Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཨ༽

6 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
collapse section
  
  
  
  
  
  
  
 
  
  
  
 expand section
  
  
  
  
expand section
 
  
བླ་མ་དམ་པ་ཀུ་མ་རཱ་ཛ་ལ་རྟོགས་པ་ཕུལ་བ།
  
  
  
  
  
  
  
  
  
 expand section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


6 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousབླ་མ་དམ་པ་ཀུ་མ་རཱ་ཛ་ལ་རྟོགས་པ་ཕུལ་བ།next

བླ་མ་དམ་པ་ཀུ་མ་རཱ་ཛ་ལ་རྟོགས་པ་ཕུལ་བ།

༄༅། །བླ་མ་དམ་པ་ཀུ་མ་རཱ་ཛ་ལ་རྟོགས་པ་ཕུལ་བ་ཞེས་བྱ་བ་བཞུགས་སོ། །

༄༅། །ༀ་སྭསྟི་སིདྡྷཾ། རང་བཞིན་གདོད་ནས་དག་པའི་ཆོས་ཉིད་ལས། །སྣ་ཚོགས་གཟུགས་སྐུའི་དཀྱིལ་འཁོར་མ་འདྲེས་གསལ། །ཐུགས་རྗེའི་སྤྲུལ་པས་འགྲོ་བའི་དོན་མཛད་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ཀྱེ་མ་གྲོགས་དག་ཕྱོགས་འཛིན་སེམས་བོར་ལ། །གཟུ་བོའི་ཡིད་ཀྱིས་རྟོགས་པའི་དོན་འདི་ཉོན། །བདག་དང་སྣ་ཚོགས་སྲིད་པའི་སེམས་ཅན་རྣམས། །ཡེ་ནས་རྣམ་དག་སངས་རྒྱས་ཡིན་པ་ལ། །རིག་དང་མ་རིག་ཞེས་བྱའི་ཐ་སྙད་ཀྱིས། །སྲིད་པར་འཁྲུལ་པ་རྨི་ལམ་སྒྱུ་མ་ཙམ། །འཁྲུལ་དང་མ་འཁྲུལ་གཉིས་མེད་རྒྱལ་བའི་སྐུ། །ད་ལྟ་ཉིད་ནས་སྐུ་གསུམ་འདུ་འབྲལ་མེད། །ལྷུན་གྲུབ་རྩལ་ལ་ལུས་དང་ཡུལ་འཁྲུལ་ཞིང་། །ཡེ་ཤེས་རྩལ་ལས་མ་རིག་སེམས་འཁྲུལ་ཡང་། །མ་རིག་སེམས་ཉིད་རིག་པའི་ཡེ་ཤེས་དངོས། །སྤང་བླང་འཁྲུལ་པའི་བྱུང་ཁུངས་ཟད་པ་ཡིན། །གཞི་མེད་རྩ་བྲལ་འགྱུ་བ་ཡེ་ཤེས་ཆེ། །སངས་རྒྱས་སེམས་ཉིད་མ་བཅོས་ཟང་ཀ་མ། །གཟའ་གཏད་བླང་དོར་ཐ་སྙད་ཀུན་ལས་འདས། །བཀག་པས་མི་ཁེགས་དེ་བཞིན་སྒྲུབ་ཏུ་མེད། །རང་ཤར་རང་གྲོལ་སྐྱེས་གྲོལ་སྔ་ཕྱི་མེད། །དགེ་མེད་སྡིག་བྲལ་གཟུང་འཛིན་ཀུན་ལས་འདས། །(༥༢)གང་ཡིན་ཡིན་གྱི་གཉེན་པོས་བཅོས་མི་དགོས། །འདི་ཡིན་མེད་ཀྱི་སྤང་བྱར་བསྐྱུར་དུ་མེད། །གཟུང་བས་མ་བསླད་འཛིན་པས་མ་བསྒྲིབས་ཤིང་། །བྱར་མེད་ངང་ལ་ལྷུན་གྲུབ་བློ་བདེའོ། །བདག་བློའི་མཁའ་ལ་རྟོགས་པའི་ཉི་མ་ཤར། །མི་ནུབ་སྟོང་ཁམས་བརྡལ་བ་ཡོངས་ལ་ཁྱབ། །ཕྱོགས་མེད་རིས་བྲལ་དུས་བཞིར་འགྱུར་བ་མེད། །རང་གིས་མཐོང་སྟེ་བཤད་ཀྱང་མཚོན་དུ་མེད། །ཉི་མའི་སྙིང་པོ་ཡེ་ཤེས་རིག་པའི་རྩལ། །གང་ལྟར་ཤར་ཡང་དེ་ལྟར་མི་འཛིན་པ། །ཆུ་བོའི་རྒྱུན་བཞིན་ཆེད་དུ་བསྒོམ་པ་མེད། །འཁྲུལ་པ་ཞིག་པས་སྒྲིབ་པ་མ་མཐོང་སྟེ། །གང་ལྟར་ཤར་ཡང་ཀུན་བཟང་དག་པའི་ཀློང་། །ཡེངས་དང་མ་ཡེངས་བདག་ལ་རྩིས་གདབ་མེད། །སྒོམ་དང་མི་སྒོམ་ལྟ་དང་སྤྱོད་པ་མེད། །དོན་འདི་ཡིན་མིན་སུ་ལའང་དྲི་རྒྱུ་མེད། །ཡོད་མིན་མེད་མིན་སེམས་ཀྱིས་བཏགས་པའི་ཆོས། །རྟོག་པས་གཟིར་རྣམས་ཇི་ལྟར་དགྱེས་དགྱེས་མཛོད། །འདི་ལྟར་སྣང་སྲིད་འཁོར་འདས་ཐམས་ཅད་ཀྱང་། །རང་བཞིན་གཞན་ཡིན་ཡེ་ཡིན་རྫོགས་པ་ཆེ། །ཡེ་ཤེས་མདངས་ཡིན་ཞིང་ཁམས་ཆེན་པོ་ཡིན། །དེ་ལྟར་ཡིན་ཡང་སྐལ་བ་དམན་པའི་བློས། །འབྲིང་དང་ཐ་མའི་གང་ཟག་དྲང་བའི་ཕྱིར། །ཡེངས་མེད་དྲན་པའི་ལྟ་སྒོམ་མཛད་པ་ཡང་། །ངོ་མཚར་ཆེ་སྟེ་བདག་བློའི་ཡིད་མ་ཁེངས། །རང་རིག་རྫོགས་ཆེན་བྱ་རྩོལ་མེད་པའི་དོན། །དགེ་སྡིག་ཕན་གནོད་མེད་པའི་རང་བཞིན་ལ། །ལྟ་སྒོམ་སྤྱོད་པའི་སྤྲིན་གྱིས་སྒྲིབ་ཅི་དགོས། །བློ་ཡིས་བལྟར་མེད་སེམས་ཀྱིས་བསྒོམ་དུ་མེད། །སྔར་ཡང་འབད་རྩོལ་ཞེན་པའི་ཆོས་རྣམས་ཀྱིས། །འཁོར་བ་འདིར་འཁྱམས་སྡུག་བསྔལ་འབའ་ཞིག་བྱས། །ད་ནི་རྩོལ་མེད་རང་གྲོལ་སྐད་ཅིག་མ། །སྐྱེས་དང་གྲོལ་མཉམ་དགེ་སྡིག་དེ་ལྟར་རྟོགས། །རྟོགས་དང་མ་རྟོགས་རང་སར་རང་གིས་གྲོལ། །སྐད་ཅིག་སེམས་ནི་ཁ་དོག་དབྱིབས་མེད་ན། །དེ་ལ་བརྟེན་པའི་ཆོས་རྣམས་སོམས་དང་ཀྱེ། །དྲན་རིག་སེམས་འདི་རང་གྲོལ་ཆོས་ཀྱི་སྐུ། །སངས་རྒྱས་རྒྱ་མཚོའི་ངང་ལས་འབྲོས་པར་མཐོང་། །དེ་ཚེ་སེམས་ཀྱང་རང་བཞིན་འཁྲུལ་པ་སྟེ། །བླང་དོར་མི་དགོས་རིག་པའི་མཚང་འདི་རྟོགས། །རྟོགས་པའི་དོན་ལ་རྒྱུན་ཆད་མེད་པའི་བློ། །གཉིས་ཀ་རྣམ་དག་ཆུ་བོའི་རྒྱུན་བཞིན་གནས། །མཐར་ཐུག་སྙིང་པོའི་དོན་ཉིད་ཐོབ་ནས་ཀྱང་། །རྩོལ་བཅས་སེམས་ཀྱིས་བསྒྲུབ་པའི་སངས་རྒྱས་འདོད། །རིན་ཆེན་རྙེད་ནས་འཆིང་བུ་ཚོལ་བ་བཞིན། །ཀྱི་ཧུད་བསྐལ་པར་འབད་ཀྱང་གྲོལ་པར་གྱུར་པ་དཀོན། །སྐལ་བཟང་འོད་གསལ་ཡེ་ཤེས་སྙིང་པོའི་དོན། །ཀུན་ལ་ཡོད་ཀྱང་ཀུན་གྱིས་མི་རྟོགས་ཏེ། །ཉེ་བར་གྱུར་ཀྱང་མ་མཐོང་དམུས་ལོང་བཞིན། །ཀྱེ་མ་བདག་ནི་དྲིན་ཆེན་བླ་མའི་དྲིན། །ཐུགས་རྗེའི་འོད་ཀྱིས་བཀྱེ་བས་རྫོགས་པར་ཉོན། །ཡེ་ནས་རང་གནས་ཀ་དག་ལྷུན་གྲུབ་སྟེ། །ངོ་བོ་རང་བཞིན་ཐུགས་རྗེའི་སྙིང་པོ་ཅན། །སངས་རྒྱས་སེམས་ཅན་རྒྱ་ཆད་ཕྱོགས་ལྷུང་མེད། །(༥༣)ཀུན་གྱི་སྤྱི་གཞི་འོད་གསལ་ཆེན་པོར་གནས། །དེ་ཉིད་ངང་ལས་ལྷུན་གྲུབ་གདངས་ཤར་བས། །ཐུགས་རྗེ་རིག་པའི་རྩལ་གཡོས་སྐད་ཅིག་ལ། །རིག་པ་ཀུན་བཟང་གཞི་ཐོག་བྱང་ཆུབ་སྟེ། །མ་རིག་འཁྲུལ་ཡང་བདག་དང་སེམས་ཅན་ཀུན། །སྙིང་དབུས་གཞོན་ནུ་བུམ་པའི་སྐུར་གསལ་བ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས། །ངོ་བོ་མི་རྟོག་འདི་ཞེས་མཚོན་དུ་མེད། །རང་བཞིན་འོད་གསལ་རིན་ཆེན་མདངས་ལྔའི་འོད། །དར་དཀར་རྩ་ལ་རྒྱ་མཚོར་ཚང་བཅས་ཏེ། །དག་པའི་མཁའ་ལ་ཟེར་གདངས་སོ་སོར་གསལ། །འདུ་འབྲལ་མེད་པའི་དབྱིངས་རིག་དགོངས་པ་ལ། །གཟུང་འཛིན་མེད་པའི་དམིགས་པའི་ལྕགས་ཀྱུ་སྟེ། །འོད་གསལ་ཉིད་ལ་རང་སེམས་གོམས་པ་ཡིས། །ལུས་དང་ཡུལ་གྲོལ་འཁྲུལ་སྣང་ལོངས་སྐུར་ཐིམ། །འཛིན་བཅས་རྟོག་པ་སྣང་བ་རང་ནུབ་ནས། །ལོངས་སྐུའི་སྣང་བ་ཀ་དག་ངང་དུ་ཐིམ། །བུམ་པའི་སྐུ་དེ་རང་གསལ་ལྷུན་གྱིས་གྲུབ། །རྣམ་མཁྱེན་ཐམས་ཅད་མཁྱེན་པར་ཐིམ་པ་ཡིས། །ཀུན་མཁྱེན་ཡེ་ཤེས་སྐུ་གསུམ་འདུ་འབྲལ་མེད། །ཡེ་ཤེས་རྒྱ་མཚོའི་ཞིང་ན་ལྷང་ངེ་བ། །རྟག་མིན་ཆད་མིན་རང་བཞིན་ལྷུན་གྱིས་གྲུབ། །མི་གཡོ་མི་གསུང་ཆོས་སྐུའི་ངང་ལ་བཞུགས། །གདུལ་བྱའི་འཇིག་རྟེན་མཁྱེན་ནས་འོད་འགྱེད་དེ། །ཆོས་སྐུའི་ངང་ལས་ལོངས་སྐུའི་སྣང་བ་འདི། །རིག་པ་སྐུ་ལྔ་ཡེ་ཤེས་ལྔ་ལ་སོགས། །ཤེལ་ལས་འོད་བཞིན་ལོངས་སྐུའི་ཞིང་སྣང་ངོ་། །དེ་ལས་སྣོད་བཅུད་སྤྲུལ་པའི་རང་བཞིན་སྐུ། །སྣ་ཚོགས་དེར་སྟོན་གདུལ་བྱའི་མོས་པ་བཞིན། །གང་འདུལ་དེར་སྣང་གཅིག་ཆར་རྣམ་པར་སྤྲུལ། །གདུལ་བྱའི་འཁོར་བ་མ་ལུས་རབ་དྲངས་ནས། །སྤྲུལ་སྐུ་ལོངས་སྐུ་བུམ་པའི་སྐུར་ཐིམ་ནས། །ཇི་ལྟར་སྔོན་བཞིན་ཀ་དག་ཆེན་པོའི་ངང་། །རང་བཞིན་ལྷུན་གྱིས་གྲུབ་པར་བཞུགས་པ་ཡིན། །དེ་ལྟར་རང་སྣང་རྟོགས་པའི་དོན་སྨྲས་ཀྱང་། །སྐལ་མེད་རྣམས་ལ་ལོག་ལྟའི་སྤྲིན་འཁྲིགས་ཏེ། །ཚིག་ངན་ཆར་གྱིས་ཕྱོགས་རྣམས་ཀུན་ཏུ་ཁྱབ། །ཀྱེ་མ་གཅིག་པུར་གནས་རྣམས་སྤྲོ་བ་རབ་ཏུ་སྐྱེ། །རང་གནས་རྟོགས་པའི་འོད་གསལ་ཉི་ཤར་ཡང་། །བློ་ངན་མུན་པའི་ཚོགས་རྣམས་རབ་འཐོམས་ཏེ། །ལྷུན་གྲུབ་ཆོས་སྐུའི་གཟུགས་མཛེས་མ་མཐོང་བས། །མ་རིག་སྡུག་བསྔལ་ཉོན་མོངས་ཉམ་ཐག་གིས། །བློ་དང་ཐོས་པའི་ནོར་གྱིས་ལེགས་འབྱོར་ཅིང་། །ཉམས་དང་རྟོགས་པའི་འདབ་གཤོག་རབ་རྫོགས་ཀྱང་། །དམན་པའི་འགྲོ་ལ་གཅིག་པུའི་རི་དྭགས་བཞིན། །ཇི་ལྟར་བདག་གིས་ནམ་ཞིག་ཕན་ཐོགས་འགྱུར། །རིན་ཆེན་གསང་བའི་ཡང་གབ་ཅེས་བྱ་བ་གཡའ་ཕུའི་མིག་ཅེས་བྱ་བའི་དབེན་གནས་སུ་བླ་མ་དམ་པ་ཀུ་མ་རཱ་ཛ་བཞུགས་པའི་དྲུང་དུ་ཕྱིན་དུས་དེར་བརྩོན་གྱི་བསྟན་འཛིན་ཁྲེགས་ཆོད་བསྒོམས་པ་ལ། དགོངས་པ་ཆུ་བོའི་རྒྱུན་འདི་བདག་གིས་ཡི་གེར་བཀོད་(༥༤)ནས་ཕུལ་བས། བླ་མ་རིན་པོ་ཆེ་ཤིན་ཏུ་མཉེས་ནས་འོར་ཆེ་འོར་ཆེ་ཕ་ལ་བུ་སྐྱེས་གསུངས་ནས་བསྔགས་ཏེ། ཡི་གེ་འདི་བླ་མེད་ཐོབ་པ་མ་གཏོགས་པ་གཞན་ལ་མ་བསྟན་ཅིག་གསུངས་ནས་བཀའ་རྒྱ་མཛད་དོ། །སངས་རྒྱས་སེམས་ཅན་གཉིས་སུ་མེད། སྤྲོས་པའི་ཡུལ་ལས་འདས། རྟོགས་དང་མ་རྟོགས་ཁྱད་མེད། སངས་རྒྱས་ཆོས་ཀྱི་སྐུ། འཁོར་འདས་གཉིས་སུ་མེད། གཉིས་འཛིན་འཁྲུལ་པར་ཤེས་ན་དེ་ཀས་ཆོག །སྐད་ཅིག་མའི་མཚང་རིག་པའི་གདམས་ངག་སངས་རྒྱས་ལག་འཆང་ཞེས་བྱ་བ་འདི། ལས་དང་སྐལ་བར་ལྡན་པའི་སྐྱེས་བུ་རྣམས་ཀྱི་སྤྱོད་ཡུལ་ཐུན་མོང་མ་ཡིན་པ་རྫོགས་སོ།། །།སརྦ་མངྒ་ལཾ། དགེའོ། །དགེའོ། །དགེའོ།། །།


previousབླ་མ་དམ་པ་ཀུ་མ་རཱ་ཛ་ལ་རྟོགས་པ་ཕུལ་བ།next