་སྤེལ་ཞིང་། རྐྱེན་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་མེད་པར་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ བརྟུལ་ཞུགས་དཀའ་ཐུབ་རྨད་དུ་བྱུང་བས་ཡོན་ཏན་མཆོག་གི་དངོས་གྲུབ་བརྙེས་པ་དྲང་སྲོང་ཆེན་པོ་སྐྱེ་རྒུའི་བདག་པོ་དང་། མེ་བཞི་འབར་དང་། ཐ་སྐར་དང། རྒྱུན་ཤེས་དང་། མདོག་ནག་དང་། རྒྱས་པ་ལ་སོགས་པ་ལྷ་དང་མིའི་དྲང་སྲོང་ཆེན་པོ་ཕན་འདོགས་ནུས་ཤིང་དམོད་པ་འདོར་བ་འཁོར་དང་བཅས་པ་རྣམས་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བསྟན་པ་དམ་པའི་ཆོས་དང་གཙུག་ལག་གཉན་པོ་སྐྱོང་ཞིང་འཇིག་རྟེན་དགེ་ལེགས་སུ་བྱ་བ་དང་། ཁྱད་པར་དུ་ཡང་བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་བདེན་ཚིག་འགྲུབ་པར་བཀའ་སྩལ་བ་དང་། ནད་དང་གནོད་པ་མེད་པས་ཀུན་ཏུ་བདེ་བ་དང་། ཡོན་ཏན་གྱི་དཔལ་འཕེལ་བས་མཁས་ཤིང་མཛངས་པ་དང་། མངའ་ཐང་དང་འབྱོར་བ་རྒྱས་པས་ཀུན་གྱི་རེ་སྨོན་དུ་གྱུར་པ་དང་ཚེ་རིང་བ་ལ་སོགས་ཏེ། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ མཐུ་སྟོབས་རྫུ་འཕྲུལ་དཔག་ཏུ་མེད་པས་སྟོང་གསུམ་ཡུལ་གྱི་དབུས་འཚོ་བ་ཀླུའི་རྒྱལ་པོ་སྟོང་གསུམ་འབྲུག་སྒྲ་དང་། དགའ་བོ་དང་། ཉེ་དགའ་བོ་དང་། མཐའ་ཡས་དང་། སྟོབས་ཀྱི་རྒྱུ་དང་། རིགས་ལྡན་དང་། པདྨ་དང་། པདྨ་ཆེན་པོ་ལ་སོགས་(༢༦)པ་འཁོར་དང་བཅས་པ་རྣམས་དང་། སའི་ལྷ་མོ་བརྟན་མ་འཁོར་དང་བཅས་པ་རྣམས་དང་། ཁྱད་པར་དུ་འཛམ་བུ་གླིང་གི་ས་བདག་ཀླུ་གཉན། ཀླུའི་རྒྱལ་པོ་མ་དྲོས་པ་དང་། སོག་མ་མེད་དང་། ཟི་ཆེན་དང་། ཝཱ་རུ་ཎ་དང་། དུང་སྐྱོང་ལ་སོགས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །དཀོན་མཆོག་གསུམ་གྱི་བསྟན་པ་དང་གཙུག་ལག་གཉན་པོ་བསྐྱང་ཞིང། ཡུལ་ཁམས་ཐམས་ཅད་དུ་ལོ་ཕྱུགས་ལེགས་ཤིང་ཆར་ཆུ་དུས་སུ་འབབ་པ་དང་། བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་གནས་དང་ཡུལ་ཁམས་ཡོངས་སུ་བསྐྱང་བ་དང་། ཆབ་སྲིད་མངའ་ཐང་ཆེན་པོ་སྤེལ་བ་དང་། ཕྱི་ནང་གི་འགལ་རྐྱེན་ཐམས་ཅད་མེད་པ་དང་། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ སྔོན་གྱི་ཐུགས་རྗེ་རྨད་དུ་བྱུང་བས་དཀོན་མཆོག་གསུམ་གྱི་བསྟན་པ་བསྲུང་ཞིང་། མཐུ་དང་རྫུ་འཕྲུལ་དཔག་ཏུ་མེད་པས་གཙུག་ལག་ཁང་རྣམས་ཀྱི་གཉེར་དུ་གཏད་པ། རྒྱ་གར་རྡོ་རྗེ་གདན་གྱི་སྲུང་མ། ཁ་ཆེ་ན་ཁྲི་རྟེན་གྱི་སྲུང་མ། ཨོ་རྒྱན་ན་བདེ་བྱེད་བརྩེགས་ཀྱི་སྲུང་མ། བལ་ཡུལ་ན་འཕགས་པ་ཤིང་ཀུན་གྱི་སྲུང་མ། འཕགས་པ་འཇའ་མ་ལི་དང་ཨུ་ཁང་གི་སྲུང་མ། སྤྱི་རོང་ན་འཕགས་པ་ལོ་ཀི་ཤྭ་རའི་སྲུང་མ་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །

མཆོད་དོ། །དཀོན་མཆོག་གསུམ་གྱི་བསྟན་པ་སོ་སོའི་གཙུག་ལག་ཁང་བཅས་པ་བསྲུང་ཞིང་། བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་རེ་བ་བསྐང་ཞིང་། དེང་གི་གནས་མཆོག་དམ་པ་འདིར་ཡང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ འཕགས་དགུའི་ཡོན་ཏན་དཔག་ཏུ་མེད་པའི་སོ་སོའི་གནས་དང་གཙུག་ལག་ཁང་སྐྱོང་བ། རྒྱ་ནག་རི་བོ་རྩེ་ལྔའི་སྲུང་མ། སོ་སོར་ཐའི་སྲུང་མ། བཀྲ་ཤིས་ཁྲི་སྒོའི་སྲུང་མ། གྱི་ལྗང་ཧུའི་སྲུང་མ། ཕོ་བྲང་ཆེན་མོའི་སྲུང་མ། སྨན་རྩེ་མཁར་གྱི་སྲུང་མ། ལྗང་ཡུལ་རྡོ་རྗེའི་སྲུང་མ། ཧ་ལ་ཤན་གྱི་སྲུང་མ། འགའ་འགའ་མཁར་གྱི་སྲུང་མ་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །སོ་སོའི་གནས་དང་བསྟན་པ་བསྲུང་ཞིང་ཕྱི་དང་ནང་གི་འཁྲུག་འཚེ་མེད་ཅིང་། བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་བསམ་རྒུ་འགྲུབ་ཅིང་རེ་བ་སྐོང་བ་དང་། དེང་གི་གནས་མཆོག་དམ་པ་འདིར་ཡང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ ཀུན་གྱི་ནང་ནས་མཆོག་ཏུ་འཕགས་པ་གངས་རིའི་རྒྱུད་ཀྱི་སྲུང་མ་ཆེན་པོ། ལྷ་ཀླུ་གསང་བའི་དེད་དཔོན་ཆེན་པོ། སོ་ཁ་ཡུལ་གྱི་སོ་མཚམས་བསྲུང་ཞིང་སོ་སོའི་གནས་དང་བོད་ཁམས་སྐྱོང་བ། སྟོད་མངའ་རིས་སྐོར་གསུམ་གྱི་སྲུང་མ། བར་དབུས་གཙང་རུ་བཞིའི་སྲུང་མ། (༢༧)སྨད་མདོ་ཁམས་སྒང་དྲུག་གི་སྲུང་མ། གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་མོ་ལ་སོགས་པ་བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས། སྐྱོང་མ་བཅུ་གཉིས། གཡའ་རི་མ་བཅུ་གཉིས། གངས་རི་མ་བཅུ་གཉིས་འཁོར་དང་བཅས་པ་དང་། གནོད་སྦྱིན་ཆེན་པོ་རྡོ་རྗེ་ཤོམ་པོ། རྡོ་རྗེ་ཐང་ལྷ། རྡོ་རྗེ་གངས་བཟང་ལ་སོགས་པ་ལྷ་རབས་མཆེད་དགུ་འཁོར་དང་བཅས་པ་དང་། སྐུ་ལྷ་མཁའ་རི། རྡོ་རྗེ་བྲག་སྐྱེས། དགེ་བསྙེན་ཡུལ་བདག་ལ་སོགས་པ་དགེ་བསྙེན་ཉི་ཤུ་གཅིག་འཁོར་དང་བཅས་པ་རྣམས་དང་། གཞན་ཡང་མིང་དང་མཚན་ནས་མ་ཐོན་པའི་ཡུལ་ལྷ་གཞི་བདག་ཆེ་རྒུ་གཉན་རྒུ་རྣམས་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །སོ་སོའི་ཡུལ་ཁམས་གཉེར་དུ་བཞེས་ནས་བོད་ཁམས་ཀྱི་སོ་ཁ་བསྲུང་ཞིང་། ཧོར་དང་། རྒྱ་དང་ཏུ་རུཥྐ་ལ་སོགས་པའི་མཐའ་དམག་གི་གནོད་པ་དང་འཚེ་བ་བཟློག་ཅིང་། ཕྱི་འཁྲུགས་ནང་འཁྲུགས་མེད་པར་རྒྱལ་ཁམས་བདེ་ཞིང་ལོ་ཕྱུགས་ལེགས་པ་དང་། བསྟན་པ་དར་ཞིང་དགེ་བ་བསྔགས་འོས་སུ་སྤྱོད་པ། ཁྱད་པར་དུ་ཡང་བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་ཡུལ་ཁམས་དར་བ། ལོ་ཕྱུགས་ལེགས་པ། འཁྲུག་འཚེ་མེད་པ། མངའ་ཐང་རྒྱས་པ། བསམ་རྒུ་འགྲུབ་པ། རེ་སྨོན་དམ་པའི་གཞིར་གྱུར་པ་སོགས་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ སྔོན་གྱི་འཕགས་པས་གཉེར་དུ་བསྐོས་པ། བསྟན་པ་བསྲུང་ཞིང་གཙུག་ལག་སྐྱོང་བ། ཆོས་འཁོར་མ་བུ་སྟོད་སྨད་ཀྱི་སྲུང་མ། དབེན་གནས་གཉན་གྱི་སྲུང་མ། རིན་ཆེན་རྫོང་གི་སྲུང་མ་འཁོར་དང་བཅས་པ་རྣམས་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །གནས་དང་བསྟན་པ་བསྲུང་ཞིང་བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་བསམ་རྒུ་བསྒྲུབ་ཅིང་རེ་བ་བསྐང་བ་དང་། དེང་གི་གནས་མཆོག་དམ་པ་འདིར་ཡང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ འཕགས་པའི་རྒྱལ་པོས་གཉེར་དུ་བསྒོས་པ། ཆོས་འཁོར་མ་བུ་སྟོད་ཀྱི་སྲུང་མ། ལྷ་ས་འཕྲུལ་སྣང་གི་སྲུང་མ། གཙང་ཁང་སྒོ་ལྔའི་སྲུང་མ། འཁོར་ས་ཀླུ་ཁང་གི་སྲུང་མ། བཀའ་གཙིགས་རྡོ་རིང་སྲུང་མ། ར་མོ་ཆེའི་སྲུང་མ། བྲག་ལྷ་མགོན་པོའི་སྲུང་མ། ཁྱད་པར་དུ་མ་མགོན་ལྕམ་དྲལ། སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུ། ཀླུའི་རྒྱལ་པོ་སྟོང་གསུམ་འབྲུག་སྒྲ། ཚངས་པ་དུང་གི་ཐོར་ཚུགས་ཅན་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །སོ་སོའི་གནས་དང་བསྟན་པ་བསྲུང་ཞིང་བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་རེ་སྨོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་། དེང་གི་གནས་མཆོག་དམ་པ་འདིར་ཡང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་(༢༨)མཛད་དུ་གསོལ། ཧོཿ མཐུ་སྟོབས་རྫུ་འཕྲུལ་དཔག་ཏུ་མེད་པས་གཙུག་ལག་ཁང་དང་བསྟན་པ་སྐྱོང་བ། ཆོས་འཁོར་མ་བུ་སྨད་ཀྱི་སྲུང་མ། དབུ་རྩེ་རིགས་གསུམ་གྱི་སྲུང་མ། མཆོད་རྟེན་བཞིའི་སྲུང་མ། གཏེར་ཁ་བརྒྱད་ཀྱི་སྲུང་མ། ཡཀྴ་ལྟག་འོག་གི་སྲུང་མ། མཁྱེན་རབ་འཇམ་དཔལ་གླིང་གི་སྲུང་མ། རྣམ་དག་ཁྲིམས་ཁང་གླིང་གི་སྲུང་མ། ཚང་མང་ཀེང་རུས་གླིང་གི་སྲུང་མ། ཨཱརྻ་པཱ་ལོའི་གླིང་གི་སྲུང་མ། བདུད་འདུལ་སྔགས་པ་གླིང་གི་སྲུང་མ། སྒྲ་བསྒྱུར་རྒྱ་གར་གླིང་གི་སྲུང་མ། ལུང་བསྟན་བཻ་རོ་ཙ་ནའི་སྲུང་མ། མི་གཡོ་བསམ་གཏན་གླིང་གི་སྲུང་མ། བྱང་ཆུབ་སེམས་བསྐྱེད་གླིང་གི་སྲུང་མ། རིན་ཆེན་སྣ་ཚོགས་གླིང་གི་སྲུང་མ། དཀོར་མཛོད་དཔེ་དཀར་གླིང་གི་སྲུང་མ། དག་བྱེད་ཁྲུས་ཁང་གླིང་གི་སྲུང་མ། མཐུ་རྩལ་ཀླུ་གླིང་གི་སྲུང་མ། འོད་འབར་སུམ་ཅུ་རྩ་གཉིས་ཀྱི་སྲུང་མ། ཕྱིའི་ལྕགས་རི་མུ་ཁྱུད་ཀྱི་སྲུང་མ། སྒོ་བཞིར་མགོན་ཁང་བརྒྱད་ཀྱི་སྲུང་མ་འཁོར་དང་བཅས་པ་དང་། ཇོ་མོ་གླིང་གསུམ་གྱི་སྲུང་མ། ཁམས་གསུམ་མེ་ཏོག་སྒྲོལ་གྱི་གཙུག་ལག་ཁང་གི་སྲུང་མ། དགེ་བ་མཐའ་རྒྱས་ཀྱི་གཙུག་ལག་ཁང་གི་སྲུང་མ། དགའ་ལྡན་བྱམས་སྒྲོལ་གཙུག་ལག་ཁང་གི་སྲུང་མ་འཁོར་དང་བཅས་པ་རྣམས་དང་། མཆིམས་ཕུ་ན་ཨ་རིའི་གཙུག་ལག་ཁང་གི་སྲུང་མ། བྲག་དམར་མགྲིན་བཟང་གི་གཙུག་ལག་ཁང་གི་སྲུང་མ། ཀ་ཆུ་དཔལ་འབྱུང་གི་གཙུག་ལག་ཁང་གི་སྲུང་མ། མེ་ས་གོང་གི་གཙུག་ལག་ཁང་གི་སྲུང་མ། དམ་པ་རྒྱ་མཁར་གྱི་གཙུག་ལག་ཁང་གི་སྲུང་མ་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །སོ་སོའི་གནས་དང་བསྟན་པ་བསྲུང་ཞིང་། བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་བསམ་པ་བསྒྲུབ་ཅིང་རེ་བ་བསྐང་བ་དང་། དེང་གི་གནས་མཆོག་དམ་པ་འདིར་ཡང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཁྱད་པར་དུ་ཡང་དཔེ་དཀར་གྱི་དགྲ་བླ་གཉེན་པོ། སྐུའི་རྒྱལ་པོ། གསུང་གི་རྒྱལ་པོ། ཐུགས་ཀྱི་རྒྱལ་པོ། ཡོན་ཏན་གྱི་རྒྱལ་པོ། ཕྲིན་ལས་ཀྱི་རྒྱལ་པོ། སོ་སོའི་ཡུམ་དང་བཅས་པ། བཀའི་བློན་པོ་བྱ་རྒོད་ཐང་ནག །པ་ཏྲ་དཀར་པོ། པུ་ཏྲ་ནག་པོ། གཡས་ཀྱི་རུ་འདྲེན་པ་དཔའ་བོ་སྟག་ཆས་བརྒྱ། གཡོན་གྱི་རུ་འདྲེན་པ་དགེ་སློང་དགྲ་བཅོམ་བརྒྱ། སྔོན་གྱི་ཤུལ་འདྲེན་པ་སྐྱེས་པ་དར་མ་གྲི་ཐོགས་པ་བརྒྱ། སླད་ནས་རྗེས་ཉུལ་བ་བུད་མེད་ནག་མོ་བརྒྱ། སྐུའི་སྐྱོ་བསང་བ་འབག་སེང་གར་མཁན་བརྒྱ། ཤར་ཕྱོགས་ན་སྟག་གི་རྒྱལ་མཚན་ཕྱར་བ། ལྷོ་ཕྱོགས་ན་སྤྲེའུའི་རྒྱལ་མཚན་ཕྱར་བ། ནུབ་ཕྱོགས་ན་མི་རྒོད་ཀྱི་རྒྱལ་མཚན་ཕྱར་བ། བྱང་ཕྱོགས་ན་རྨ་བྱའི་རྒྱལ་མཚན་ཕྱར་བ། ཕོ་ཉ་ཡང་སྤྲུལ་ལས་མཁན་གྱི་ཚོགས་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་འབུལ་ལོ། །གསོལ་ལོ། །མཆོད་དོ། །(༢༩)སྔོན་གྱི་གཙུག་ལག་ཁང་གཉན་པོ་བསྲུང་བ་དང་། བདག་ཅག་འཁོར་དང་བཅས་པའི་ལེགས་པ་བསྒྲུབ་ཅིང་རེ་བ་བསྐང་བ་དང་། དེང་གི་གནས་མཆོག་དམ་པ་འདིར་ཡང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཧོཿ ཆོས་རྒྱལ་རྗེའི་ཐུགས་དམ་གཉན་པོ། ཁྲ་འབྲུག་བྱམས་པ་མི་འགྱུར་གཙུག་ལག་ཁང་གི་སྲུང་མ། སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་གི་སྲུང་མ། འོན་ཤོང་རྡོ་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་གི་སྲུང་མ་འཁོར་དང་བཅས་པ་རྣམས་དང་། དབུ་རུ་ན་ཀ་ཚལ། གཡོ་རུ་ན་ཁྲ་འབྲུག །གཙང་ན་གྲོམ་པ་རྒྱང་། སྤ་གྲོ་ན་སྐྱེར་ཆུ། བུམ་ཐང་ན་བཀྲ་ཤིས་དགེ་གནས། ལྷོ་བྲག་ན་ཁོ་མཐིང་ཀོང་བོན་བུ་ཆུ། ལི་ཡུལ་ན་ལྕང་ར་སྨུག་པོ། མང་ཡུལ་ན་བྱམས་པ་སྤྲིན། ཁམས་ན་ཀློང་ཐང་སྒྲོལ་མ། ག་ཆུ་ན་གསེར་གྱི་ལྷ་ཁང་། ཉང་རོང་ན་རྩིས་ཀྱི་ལྷ་ཁང་། སྤ་དུ་ན་རྩེ་དང་། སྐྱོ་དུ་ན་རྩེ་ལ་སོགས་པ་མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་ལ་སོགས་པའི་སྲུང་མ་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །སོ་སོའི་གཙུག་ལག་ཁང་དང་བསྟན་པ་བསྲུང་ཞིང་། བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་བསམ་པ་བསྒྲུབ་ཅིང་རེ་བ་བསྐང་བ་དང་། དེང་གི་གནས་མཆོག་དམ་པ་འདིར་ཡང་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ དབེན་གནས་གཉན་གྱི་སྲུང་མ་ཆེན་པོ་ལྷ་ས་ཡེར་བའི་སྲུང་མ། བསམ་ཡས་མཆིམས་ཕུའི་སྲུང་མ། འོན་ཤོང་རྡོའི་སྲུང་མ། ལྷ་རིང་བྲག་གི་སྲུང་མ། དཔལ་ཆེན་ཆུ་བོ་རིའི་སྲུང་མ་འཁོར་དང་བཅས་པ་རྣམས་དང་། སྤ་གྲོ་སྟག་ཚང་སེང་གེ་རྫོང་གི་སྲུང་མ། མོན་ཁ་རྫོང་གསུམ་གྱི་སྲུང་མ། ཁམ་བུ་རྫོང་གི་སྲུང་མ། ཁ་རག་རྫོང་གི་སྲུང་མ། ཤུན་ཕྲན་རྫོང་གི་སྲུང་མ་འཁོར་དང་བཅས་པ་དང་། ཕྱིང་བར་སྟག་རྩེ་དང་། ཡུམ་བུ་བླ་སྒང་ལ་སོགས་པ་སྐུ་མཁར་རྫོང་གི་སྲུང་མ། བང་སོ་རྫོང་གི་སྲུང་མ་དང་། གཞན་ཡང་བོད་ཀྱི་སྲུང་མ་ཆེན་པོ། གཏེར་བདག་ཆེན་པོ། གཞི་བདག་ཆེན་པོ། མིང་དང་མཚན་ནས་མ་ཐོས་པའི་ཆེ་རྒུ་དང་གཉན་རྒུ་ཅོག་དང་བཅས་པ། བསྟན་པ་བར་དར་དང་ཕྱི་དར་གྱི་གཙུག་ལག་ཁང་དང་སྡེ་དགོན་དཔག་ཏུ་མེད་པའི་སྲུང་མ་འཁོར་དང་བཅས་པ་རྣམས་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །སོ་སོའི་གནས་དང་བསྟན་པ་སྐྱོང་ཞིང་བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་བསམ་པ་བསྒྲུབ་ཅིང་རེ་བ་བསྐང་བ་དང་། དེང་གི་གནས་མཆོག་དམ་པ་འདིར་ཡང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བཀའ་ཉན་དུ་གཏོགས་ཤིང་། གསང་སྔགས་མཆོག་གི་དངོས་གྲུབ་(༢༠)བརྙེས་པ། ཉང་བན་ཆེན་པོ་ཏིང་ངེ་འཛིན་རབ་ཏུ་བཟང་པོས་མཐའ་འདུལ་ཡང་འདུལ་བོད་ཡུལ་དགེ་བའི་སྤྱི་ཕུད་དུ་བཞེངས་པ། ཞྭ་པདྨ་དབང་ཆེན་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གཉན་པོའི་སྲུང་མ་འཁོར་དང་བཅས་པ་ཐམས་ཅད་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །སོ་སོའི་ཐུགས་དམ་གཉེར་དུ་བཞེས་ཤིག །བོད་ཡུལ་ཀུན་གྱི་སོ་ཁ་སྲུངས་ཤིག །མཐའ་དམག་འབྱུང་པོའི་རྒོལ་བ་བཟློག་ཅིག །སད་སེར་མུ་གེའི་འཇིགས་པ་སྐྱོབས་ཤིག །ནད་མཚོན་འཁྲུག་པའི་གནོད་པ་སོལ་ཞིག །གཙུག་ལག་ཁང་དང་བསྟན་པ་སྲུངས་ཤིག །ཁྱད་པར་དུ་ཡང་བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་ཉིན་གསུམ་གྱི་བྱ་ར་གྱིས་ཤིག །མཚན་གསུམ་གྱི་མེལ་ཚེ་གྱིས་ཤིག །འགྱེལ་ན་སློང་ཞིག །བུབ་ན་རྟེན་ཅིག །མདུན་གྱི་འཁར་བ་གྱིས་ཤིག །རྒྱབ་ཀྱི་བརྟེན་ས་གྱིས་ཤིག །མི་མཉམ་པ་དང་མཉམ་དུ་ཆུག་ཅིག །མཉམ་གཉིས་གོང་གི་རྒྱལ་པོར་གྱིས་ཤིག །གཞི་ལ་སྡོད་ན་ལེགས་པར་སྲུངས་ཤིག །བྱེས་སུ་འགྲོ་ན་མགོན་སྐྱབས་མཛོད་ཅིག །དམག་ལ་འགྲོ་ན་དམག་དཔོན་གྱིས་ཤིག །ཇག་ལ་འགྲོ་ན་ཇག་དཔོན་གྱིས་ཤིག །ཚོང་ལ་འགྲོ་ན་ཚོང་དཔོན་གྱིས་ཤིག །ཅི་བསམ་རེ་བ་ཡིད་བཞིན་དུ་སྒྲུབས་ཤིག །མངའ་ཐང་འབྱོར་པ་ཕྱོགས་བཅུར་སྤེལ་ནད་གདོན་བར་ཆད་དགྲ་བགེགས་སོལ་ཞིག །དཔལ་དང་གྲགས་པའི་བ་དན་ཕྱོར་ཅིག །རང་ཕྱོགས་རྒྱལ་བའི་རྒྱལ་མཚན་སློང་ཞིག །ཕ་རོལ་སྡེ་དཔུང་རུ་མཚོན་ཆོག་ཅིག །རྒྱལ་ཁམས་ཐམས་ཅད་དབང་དུ་སྡུས་ཤིག་རེ་སྨོན་དམ་པའི་ཕྲིན་ལས་མཛོད་ཅིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ གཙང་ཁང་དབུས་ཀྱི་སྲུང་མ་ཆེན་པོ་སྨུག་ནག་སྔགས་ཀྱི་བདག་མོ་ཆེན་མོ་ཕྱག་ན་སྙིང་དང་ནད་རྐྱལ་བསྣམས་པ་འཁོར་དང་བཅས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །དཀོར་ཁང་ནང་གི་སྲུང་མ་ཆེན་པོ་དཔལ་ལྡན་མགོན་པོ་ལེགས་ལྡན་ལྕམ་དྲལ་ཕྱག་ན་གྲི་གུག་དང་ཐོད་ཁྲག་བསྣམས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །རང་བྱོན་ལྷ་བཞིའི་སྲུང་མ་ཆེན་པོ་དཔལ་གྱི་རྣམཐོས་སྲས་སེང་གེ་ཆིབས་ཤིང་མདུང་དམར་བསྣམས་པ་འཁོར་དང་བཅས་པ་རྣམས་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །ནང་སྒོའི་སྲུང་མ་རེ་བཟང་ལྷ་མོ་སྐུ་མདོག་ནག་མོ་དཔལ་འབར་དང་སྒྲོན་མེ་བསྣམས་པ་འཁོར་དང་བཅས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །བཅོལ་བའི་ལས་མཛོད་ཅིག །གྲུབ་པའི་རྟགས་ཕྱུངས་ཤིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །མདའ་ཁང་མདོ་ཁྱམས་སྲུང་མ་ཆེན་པོ་ཨ་ཕྱི་དབྱིངས་ཕྱུག་ཆོས་ཀྱི་སྒྲོན་མ་དཀར་མཛེས་དར་ཟབ་རིན་ཆེན་བརྒྱན་པ་རྟ་མཆོག་བཅིབས་ཤིང་མེ་ལོང་བསྣམས་པ་འཁོར་དང་(༣༡)བཅས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །གཙང་ཁང་ལྷོའི་སྲུང་མ་ཆེན་པོ་དཔལ་ལྡན་ནམ་གྲུ་སྲོག་བདུད་ནག་མོ་རླུང་ནག་འཚུབས་མའི་ཀློང་ན་བཞུགས་ཤིང་ཕྱག་ན་དགྲ་སྙིང་དང་ནད་རྐྱལ་བསྣམས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །གཙང་ཁང་བྱང་གི་སྲུང་མ་ཆེན་པོ་གནོད་སྦྱིན་ཤན་པ་དམར་ནག་བྱ་ཁྱུང་བཅིབས་ཤིང་ཐོད་ཁྲག་དང་གྲི་གུག་བསྣམས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །ཕྲ་མེན་མཆོད་རྟེན་གྱི་སྲུང་མ་གཟའ་བདུད་ནག་པོ་དབུ་དགུ་སྤྱན་སྟོང་མེ་དཔུང་འབར་བ་ཕྱག་བཞི་མདའ་གཞུ་རྒྱལ་མཚན་ཕྱར་བ་འཁོར་དང་བཅས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །མགོན་ཁང་སྲུང་མ་མགར་བ་ནག་པོ་ཐོ་བ་དང་སྦུད་པ་བསྣམས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །སྒོ་ཁང་སྲུང་མ་འབར་བ་ནག་པོ་སྔགས་པ་ཕྲེང་ཐོགས་འཇིགས་སུ་རུང་བའི་ཆ་བྱད་ཅན་འཁོར་དང་བཅས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །གཙང་ཁང་སྟེང་གི་སྲུང་མ་སེར་སྐྱ་ནག་པོ་རླུང་ནག་འཚུབས་མའི་ནང་ན་མི་རྐང་གི་གླིང་བུ་འབུད་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །སྒོ་ཁང་འབར་བའི་སྲུང་མ་མོན་པ་ནག་པོ་གནམ་ལྕགས་ཀྱི་ཐོག་མདའ་འཕེན་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །བསམ་པ་སྒྲུབས་ཤིག །རེ་བ་སྐོངས་ཤིག །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཕྱི་སྒོ་གཙང་ཁང་གི་སྲུང་མ་དཔལ་ལྡན་ལྷ་མོ་ནག་མོ་དྲེའུ་རྟ་བཅིབས་ཤིང་གྲི་དང་ནད་ཀྱི་རྐྱལ་པ་བསྣམས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །ལྕགས་རི་ཁོར་ཡུག་གི་སྲུང་མ་ཐེའུ་རང་སྟོང་སྡེ་རྐྱལ་པ་དང་འཁར་བ་བསྣམས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །གཙིགས་ཀྱི་ཁང་བུའི་སྲུང་མ་དུག་མདའ་ནག་པོ་དུང་ལོའི་རྣ་ཆ་འཕྱང་ཞིང་འོད་མའི་དུག་མདའ་འཕེན་པ་འཁོར་དང་བཅས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །ཁྱད་པར་དུ་ཡང་དམ་ཅན་རྡོ་རྗེ་ལེགས་པ། རྡོ་རྗེ་འབར་བ། རྡོ་རྗེ་ཐིག་ལེ་རྩལ། སེང་གེ་དཀར་མོ་ཆིབས་སུ་བཅིབས་ཤིང་རལ་པའི་རྩེ་ནས་དུ་བ་འཕྱུར་བ། ཐོད་ཕྲེང་ཀོ་རློན་སྟག་ཤམ་བརྒྱན་ཅིང་རྡོ་རྗེ་དགྲ་སྙིང་རྒྱུ་ཞགས་འཛིན་པ། མཆེད་སུམ་བརྒྱ་དྲུག་ཅུའི་གཙོ་བོ། འཁོར་ཞིང་གི་རྡུལ་སྙེད་ཀྱིས་བསྐོར་བའི་ཚོགས་དང་བཅས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་མགོན་སྐྱབས་དང་དཔུང་གཉེན་མཛོད་ཅིག །ཆགས་ཆེ་དང་ཉམ་ང་བཟློག་ཅིག །སྡང་བའི་དགྲ་སོད་ཅིག །གནོད་པའི་བགེགས་ཐུལ་ཞིག །འཁོར་དང་གང་ཟག་སྐྱོངས་ཤིག །མངའ་ཐང་དང་འབྱོར་པ་སྤེལ་ཅིག །བསམ་རྒུའི་རེ་བ་སྐོངས་ཤིག །སྙན་པ་དང་གྲགས་པ་སྒྲོགས་ཤིག །ཉིན་གསུམ་གྱི་བྱ་ར་གྱིས་ཤིག །མཚན་གསུམ་གྱི་མེལ་ཚེ་གྱིས་ཤིག །མདུན་གྱི་འཁར་བ་གྱིས་ཤིག །རྒྱབ་ཀྱི་བརྟེན་ས་གྱིས་ཤིག །གཞན་ཡང་མི་མང་སར་(༣༢)སྨ་མ་དབབ། བྱ་མང་སར་སྤུ་མ་བཏོག །བརྒྱ་ཁ་མང་གིས་གླེང་དུ་མ་བཅུག །སྟོང་མིག་མང་གིས་བལྟ་རུ་མ་བཅུག །རང་བས་ཞན་པས་བརྙས་སུ་མ་བཅུག །དགྲ་བྱུང་ན་བྱ་ཐོང་། དུག་བྱུང་ན་རྩི་ཐོང་། ཉེས་པ་ཐམས་ཅད་ཆུའི་རི་མོ་བཞིན་དུ་སྲུབས་ཤིག །ལེགས་པ་ཐམས་ཅད་ཡར་གྱི་ཟླ་བ་བཞིན་དུ་སྐྱེད་ཅིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ལྷོའི་རུ་སྦལ་གྱི་ཡུལ་ལྷ་རྩེ་བྱང་ཆུབ་རྒྱལ་པ་ཆིབས་སུ་རྟ་དཀར་བཅིབས་ཤིང་མདུང་དཀར་བ་དན་ཕྱར་བ་འཁོར་དང་བཅས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །ཤེལ་ལུང་རི་གཤོངས་ཀྱི་སྨན་མོ་སྤུན་བདུན་དར་ཟབ་གསེར་གཡུའི་རྒྱན་གྱིས་བརྒྱན་པ་ཟས་ནོར་གཞོང་པ་ཕྱག་ན་བསྣམས་ཤིང་དངུལ་དཀར་མེ་ལོང་རྒྱང་ནས་འཚེར་བ་འཁོར་དང་བཅས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །བྱང་རི་བྲག་དཀར་རྡོ་རྗེ་རྫོང་བཙན་བསེ་ཁྲབ་གསོལ་ཞིང་མདུང་དམར་ཐོགས་པ་རྟ་དམར་བཅིབས་ཤིང་ཞུབ་ཅན་གྱིས་བསྐོར་བ་འཁོར་དང་བཅས་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །ལེགས་པ་ཆོས་ཤིག །ཉེས་པ་ཟློག་ཅིག །བསམ་པ་སྒྲུབས་ཤིག །རེ་བ་སྐོངས་ཤིག །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །གཞན་ཡང་སྦས་ཡུལ་རིན་ཆེན་གླིང་གི་གཞི་བདག་ཕ་རི་གཡས་ལ་གནས་པ། ཚུར་རི་གཡོན་ལ་གནས་པ། འབབ་པ་ཆུ་ལ་(༣༢)གནས་པ། བརྟན་པ་བྲག་ལ་གནས་པ། བརྡལ་བ་ལ་གནས་པ། མིང་དང་མཚན་ནས་མ་ཐོན་པ་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ལེགས་པ་བརྒྱ་དང་སྤྲོད་ཅིག །ཉེས་པ་སྟོང་རྣམས་བཟློག་ཅིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཧོཿ གཞན་ཡང་སྲུང་མ་དམ་ཅན་རྒྱ་མཚོ། དཀོན་མཆོག་གསུམ་གྱི་བསྟན་པ་གཉེར་དུ་བཞེས་པ་རྣམས་དང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་བཀའ་ལ་གནས་ཤིང་དམ་ལ་བཏགས་པ། སློབ་དཔོན་ཆེན་པོའི་བི་མ་ལ་མི་ཏྲའི་བཀའ་ལ་གནས་ཤིང་དམ་ལ་བཏགས་པ། ཉང་བན་ཆེན་པོ་ཏིང་འཛིན་བཟང་པོའི་བཀའ་ལ་གནས་ཤིང་དམ་ལ་བཏགས་པ། རིག་འཛིན་ཆེན་པོ་ཀུ་མ་རཱ་ཛའི་བཀའ་ལ་གནས་ཤིང་དམ་ལ་བཏགས་པ། ཆོས་རྗེ་ཀློང་ཆེན་རབ་འབྱམས་ཀྱི་བཀའ་ལ་གནས་ཤིང་དམ་ལ་བཏགས་པ། ཕ་མྱེས་བརྒྱུད་ནས་བསྒྲུབས་ཤིང་བརྟེན་བརྟེན་པ། གསོལ་གསོལ་བ། མཆོད་མཆོད་པ། མིང་དང་མཚན་ནས་མ་ཐོན་པ་རྣམས་དང་། ངས་རོགས་བྱས། ངས་རྟེན་བྱས། ངས་སྐྱབས་བྱས། ངས་མགོན་བྱས་ཟེར་བའི་སྲུང་མ་ཡུས་པོ་ཆེ། ཡུལ་གྱི་ཡུལ་ལྷ། མཁར་གྱི་རྩེ་ལྷ། འགོ་བའི་ལྷ་ལྔ། བན་བོན་གྱི་སྲུང་མ་དང་བཅས་པ་མིང་དང་མཚན་ནས་མ་ཐོན་པ་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་(༣༣)པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །སོ་སོའི་ཐུགས་དམ་གཉེར་དུ་བཞེས་ནས་བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་མགོན་སྐྱབས་དང་དཔུང་གཉེན་མཛད་ཅིང་། ལེགས་རྒུའི་བསམ་པ་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། གཞན་ཡང་མི་ལ་ན་ཚ་མ་གཏོང་། ཕྱུགས་ལ་གོད་ཁ་མ་གཏོང་། ནོར་རྫས་ལ་སྟོར་བརླག་མ་གཏོང་། དེས་ལན་དང་དེས་ཉེས་མ་གཏོང་། ཁ་སྨྲས་དང་གླེང་བརྗོད་མ་གཏོང་། རྐྱེན་ངན་དང་བར་ཆད་མ་གཏོང་། གཞན་ཡང་ལེགས་རྒུ་ཅོག་རྣམས་གོང་དུ་སྤེལ་ཞིག །ཉེས་རྒུ་ཅོག་རྣམས་འོག་ཏུ་སྲུབས་ཤིག །བསམ་པ་སྒྲུབས་ལ་རེ་བ་སྐོངས་ཤིག །

བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ སྔོན་གྱི་ལས་ཚུལ་དཔག་ཏུ་མེད་པས་གནས་རིས་སྣང་བ་སོ་སོར་གསལ་བ་དང་། འགྲོ་བ་རིགས་དྲུག་སྐྱེ་བ་རྣམ་བཞི་ལམ་རྒྱུད་ལྔས་བསྡུས་པའི་ཁམས་གསུམ་གྱི་སེམས་ཅན་དུས་གསུམ་གྱི་ཕ་མ་དྲིན་ཆེན་རྣམས་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ད་ལྟར་གྱི་རྒྱུ་མཆོག་དམ་པ་འདིས་བསྐང་བའི་བསོད་ནམས་ཀྱིས་གནས་རིས་སོ་སོའི་སྡུག་བསྔལ་དང་བྲལ་ཞིང་བདེ་བ་དང་ལྡན་ཏེ། མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་འཕྲལ་དང་ཡུན་གྱི་སྒྲིབ་པ་བྱང་ཞིང་། བཀའ་(༣༣)དྲིན་གྱི་ལན་ཞོ་ཤས་འཁོར་ཏེ་ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་དཔུང་གཉེན་དམ་པར་གྱུར་ཅིག །ལེགས་རྒུའི་བསམ་པ་ཡིད་བཞིན་དུ་འགྲུབ་ནས་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཧོཿ ལས་ཀྱི་རྫུ་འཕྲུལ་དཔག་ཏུ་མེད་པས་ཀུན་ཏུ་རྒྱུ་ཞིང་མཆོད་སྦྱིན་ལེན་པ་ཡི་དྭགས་ཀྱི་རྒྱལ་མོ་གཟི་བརྗིད་ཆེན་མོ་ཁ་འབར་མས་གཙོ་བྱས་པའི་ཡི་དྭགས་ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། སྤྱི་མཐུན་གྱི་སྒྲིབ་པ་ཅན། སྒོ་ཁུད་ཀྱི་སྒྲིབ་པ་ཅན། མེ་ལྕེའི་ཕྲེང་བ་ཅན་ལ་སོགས་པ་ཡི་དྭགས་ཀྱི་ཚོགས་དཔག་ཏུ་མེད་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །མཆོད་སྦྱིན་དམ་པ་བསྔོས་པའི་བསོད་ནམས་ཀྱི་ཡི་དྭགས་ཀྱི་འགྲོ་བ་མཐའ་དག་གི་སེར་སྣ་དང་འཇུར་གེགས་ལ་སོགས་པ་སོ་སོའི་ལས་ཀྱི་སྒྲིབ་པ་ཅི་མཆིས་པ་ཐམས་ཅད་བྱང་ཞིང་དག་ནས་ལུས་སེམས་བདེ་བ་དང་ལྡན་ཏེ་སོ་སོར་གང་ལ་ཅི་དགའ་བའི་བཟའ་བ་དང་། བཏུང་བ་དང་། གནས་དང་། བཞོན་པ་དང་། གོས་དང་། ནོར་ལ་སོགས་པ་འདོད་དགུའི་ཡོ་བྱད་དཔག་ཏུ་མེད་པ་སོ་སོར་གང་ལ་ཅི་དགའ་བ་ཐོབ་ནས་འཚེ་བ་དང་རྩོད་པ་མེད་པར་ལོངས་སྤྱོད་ཅིང་དགའ་བདེ་བླ་ན་མེད་པས་དབུགས་ཕྱིན་ནས་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པར་གྱུར་ཅིག །བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་ནད་དང་གདོན་དང་བགེགས་དང་བར་དུ་(༣༤)གཅོད་པ་ཐམས་ཅད་ཞི་ཞིང་འདོད་རྒུའི་རེ་བ་ཐམས་ཅད་འགྲུབ་ནས་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཧོཿ འཇིགས་པའི་ཆོ་འཕྲུལ་དཔག་ཏུ་མེད་པས་ནད་གཏོང་མདངས་འཕྲོག་བར་དུ་གཅོད་པའི་བགེགས་ཀྱི་རྒྱལ་པོ་བི་ན་ཡ་གས་གཙོ་བྱས་ལྷའི་གདོན་དང་། ཀླུའི་གདོན་དང་། གནོད་སྦྱིན་གྱི་གདོན་དང་། ལྷ་མ་ཡིན་གྱི་གདོན་དང་། དྲི་ཟའི་གདོན་དང་། ནམ་མཁའ་ལྡིང་གི་གདོན་དང་། མིའམ་ཅིའི་གདོན་དང་། ལྟོ་འཕྱེ་ཆེན་པོའི་གདོན་དང་། གྲིབ་གནོན་གྱི་གདོན་དང་། མ་མོའི་གདོན་དང་། མཁའ་འགྲོའི་གདོན་དང་། སྐེམ་བྱེད་ཀྱི་གདོན་དང་། བརྗེད་བྱེད་ཀྱི་གདོན་ལ་སོགས་པ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །མཆོད་སྦྱིན་དམ་པ་འདི་བསྔོས་པའི་བསོད་ནམས་ཀྱིས་བགེགས་རིགས་སོ་སོའི་སྡུག་བསྔལ་ཐམས་ཅད་དང་བྲལ། གནོད་སེམས་གདུག་སེམས་ཐམས་ཅད་ཀྱང་ཞི། ཀུན་ཀྱང་བྱམས་པའི་སེམས་ལ་གནས་པས་སླན་ཆད་འཚེ་བའི་སེམས་མི་འབྱུང་ཞིང་། དཀར་པོ་རྣམ་པར་འཕེལ་བས་དགེ་བའི་ངོ་བོ་མཐོང་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་ཆགས་ཆེ་བ་དང་། ཉམ་ང་བ་དང་། རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། མཚན་མ་ངན་པ་སོགས་པ་བགེགས་དང་བར་དུ་གཅོད་པའི་ཆོ་འཕྲུལ་བཀྲ་མི་ཤེས་པ་ཐམས་ཅད་ཞི་ནས་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། །ཧོཿ ཐོག་མ་མེད་པའི་འཁོར་བ་ནས་འཁོར་བའི་ཚེ་ཕན་ཚུན་ཕན་ཅིང་དྲིན་དུ་གཟོ་བ་ལ་ཞོ་ཤེས་མ་འཁོར་བ་དང་། གནོད་པའི་ལས་ཀྱི་འབྲས་བུ་མ་བྱང་བས་ཚེ་རབས་བརྒྱུད་ཀྱང་རྗེས་སུ་འབྲངས་ཤིང་། བུ་ལོན་བཞིན་བསྙག་པར་ཆས་པའི་འཁོན་དུ་གྱུར་པ། ཁམས་གསུམ་རིགས་དྲུག་གི་རྒྱུད་དུ་གཏོགས་པ་ན་བདག་ལ་བལྟ་ཞིང་རྗེས་སུ་སེམས་པ་ཐམས་ཅད་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །མཆོད་སྦྱིན་དམ་པ་འདི་བསྔོས་པའི་བསོད་ནམས་ཀྱིས་ཕན་ཚུན་ལས་ཀྱི་བུ་ལོན་འཁོར་ཏེ། ནག་པོའི་ལས་ཐམས་ཅད་བྱང་ཞིང་དཀར་པོ་རྣམ་པར་འཕེལ་བའི་ལས་ཀྱིས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཏེ། ཁམས་གསུམ་དུ་འཁོར་བ་ཐམས་ཅད་སྟོངས་པར་གྱུར་ཅིག །ཁྱད་པར་དུ་ཡང་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ལ་ཆེ་བ་སྲོག་གི་ལན་ཆགས་པ་ནས་ཆུང་བ་རྫས་ཀྱི་ལན་ཆགས་པའི་བར་གང་ཅི་དང་ཅི་ཡོད་པ་ཐམས་ཅད་དུས་འདིར་ཁྱེར་ཏེ་བྱང་ཞིང་དག་ནས་སླན་ཆད་སྲོག་དང་ཆབ་སྲིད་དང་འཁོར་དང་ལོངས་སྤྱོད་དང་གནས་དང་བཞོན་པ་དང་ཡོངས་སུ་བཟུང་བ་ཐམས་ཅད་ལ་(༣༥)ཉེ་ཞོ་དང་གནོད་པ་མེད་ཅིང་། ཚེ་དང་དཔལ་དང་འབྱོར་པ་དང་གྲགས་པ་དང་གཟི་བརྗིད་ལ་སོགས་པ་མཐུན་ཞིང་ཡིད་དུ་འོང་བའི་དངོས་པོ་ཐམས་ཅད་གོང་དུ་འཕེལ་ཏེ། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ སྔོན་ཆབ་སྲིད་གཉེར་དུ་བཞེས་པས་ད་ལྟ་སོ་སོའི་རྒྱུད་ལ་གཟིགས་པ་མངའ་རིས་བོད་ཀྱི་རྒྱལ་ཁམས་སུ་གཏོགས་སོ་ཅོག་དང་། ཁྱད་པར་དུ་བཀྲལ་ཡུལ་རིན་ཆེན་གླིང་གི་ཡུལ་ཁམས་ཀྱི་གོང་མ་རྗེའི་གདུང་རབས་ཀྱི་རྒྱལ་པོ་སྔ་རབས་འདས་པ། བཙུན་མོ་སྔ་རབས་འདས་པ། བློན་པོ་སྔ་རབས་འདས་པ། བཙན་པོ་སྔ་རབས་འདས་པ། ཞང་བློན་སྔ་རབས་འདས་པ། གཙོ་བོ་སྔ་རབས་འདས་པ། མོ་བཙུན་སྔ་རབས་འདས་པ། བྱིས་པ་སྔ་རབས་འདས་པ། ཡུལ་མི་སྔ་རབས་འདས་པ་རྣམས་དང་། ཁྱད་པར་དུ་ཡང་ཞྭ་པདྨ་དབང་ཆེན་གྱི་གཙུག་ལག་ཁང་གི་ཆོས་རྒྱལ་སྔ་རབས་འདས་པ། པཎྜི་ཏ་སྔ་རབས་འདས་པ། གྲུབ་ཐོབ་སྔ་རབས་འདས་པ། མཁན་པོ་སྔ་རབས་འདས་པ། སློབ་དཔོན་སྔ་རབས་འདས་པ། དགེ་སློང་སྔ་རབས་འདས་པ། དགེ་བཤེས་སྔ་རབས་འདས་པ། དགེ་ཚུལ་སྔ་རབས་འདས་པ། དགེ་བསྙེན་སྔ་རབས་འདས་པ། གནས་བརྟན་སྔ་རབས་འདས་པ། ལག་གི་བླ་སྔ་རབས་འདས་པ། སྦྱིན་བདག་སྔ་རབས་འདས་པ་རྣམས་ཀྱིས་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །མགྲོན་ནོ། །བསྔོའོ། །གཏན་པ་མེད་པའི་མཆོད་སྦྱིན་ཆེན་པོ་འདིས་སོ་སོའི་ལོངས་སྤྱོད་གང་ལ་གང་འོས་པ་དགྱེས་ཤིང་མཐུན་པའི་རྐྱེན་དུ་གྱུར་པ། གནས་དང་། བཞོན་པ་དང་། འཁོར་དང་། ཆབ་སྲིད་དང་། དབང་ཕྱུག་དང་། བྲན་དང་། བགོ་བ་དང་། བཟའ་བཏུང་ལ་སོགས་པ་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་དག་སོ་སོར་ཐོབ་ནས། ཕྱི་མའི་མཐའ་མུར་ཐུག་པར་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །བདེ་དཔལ་གྱི་མཆོག་དམ་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡང་དག་ཕུལ་ལ་སོགས་ལོངས་སྤྱོད་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །དེ་ལྟར་སྔ་རབས་འདས་པའི་ཚོགས་སུ་གྱུར་པ་དག་ནི་གཤིན་གྲལ་ན་མང་བ་ཡིན་ནོ། །གསོན་གྲལ་ན་ཉུང་བ་ཡིན་ནོ། །གཤིན་མིག་གསོན་ལ་མ་གཟིགས་ཤིག །གཤིན་གྱི་བརྩེ་གདུང་གསོན་ལ་མཆེ་བར་སོ་སོའི་དབང་པོ་ཚང་བ་དུར་ཁྲོད་ལ་སོགས་སྔོན་གྱི་བཞུགས་གནས། སྲོག་ཕུར་དང་བླ་ཕུར་བཏབ་པ་གང་ན་མཆིས་པ་དེར་བཞུགས་ལ། ཡུལ་ན་ཡུལ་ཆག་ཆེ་བ། སྒོ་ན་སྒོ་ཆག་ཆེ་བ། སྲང་ན་སྲང་ཆག་ཆེ་བ་ཐམས་ཅད་བཟློག་ཅིག །ན་རྒབ་དང་ཤི་རྒབ་ཐམས་ཅད་ཆོད་ཅིག །ཁྱད་པར་དུ་ཡང་བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་ཆག་ཆེ་བ་ཉམ་ང་བ་རྨི་ལམ་ངན་པ་ལྟས་ངན་པ། མཚན་མ་ངན་པ་མོ་ངན་པ་པྲ་ངན་པ་བཀྲ་མི་ཤིས་པ་ཐམས་ཅད་བཟློག་ལ། ན་གོད་དང་ཤི་གོད་ཐམས་ཅད་ཆོད་ཅིག །དེང་གི་གནས་མཆོག་དམ་པ་(༣༦)འདིར་ཡང་མཐོ་བ་མཐོ་ས་ན་དར། དམའ་བ་དམའ་ས་ན་དར། དགེ་འདུན་སྡེ་ཚུགས། ལོངས་སྤྱོད་འཕན་དར། མི་ནོར་དགུང་འཛོམ། དཔལ་རྒྱས་མངའ་ཐང་ཆེ། རེ་སྨོན་དམ་པའི་གཞིར་གྱུར་པ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཧོཿ ལྷ་མིའི་མཆོད་སྡོང་མཆོག་ཏུ་གྱུར་པ། བཀྲ་ཤིས་ངོ་མཚར་མཆོག་གི་གཙུག་ལག་ཁང་ཞྭ་པདྨ་དབང་ཆེན་གྱི་གནས་ལྷ་ཁྱད་པར་ཅན་རྣམས་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །གཙུག་ལག་ཁང་གཉན་པོའི་གསེར་གྱི་ཀ་བ་ཡོ་རུ་མ་གཞུག །གཡུའི་གདུང་མ་འཚིག་ཏུ་མ་གཞུག །རྡོ་རྗེའི་རྩིག་པ་གྲུམ་དུ་མ་གཞུག །རིན་པོ་ཆེའི་ཐོག་ཕིབ་གཅོང་དུ་མ་གཞུག །གྱ་རལ་དང་གྱོ་དུམ་མ་གཏོང་། ཞིག་རལ་དང་ཀློང་རྡོལ་མ་གཏོང་། གྲུམ་གས་དང་འགྱུར་ལོག་མ་གཏོང་། དུས་ཀྱི་བཅོས་ལག་དང་ལྷ་མིའི་འདུ་བ་ཁྱད་པར་ཅན་དུ་གྱིས་ལ་དཀོར་ཆ་དང་ཉེ་འཁོར་ཐམས་ཅད་སྲུངས་ཤིག །བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་བསམ་པ་ཐམས་ཅད་སྒྲུབས། རེ་བ་ཐམས་ཅད་སྐོངས་ལ་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཧོཿ སྔོན་གྱི་ཐུགས་དམ་གཉེར་དུ་བཞེས་པ། གཙུག་ལག་ཁང་གི་མཛོད་ཁང་སྐྱོང་བ་ནོར་གྱི་དབང་ཕྱུག་ཨཱརྻ་ཛཾ་བྷ་ལ། ཚོགས་ཀྱི་བདག་པོ། རྣམ་ཐོས་སྲས། གང་བ་བཟང་པོ། ནོར་བུ་བཟང་པོ། ཀུ་བེ་ར། རྒྱལ་བ་ཁྱུ་མཆོག །ཡང་དག་ཤེས། ནོར་གྱི་རྒྱུན། འཕྲོགས་མའི་བུ། བཟང་པོ་ལྔས་རྩེ་ན། པི་ཙི་ཀུཎྜ་ལི་ལ་སོགས་པ་ནོར་ལྷ་ཁྱད་པར་ཅན་ཁྱེད་རྣམས་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་དང་། དེང་གི་གནས་མཆོག་དམ་པ་འདི་འདོད་རྒུའི་ནོར་གྱི་ཆར་པ་ཕོབ་ཅིག །བང་མཛོད་ཐམས་ཅད་ལེགས་པར་ཁོངས་ཤིག །འབྲུ་དང་ནོར་གྱིས་འབྱོར་དུ་ཆུག་ཅིག །ཟས་དང་གོས་ཀྱི་ལོངས་སྤྱོད་སྩོལ་ཅིག །མངའ་ཐང་དང་འབྱོར་པ་རྒྱས་པར་སྤེལ་ཞིག །ལྷ་འདྲེ་མི་གསུམ་དབང་དུ་སྡུས་ཤིག ཟས་ནོར་ལོངས་སྤྱོད་ཆར་བཞིན་ཕོབ་ཅིག །འཇིག་རྟེན་ཁམས་ན་འབྱོར་པར་གྱིས་ཤིག །མི་ནོར་ལོངས་སྤྱོད་རྒྱས་པར་གྱིས་ཤིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཧོཿ བསོད་ནམས་བཀྲ་ཤིས་དཔལ་དུ་འབར་བས་བཟའ་བཏུང་ལོངས་སྤྱོད་ཕུན་སུམ་ཚོགས་པར་དབང་བསྒྱུར་བ། ཚང་མང་ཟས་ཀྱི་གཡོས་ལྷ་ཆེན་མོ། ཐབ་ལྷ་ཡུ་མོ། སྒྱེད་ལྷ་སྤུན་གསུམ། བང་ལྷ་གྲུ་བཞི་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་དང་། དེང་གི་གནས་མཆོག་དམ་པ་འདིར་སྐྱིད་མོ་མཚོས་སྐྱིད་དུ་ཆུག་ཅིག །གང་མོ་གཟས་གང་དུ་ཆུག་ཅིག །དཔལ་མོ་གཟས་དཔལ་སྐྱེད་ཅིག །བཀྲ་ཤིས་གཟས་གཡང་སྐྱེད་ཅིག །སླ་ང་ཚག་མ་བཅད། རང་ཐག་འུར་མ་(༣༧)བཅད། །གསེ་གཏུབ་རྡིག་མ་བཅད། དཀར་གྱི་རྒྱུན་མ་བཅད། མངར་གྱི་ལམ་མ་བཅད། དམར་གྱི་སྦུབས་མ་བཅད། གསུར་གྱི་དྲི་མ་བཅད། ཇ་ཆང་རྒྱུན་མ་བཅད། དབྱར་ཞོ་མལ་དུ་ཞོ་མ་བཅད། དགུན་ཆང་མལ་དུ་ཆང་མ་བཅད། སྟོན་ནས་མལ་དུ་ནས་མ་བཅད། དཔྱིད་ཇ་མལ་དུ་ཇ་མ་བཅད། ནང་ནུབ་ཟས་མལ་དུ་ཟས་མ་བཅད། ཟངས་དཀར་འོ་མ་ལུད་པ་བཞིན་དུ་ཇེ་དཀར་དང་ཇེ་མཐོ་ལ་ཐོངས་ཤིག །གངས་དཀར་ལ་ཁ་བ་བབ་པ་བཞིན་དུ་ཇེ་དཀར་དང་ཇེ་ལེགས་ལ་ཐོངས་ཤིག །སྟོན་ཀའི་ལོ་ཏོག་ལེགས་པ་བཞིན་དུ་ཇེ་བཟང་དང་ཇེ་ལེགས་ལ་ཐོངས་ཤིག །སྐྱིད་བདེའི་མགྲོན་ལ་འོ་ཚོགས་པ་བཞིན་དུ་ཇེ་དགའ་དང་ཇེ་སྐྱིད་ལ་ཐོངས་ཤིག །ནམ་གཞིག་གཏན་དུ་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཧོཿ མཐུ་དཔལ་ཆེན་པོས་སྒོ་བཞི་སྲུང་བའི་སྒོ་བ་ལྕགས་ཀྱུ་མ། ཞགས་པ་མ། ལྕགས་སྒྲོག་མ། དྲིལ་བུ་མ་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་དང་། དེང་གི་གནས་མཆོག་དམ་པ་འདིའི་ནང་མི་སྨུག་པོ་ཕྱིར་མ་གཏོང་ཕྱི་མི་སྐྱ་བོ་ནང་དུ་མ་གཏོང་། ཕུག་ནས་རོ་མ་གཏོང་། མདའ་ནས་དམག་མ་གཏོང་། ནང་ནས་སྟོར་རླག་མ་གཏོང་། ཕྱི་ནས་གླེང་མོ་མ༴། །མི་ཁ་དང་དགྲ་ཁ་མ༴། །དེས་ལེན་དང་དེས་ཉེས་མ༴། །རྐྱེན་ངན་དང་བར་ཆད་ཐམས་ཅད་ཀྱི་སྒོ་སྡོམས། སྡུག་བསྔལ་དང་ཉེས་པ་ཐམས་ཅད་ཀྱི་བྱུར་ཕུད། ལེགས་པ་དང་བཀྲ་ཤིས་ཐམས་ཅད་ཀྱི་སྒོ་ཕྱེས། སྐྱིད་པ་དང་བདེ་ལེགས་ཐམས་ཅད་ཀྱི་མགྲོན་བོས། ཉིན་གསུམ་གྱི་བྱ་ར་གྱིས། མཚན་གསུམ་གྱི་མེལ་ཚེ་གྱིས། རྟག་ཏུ་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཧོཿ མཆོད་སྦྱིན་སོ་སོའི་དུས་ལས་ཡོལ་བ། དམ་ཚིག་དབང་གིས་གནས་འདིར་བྱོན་པ། གློ་བུར་དུ་ལྷགས་པའི་མགྲོན་རིགས་ལྷ་མཐུ་བོ་ཆེ། ཀླུ་མཐུ་བོ་ཆེ། བདུད་མཐུ་བོ་ཆེ། བཙན་མཐུ་བོ་ཆེ། གནོད་སྦྱིན་མཐུ་བོ་ཆེ། སྲུང་མ་མཐུ་བོ་ཆེ་རྣམས་དང་། གཞན་ཡང་ཁམས་གསུམ་རིགས་དྲུག་གིས་བསྡུས་པའི་མགྲོན་རིགས་གློ་བུར་དུ་ལྷགས་པ་ཐམས་ཅད་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །མགྲོན་ནོ། །བསྔོའོ། །དེ་དག་ཐམས་ཅད་ཀྱི་སྤྱན་ལམ་དུ་སོ་སོར་ཅི་ལ་ཅི་དགྱེས་པ། གང་ལ་གང་དགའ་བ་དེ་ལྟ་བུའི་བཟའ་བཏུང་དང་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ཞིག་ནམ་མཁའི་མཐས་གཏུགས་པ་ཇི་སྲིད་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །དེ་ལྟར་གྱུར་ནས་ཀྱང་སྒྲུབ་པ་པོ་སོ་སོའི་རྣམ་པར་ཐར་པ་དང་རྗེས་སུ་འཚམས་པའི་ལས་མཛད་དེ། བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་རེ་བ་ཐམས་ཅད་བསྐང་ཞིང་ནད་དང་གདོན་དང་བགེགས་དང་བར་དུ་གཅོད་པ་ལ་སོགས་པ་མི་མཐུན་པའི་རྐྱེན་ཐམས་ཅད་བསལ་ཏེ་ཚེ་དང་དཔལ་དང་འབྱོར་པ་ལ་སོགས་པའི་མཐུན་རྐྱེན་ཐམས་(༣༨)ཅད་ཡིད་བཞིན་དུ་བསྒྲུབས་ནས། མགོན་སྐྱབས་དཔུང་གཉེན་དམ་པ་མཛད་པ་དང་། དེང་གི་གནས་མཆོག་དམ་པ་འདིར་ཡང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། སྔོན་གྱི་དམ་ཚིག་ཆེན་པོའི་དབང་གིས་ལྷག་མའི་མཆོད་སྦྱིན་མགྲོན་དུ་བྱོན་པ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། གྲུལ་བུམ་དང་། མ་མོ་དང་། མཁའ་འགྲོ་མ་ལ་སོགས་པ་རྣམས་དང་། གཞན་ཡང་ལས་ཀྱི་དབང་གིས་ལྷག་མ་ལ་དབང་བའི་ཡི་དྭགས་ལ་སོགས་པ། འགྲོ་བ་སོ་སོའི་རིགས་སུ་གཏོགས་པ་ཐམས་ཅད་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །དེ་ཐམས་ཅད་ཀྱི་གནས་རིས་དང་ལོངས་སྤྱོད་སོ་སོར་གང་ལ་གང་མོས་པ་ཅི་ལ་ཅི་བསྒྲུབ་སོ་སོའི་རྣམ་པར་ཐར་པ་དང་མཐུན་པ་ནམ་མཁའི་མཐའ་ཀླས་པ་ཕྱི་མའི་མཐའི་མུར་ཐུག་པ་བཟང་བཏུང་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་བར་གྱུར་ཅིག །དེ་ལྟར་གྱུར་ནས་ཀྱང་སོ་སོའི་དམ་ཚིག་བཞིན་རྗེས་སུ་མཐུན་པའི་ལས་མཛད་དེ། བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་ནད་དང་། གདོན་དང་། བགེགས་དང་བར་དུ་གཅོད་པ་ཞི་ཞིང་ཚེ་དང་དཔལ་དང་འབྱོར་པ་ཕུན་སུམ་ཚོགས་པ་ལ་སོགས་པ་རེ་སྨོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་ནས། དེང་གི་གནས་མཆོག་དམ་པ་འདིར་ཡང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། དེ་ནས་དཀྱིལ་རྩེ་བཞག་པ་དེ་བཅད་ཁམ་དུ་བྱས་པ་ཕུལ་ལ། ཧོཿ རྗེ་བཙུན་དམ་པའི་མངའ་བདག་ཆེན་པོ། བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་འགྲོ་དམ་ཅན་རྒྱ་མཚོའི་མགྲོན་ནས་བཟུང་སྟེ། ལྷ་ཀླུ་གནོད་སྦྱིན་ལྷག་མའི་མགྲོན་རིགས་ཡན་ཆད་དེང་གི་གནས་མཆོག་དམ་པ་འདིར་ཡང་མཆོད་སྦྱིན་དམ་པའི་མགྲོན་དུ་བྱོན་པ་ཐམས་ཅད་ཀྱི་མངའ་རིས་དང་སྤྱན་ལམ་དུ། དང་པོར་ནི་ཕུད་ཀྱིས་མཆོད། བར་དུ་ནི་ཚོགས་ཀྱིས་མཆོད། ཐ་མར་ནི་ལྷག་མས་མཆོད་ནས་སོ་སོའི་ཕྲིན་ལས་མཛད་པར་བསྐུལ་ཞིང་། ཁྱད་པར་དུ་ཡང་ཕུད་དང་གཙང་མར་སྦྱར་བས་སྔ་མ་ལེགས་པའི་གཏང་རག་ཏུ་འབུལ་ལོ། །ཕྱི་མ་ལེགས་པའི་ཞུ་འབུལ་དུ་གསོལ་ལོ། །ད་ལྟ་ལེགས་པའི་དྲིན་ལན་དུ་མཆོད་དོ། །རྟག་ཏུ་ལེགས་པའི་མཆོད་སྦྱིན་དུ་མགྲོན་ནོ། །འདི་ཕྱི་ལེགས་པའི་བསོད་ནམས་སུ་བསྔོའོ། །མགྲོན་རིགས་ཁྱད་པར་ཅན་ཁྱོད་རྣམས་ཀྱིས་དགྱེས་པ་ཆེན་པོས་བཞེས་ཏེ། སོ་སོའི་གཡར་དམ་བཞིན་ཕྲིན་ལས་མཛད་པར་བསྐུལ་གྱིས། སྔོན་གྱི་དམ་ཚིག་ཆེན་པོ་རྗེས་སུ་དྲན་པར་མཛོད་ལ། སངས་རྒྱས་ཀྱི་བསྟན་པ་འཁོར་རྣམ་བཞི་གཙུག་ལག་ཁང་དང་བཅས་པ་སྐྱོང་ཞིང་ཡུལ་འཁོར་སྲུང་བའི་ལས་མཛོད་ལ། ཡུལ་ཁམས་ཐམས་ཅད་ཀྱི་ལོ་ཕྱུགས་ལེགས་ཤིང་འཁྲུག་འཚེ་མེད་པར་དགེ་དངོས་སྤྱོད་ཅིང་རྟག་ཏུ་བདེ་བ་དང་། ལྷ་དང་མིའི་དཔལ་ཕུན་(༣༩)སུམ་ཚོགས་པས་བདེ་ཞིང་སྐྱིད་པར་མཛད་དུ་གསོལ་ལོ། །ཁྱད་པར་དུ་ཡང་བོད་ཁ་བ་ཅན་གྱི་རྒྱལ་ཁམས་སྔོན་གྱི་རྒྱལ་པོས་གཉེར་དུ་བཞེས་པའི་ཡུལ་ཁམས་ཆེན་པོ་འདིར་རྒྱ་དང་ཧོར་དང་སོག་པོ་ལ་སོགས་པ་མཐའི་དམག་དང་འབྱུང་པོ་ཆེན་པོ་བཀྲ་མི་ཤིས་པ་གཏོང་བ་ཐམས་ཅད་ཕྱིར་བཟློག་ཅིང་བསྒྱུར་དུ་གསོལ་ལ། ཕྱི་འཁྲུག་དང་ནང་འཁྲུག་དང་ནད་དང་འཚེ་བ་ཐམས་ཅད་ཞི་བར་མཛད་དུ་གསོལ་ལོ། །ལོ་ཕྱུགས་རྟག་ཏུ་ལེགས་པ། ཆར་ཆུ་དུས་སུ་འབབ་པ། ནད་མཚོན་མུ་གེ་མེད་པ། མི་རྣམས་དགེ་དངོས་སྤྱོད་པ། ཡུལ་རྣམས་དར་ཞིང་རྒྱས་པ། བཀའ་ཁྲིམས་ཆོས་ལ་གནས་པ། སྡེ་དགོན་བསོད་ནམས་རྒྱས་པ། དཀོན་མཆོག་བསྟན་པ་དར་བ། རྒྱལ་ཁམས་ཀུན་ཏུ་བདེ་བ། རྟག་ཏུ་བཀྲ་ཤིས་འབྱུང་བར་མཛད་དུ་གསོལ། ཁྱད་པར་དུ་ཡང་བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་མི་ལ་ན་ཚ་མ་གཏོང་། ཕྱུགས་ལ་གོད་ཁ་མ་གཏོང་། ནོར་རྫས་ལ་སྟོར་རླག་མ་གཏོང་། མངའ་རིས་ལ་ཤོར་གོད་མ་གཏོང་། བརྒྱ་ཁ་མང་གིས་གླེང་དུ་མ་འཇུག །སྟོང་མིག་མང་གིས་བལྟ་རུ་མ་གཞུག །རང་བས་ཞན་པས་བརྙས་སུ་མ་གཞུག །ལུས་ལ་ན་ཚ་མ་གཏོང་། སེམས་ལ་སྡུག་བསྔལ་མ་གཏོང་། བསམ་པ་ལ་བར་ཆད་མ་གཏོང་། དེས་ལེན་དང་དེས་ཉེས་མ་གཏོང་། ཁ་སྨྲས་དང་གླེང་ཆོ་མ་གཏོང་། ཕྱི་ནང་གི་འཁྲུག་འཚེ་མ་གཏོང་། རྐྱེན་ངན་དང་བར་ཆད་མ་གཏོང་། ཆག་ཆེ་དང་ཉམ་ང་མ་གཏོང་། རྦད་འདྲེ་དང་རྦོད་གཏོང་མ་གཏོང་། ཕུར་ཁ་དང་ཟོར་ཁ་མ་གཏོང་། གཞན་ཡང་ཉིན་གསུམ་གྱི་བྱ་ར་མཛོད་ཅིག །མཚན་གསུམ་གྱི་མེལ་ཚེ་མཛོད་ཅིག །མདུན་གྱི་འཁར་བ་མཛོད་ཅིག །རྒྱབ་ཀྱི་བརྟེན་སོ་མཛོད་ཅིག །ལྟ་བའི་མིག་མཛོད་ཅིག །སེམས་པའི་སྙིང་མཛོད་ཅིག །མགོན་སྐྱབས་དཔུང་གཉེན་མཛོད་ཅིག །གཞན་ཡང་སྔ་དགྲ་དར་བ་རྩ་བ་ནས་ཆོད་ཅིག །ཕྱི་དགྲ་སེམས་པ་རྡུལ་དུ་རློག་ཅིག །ད་དགྲ་བསྡོ་བ་ཕྱེ་མར་ཐོངས་ཤིག །དམ་ཉམས་དགྲ་བོའི་སྡེ་དཔུང་དཀྲུགས་ཤིག །གཞན་གྱི་དམག་དཔུང་རུ་མཚོན་ཆོག་ཅིག །རང་ཕྱོགས་རྒྱལ་བའི་བ་དན་ཕྱོར་ཅིག །གཞན་ཡང་དམག་ལ་འགྲོ་ན་དམག་དཔོན་གྱིས་ཤིག །ཇག་ལ་འགྲོ་ན་ཇག་དཔོན་གྱིས་ཤིག །ཚོང་ལ་འགྲོ་ན་ཚོང་དཔོན་གྱིས་ཤིག །ལམ་འཕྲང་ལ་འགྲོ་ན་སྐྱེལ་བསུ་གྱིས་ཤིག །ཆུ་ལ་འགྲོ་ན་སྒྲོལ་འདོན་མཛོད་ཅིག །ཕྱོགས་སུ་འགྲོ་ན་ལེགས་པར་སྐྱོབས་ཤིག །གཞི་ལ་སྡོད་ན་ལེགས་པར་སྲུངས་ཤིག །མངའ་ཐང་འབྱོར་པ་ཕྱོགས་བཅུར་སྤེལ་ཞིག །མི་མཉམ་པ་དང་མཉམ་དུ་ཆུག་ཅིག །མཉམ་གཉིས་གོང་གི་སྟེང་དུ་སྐྱོལ་ཞིག །སྙན་པའི་གྲགས་པ་ཕྱོགས་བཅུར་སྒྲོགས་ཤིག །ཐམས་ཅད་བདག་གི་དབང་དུ་སྡུས་ཤིག །རྒྱལ་ཁམས་ཆེན་པོའི་ཁ་ལོ་བསྒྱུར་ཅིག །འདོད་རྒུའི་དངོས་པོ་ཆར་བཞིན་ཕོབ་ཅིག །བསམ་རྒུའི་རེ་བ་ཡིད་བཞིན་དུ་སྒྲུབས་ཤིག །བཀྲ་ཤིས་དཔལ་འབར་བདེ་སྐྱིད་མཛོད་ཅིག །དེང་གི་གནས་མཆོག་དམ་པ་འདིར་ཡང་རྟག་ཏུ་དགེ་ཞིང་བཀྲ་ཤིས་(༤༠)པའི་ཕྲིན་ལས་གཉེན་པོ་མཛོད་ཅིག །ཧོཿ བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་དགུང་སྔོན་མཐོན་པོ་བས་འཕང་མཐོ་བར་མཛོད་ཅིག །རྒྱ་མཚོ་ཆེན་པོ་བས་ཀློང་ཡངས་པར་མཛོད་ཅིག །རི་རྒྱལ་རི་རབ་བས་བརྗིད་ཆེ་བར་མཛོད་ཅིག །ཉི་ཟླ་གཟའ་སྐར་བས་འཁོར་མང་བར་མཛོད་ཅིག །ལྷ་དང་བརྒྱ་བྱིན་བས་བཀའ་བཙན་པར་མཛོད་ཅིག །གླིང་བཞི་གླིང་ཕྲན་བས་གནས་མང་བར་མཛོད་ཅིག །འཁོར་ལོས་སྒྱུར་རྒྱལ་བས་མངའ་ཐང་ཆེ་བར་མཛོད་ཅིག །གཡུ་འབྲུག་སྔོན་པོ་བས་སྒྲ་ཆེ་བར་མཛོད་ཅིག །དཔག་བསམ་ཤིང་ཆེན་བས་དཔལ་རྒྱས་པར་མཛོད་ཅིག །བུམ་པ་བཟང་པོ་བས་འདོད་རྒུ་འབྱུང་བར་མཛོད་ཅིག །ནོར་བུ་བསམ་འཕེལ་བས་བཀྲ་ཤིས་པར་མཛོད་ཅིག །ཧོཿ ལས་དང་སྨོན་ལམ་མཐུན་པས་མཆོད་སྦྱིན་དམ་པའི་མགྲོན་དུ་གྱུར་པ། སྙིང་རྗེའི་ཡུལ་དང་ཞིང་དུ་གྱུར་པ། ཁས་ཉེན་པ། དབང་ཆུང་བ། ལྷག་མ་བཤལ་ཆུ་ལ་རེ་བ་ཐམས་ཅད་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །མགྲོན་ནོ། །བསྔོའོ། །མཆོད་སྦྱིན་དམ་པ་འདི་བསྔོས་པས་སོ་སོའི་མངའ་རིས་སུ་གང་ལ་ཅི་དགའ་བ་འདོད་པའི་ཡོན་ཏན་ལྔ་ཆར་བཞིན་བབས་ཏེ་མཉམ་ཞིང་སྙོམས་པ་སོ་སོར་ཐོབ་ནས་ཕྱི་མའི་མཐའི་མུར་ཐུག་པར་ལོངས་སྤྱོད་ཟད་མི་ཤེས་པའི་གཏེར་དུ་གྱུར་ཏེ། དབུལ་ཞིང་ཕོངས་པ་ཐམས་ཅད་དང་བྲལ་ནས་རྟག་ཏུ་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །དེ་ལྟར་གྱུར་ནས་ཀྱང་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་རེ་སྨོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་ཅིང་། དེང་གི་གནས་མཆོག་དམ་པ་འདིར་ཡང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་གྱུར་ཅིག །ཅེས་བརྗོད་དོ། །

དེ་ནས་བདེན་པའི་སྟོབས་བརྗོད་པ་ནི། ན་མོ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་རླབས་དང་། གསང་སྔགས་དང་རིག་སྔགས་དང་ཕྱག་རྒྱ་ཕུན་སུམ་ཚོགས་པའི་མཐུ་དང་། བདག་གི་མོས་པ་དང་། ཏིང་ངེ་འཛིན་དང་སྨོན་ལམ་གྱི་དབང་གིས་མཆོད་སྦྱིན་དམ་པ་འདིས་མགྲོན་རིགས་སོ་སོའི་མངའ་རིས་དང་སྤྱན་ལམ་དུ་གནས་དང་། གོས་དང་། རྒྱན་དང་། བཟས་བཏུང་ལ་སོགས་པ་འདོད་པའི་ཡོན་ཏན་ལྔས་བརྒྱན་པ། སོ་སོར་གང་ལ་ཅི་དགའ་བའི་དངོས་པོ་དབང་པོ་དྲུག་གི་སྤྱོད་ཡུལ་དུ་འཚམས་ཤིང་ཚིམ་པར་བྱེད་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་དཔག་བསམ་གྱི་ཤིང་ལ་སོགས་པ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ཆེན་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག་ནམ་མཁའི་མཐའ་ཀླས་པར་ཕྱི་མའི་མུར་ཐུག་པའི་སྐལ་བ་དང་སྤྱོད་པ་གྲངས་མེད་པ་འཁོར་(༤༡)བའི་མཐར་གཏུགས་ཀྱི་བར་དུ་འབྱུང་ཞིང་གནས་པར་གྱུར་ཅིག །མགྲོན་རིགས་སོ་སོའི་སྤྱན་ལམ་དུ། །མཆོད་སྦྱིན་དམ་པ་འདི་བསྔོས་པས། །རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །བུ་ལོན་ལན་ཆགས་འཁོར་གྱུར་ཅིག །ཡིད་ལ་བསམ་པ་འགྲུབ་གྱུར་ཅིག །བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་འདིར་མ་ལུས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བརྗོད་དོ། །དེ་ནས་ཆོས་ཀྱི་སྦྱིན་པ་ནི། མཆོད་སྦྱིན་བཟང་པོའི་མགྲོན་དུ་སྤྱན་དྲངས་པའི། །བསོད་ནམས་དགའ་བདེ་དགེ་བ་ཀུན་གསོན་ཅིག །འཇིག་རྟེན་མཐའ་ཡས་སྔ་ཕྱིའི་རྒྱུད་བལྟས་ན། །སངས་རྒྱས་འཇིག་རྟེན་འབྱུང་བའང་ཤིན་ཏུ་དཀོན། །དགེ་བའི་བཤེས་དང་འཕྲད་པའང་ཤིན་ཏུ་དཀོན། །མཐོ་རིས་བདེ་འགྲོའི་ལུས་རྙེད་རབ་ཏུ་དཀའ། །དབང་པོ་རྫོགས་པའི་ལུས་རྙེད་རབ་ཏུ་དཀའ། །བདེ་བླག་མཉམ་བག་ལུས་རྙེད་རབ་ཏུ་དཀའ། །གྲོགས་བཟང་མཐུན་པ་རྙེད་པའང་རབ་ཏུ་དཀའ། །དད་པའི་ཆུ་རླབས་གཡོ་བ་བརྒྱ་ལམ་ན། །འཕགས་རྒུ་བསྙེན་བཀུར་མཉེས་བྱེད་བརྒྱ་ལམ་ན། །མཆོད་སྦྱིན་ཆེན་པོ་མཐོང་བའང་བརྒྱ་ལམ་ན། །འཆི་བདག་གནམ་བབ་སྡེ་ཆེན་དེ་དག་དང་། །བདག་ཅག་ཡིད་གཅུགས་བཤེས་པ་མ་ཡིན་པས། །དེ་རིང་སང་ཙམ་འཆི་ཡང་སུས་ཤེས་ཀྱི། །གཤིན་རྗེའི་ཞགས་པ་ནག་པོས་མ་ཟིན་ཅིང་། །ན་རྒ་འཆི་བའི་རི་བོས་མ་ནོན་པར། །ཚེ་རབས་ཕྱི་མའི་ཆོས་སྲིད་དམ་པའི་ཆོས། །ཐོག་མ་བར་དང་ཐ་མར་རབ་དགེ་བ། །མངོན་མཐོ་ངེས་ལེགས་ཆོས་ལ་སྤྱད་པར་མཛོད། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་དུལ། །གཞན་གྱི་སེམས་ནི་དཀྲུགས་མི་བྱ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་པ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་མེད་ཅིང་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ལས་ཉམས་མེད་བྱ། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །དེ་ལྟར་ཆོས་དང་ཟང་ཟིང་གི་སྦྱིན་པས་ཚོགས་རྣམ་གཉིས་རྫོགས། སྒྲིབ་པ་རྣམ་གཉིས་བྱང་ནས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག །ཅེས་བརྗོད་དོ། །

དེ་ནས་བཟོད་པར་གསོལ་ཞིང་གཤེགས་སུ་གསོལ་བ་ནི། གང་ཡང་བདག་ཅག་སྙིགས་མའི་དུས་ཀྱི་ལས་དང་པོ་བའི་(༤༢)སེམས་ཅན་དུ་གྱུར་པ་ལགས་པས་གཞུང་བཞིན་དུ་ཡོ་བྱད་མ་འབྱོར་པ་དང་། ཏིང་ངེ་འཛིན་མི་གསལ་བས་ཆོ་ག་མ་དག་ཅིང་འགལ་འཁྲུལ་ནོར་བའི་ཆར་གྱུར་པ་ཐམས་ཅད་མགྲོན་རིགས་ཁྱད་པར་ཅན་ཁྱེད་རྣམས་ཀྱིས་བཟོད་པ་དམ་པ་བཞེས་སུ་གསོལ། གཙོ་བོ་ནུས་པ་མ་མཆིས་པས། །མ་འབྱོར་མ་རྙེད་མ་ཚང་བ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་བཟོད་པར་མཛད་དུ་གསོལ། །གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་བྱས་གང་། །ནོངས་པ་བགྱིས་དང་བགྱིད་སྩལ་པ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ༀ། རྣམ་དག་དགེ་བ་མཆོད་སྦྱིན་དམ་པའི་མགྲོན། །མཉེས་ཤིང་ཚིམས་ནས་ཕན་བདེའི་གང་སྟོན་སྩལ། །རང་རང་གནས་སུ་སོ་སོར་གཤེགས་ནས་ཀྱང་། །སླར་ཡང་ཐུགས་རྗེས་འབྱོན་པར་མཛད་དུ་གསོལ། །ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །འཇིག་རྟེན་འདས་དང་མ་འདས་པའི། །མགྲོན་རིགས་མ་ལུས་ཐམས་ཅད་ཀུན། །རང་རང་བདེ་བར་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ༀ་བཛྲ་མུཿསརྦ་ལོ་ཀ་གཙྪ། ཞེས་བརྗོད་དོ། །

དེ་ནས་བསྔོ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་གྱི་ནམ་མཁར་བསམས་ལ་ཐལ་མོ་སྦྱར་ཏེ། ཧོཿ ཕྱོགས་བཅུ་ན་བཞུགས་པའི་བླ་མ་ཡིད་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་དུས་གསུམ་དུ་འབྲེལ་བར་བསགས་པའི་དགེ་བའི་རྩ་བ་རྣམས་དང་། ཁྱད་པར་དུ་གཙང་མ་ཕུད་ཀྱི་མཆོད་སྦྱིན་དམ་པས་མཆོད་པའི་དགེ་བའི་རྩ་བ་འདི་ལ་བརྟེན་ནས་བདག་དང་སྦྱིན་པའི་བདག་པོས་གཙོ་བྱས་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་དང་ཐུན་མོང་གཅིག་ཏུ་བྱས་ཏེ་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །དེ་མ་ཐོབ་ཀྱི་བར་དུ་སྐྱེ་བ་དང་སྲིད་པར་ཐམས་ཅད་དུ་ཡང་མཐོ་རིས་ལྷ་དང་མིའི་ལུས་ཁྱད་པར་ཅན་ཡོན་ཏན་བདུན་དང་ལྡན་པ་ཐོབ་པར་གྱུར་ཅིག །དུས་གསུམ་གྱི་དགེ་བའི་རྩ་བ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཏེ། ཆོས་ཀྱི་དབྱིངས་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་ལ་འགོད་པར་གྱུར་ཅིག །དེ་ལྟར་མ་གྱུར་གྱི་བར་དུ་གནས་སྐབས་ཚེ་འདི་ཉིད་ལའང་ནད་ཀྱི་རིགས་སུ་གྱུར་པ། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པ་ལ་སོགས་པ་ནད་བཞི་བརྒྱ་རྩ་བཞི་ཞི་བར་གྱུར་ཅིག །གདོན་གྱི་རིགས་སུ་གྱུར་པ། ལྷའི་གདོན་དང་། ཀླུའི་གདོན་དང་། ལྷ་མ་ཡིན་གྱི་གདོན་དང་། ནམ་མཁའ་ལྡིང་གི་གདོན་དང་། རླུང་ལྷའི་གདོན་དང་། མིའམ་ཅིའི་གདོན་དང་། ལྟོ་འཕྱེ་ཆེན་པོའི་གདོན་(༤༣)ལ་སོགས་པ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཞི་བར་གྱུར་ཅིག །འཕྲལ་གྱི་རྐྱེན་ལས་གྱུར་པ། རྨི་ལམ་ངན་པ། ལྟས་ངན་པ། མཚན་མ་ངན་པ། གཞན་གྱི་བསམ་པ་ངན་པ། སྦྱོར་བ་རྩུབ་པ་ལ་སོགས་པ་ཆག་ཆེ་བ། ཉམ་ང་བ། བདུད་དང་བར་ཆད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ཞི་བར་གྱུར་ཅིག །ཚེ་དང་དཔལ་དང་འབྱོར་པ་ལ་སོགས་པ་མཐུན་པའི་རྐྱེན་རྣམས་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །ཉི་མ་དང་ཟླ་བ་གཟའ་སྒྲ་གཅན་ལས་ཐར་བ་བཞིན་དུ་བདུད་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག

དེ་ནས་བཀྲ་ཤིས་བྱ་བ་ནི། ས་གཞི་དང་བར་སྣང་ཐམས་ཅད་བཀྲ་ཤིས་ཀྱི་ལྷས་ཁེངས་པར་བསམས་ལ། མཚམས་སུ་མེ་ཏོག་གི་ཆར་དང་རོལ་མོའི་འབུད་དཀྲོལ་བྱ་ཞིང་འདི་སྐད་དོ། །ༀ་ཡེ་དྷཱརྨཱ་སོགས་དང་། ༀ། བཀྲ་ཤིས་དམ་པ་དངོས་གྲུབ་ཆར་འབེབས་པ། །རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་དང་། །གང་ཟག་སྙན་བརྒྱུད་བླ་མའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་དམ་པ་ལེགས་རྒུ་འབྱུང་བ་ཡི། །ཞི་ཁྲོ་རབ་འབྱམས་ཡི་དམ་ལྷ་ཚོགས་དང་། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་བཀྲ་ཤིས་གང་། །བཀྲ་ཤིས༴། །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །བཀྲ་ཤིས་དམ་པ་དེས་ནི་སྐྱེ་རྒུའི་ཞི་བྱེད་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པའི་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་ཞིང་། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །སངས་རྒྱས་བསོད་ནམས་ཆེན་པོའི་མཐུ་སྟོབས་དང་། །ལྷ་རྣམས་ཀུན་གྱིས་ལེགས་པར་བསམ་པ་དང་། །གསང་སྔགས་རིག་སྔགས་རྣམས་ཀྱི་བྱིན་རླབས་དང་། །བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་གི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་གྲགས་ནམ་མཁའ་བཞིན་དུ་ཁྱབ་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །མཐུན་པ་འགྲུབ་ཅིང་ཕུན་སུམ་ཚོགས་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པ་འབྱུང་བ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྦྱིན་པ་གཏོང་ཞིང་ཚུལ་(༤༤)ཁྲིམས་སྲུང་བ་དང་། །བཟོད་པ་སྒོམ་ཞིང་བརྩོན་འགྲུས་རྩོམ་པ་དང་། །མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །ས་འམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཉི་མ་དང་ཟླ་བ་གཟའ་སྒྲ་གཅན་གྱི་གནོད་པ་ལས་གྲོལ་བ་བཞིན་དུ། བདུད་དང་བར་ཆད་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ནས་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ༀ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་གི་ཆར་དབབ་པོ། །

དེ་ནས་དངོས་གྲུབ་ཀྱི་རྫས་ལ་རོལ་པ་ནི། བསང་བཤོས་བཅད་ཁམ་ཐལ་མོ་བཀན་པའི་སྟེང་དུ་བཟུང་ལ། ཨ་ལ་ལ་ཧོ། གངས་ཀྱི་ཐིགས་པ་ནི་ཉུང་ཉུང་འདྲ་སྟེ་མང་། རྗེ་ཡི་བཀའ་འབབ་ནི་ཆུང་ཆུང་འདྲ་སྟེ་ཆེ། མཆོད་སྦྱིན་བཟང་པོའི་དགའ་སྟོན་ནི་དངོས་གྲུབ་ཡིན་ཚད་ཀྱི་རྒྱུར་འཚལ་བས། དངོས་གྲུབ་ཆེན་པོ་སྩལ་དུ་གསོལ། །ཞེས་བརྗོད་ལ་ཉེ་འཁོར་དང་ནང་མི་ཀུན་ལ་བསང་རས་ཟས་སྣ་ཆང་ཕུད་བཅས་ཚོགས་ཀྱི་དགའ་སྟོན་རྒྱ་ཆེན་པོ་བྱའོ།། །།

ཚུལ་འདི་རྫོགས་པ་ཆེན་པོའི་རྣལ་འབྱོར་པ། །ཀུན་མཁྱེན་རྒྱལ་སྲས་དྲི་མེད་འོད་ཟེར་གྱིས། །སྔོན་གྱི་མཆོད་རབས་དམ་པའི་རྗེས་འབྲངས་ཏེ། །པདྨ་དབང་ཆེན་ཕུད་རབས་རྒྱས་པ་བཀོད། །ཁོ་བོ་སྔོན་སྦྱངས་ལས་ཀྱི་འཕྲོར་ལྡན་པས། །སྔགས་འཆང་རིགས་ལ་བཟང་པོའི་བརྒྱུད་པར་སྐྱེས། །མི་རབས་མང་པོར་སེམས་ཅན་ཕན་བདེ་བྱས། །ད་ལྟ་བསྡུ་བཞིས་སེམས་ཅན་དོན་བྱེད་ཅིང་། །དཀོན་མཆོག་གསུམ་མཆོག་གཙུག་ལག་གཉན་པོ་གསོ། །ཞྭ་པདྨ་དབང་ཆེན་གྱི་གཙུག་ལག་ཁང་གི་སྲུང་མ་ཐམས་ཅད་ལ་མཆོད་གསོལ་ཕུད་རབས་རྒྱས་པ་འདི་ཉིད། སྲུང་མ་ཐམས་ཅད་ལ་མཆོད་གསོལ་དང་ཕུད་རབས་ཀྱིས་དགྱེས་པར་བྱ་བའི་ཕྱིར་དུ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཞེས་བྱ་བས། དབུ་རུ་ཞྭའི་གཙུག་ལག་ཁང་དུ་སྦྱར་བའོ། །དགེའོ།། །།


previousཞྭ་པདྨ་དབང་ཆེན་མི་འགྱུར་ལྷུན་གྱིས་གྲུབ་པའི་ཕུད་རབས་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་དགའ་སྟོན།next