Nitartha Digital Library
Tibetan
 
previousདགུ་པ། བགྲོད་བྱ་ས་དང་ལམ་གྱི་རིམ་པར་ཕྱེ་བ།next

དགུ་པ། བགྲོད་བྱ་ས་དང་ལམ་གྱི་རིམ་པར་ཕྱེ་བ།

༡ རྒྱུ་མཚན་ཉིད་ཐེག་པའི་ས་ལམ་རྣམ་པར་བཞག་པའི་སྐབས།

དེ་ལྟར་ཐུན་མོང་དང་ཁྱད་པར་གྱི་སྒོམ་པའི་རིམ་པ་ཉམས་སུ་བླངས་པ་ལ་བརྟེན་ནས། ས་དང་ལམ་གྱི་མངོན་རྟོགས་རིམ་པ་བཞིན་དུ་རྒྱུད་ལ་སྐྱེ་བར་འགྱུར་ཞིང༌། དེ་དག་གི་ཡོན་ཏན་མ་སྐྱེས་པ་སྐྱེད་བ་དང་སྐྱེས་པ་བརྟན་ཅིང་བོགས་འབྱིན་པའི་ཡན་ལག་སྤྱོད་པའི་ཚུལ་ཡང་ཞར་ལས་རྟོགས་དགོས་པས་གནས་དགུ་པ་བགྲོད་བྱ་ས་ལམ་གྱི་རིམ་པར་ཕྱེ་བ་ལ་སྐབས་བཞི། རྒྱུ་མཚན་ཉིད་ཀྱི་ཐེག་པའི་ས་ལམ་རྣམ་པར་གཞག་པ། འབྲས་བུ་རྡོ་རྗེ་ཐེག་པའི་ས་ལམ་རྣམ་པར་གཞག་པ། ལམ་གྱི་ཡན་ལག་སོགས་འདོན་སྦྱོང་པ་རྣམ་པར་གཞག་པ། སྔ་འགྱུར་ཡོ་ག་རྣམ་གསུམ་གྱི་ས་ལམ་རྣམ་པར་གཞག་པའོ། །དང་པོ་ལ་གཉིས། ལམ་དང༌། སའི་རང་བཞིན་རྣམ་པར་གཞག་པའོ། །དང་པོ་ལའང་ལྔ། ལམ་གྱི་ངོ་བོ། དབྱེ་བའི་རྣམ་གྲངས། སྒྲ་དོན་ངེས་ཚིག །དངོས་བཏགས་ཁྱད་པར། ལམ་ལྔ་སོ་སོའི་རྒྱས་བཤད་དོ། །དང་པོ་ནི། ལམ་གྱི་ངོ་བོ་གང་ལ་ཞུགས་ནས་ཀྱང༌། །གོ་འཕང་མཆོག་ཏུ་བགྲོད་པའི་འཇུག་ངོགས་ཉིད། །དེ་ལ་བགྲོད་བར་བྱ་བའི་ལམ་གྱི་ངོ་བོ་ནི། གང་ལ་ཞུགས་ནས་འཇིག་རྟེན་ནམ་འཇིག་རྟེན་ལས་འདས་པའི་གོ་འཕང་མཆོག་ཏུ་བགྲོད་པར་བྱ་བའི་འཇུག་ངོགས་སུ་གྱུར་པ་ཞིག་གོ །ལམ་གྱི་མཚན་ཉིད་ལ་ཁ་ཅིག་ཐར་པའི་རྒྱུར་གྱུར་པའི་དགེ་བ་ཞེས་པ་དང༌། སྤང་བྱ་སྤོང་བར་ནུས་པ་ཞེས་འཇོག་པ་ནི་མི་འཐད་དེ། ས་དང་གཉེན་པོའི་ཆ་ཡང་ལམ་དེར་ཐལ་བའི་ཕྱིར། ཁ་ཅིག་ལམ་གྱི་ལྡོག་པ་ཕྱིན་བར་བྱེད་པ་ལ་འདོད་པའང་མི་འཐད་དེ་ལམ་བགྲོད་པར་བྱ་བའི་འཇུག་ངོགས་ལྟ་བུ་ཡིན་པ་ལ་ཕྱིན་


LT09,P103B
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་ནི་བྱེད་པ་པོ་གང་ཟག་ལ་འཇུག་པའི་ཕྱིར་རོ། །གཉིས་པ་ནི། དབྱེ་བ་ཐེག་གསུམ་ཟག་བཅས་ཟག་མེད་སོགས། །མང་ཡང་ཀུན་གྱི་སྤྱི་ཆིངས་ལམ་ལྔའོ། །སྤྱིར་ལམ་གྱི་རབ་ཏུ་དབྱེ་བ་ནི་མཐའ་ཡས་ཏེ། ཐེག་པ་གསུམ་གྱི་ལམ་གསུམ་དང༌། མཐོ་རིས་དང་ཐར་པའམ་མངོན་མཐོ་དང་ངེས་ལེགས་སམ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་སམ། ཟག་བཅས་དང་ཟག་མེད་ཀྱི་ལམ་གཉིས་དང༌། སོགས་ཁོངས་ནས་སྦྱོར་བ་ལ་སོགས་པའི་ལམ་བཞི་དང༌། མྱུར་བུལ་དང་དཀའ་སླས་ཕྱེ་བའི་ལམ་བཞི་དང༌། སློབ་མི་སློབ་ཀྱི་ལམ་གཉིས་དང༌། མཉམ་གཞག་དང་རྗེས་ཐོབ་ཀྱི་ལམ་གཉིས་སོགས་སྐབས་ཀྱི་དབྱེ་སྒོ་ཐ་དད་པ་མང་ཡང་འདས་ལམ་ཀུན་གྱི་སྤྱི་ཆིངས་གྲགས་ཆེ་བ་ནི་ཚོགས་སྦྱོར་མཐོང་སྒོམ་མི་སློབ་པའི་ལམ་ལྔ་རུ་གྲགས་སོ། །གསུམ་པ་ནི། ངེས་ཚིག་བགྲོད་བྱའི་གཞི་ཡིན་ཕྱིར་ན་ལམ། །པ་ཐི་འགྲོ་བའི་བྱིངས་ལས་བསྒྲུབས་པ་པནྠཱ་ལམ་ཞེས་བྱ་བའི་སྒྲ་ལས་དྲངས་པའི་ངེས་ཚིག་ནི། བགྲོད་པར་བྱ་བའི་འཇུག་ངོགས་སམ་བགྲོད་པར་བྱ་བའི་གཞིར་གྱུར་པས་ན་ལམ་ཞེས་བྱ་ཞིང༌། ལམ་ཞུགས་ཀྱི་གང་ཟག་རྣམས་ཀྱི་ས་བགྲོད་པར་བྱ་བ་ཡིན་པས་ན་བགྲོད་བྱ་དང༌། མདོ་སྡུད་པ་ལས། དེ་གང་ཞོན¿ བཞོན¿ ་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །ཞེས་གསུངས་པ་ལྟར་གང་ལ་ཞོན¿ བཞོན¿ ་པ་སྟེ་དེ་ལ་བརྟེན་ནས་མྱ་ངན་ལས་འདས་པར་འགྲོ་བས་ཐེག་པའམ་བཞོན་པ་དང་འདྲ་བའི་ཆ་ནས་ཐེག་པ་ཞེས་ཀྱང་བྱའོ། །བཞི་པ་ནི། ཉན་རང་བགྲོད་བཅས་ལམ་དངོས་འབྲས་བཏགས་པ། །ཐེག་ཆེན་མཐར་སོན་ལམ་བཏགས་འབྲས་བུ་དངོས། །མངོན་རྟོགས་དངོས་ལ་སྦྱོར་བ་བཏགས་པ་བ། །ཉན་རང་རྣམས་ཀྱི་ནི་གོང་དུ་འགྲོ་བ་དང་བཅས་པའི་ཕྱིར་ལམ་མཚན་


LT09,P104A
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་པ་དང་འབྲས་བུ་བཏགས་པ་པ་ཡིན་ཞིང༌། ཐེག་ཆེན་པ་རྣམས་ཀྱི་ནི་སྤངས་རྟོགས་མཐར་ཕྱིན་པའི་ཕྱིར་ལམ་བཏགས་པ་བ་དང་འབྲས་བུ་མཚན་ཉིད་པ་ཡིན་ནོ། །གཞན་ཡང་སློབ་དཔོན་ཡེ་ཤེས་པ་ཤེས་གཉེན་གྱིས། ཚོགས་སྦྱོར་འཇིག་རྟེན་པ་ཉིད་ཀྱི་ཕྱིར་ལམ་གྱི་བདེན་པ་མ་ཡིན་གྱི་ལམ་གྱི་འཁོར་ཏེ་དེ་འབྱུང་བར་བྱེད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་འབྲེ་ཤེས་རབ་འབར་སོགས་ཁ་ཅིག་ཚོགས་སྦྱོར་གཉིས་ནི་རྟོག་བཅས་དང་ཟག་བཅས་ཡིན་པའི་ཕྱིར་ལམ་དངོས་མ་ཡིན་ཡང་རྒྱུ་ལ་ལམ་དུ་བཏགས་པའོ་ཞེས་བཞེད་པ་ལྟར་ན་འཆད་འགྱུར་ཚོགས་སྦྱོར་གཉིས་ཀྱང་མཐོང་ལམ་གྱི་མངོན་རྟོགས་དངོས་ལ་སྦྱོར་བར་བྱེད་པའི་ཕྱིར་ལམ་བཏགས་པ་བ་ཞེས་བྱ་དགོས་མོད། དཀོན་བརྩེགས་ལས་རྟོག་བཅས་ཡིན་ཀྱང་ཡང་དག་པའི་རྟོག་པ་ལས་མི་རྟོག་པ་སྐྱེ་བ་ཤིང་གཉིས་དྲུད་པ་ལས་མེ་འབྱུང་བའི་དཔེས་གསུངས་པ་དང༌། ས་བོན་དང་འབྲེལ་བས་ཟག་བཅས་སུ་བཤད་པའང་ལམ་དེ་ལྡན་གྱི་ཀུན་གཞི་ལ་འབྲེལ་བ་ཡིན་གྱི་ལམ་གྱི་ཆ་ཟག་མེད་ཡིན་པའི་ཕྱིར་དེ་དག་ལས་ཀྱང་ལམ་མཚན་ཉིད་པར་འགྱུར་རོ། །ལྔ་པ་ལ་ལྔ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མཐར་ཕྱིན་པའི་ལམ་མོ། །དང་པོ་ཚོགས་ཀྱི་ལམ་བཤད་པ་ལ་བརྒྱད། མཚན་ཉིད་གཞག་པ། མཚན་གཞི་ངོས་བཟུང༌། རབ་ཏུ་དབྱེ་བ། རང་བཞིན་གཏན་དབབ། སྤང་རྟོགས་ཁྱད་པར། ཡོན་ཏན་བརྗོད་པ། བྱེད་ལས་གང་ཡིན། ངེས་ཚིག་བསྟན་པའོ། །དང་པོ་ནི། ཚོགས་ལམ་ཐར་པ་ཆ་མཐུན་དགེ་བས་བསྡུས། །ཚོགས་ལམ་གྱི་ངོ་བོའམ་མཚན་གཞི་ནི། མྱ་ངན་ལས་འདས་པར་བགྲོད་པའི་གཞི་གང་ཞིག་ཐར་པ་ཆ་མཐུན་གྱི་དགེ་བས་བསྡུས་པའོ། །གཉིས་པ་ནི། མཚན་གཞི་ཐོས་སྒོམ་སོགས་


LT09,P104B
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྩོལ་བའོ། །ལམ་དེའི་མཚན་གཞི་ནི། རྒྱུད་སྨིན་པར་བྱེད་པའི་གཉེན་པོ་སྟེ། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནས་བཟུང་དྲོད་ཀྱི་ཡེ་ཤེས་མ་སྐྱེས་བར་གྱི་ཐོས་བསམ་སྒོམ་གསུམ་ལ་རྩོལ་བ་དེའོ། །གསུམ་པ་ནི། དྲན་པ་ཉེར་གཞག་ཡང་དག་སྤོང་བ་དང༌། །རྫུ་འཕྲུལ་རྐང་བཞི་སྒོམ་པ་ཆུང་འབྲིང་ཆེ། །ཡང་ན་དང་པོའི་ས་སོགས་བཞི་རུ་དབྱེ། །དེ་ལ་དྲན་པ་ཉེར་གཞག་བཞི་སྒོམ་པ་སྦྱོར་ལམ་ལ་འཇུག་པར་མ་ངེས་པ་ཚོགས་ལམ་ཆུང་ངུ༌། ཡང་དག་པར་སྤོང་བ་བཞི་སྒོམ་པ་སྦྱོར་ལམ་ལ་འཇུག་པའི་དུས་ངེས་པ་ཚོགས་ལམ་འབྲིང༌། རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་པའི་ཚེ་སྦྱོར་ལམ་དྲོད་སྐྱེ་བར་ངེས་པ་ཚོགས་ལམ་ཆེན་པོ་སྟེ། དེ་ལྟར་ཆུང་འབྲིང་ཆེ་གསུམ་མམ། ཡང་ན་ལས་དང་པོ་པའི་ས། དད་པའི་ས། ཐར་པ་ཆ་མཐུན། གོ་ཆའི་སྒྲུབ་པ་སྟེ་བཞི་རུ་དབྱེར་ཡོད་དོ། །བཞི་པ་ནི། སྐྱེ་བརྟེན་གང་ལ་དམིགས་པའི་ཁྱད་པར་གསུམ། །ལམ་དེ་རྟེན་གང་ལ་སྐྱེ་བ། ས་གང་ལ་བརྟེན་པ། ཡུལ་གང་ལ་དམིགས་པའི་ཁྱད་པར་གསུམ་ལས། དང་པོ་ནི། གླིང་གསུམ་གྱི་སྐྱེས་བ་བུད་མེད་ཁོ་ན་ལ་ཚོགས་ལམ་སྐྱེ་ཡི། འགྲོ་བ་གཞན་དང་ཟ་མ་དང་མ་ནིང་ལ་མི་སྐྱེ་བར་བཞེད་དོ། །གཉིས་པ་ནི། དུས་དུས་སུ་རྣལ་འབྱོར་ལ་བརྩོན་པ་ནི་བསམ་གཏན་ས་དྲུག་གམ་འདོད་པའི་ཁམས་ཀྱི་བསམ་པ་རྩེ་གཅིག་པ་ལ་བརྟེན་ནོ། །སོ་སོ་སྐྱེ་བོའི་ཚུལ་ཁྲིམས་དང་རྒྱུར་གྱུར་པའི་དགེ་བ་གཞན་ནི་འདོད་པའི་ས་ལ་བརྟེན་ནོ། །གསུམ་པ་ནི། སོ་སྐྱེའི་ཚུལ་ཁྲིམས་ལུས་ངག་གི་འཇུག་ལྡོག་ལ་དམིགས། དུས་དུས་སུ་རྣལ་འབྱོར་ལ་བརྩོན་པས་ནི་མི་སྡུག་པ་ལ་སོགས་པ་སྤྱོད་པ་རྣམ་སྦྱོང་གི་དམིགས་པའམ། དྲན་པ་ཉེར་བཞག་གི་དམིགས་པ་ལུམ་མ་སོགས་པ་ལ་དམིགས། རྒྱུར་གྱུར་བའི་དགེ་བ་གཞན་ནི་


LT09,P105A
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རབ་རྣམས་ཀྱི་ཚིག་དང་དོན་དུ་བཅས་པ་ལ་དམིགས་པའོ། །ལྔ་པ་ནི། རགས་པ་སྤོང་ཞིང་བདག་མེད་དོན་སྤྱིར་རྟོགས། །སྤང་བྱ་ཤིན་ཏུ་རགས་པ་འཁོར་བར་སྡུག་བསྔལ་སྐྱེད་བྱེད་རྣམས་རྣམ་པར་སུན་འབྱིན་པའི་གཉེན་པོས་སྤངས་པ་དང༌། བདག་མེད་གཉིས་ཤེས་རབ་གསུམ་གྱིས་དོན་སྤྱིའི་ཚུལ་དུ་རྟོགས་པའོ། །དྲུག་པ་ནི། རིགས་སེམས་སྤྱོད་པའི་གཞི་རུ་ཆོས་ལྔ་ལྡན། །སྤྱན་དང་མངོན་ཤེས་ཏིང་འཛིན་ཆོས་རྒྱུན་ཐོག །བྱང་ཆུབ་སེམས་དཔའ་ཚོགས་ལམ་པ་དེ་ལ་ཡོན་ཏན་གྱི་ཁྱད་པར་ཇི་ལྟ་བུ་དང་ལྡན་ན། ཐེག་ཆེན་གྱི་རིགས་སད། བྱང་ཆུབ་ཏུ་སེམས་རྣམ་པ་གཉིས་བསྐྱེད། སྤྱོད་པ་ཕར་ཕྱིན་དྲུག་ལ་བསླབ་པ་གཞིར་བྱས་པའི་སྟེང་དུ། སོ་སོ་སྐྱེ་བོའི་ཚུལ་ཁྲིམས་ལ་བརྟེན་པ། དབང་པོའི་སྒོ་སྡོམ་པ། ཟས་ཀྱི་ཚོད་རིག་པ། ནམ་གྱི་ཆ་སྟོད་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ། ཤེས་བཞིན་དུ་གནས་པར་མངོན་པར་དགའ་བ་སྟེ་ཆོས་ལྔ་དང་ལྡན་པ་ཡིན་ལ། དེའི་དང་པོ་ལ་བསམ་གཏན་གྱི་ཚུལ་ཁྲིམས་སམ་སྡོམ་པ་མེད་པ་ནི་མ་ཡིན་མོད་ཀྱི་གཙོ་བོ་ཐེག་ཆེན་སོ་ཐར་རིས་བདུན་པོ་གང་ཡང་རུང་བ་ལ་བརྟེན་པའོ། །གཉིས་པ་ལ་གུས་སྦྱོར་དང་རྟག་སྦྱོར་གྱི་དྲན་པ་སྟོབས་སུ་གྱུར་པའི་སྒོ་ནས་དབང་པོའི་སྒོ་བསྡམ་པ་སྤྱིར་བཞག་ནས། ཟབ་པ་དང་ཤེས་རབ་གཙོ་བོར་གྱུར་པ་དབང་པོ་ལྔའི་སྤྱོད་ཡུལ་དུ་གྱུར་པ་ཐམས་ཅད་ཤེར་ཕྱིན་གྱིས་ཟིན་པར་སྤྱོད་པ་དང༌། རྒྱ་ཆེ་བ་ཐབས་གཙོ་བོར་གྱུར་པ་ཐམས་ཅད་གཞན་དོན་དུ་སྤྱོད་ཅིང་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་རྣམ་བྱང་གི་སྨོན་ལམ་མངོན་པར་འདུ་བྱེད་པ་དང༌། གསུམ་པ་ཁ་ཟས་ལ་སོགས་པ་དད་པའི་སྒོ་ནས་ཕུལ་བ་རྣམས་གནང་བཀག་རིག་པར་བྱས་ཏེ་མང་ཉུང་ཚོད་ཤེས་པས། རང་ལུས་ལ་གནས་པའི་སྲིན་བུའི་རིགས་


LT09,P105B
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་པ་གསོ་བའི་ཕྱིར་དང༌། ཆོས་སྒྲུབ་པའི་རྟེན་ཡུན་དུ་གནས་པའི་ཕྱིར་དུ་བསམ་སྟེ་བཟའ་བ་སོགས་སོ། །བཞི་པ་ནི། ཐུན་སྟོད་སྨད་ལ་དྲན་པ་དང་ལྡན་པས་འདུ་འཛི་ལ་ཆགས་པ་སྤངས་ཏེ་མི་སྡུག་པ་དང་ཚད་མེད་པ་སྒོམ་པ་ལ་སོགས་པ་སྒྲིབ་པ་རྣམ་པར་སྦྱོང་བའི་རྣལ་འབྱོར་ལ་བརྩོན་པའོ། །ལྔ་པ་ལ་སྒོ་གསུམ་གྱི་བླང་དོར་ལ་སོགས་པའི་འཇུག་ལྡོག་ཐམས་ཅད་དུ་ཤེས་བཞིན་གྱི་བྱ་ར་དང་མ་བྲལ་བར་བྱ་སྟེ། རུང་བ་སྤྱོད་ཅིང་མི་རུང་བ་སྤོང་བ་ཤེས་བཞིན་གནས་པ་ལ་མངོན་པར་དགའ་བའོ། །གཞན་ཡང་ཚོགས་ལམ་པ་དེའི་གནས་སྐབས་ཀྱི་ཡོན་ཏན་སྤྱན་དང་མངོན་པར་ཤེས་པ་ལྔ་འཐོབ་ཅིང༌། མཐར་ཐུག་པའི་ཁྱད་པར་གྱི་འབྲས་བུ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པར་འགྱུར་ལ། དེའང་ཏིང་ངེ་འཛིན་དེ་ལས་མ་གཡོས་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོར་འཇུག་ཅིང༌། སངས་རྒྱས་རྒྱ་མཚོའི་ཞལ་ལས་དམ་པའི་ཆོས་མཉན་པ་ཐོབ་པར་འགྱུར་ཏེ། མདོ་སྡེ་རྒྱན་ལས། དེ་ཚེ་ཆོས་ཀྱི་རྒྱུན་ལས་ནི། །སངས་རྒྱས་རྣམས་ལ་ཞི་གནས་དང༌། །ཡེ་ཤེས་ཡངས་པ་འཐོབ་པའི་ཕྱིར། །གདམས་ངག་རྒྱ་ཆེན་ནོད་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །བདུན་པ་ནི། ཆུང་འབྲིང་ཆེན་པོར་བདེན་པ་བཞི་གཉིས་ལ། །བློ་འཇུག་ཕྱིན་ལོག་བཞི་དང་དངོས་འཛིན་ལྡོག །མི་མཐུན་ཕྱོགས་སྤང་དགེ་ཆོས་སྐྱེད་ཅིང་སྤེལ། །རྣམ་རྟོག་བརྒྱད་སྤོང་ཏིང་འཛིན་རྩེ་གཅིག་བྱེད། །ཆུང་འབྲིང་ཆེན་པོར་བྱེད་པའི་ལས་ཀྱང་རིམ་བཞིན་བཤད་ན། ཚོགས་ལམ་ཆུང་ངུར་དྲན་པ་ཉེར་གཞག་བཞིའི་བྱེད་ལས་ཉན་ཐོས་པ་འཕགས་པའི་བདེན་བཞི་ལ་བློ་འཇུག་ཅིང་ཕྱིན་ཅི་ལོག་བཞི་ལས་བློ་ལྡོག་ཐེག་ཆེན་པ་བདེན་གཉིས་ལ་བློ་འཇུག་ཅིང་དངོས་པོར་འཛིན་པ་མཐའ་དག་ལས་བློ་ལྡོག་འབྲིང་པོ་ཡང་དག་སྤོང་བ་བཞིའི་


LT09,P106A
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལས་ཡང་དག་པར་སྤོང་བ་སྔ་མ་གཉིས་ཀྱིས་མི་མཐུན་པའི་ཕྱོགས་རྣམས་སྤང༌། ཕྱི་མ་གཉིས་ཀྱིས་དགེ་བའི་ཆོས་རྣམས་སྐྱེད་ཅིང་སྤེལ་བའོ། །ཆེན་པོ་རྫུ་འཕྲུལ་རྐང་བཞིའི་བྱེད་ལས་འདོད་པའི་རྣམ་རྟོག་སོགས་འཇིག་རྟེན་གྱི་ཕྱིན་ཅི་ལོག་གི་རྣམ་རྟོག་བརྒྱད་སྤོང་ཞིང་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་དབང་བྱེད་པའོ། །བརྒྱད་པ་ནི། ངེས་ཚིག་སྣོད་རུང་དགེ་ཚོགས་གསོག་པ་དང༌། ཐར་པ་ཆ་མཐུན་དད་དང་སུན་འབྱིན་ལམ། །ངེས་ཚིག་གམ་སྒྲ་དོན་ནི། དྲོད་ལ་སོགས་པའི་རྟོགས་པ་སྐྱེ་བའི་སྣོད་རུང་དུ་བྱ་བའི་ཕྱིར་དགེ་བའི་ཚོགས་རྒྱ་ཆེན་པོ་གསོག་པར་བྱེད་པའི་ལམ་ཡིན་པས་ཚོགས་ལམ་ཞེས་བྱ་ཞིང་ཐར་པ་མྱ་ངན་ལས་འདས་པའི་ཆ་དང་མཐུན་པར་ཡིད་ལ་བྱེད་པས་ཐར་པ་ཆ་མཐུན་གྱི་དགེ་རྩ་དང༌། དཀོན་མཆོག་གསུམ་དང་སྟོང་པ་ཉིད་ལ་མོས་པ་སྟོབས་སུ་གྱུར་བས་དད་པའི་ས་དང༌། ཉེར་ལེན་གྱི་ཕུང་པོ་ལ་ཉན་ཐོས་པས་ནད་དང་ཤུ་བ་སོགས་ལྟར་ཉེས་དམིགས་སུ་ལྟ་བ་དང༌། ཐེག་ཆེན་པས་རང་བཞིན་མེད་པར་ལྟ་བས་སུན་འབྱིན་པའི་གཉེན་པོ་ཞེས་ཀྱང་བྱའོ། །གཉིས་པ་སྦྱོར་བའི་ལམ་བཤད་པ་ལ་བརྒྱད། མཚན་ཉིད་གཞག་པ། མཚན་གཞི་ངོས་བཟུང༌། རབ་ཏུ་དབྱེ་བ། རང་བཞིན་གཏན་དབབ། སྤངས་རྟོགས་ཁྱད་པར། ཡོན་ཏན་བརྗོད་པ། བྱེད་ལས་གང་ཡིན། ངེས་ཚིག་བསྟན་པའོ། །དང་པོ་ནི། སྦྱོར་ལམ་དོན་དམ་མངོན་རྟོགས་གནས་སྐབས་ཏེ། །སྦྱོར་ལམ་གྱི་ངོ་བོ་རྣམ་པར་གྲོལ་བའི་འཇུག་ངོགས་གང་ཞིག །དོན་མངོན་པར་རྟོགས་པའི་གནས་སྐབས་ཀྱིས་བསྡུས་པའོ། །གཉིས་པ་ནི། འཇིག་རྟེན་པ་ཡི་སྒོམ་བྱུང་ཤེས་རབ་ཉིད། །ལམ་དེའི་མཚན་གཞི་ཉེ་བར་སྤོང་བའི་གཉེན་པོ་སྟེ་དྲོད་ཀྱི་ཡེ་ཤེས་སྐྱེས་པ་ནས་བཟུང་མཐོང་ལམ་མ་སྐྱེས་བར་གྱི་འཇིག་རྟེན་པའི་སྒོམ་བྱུང་གི་ཤེས་རབ་གོ་


LT09,P106B
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནི། རང་བཞིན་མོས་སྤྱོད་ས་སོགས་དབྱེ་མང་ཡང༌། །ཡེ་ཤེས་དྲོད་སྐྱེ་དགེ་རྩ་གཡོ་བའི་ཚེ། །ཟབ་མོར་བཟོད་ཐོབ་འཇིག་རྟེན་ཆོས་ཀྱི་མཆོག །བཞི་ལ་དབང་པོ་སྟོབས་ལྔ་གཉིས་རེར་བསྒོམ། །ལམ་འདིའི་རྣམ་པར་དབྱེ་བ་ལ། རང་བཞིན་གྱིས་དབྱེ་བ་ནི། མོས་པས་སྤྱོད་པའི་ས་དང༌། སྒོམ་ལམ་ཟག་བཅས་དང༌། ངེས་འབྱེད་ཆ་མཐུན་དང༌། འཇུག་པའི་སྒྲུབ་པ་སོགས་སུ་དབྱེར་ཡོད་པ་དང༌། ཚོགས་སྦྱོར་གྱི་དབྱེ་བ་ཚོགས་ཀྱང་ཡིན་ལ་སྦྱོར་བའང་ཡིན་པ་དང༌། ཚོགས་མ་ཡིན་ལ་སྦྱོར་བ་ཡིན་པ་གཉིས་སུའང་དབྱེར་ཡོད་ལ། དེའི་དང་པོ་ནི་ཚོགས་ལམ་གྱི་རྒྱུན་སྦྱོར་ལམ་ན་ཡོད་པའོ། །ཕྱི་མ་ནི་བདེན་པ་བཞིའམ་བདག་མེད་གཉིས་ལ་སྦྱོར་བས་སྦྱོར་བ་ཡིན་ལ་ཚོགས་ལམ་དངོས་མ་ཡིན་པས་ཚོགས་མ་ཡིན་པའོ། །ཆེ་ཆུང་གིས་དབྱེ་ན། སྦྱོར་ལམ་ཆུང་འབྲིང་ཆེ་གསུམ་དུ་དབྱེར་ཡོད་པའི། ཆུང་ངུ་ནི་མཐོང་ལམ་སྐྱེ་བའི་དུས་ངེས་པ་མེད་པའོ། །འབྲིང་ནི་ངེས་པ་ཡོད་པའོ། །ཆེན་པོ་ནི་ཚེ་འདི་ལ་མཐོང་ལམ་སྐྱེ་བའོ། །དེ་ལྟར་དབྱེ་སྒོ་མང་ཡང་རྟོགས་ཚུལ་གྱི་སྒོ་ནས་དབྱེ་བ་ཉིད་ཡོངས་སུ་གྲགས་པ་སྟེ། དེའང་ཤིང་གཙུབས་པས་མེ་འབྱུང་བའི་སྔ་ལྟས་སུ་དྲོད་འབྱུང་བ་ལྟར་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་མེ་ལྟ་བུ་སྐྱེ་བའི་སྔ་ལྟས་སུ་གྱུར་པས་དྲོད། དགེ་བའི་རྩ་བ་གཡོ་བ་རྣམས་ཀྱི་རྩེ་མོ་སྟེ་རབ་བམ་མཆོག་ཏུ་གྱུར་བས་རྩེ་མོ། རྩེ་མོའི་སྐད་དོད་མཱུ་རྟི་ཞེས་པ་ཐང་གཅིག་ལའང་འཇུག་པས། རིང་དུ་མི་གནས་པས་ཐང་གཅིག་གམ་རྩེ་མོ་ཟེར་བའང་ཡོད། མི་གཡོ་བའི་སྒོ་ནས་བདེན་པ་མཐོང་བའི་ལམ་དང་རྗེས་སུ་མཐུན་པར་ཆོས་ཟབ་མོ་ལ་བཟོད་པ་ཐོབ་པ་སྟེ་སྟོང་ཉིད་ལ་མི་སྐྲག་པས་བཟོད་པ། སྐལ་མཉམ་གྱི་རྒྱུ་མེད་ཀྱང་འཕགས་པའི་ལམ་གྱིས་འདྲེན་ནུས་པས་འཇིག་རྟེན་པའི་ཆོས་ཀྱི་ནང་ནས་མཆོག་ཏུ་གྱུར་


LT09,P107A
[མ་དཔེ་གཟིགས་ན་འདིར་གནོན།]

པས་འཇིག་རྟེན་ཆོས་མཆོག་སྟེ་མཐོང་ལམ་ཟག་མེད་ཀྱི་བདག་རྐྱེན་བྱེད་པའོ། །དེའང་མངོན་རྟོགས་རྒྱན་ལས། ཆུང་ངུ་འབྲིང་དང་ཆེན་པོ་ཡིས། །ཞེས་པས་གཉིས་ཀ་ལ་གསུམ་རེ་སྟེ་བཅུ་གཉིས་སུ་དབྱེ་བར་ཐེག་ཆེན་པ་འགའ་ཞིག་བཞེད་པ་ལྟར་ན། དྲོད་ནི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་བདེན་བཞིའི་ཆོས་རྣམས་ལ་དམིགས་ནས་བསྒོམས་པས། ནང་འཛིན་པ་ཡིད་ཀྱི་བརྗོད་པ་ཙམ་མ་གཏོགས་གཟུང་བ་ཕྱི་དོན་རང་བཞིན་མེད་པར་རྟོགས་པ་ལ་གསལ་སྣང་ཆུང་ངུ་ཐོབ་པའི་ཏིང་ངེ་འཛིན་ཞི་གནས་དང་ཤེས་རབ་ལྷག་མཐོང་གྲོགས་དེ་དག་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་དང་བཅས་པ་སྟེ། དེ་ལའང་སྟོང་པ་བདག་མེད་ཀྱི་གསལ་སྣང་རེས་འགའ། ཕལ་ཆེར། དེ་ལས་ཀྱང་མང་ཞིང་གསལ་བའི་ཆ་ནས་དྲོད་ཆུང་འབྲིང་ཆེ་གསུམ་དུ་བཞག་ཅིང༌། དྲོད་ཀྱི་ཡེ་ཤེས་དེ་ལ་ནི་མཐོང་ལམ་ཆུང་ངུ་སྐྱེས་པ་ཞེས་བྱ་སྟེ་སྔར་མ་མཐོང་བའི་དོན་ཅུང་ཟད་མཐོང་བས་སོ། །དེའང་རྩེ་མོ་སོགས་ལ་ལྟོས་ནས་སྟོང་པ་བདག་མེད་ཀྱི་གསལ་བ་ཐ་མར་ཉམས་སུ་མྱོང་བའོ། །རྩེ་མོ་སྔར་བཞིན་བརྩོན་འགྲུས་རྟག་པར་བརྩམས་པས་གཟུང་བ་རང་བཞིན་མེད་པར་རྟོགས་པའི་སྣང་བ་དེ་ཉིད་སྔ་མ་ལས་གོང་དུ་མཆེད་ཅིང་འཕེལ་ནས་གསལ་སྣང་འབྲིང་དུ་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་གྱི་གྲོགས་དང་བཅས་པ་སྟེ། བདག་མེད་ཀྱི་རྟོགས་པ་རྨི་ལམ་ནའང་རེས་འགའ་དང༌། ཕལ་ཆེར། དེ་ལས་ཀྱང་གྲངས་མང་ཞིང་གསལ་བར་དྲན་པའི་ཆ་ནས་ཆུང་འབྲིང་ཆེ་གསུམ་མོ། །བཟོད་པ་ནི་སྔར་བཞིན་བསྒོམས་པས་དོན་དུ་སྣང་བ་ཐམས་ཅད་སེམས་ཁོ་ནར་སྣང་བས་གཟུང་བའི་རྣམ་གཡེང་སྤངས་པའི་གསལ་སྣང་ཆེན་པོ་ཐོབ་ཅིང་འཛིན་པའང་རང་བཞིན་མེད་པར་རྟོགས་པ་ལ་གསལ་སྣང་ཆུང་ངུ་ཐོབ་པའི་ཏིང་ངེ་འཛིན་ཤེས་རབ་


LT09,P107B
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་ལྡན་དང་བཅས་པ་སྟེ། དེ་ལའང་སྟོང་པ་ཉིད་ཀྱིས་རེས་མི་འཇིགས། ཕལ་ཆེར་མི་འཇིགས། ཐམས་ཅད་དུ་མི་འཇིགས་པ་གསུམ་ལས་ཆུང་འབྲིང་ཆེ་གསུམ་མོ། །ཆོས་མཆོག་ནི་སྔར་བཞིན་བསྒོམས་པས་དེ་མ་ཐག་པའི་རྗེས་སུ་མཐོང་ལམ་སྐྱེས་ནས་འཛིན་པ་རང་བཞིན་མེད་པར་རྟོགས་པར་འགྱུར་བས་འཇིག་རྟེན་པའི་ལམ་ལ་ལྟོས་ཏེ་འཛིན་པ་རང་བཞིན་མེད་པ་ལ་གསལ་སྣང་ཆེན་པོ་དང༌། འདས་ལམ་ལ་ལྟོས་ཏེ་དེ་ཉིད་འབྲིང་དུ་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པ་སྟེ། འཛིན་པ་རང་བཞིན་མེད་པའི་གསལ་བ་ཐ་འབྲིང་རབ་ཏུ་རྟོགས་པ་ལས་ཆུང་འབྲིང་ཆེ་གསུམ་མོ། །ངེས་འབྱེད་འདི་དག་མངོན་པ་གོང་འོག་གཉིས་ཀ་མཐུན་པར་བཟོད་པ་མ་གཏོགས་གཞན་རྣམས་ལ་ཆེ་ཆུང་གསུམ་དུ་ཕྱེ་བ་མི་མཛད་དོ། །དེ་དག་བློའི་རྣམ་པའི་ངོ་བོ་ནི་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ལྟོས་ན་རྟོག་བཅས་དང༌། སྒྲ་དོན་ངེས་འཛིན་གྱི་རྟོག་པ་ཕལ་པ་ལ་ལྟོས་ན་རྟོག་མེད་མངོན་སུམ་ཡིན་ཏེ། གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་ཐོབ་པར་བཤད་པས་སོ། །དེ་བཞི་ལ་དབང་པོ་ལྔ་དང་སྟོབས་ལྔ་གཉིས་རེར་བསྒོམ་སྟེ། དྲོད་རྩེ་གཉིས་སུ་དབང་པོ། བཟོད་ཆོས་གཉིས་སུ་སྟོབས་ལྔ་སྒོམ་པར་བྱེད་དོ། །བཞི་པ་ནི། གང་སྐྱེ་གང་ལ་གང་དམིགས་ཁྱད་པར་ལྡན། །ལམ་དེའི་རང་བཞིན་གཏན་ལ་དབབ་པ་ལ་གསུམ་སྟེ། རྟེན་གང་ལ་སྐྱེ་བ། ས་གང་ལ་བརྟེན་པ། ཡུལ་གང་ལ་དམིགས་པའོ། །དང་པོ་ནི། གླིང་གསུམ་གྱི་སྐྱེས་པ་བུད་མེད་དང༌། འདོད་ལྷ་རིགས་དྲུག་ལ་སྐྱེ་སྟེ། སྔོན་མིའི་གནས་སུ་ཚོགས་ལམ་རྒྱུད་ལ་བསྐྱེད་ནས་འདོད་ལྷའི་རིས་གང་དུ་སྐྱེས་ཀྱང་སྐྱེའོ། །ཐེག་ཆེན་ཐུན་མོང་མ་ཡིན་པ་འགའ་ཞིག་ལས་ནི་དུད་འགྲོའི་བྱེ་བྲག་ཀླ་སོགས་ལ་སྐྱེ་བར་བཤད་པའང་ཡོད་དོ། །


LT09,P108A
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ས་གང་ལ་བརྟེན་པ་ནི། ཉན་ཐོས་ཀྱི་སྦྱོར་ལམ་ནི་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་དང༌། དངོས་གཞི་ཙམ་པོ་དང༌། དེ་ཁྱད་པར་ཅན་དང༌། བསམ་གཏན་ལྷག་མ་གསུམ་གྱི་དངོས་གཞི་སྟེ་བསམ་གཏན་ས་དྲུག་ལ་བརྟེན་ཏོ། །དེ་ལ་སྔར་འདོད་ཆགས་དང་མ་བྲལ་བ་བསམ་གཏན་གྱི་ཉེར་བསྡོགས་དང༌། འདོད་པ་ལ་འདོད་ཆགས་དང་བྲལ་ན་དངོས་གཞི་ལ་བརྟེན་ཏོ། །རང་རྒྱལ་ཚོགས་སྤྱོད་ནི་བསམ་གཏན་ས་དྲུག་པོ་གང་རུང་དང༌། བསེ་རུ་ལྟ་བུ་ནི་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ཏོ། །བྱང་ཆུབ་སེམས་དཔའ་ནི་བྱེ་སྨྲ་ན་རེ། སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐའ་བརྟེན་གཅིག་ལ་ཀུན། །ཞེས་ཟེར་བས་བསམ་གཏན་བཞི་པ་ལ་བརྟེན་པར་འདོད་ལ། །ཐེག་ཆེན་པ་འགའ་ཞིག་བསམ་གཏན་བཞི་པོ་གང་རུང་གི་དངོས་གཞི་ལ་བརྟེན་པར་འདོད་པའང་ཡོད་དོ། །གསུམ་པ་ཡུལ་གང་ལ་དམིགས་པ་ནི། མདོ་སྡེ་པ་དག་དྲོད་རྩེ་བཟོད་གསུམ་གཟུང་བ་རང་བཞིན་མེད་པ་དང༌། ཆོས་མཆོག་འཛིན་པ་རང་བཞིན་མེད་པ་ལ་དམིགས་ཤིང༌། གཟུང་བ་རང་བཞིན་མེད་པར་རྟོགས་པ་ལའང་ཆུང་ངུ་སྣང་བ་ཐོབ་པ་དྲོད། འབྲིང་སྣང་བ་མཆེད་པ་རྩེ་མོ། ཆེན་པོ་རྟོགས་པ་བརྟན་པ་བཟོད་པའོ་ཞེས་ཟེར། ཐེག་ཆེན་པ་ཁ་ཅིག་དྲོད་ཀྱིས་གཟུང་བ་རང་བཞིན་མེད་པར་རྟོགས་ཤིང༌། བཟོད་མཆོག་གིས་འཛིན་པ་རང་བཞིན་མེད་པར་རྟོགས་ཏེ། དེའང་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་གཟུང་བ་རང་བཞིན་མེད་པར་རྟོགས་པ་དྲོད། རྣམ་པར་བྱང་བའི་ཕྱོགས་ཀྱི་གཟུང་བ་དེར་རྟོགས་པ་རྩེ་མོ། འཛིན་པ་རང་བཞིན་མེད་པར་རྟོགས་པ་ལའང་གང་ཟག་རྫས་ཡོད་ཀྱི་རྟེན་ཅན་གྱི་འཛིན་པ་རང་བཞིན་མེད་པར་རྟོགས་པ་བཟོད་པ། སྐྱེས་བུ་བཏགས་ཡོད་ཀྱི་རྟེན་ཅན་གྱི་འཛིན་པ་དེར་


LT09,P108B
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་ཆོས་མཆོག་གོ་ཞེས་བཞེད་དེ། མངོན་རྟོགས་རྒྱན་ལས། གཞི་དང་དེ་ཡི་གཉེན་པོ་ཡི། །གཟུང་བར་རྟོག་པ་རྣམ་པ་གཉིས། །རྨོངས་དང་ཕུང་སོགས་བྱེ་བྲག་གིས། །དེ་ནི་སོ་སོར་རྣམ་པ་དགུ། །རང་དབང་བདག་སོགས་ངོ་བོ་དང༌། །དེ་བཞིན་ཕུང་སོགས་རྟེན་སྒོ་ནས། །རྫས་དང་བཏགས་པའི་རྟེན་ཅན་གྱི། །འཛིན་པའང་རྣམ་པ་གཉིས་སུ་འདོད། །ཞེས་གསུངས་པ་ལྟར་རོ། །དེས་འབྱེད་འདི་དག་བློ་གང་དུ་འདུ་ཞེ་ན། ཤེས་རབ་གསུམ་གྱིས་གོམས་པར་བྱས་པའི་རང་རིག་གཙོ་ཆེ་བ་ཉིད་དེ། དཔེར་ན་འདོད་ཆགས་ལ་སོགས་པ་ལ་གོམས་པའི་རང་རིག་བཞིན་ནོ། །ལྔ་པ་ནི། ཀུན་ཏུ་བརྟགས་པའི་སྒྲིབ་ས་གནོན་པས་སྤོང༌། །བདག་མེད་གཉིས་ཀྱི་ཚུལ་ལ་རྟོགས་པས་ཞུགས། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཀུན་བརྟགས་པ་རྣམས་རྣམ་པར་གནོན་པའི་ཚུལ་གྱིས་སྤོང་ཞིང༌། བདེན་པ་རྣམས་ལ་ཆོས་ཀྱི་བདག་གི་ཕྱེད་གཟུང་བ་རང་བཞིན་མེད་པར་རྟོགས་པའོ། །ཡང་ཐེག་ཆེན་པ་འགའ་ཞིག་ཐེག་པ་གསུམ་གྱི་སྦྱོར་ལམ་གྱིས་འདི་ལྟར་རྟོགས་པར་འདོད་དེ། ཉན་ཐོས་ཀྱི་དྲོད་རྩེས་གང་ཟག་གི་བདག་གི་གཟུང་བ་དང༌། བཟོད་མཆོག་གིས་གང་ཟག་གི་བདག་གི་འཛིན་པ་རང་བཞིན་མེད་པར་རྟོགས། རང་རྒྱལ་གྱི་དྲོད་རྩེས་གང་ཟག་དང་ཆོས་ཀྱི་བདག་གི་ཕྱོགས་རེ་རེའི་གཟུང་པ་དང༌། བཟོད་མཆོག་གིས་བདག་དེ་གཉིས་ཀྱི་ཕྱོགས་རེ་དེའི་འཛིན་པ་རང་བཞིན་མེད་པར་རྟོགས། བྱང་སེམས་ཀྱི་དྲོད་རྩེས་གང་ཟག་དང་ཆོས་ཀྱི་བདག་གཉིས་ཀའི་གཟུང་བ་དང༌། བཟོད་མཆོག་གིས་བདག་དེ་གཉིས་ཀྱི་འཛིན་པ་རང་བཞིན་མེད་པར་རྟོགས་པར་བཞེད། འཕགས་པ་ཀླུ་སྒྲུབ་ཐེག་པ་གསུམ་གའི་སྦྱོར་ལམ་ལ་ཐབས་ཀྱི་ཁྱད་པར་དང་ངེས་འབྱེད་བཞིའི་རང་རང་གི་དམིགས་པ་གསལ་མི་གསལ་གྱི་ཁྱད་པར་མ་གཏོགས་བདག་


LT09,P109A
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྟོགས་པ་ལ་ཁྱད་པར་མི་བཞེད་དེ། ཤེར་ཕྱིན་གྱི་མདོ་ལས། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ། །ཞེས་དང༌། སྡུད་པ་ལས། གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང༌། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ། །བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་ནུས་ཏེ། །ཞེས་སོགས་བཀའ་རྒྱས་འབྲིང་རྣམས་ལས་གསུངས་པའི་དགོངས་པའོ། །དྲུག་པ་ནི། །མི་འཆད་མི་ལྟུང་ལ་སོགས་ཡོན་ཏན་ལྡན། །དེའང་མདོ་སྡེ་རྒྱན་ལས། རྩེ་མོ་ཐོབ་པས་རྩ་མི་འཆད། །བཟོད་ཐོབ་ངན་སོང་སོགས་མི་ལྟུང༌། །ཞེས་སོགས་གསུངས་པ་དང༌། མདོ་དཀོན་མཆོག་སྤྲིན་ལས། སོ་སོ་སྐྱེ་བོའི་རྒུད་པ་ལས་གྲོལ་ཞིང་ཏིང་ངེ་འཛིན་དང་གཟུངས་དང་རྣམ་པར་ཐར་པ་དང་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་དུ་མ་དང་ལྡན་པར་གསུངས་པ་དང༌། ཡུམ་དང་རྒྱན་ལས་དབང་པོ་རྣོན་པོས་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པར་གསུངས་པ་སོགས་སོ། །བདུན་པ་ནི། བདག་ཏུ་འཛིན་སྤོང་དང་པོའི་རྟོགས་པ་སྐྱེད། །འཇིག་རྟེན་པའི་སྒོམ་བྱུང་གི་ཤེས་རབ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་དེས། གང་ཟག་དང་ཆོས་ལ་བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་བཞི་སྤོང་ཞིང༌། མཐོང་ལམ་ས་དང་པོའི་རྟོགས་པ་སྐྱེད་པའོ། །བརྒྱད་པ་ནི། ངེས་འབྱེད་ཆ་མཐུན་མོས་སྤྱོད་དོན་དམ་པ། །མངོན་སུམ་རྟོགས་ལ་སྦྱོར་བ་ངེས་ཚིག་གོ །མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་མེ་དང་འདྲ་བ་དེས་སོ་སོ་སྐྱེ་བོའི་ཕྱིན་ཅི་ལོག་གི་རྟོག་པ་ཐམས་ཅད་རྩད་ནས་འཇོམས་ཤིང་ངེས་པར་འབྱེད་པས་ན་ངེས་འབྱེད་དངོས་མཐོང་ལམ་ལ་བྱས་ནས་དེ་དང་ཆ་མཐུན་པའི་ཕྱིར་ངེས་འབྱེད་ཆ་མཐུན་དང༌། ཆོས་ཉིད་ལ་མོས་པའི་


LT09,P109B
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཀྱིས་བཟོད་པར་སྤྱོད་པས་ན་མོས་སྤྱོད་ཀྱིས། འཇིག་རྟེན་པའི་སྒོམ་བྱུང་གི་ཤེས་རབ་དེས་གཟུང་འཛིན་གྱི་རྟོག་པ་རང་རྒྱུད་པ་དེ་དག་བཅད་ནས། འཇིག་རྟེན་ལས་འདས་པའི་ས་དང་པོ་མཐོང་ལམ་ཆོས་ཀྱི་དབྱིངས་དོན་དམ་པ་མངོན་སུམ་དུ་རྟོགས་པ་ལ་སྦྱོར་བའི་ལམ་ཡིན་པས་སྦྱོར་ལམ་ཞེས་བྱ་སྟེ་ངེས་ཚིག་གོ །མོས་སྤྱོད་ནི་སྤྱིར་ཚོགས་སྦྱོར་གཉིས་ཀ་ལ་བཤད་དོ། །གསུམ་པ་མཐོང་བའི་ལམ་བཤད་པ་ལ་བརྒྱད། མཚན་ཉིད་གཞག་པ། མཚན་གཞི་ངོས་བཟུང༌། རབ་ཏུ་དབྱེ་བ། རང་བཞིན་གཏན་དབབ། སྤངས་རྟོགས་ཁྱད་པར། ཡོན་ཏན་བརྗོད་པ། བྱེད་ལས་གང་ཡིན། ངེས་ཚིག་བསྟན་པའོ། །དང་པོ་ནི། མཐོང་ལམ་དེ་ཉིད་གསར་མཐོང༌། །ཞེས་པ་སྟེ། མྱ་ངན་ལས་འདས་པར་བགྲོད་པའི་གཞི་གང་ཞིག་དེ་ཁོ་ན་ཉིད་གསར་དུ་མངོན་པར་རྟོགས་པའི་གནས་སྐབས་ཀྱིས་བསྡུས་པའོ། །གཉིས་པ་ནི། འདས་པ་ཡི། །ཞི་ལྷག་མཚུངས་ལྡན། །ཅེས་པ་སྟེ། ཕྱོགས་གཅིག་སྤོང་བའི་གཉེན་པོ་མཐོང་ལམ་གྱི་མཚན་གཞི་བདེན་པ་བཞི་ལ་བདག་མེད་པའི་ཆོས་ཉིད་མངོན་སུམ་དུ་མཐོང་སྟེ། འཇིག་རྟེན་ལས་འདས་པའི་ཞི་གནས་དང་ལྷག་མཐོང་མཚུངས་པར་ལྡན་པའོ། །གསུམ་པ་ནི། རང་ངོར་དབྱེ་བ་མེད། །གཙོ་བོར་བྱང་ཆུབ་ཡན་ལག་བདུན་ལ་བསླབ། །ཅེས་པ་སྟེ། རྟེན་གང་ཟག་གིས་ཕྱེ་ན་ཞུགས་གནས་གཉིས་དང༌། ཐེག་པས་ཕྱེ་ན་ཉན་རང་བྱང་སེམས་ཀྱི་མཐོང་ལམ་གསུམ་དང༌། ངོ་བོས་ཕྱེ་ན་སྐད་ཅིག་མ་བཅུ་དྲུག་ལ་སོགས་པར་དབྱེར་ཡོད་ཀྱང་དེ་ནི་ཉན་ཐོས་དང་སྒོ་བསྟུན་པ་ཡིན་ཏེ། མཐོང་ལམ་རང་གི་ངོ་བོ་ནི་སྐད་ཅིག་མ་གཅིག་གིས་བསྡུས་པའི་ཕྱིར་དབྱེ་བ་བྱར་མེད་དོ། །ལམ་འདིར་དྲན་པ་ཡང་དག་སོགས་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་བསླབ་པའོ། བཞི་པ་ལ་གཉིས། མཐོང་སྤང་སྤོང་ཚུལ་གྱི་


LT09,P110A
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གཞག་མཐོང་ལམ་སྐྱེ་ཚུལ་གྱི་རྣམ་གཞག་གོ །དང་པོ་ནི། མཐོང་སྤང་བརྒྱད་ཅུ་རྩ་བརྒྱད་དགུ་བཅུ་བཞི། །བརྒྱ་རྩ་བཅུ་སོགས་འགག་དང་སྐྱེ་འགྱུར་དང༌། །གཉིས་མེད་ཡེ་ཤེས་སྐྱེས་པས་སྤོང་བར་འདོད། །ལམ་འདིའི་རང་བཞིན་གཏན་ལ་དབབ་པ་ལ་གསུམ། སྤང་བྱའི་མཚན་ཉིད། སྤང་བྱའི་རབ་དབྱེ། སྤང་བྱ་སྤོང་ཚུལ་ལོ། །དང་པོ་ནི། སྤྱིར་ཉོན་མོངས་པ་ཙམ་གྱི་མཚན་ཉིད་སེམས་ཀྱི་རྒྱུན་མ་ཞི་བར་བྱེད་པ་ཡིན་ལ། བྱེ་བྲག་ཏུ། མཐོང་སྤང་གི་མཚན་ཉིད་ཀུན་ཏུ་བརྟགས་པས་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའོ། །གཉིས་པ་ལ་གཉིས། ངོ་བོའི་དབྱེ་བ་དང༌། སྤོང་ཚུལ་གྱི་དབྱེ་བའོ། །དང་པོ་ལ་གཉིས་ཏེ། རྩ་ཉོན་དང༌། ཉེ་ཉོན་ནོ། །རྩ་ཉོན་སྤངས་ན་ཉེ་ཉོན་ཤུགས་ལ་སྤང་བའི་ཕྱིར་དང་པོ་བཤད་ན། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ། ལྟ་བ་སྟེ་དྲུག་གོ །ལྟ་བ་ལ་ལྔ། འཇིགས་ལྟ་མཐར་ལྟ་ལོག་ལྟ་གསུམ། ལྟ་བ་དང་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གཉིས་རྣམས་སོ། །གཉིས་པ་སྤོང་ཚུལ་གྱི་དབྱེ་བ་ལ་གཉིས་ཏེ། མཐོང་སྤང་དང༌། སྒོམ་སྤང་ངོ༌། །དང་པོ་ནི། བྱེ་བྲག་ཏུ་སྨྲ་བའི་ལུགས་ལ། མཛོད་ལས། དེ་དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་གཉིས་མ་གཏོགས་པ། འདོད་ན་སྡུག་བསྔལ་ལ་སོགས་པ། །མཐོང་བས་རིམ་བཞིན་སྤོང་བར་བྱེད། །ཅེས་བརྒྱད་ཅུ་རྩ་བརྒྱད་དུ་འདོད་ལ། བསྡུ་བར་མཐོང་སྤང་དགུ་བཅུ་རྩ་བཞིར་བཤད་ཅིང༌། ཀུན་བཏུས་ལས་འདོད་ཁམས་ན་ཀུན་ནས་ཉོན་མོངས་པ་ལྔ་དང༌། ལྟ་བས་བསྡུས་པའི་ལྔ་སྟེ་བཅུ་པོ་བདེན་པ་བཞི་ལ་འཇུག་པས་བཞི་བཅུ། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མེད་པས་དགུ་དགུ་དང༌། དེ་རྣམས་བདེན་བཞི་ལ་འཇུག་པས་དགུ་བཞི་སོ་དྲུག་ཕྲག་གཉིས་བདུན་


LT09,P110B
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ་རྩ་གཉིས་ཏེ་བརྒྱ་རྩ་བཅུ་གཉིས་སུ་བཤད་དོ། །འོ་ན་གཟུགས་མེད་ན་ལུས་ངག་གི་སྤྱོད་པ་སྡིག་པ་དག་གྲོལ་གྱི་རྒྱུར་འཛིན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་བཞི་མི་འཐད་པས་མཐོང་སྤང་བརྒྱ་རྩ་བརྒྱད་དུ་འགྱུར་རོ་ཞེ་ན་འགྱུར་ཏེ། དེ་ན་ལུས་ངག་གི་སྤྱོད་པ་འདག་གྲོལ་གྱི་རྒྱུར་འཛིན་པ་མེད་ཀྱང་ལྟ་བ་ལ་རང་གྲོལ་གྱི་རྒྱུར་འཛིན་པ་ཡོད་པ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དུ་དོགས་པས་སོ། །དེ་ལྟ་ན་འདི་ལྟ་བ་མཆོག་འཛིན་དུ་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། ལྟ་བ་མཆོག་འཛིན་གྱི་རྣམ་པ་ནི། མཆོག་དང་གཙོ་བོ་ལ་སོགས་པར་འཛིན་པ་ཡིན་ལ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་རྣམ་པ་ནི། འདག་གྲོལ་སོགས་འཛིན་པ་ཡིན་པས་འཛིན་སྟངས་མི་འདྲའོ། །འོ་ན་སྡུག་བསྔལ་དང་ཀུན་འབྱུང་ཁམས་གསུམ་དུ་གཏོགས་ཀྱང་འགོག་ལམ་ཟག་མེད་དེར་མ་གཏོགས་པས་ཁམས་གསུམ་སོ་སོའི་འགོག་པ་དང་ལམ་ཞེས་བཞག་པ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། བསྡུ་བ་ལས། ཁམས་གསུམ་གྱི་དབང་དུ་བྱས་པ་ཡིན་ནོ་ཞེས་བཤད་ཅིང༌། དེའང་སྤང་བྱ་སྡུག་བསྔལ་ཀུན་འདོད་ཁམས་པ་ཡིན་པས་སྡུག་བསྔལ་རྒྱུ་དང་བཅས་པ་འགག་པ་ལ་འདོད་ཁམས་ཀྱི་འགོག་བ་ཞེས་བཏགས་ཤིང༌། དེ་མངོན་སུམ་དུ་བྱེད་པའི་ཐབས་ལ་འདོད་ཁམས་ཀྱི་ལམ་དུ་བཏགས་ལ། ཁམས་གོང་མ་གཉིས་ཀྱི་འགོག་ལམ་ཡང་དེ་བཞིན་དུ་བཏགས་པས་སོ། །འོ་ན་ཀུན་ལས་བཏུས་པར་མཐོང་སྤང་བརྒྱ་རྩ་བཅུ་གཉིས་དང༌། བསྡུ་བར་དགུ་བཅུ་རྩ་བཞིར་བཤད་པ་འགལ་ལོ་ཞེ་ན། འདི་ལ་ཁ་ཅིག་རིམ་པ་བཞིན་དུ་རྣལ་འབྱོར་སྤྱོད་པ་དང་མདོ་སྡེ་པའི་ལུགས་ཡིན་ཟེར་ཡང་རགས་པ་དང་ཕྲ་བའི་རྣམ་པར་གཞག་པས་མདོ་ཐ་དད་ཀྱི་དགོངས་པར་འཆད་པ་ལེགས་སོ། །གསུམ་པ་སྤང་བྱ་སྤོང་ཚུལ་ནི། ཉན་ཐོས་པ་དག་མཛོད་ལས།


LT09,P111A
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་པར་འགྱུར་བའི་ལམ་གྱིས་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤོང༌། །ཞེས་འགག་འགྱུར་གྱི་ལམ་གྱིས་སྤོང་བར་འདོད་ལ། ཐེག་པ་ཐུན་མོང་བ་དེ་ཉིད་འདོན་པ་བསྒྱུར་ཏེ། སྐྱེ་བར་འགྱུར་བའི་ལམ་གྱིས་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤོང༌། །ཞེས་གཉེན་པོ་སྐྱེ་འགྱུར་གྱི་ལམ་གྱིས་སྤོང་བར་འདོད་དོ། །ཐེག་ཆེན་ཐུན་མོང་མིན་པ་ནི་དོན་དམ་པར་སྤང་བྱ་དང་གཉེན་པོ་མ་གྲུབ་པས་སྐྱེ་འགག་གཉིས་ཀ་མི་འཐད་དེ། མངོན་རྟོགས་རྒྱན་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཅེས་དང༌། སྤྱོད་འཇུག་ལས། དེ་ལྟར་སྟོང་པའི་དངོས་རྣམས་ལ། །ཐོབ་པ་ཅི་ཡོད་ཤོར་ཅི་ཡོད། །ཅེས་གསུངས་པ་ལྟར་རོ། །ཀུན་རྫོབ་ཏུའང་བརྟགས་ན་གཉེན་པོས་སྤང་བྱ་སྤོང་བར་མི་འདོད་དེ། སྤང་བྱ་ཡོད་ན་གཉེན་པོ་མེད་ལ། གཉེན་པོ་སྐྱེས་པ་ན་སྤང་བྱ་འགག་པས་དུས་མི་མཉམ་པ་ལ་ཕྲད་པ་མེད་པའི་ཕྱིར་རོ། །མ་བརྟགས་པའི་བློ་ངོར་ཡེ་ཤེས་སྐྱེས་པ་ལ་སྤང་བྱ་སྤངས་པ་ཞེས་ཐ་སྙད་དུ་འདོགས་ཏེ་སྲང་མདའི་མཐོ་དམའ་བཞིན་ནོ། །གཉིས་པ་མཐོང་ལམ་སྐྱེ་ཚུལ་གྱི་རྣམ་གཞག་ནི། སྐྱེ་བརྟེན་རྟོགས་ཚུལ་སྐད་ཅིག་ཁྱད་པར་བཞི། །མཐོང་ལམ་སྐྱེ་བའི་ཚུལ་ནི། རྟེན་གང་ལ་སྐྱེ་བ། ས་གང་ལ་བརྟེན་པ། ཚུལ་ཇི་ལྟར་རྟོགས་པ། སྐད་ཅིག་དུ་ལས་སྐྱེ་བའོ། །དང་པོ་ནི། གླིང་གསུམ་གྱི་སྐྱེས་པ་བུད་མེད་དང་འདོད་ཁམས་ཀྱི་ལྷ་ལ་སྐྱེ་སྟེ། དབང་པོ་རྣོ་ཞིང་སངས་རྒྱས་ཀྱི་ལུང་སོད་ལ་སྐྱོ་ཤས་ཆེ་བས་སོ། རྣམ་སྨིན་གྱི་ལས་སྒྲིབ་ཆེན་པོས་བསྒྲིབས་པས་ངན་སོང་གསུམ་དང༌། སྐྱོ་ཤས་མེད་པས་སྒྲ་མི་སྙན་དང་ཁམས་གོང་མ་གཉིས་ལ་མི་སྐྱེའོ། །གཉིས་མ་ས་གང་ལ་བརྟེན་པ་ནི། ཉན་ཐོས་ཀྱི་མཐོང་ལམ་བསམ་གཏན་ས་དྲུག་གང་རུང་ལ་བརྟེན་ཏེ། དེ་ལའང་ཆགས་བྲལ་སྔོན་དུ་མ་སོང་ན་


LT09,P111B
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་དང་པོའི་ཉེར་བསྡོགས་ལ་དང༌། སོང་ན་ནི་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ཏོ། །འདོད་པའི་ས་ལ་མི་བརྟེན་ཏེ་མཐོང་ལམ་ནི་ཞི་ལྷག་མཚུངས་ལྡན་ཡིན་ལ། འདོད་པ་ནི་ཞི་གནས་ཆུང་ཞིང་རྣམ་གཡེང་ཤས་ཆེ་བས་སོ། ལྷག་མཐོང་ཤས་ཆུང་བས་གཟུགས་མེད་ལའང་མི་བརྟེན་ནོ། །བསམ་གཏན་གཉིས་པའི་ཉེར་བསྡོགས་སོགས་ལ་འབད་ན་སྐྱེད་དུ་རུང་མོད་ཀྱི་ཞི་གནས་ཤས་ཆུང་བས་སྐྱེད་དཀའོ། །དེ་ལྟ་ན་བསམ་གཏན་དང་པོའི་ཉེར་བསྡོགས་ལའང་མཚུངས་སོ་ཞེ་ན། མི་མཚུངས་ཏེ། མཐོང་ལམ་སྐྱེ་བ་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་དགོས་ལ། དངོས་གཞི་མ་ཐོབ་ན་དང་པོའི་ཉེར་བསྡོགས་ཁོ་ན་སླ་བའི་ཕྱིར་རོ། །གཉིས་པའི་ཉེར་བསྡོགས་ལ་མི་བརྟེན་ཏེ་དེ་བས་སླ་བའི་དང་པོའི་དངོས་གཞི་ལ་བརྟེན་པས་ཆོག་པས་སོ། །རང་རྒྱལ་གྱིས་ནི་ཚོགས་སྤྱོད་བསམ་གཏན་ས་དྲུག་གང་རུང་དང༌། བསེ་རུ་ལྟ་བུ་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ནོ། །འོ་ན་བསེ་རུ་ལྟ་བུ་དེ་ཤི་ནས་འདོད་ཁམས་ཁོ་ནར་སྐྱེ་བར་བཤད་པ་མི་རིགས་ཏེ། བསམ་གཏན་གསུམ་པ་མན་གྱི་ཉོན་མོངས་པ་སྤངས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། ལས་ཀྱིས་མི་སྐྱེ་ཡང་སྨོན་ལམ་གྱིས་སྐྱེ་བས་སོ། །བྱང་སེམས་ཀྱིས་ནི་བསམ་གཏན་བཞི་པ་ཤིན་ཏུ་དག་པ་ལ་བརྟེན་ནོ། །ཉེར་བསྡོགས་ལ་མི་བརྟེན་ཏེ་དེའི་གོང་དུ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པས་སོ། །གསུམ་པ་ཚུལ་ཇི་ལྟར་རྟོགས་པ་ནི། ཐེག་པ་ཐུན་མོང་བའི་ལུགས་ལ་ཉན་ཐོས་ཀྱིས་ཡུལ་བདེན་པ་བཞི་ལ་གང་ཟག་གི་བདག་མེད་རྟོགས་ཏེ། དེའང་རྣམ་པར་གཞག་པའི་བདེན་པ་ལ་དམིགས་པ་མ་ཡིན་གྱི་རྣམ་པར་མ་གཞག་པའི་བདེན་པ་ཞེས་བྱ་བ་རང་གི་མཚན་ཉིད་ལ་དམིགས་པའོ། །རང་རྒྱལ་གྱིས་གང་ཟག་དང་ཆོས་ཀྱི་བདག་གི་གཟུང་བ་རང་བཞིན་


LT09,P112A
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་རྟོགས། བྱང་སེམས་ཀྱིས་བདག་མེད་གཉིས་ཀ་རྟོགས་སོ། །ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ལ། ཡུམ་ལས། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ། །ཞེས་གསུངས་པ་སོགས་ཀྱི་རྗེས་སུ་འབྲངས་ནས་འཕགས་པ་ཡབ་སྲས་སོགས་རིགས་ཅན་གསུམ་ཀས་བདག་མེད་རྟོགས་པ་ལ་ཁྱད་པར་མི་བཞེད་དོ། །བཞི་པ་སྐད་ཅིག་དུ་ལས་སྐྱེ་བ་ལ་གཉིས་ཏེ། ཐེག་པ་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པའི་ལུགས་སོ། །དང་པོ་ནི། མཛོད་ལས། འཇིག་རྟེན་པ་ཡི་ཆོས་མཆོག་ལས། །ཆོས་ཀྱི་བཟོད་པ་ཟག་པ་མེད། །འདོད་སྡུག་བསྔལ་ལའོ་དེ་ལས་ནི། །དེ་ཉིད་ལ་ཆོས་ཤེས་དེ་བཞིན། །དུཿཁ་ལྷག་ལ་རྗེས་བཟོད་ཤེས། །བདེན་པ་གསུམ་ལ་དེ་བཞིན་ནོ། །ཞེས་གསུངས་པ་ལྟར་བྱེ་བྲག་ཏུ་སྨྲ་བ་ནི། ཆོས་མཆོག་གི་མཇུག་ཏུ་འདོད་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། དེ་ལ་ཆོས་ཤེས་པ། དེ་ནས་ཁམས་གོང་མའི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། །དེ་ལ་རྗེས་སུ་ཤེས་པ་སྟེ་སྐད་ཅིག་མ་བཞི་དང༌། བདེན་པ་ལྷག་མ་གསུམ་ལའང་དེ་བཞིན་དུ་སྦྱར་བའི་སྐད་ཅིག་མ་བཅུ་དྲུག་གི་ཟག་མེད་ཤེས་རབ་ཀྱིས་བདེན་པ་མཐོང་བར་འདོད་ལ། དེའང༌། མཛོད་ལས། བཟོད་དང་ཤེས་ལ་གོ་རིམ་བཞིན། །བར་ཆད་མེད་དང་རྣམ་གྲོལ་ལམ། །དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་པའི་ལམ། །བཅུ་དྲུག་པ་ལ་དེ་འབྲས་གནས། །ཞེས་པ་ལྟར། བཟོད་པ་བརྒྱད་ནི་མཐོང་སྤང་གི་ཐོབ་པ་གཅོད་པས་བར་ཆད་མེད་པའི་ལམ་དང༌། ཤེས་པ་བརྒྱད་ནི་བྲལ་བའི་ཐོབ་པ་ཉམས་སུ་མྱོང་བས་རྣམ་པར་གྲོལ་བའི་ལམ་སྟེ། དེ་དག་གི་སྐད་ཅིག་མ་བཅོ་ལྔ་ནི་མཐོང་ལམ་


LT09,P112B
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ཡིན་ཞིང་བཅུ་དྲུག་པ་ནི་འབྲས་བུ་ཡིན་པ་དང་རྒྱུན་ཆགས་པའི་ཕྱིར་སྒོམ་ལམ་ཡིན་ནོ། །ཐེག་ཆེན་དབུ་མའི་ལུགས་ལ་ཆོས་ཉིད་ཀུན་འགྲོའི་ཚུལ་གྱིས་མཐོང་བ་ལ་གསར་མཐོང་རིགས་མི་མཐུན་གྱི་དབྱེ་བ་མེད་པའི་ངོས་ནས་མཐོང་ལམ་སྐད་ཅིག་མ་རུ་བཞག་ལ། སྒྲོ་འདོགས་གཅོད་ཚུལ་དང་བོགས་འདོན་ཚུལ་གྱི་སྒོ་ནས་སྐད་ཅིག་མ་བཅུ་དྲུག་སྟེ། དེའང་ཁམས་གསུམ་གྱི་སས་བསྡུས་པའི་སྡུག་བསྔལ་མཐོང་སྤང་སྤོང་བའི་བར་ཆད་མེད་ལམ་ཆོས་བཟོད་བཞི་དང༌། དེ་སྤངས་པའི་རྣམ་གྲོལ་ལམ་ནི་ཆོས་ཤེས་བཞི། དེ་རྣམས་ཀྱང་འཕགས་ཆོས་ཕྱི་མ་རྣམས་ཀྱི་རྒྱུ་མིན་དུ་འཛིན་པའི་སྒྲོ་འདོགས་གཅོད་པའི་བར་ཆད་མེད་ལམ་རྗེས་བཟོད་བཞི་དང༌། དེ་སྤངས་པའི་རྣམ་གྲོལ་ལམ་ནི་རྗེས་ཤེས་བཞིའོ། །བརྒྱད་སྟོང་འགྲེལ་ཆེན་ལས་འབྲས་བུ་མངོན་པར་རྟོགས་པ་ལ་ལྟོས་ནས་སྐད་ཅིག་མ་གཅིག་དང༌། བདེན་པ་སོ་སོ་ལ་ལོག་རྟོག་བསལ་བའི་སྒོ་ནས་སྐད་ཅིག་མ་བཅུ་དྲུག་ཏུ་གསུངས་ཤིང༌། ཐུབ་པ་དགོངས་རྒྱན་ལས་ནི་སྡུག་བསྔལ་ལ་ཆོས་བཟོད་མཐོང་ལམ་མཚན་ཉིད་པ་དང༌། གཞན་རྣམས་བཏགས་པ་བར་གསུངས་ལ། གཞན་ཡང་དབང་པོའི་རིམ་པས་གཅིག་ནས་བཅུ་དྲུག་གི་བར་ཅི་རིགས་པར་སྐྱེ་བར་འདོད་ཅིང༌། མངོན་པ་ཀུན་ལས་བཏུས་པའི་དགོངས་པས་ནི་སྐད་ཅིག་མ་བཅུ་དྲུག་རིམ་པ་བཞིན་བར་མ་ཆད་དུ་སྐྱེ་བར་གསལ་ཏེ། གཞན་དུ་ན་ཞུགས་གནས་ཀྱི་ཁྱད་པར་དང་དབང་པོའི་ས་མཚམས་ལ་སོགས་པ་དང་འགལ་བས་སོ། །འདིར་སྐད་ཅིག་མ་ཞེས་པ་ནི་ལམ་དེ་དང་དེའི་བྱ་བ་རྫོགས་པ་ལ་སྐད་ཅིག་མར་བྱས་པའི་བྱ་རྫོགས་ཀྱི་སྐད་ཅིག་མའོ། །གཉིས་པ་ཐུན་མོང་མིན་པའི་ལུགས་ནི། ཡང་དག་པའི་དོན་ལ་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་གསུངས་པས་དོན་དམ་པར་མཐོང་བའི་ལམ་སྐྱེ་བར་མི་


LT09,P113A
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་དེ། མདོ་ལས། སྐྱེ་བ་མེད་པ་བདེན་པ་གཅིག་ཡིན་ནོ། །དེ་ལས་ཁ་ཅིག་བདེན་པ་བཞི་ཞེས་ཟེར། །བྱང་ཆུབ་སྙིང་པོར་འདུག་ནས་བདན་གཅིག་ཀྱང༌། །གྲུབ་པར་མ་མཐོང་བཞི་ལྟ་ག་ལ་ཞིག །ཅེས་དང༌། རིགས་པ་དྲུག་ཅུ་པ་ལས། གལ་ཏེ་ཆོས་ཤེས་མཇུག་ཐོགས་སུ། །འདི་ལ་བྱེ་བྲག་ཡོད་ན་ནི། །ཤིན་ཏུ་ཕྲ་བའི་དངོས་ལ་ཡང༌། །གང་གི་སྐྱེ་བ་རྣམ་བརྟགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་སྐྱེས་པ་དེ་མ་མཐོང༌། །ཞེས་གསུངས་པས་སོ། །དེ་ལྟར་ན་མདོ་ལས། མཐོང་ལམ་སྐད་ཅིག་མ་གཅིག་དང་བཅུ་དྲུག་ལ་སོགས་སྐྱེ་བར་བཤད་པ་ཅི་ཞེ་ན། དེ་ནི་དངོས་པོར་སྨྲ་བ་རྣམས་རྗེས་སུ་བཟུང་བའི་ཕྱིར་དགོངས་པ་ཡིན་ཏེ། དེ་ལ་དགོངས་གཞི་རྟེན་ཅིང་འབྲེལ་བར་འབྱུང་བ། དགོས་པ་དངོས་པོ་ལ་མངོན་པར་ཞེན་པ་རྣམས་གཞུག་པ། དངོས་ལ་གནོད་བྱེད་ནི། རྩ་ཤེ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་མུ་བཞིར་སྐྱེ་བ་བཀག་པས་ཁེགས་སོ། །གཞན་ཡང་མཐོང་ལམ་སྐད་ཅིག་དུ་ལ་སྐྱེ་དཔྱོད་ན་དུ་ལ་འཇིག་པའང་དཔྱོད་དགོས་པས་ཧ་ཅང་ཐལ་ཏེ། ཡང་རྩ་ཤེ་ལས། འབྱུང་བ་དང་ནི་འཇིག་པ་དག །མཐོང་ངོ་སྙམ་དུ་ཁྱོད་སེམས་ན། །འབྱུང་བ་དང་ནི་འཇིག་པ་དག །གཏི་མུག་ཉིད་ཀྱིས་བསླད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གལ་ཏེ་བརྟེན་ནས་སྐྱེས་བ་ཉིད་སྐྱེ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། མ་དྲོས་པས་ཞུས་པ་ལས། གང་ཞིག་བརྟེན་ནས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རགས་ལས་གང་དེ་སྟོང་པ་ཉིད། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་དང༌། འཕགས་པ་ཀླུས། འདི་


LT09,P113B
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་འདི་འབྱུང་ཞེས་བྱ་བའི། །འཇིག་རྟེན་ཚུལ་འདི་འགོག་མི་མཛད། །རྟེན་འབྱུང་གང་དེ་རང་བཞིན་མེད། །དེ་ལ་ཡོད་ཅེས་ཇི་ལྟར་ངེས། །ཞེས་དང༌། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ལ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་སོགས་རྒྱས་པར་གསུངས་པས་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཡིན་ནོ། །ལྔ་པ་ནི། ཇི་ལྟ་མངོན་སུམ་ཇི་སྙེད་ཅི་རིགས་རྟོགས། །མཐོང་སྤང་གི་ས་བོན་རྩ་བ་ནས་སྤངས་པ་དང་ཆོས་ཉིད་ཇི་ལྟ་བའི་དོན་མངོན་སུམ་དུ་རྟོགས་ཤིང་ཆོས་ཅན་ཇི་སྙེད་པའི་དོན་ཡང་ཅི་རིགས་པར་རྟོགས་པ་སྟེ། མདོ་སྡེ་རྒྱན་ལས། དེ་ནས་ཆོས་དབྱིངས་གཉིས་ཀྱི་མཚན་ཉིད་དང༌། །བྲལ་བ་མངོན་སུམ་ཉིད་དུ་རྟོགས་པར་འགྱུར། ཞེས་གསུངས་པ་ལྟ་བུའོ། །དྲུག་པ་ནི། འཇིགས་པ་ལྔ་བྲལ་ཡོན་ཏན་བརྒྱ་བཅུ་གཉིས། །མཐོང་ལམ་པ་ངན་སོང་སོགས་འཇིགས་པ་ལྔ་དང་བྲལ་བ་དང༌། ཏིང་ངེ་འཛིན་བརྒྱ་ཐོབ་པ་སོགས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་རྗེས་ཐོབ་ཏུ་འབྱུང་བའི་ནུས་པ་ཐོབ་པ་ལ་སོགས་པའོ། །འོན་ཀྱང་དེ་ལ་ལྷན་སྐྱེས་ཀྱི་ང་བདག་གི་ཆ་ད་དུང་ཡོད་པས་དེ་ལས་བྱུང་བའི་ཉོན་མོངས་པའི་ལྷན་སྐྱེས་བག་ཉལ་ཡོད་ཅིང༌། དེས་ན་གང་ལའང་དངོས་འཛིན་མེད་བཞིན་དུ་རྐྱེན་གྱི་བྲེད་དངངས་སྐད་ཅིག་མ་སྐྱེས་བུ་ལ་ཁའི་ཐོ་ཡོར་ལ་དངངས་པ་ལྟ་བུར་ཡོད་པར་འདོད་ལ། དེ་བཞིན་དུ་ཡེངས་དུས་འཁོར་བར་ལྟུང་དོགས་པའི་ཡང་དང་སྙན་གྲགས་འདོད་པའི་ཀུན་བརྟགས་ཀྱི་ཆ་ཕྲ་མོ་ཡང་ཡོད་མོད། དེའང་སོ་སྐྱེ་བཞིན་གཞི་ཟུག་པ་ནི་མེད་དེ་དྲན་པ་སྐད་ཅིག་མ་ལ་ལྡོག་པས་གཉེན་པོ་བརྟེན་མི་དགོས་པའི་ཕྱིར་མདོར་ན་མཐོང་ལམ་ཐོབ་ནས་རྣམ་རྟོག་སྐྱེ་ཡང་སྐད་ཅིག་མ་གཉིས་པར་བཟློག་ཅིང༌། ཡེ་ཤེས་ཀྱིས་དབང་བྱས་པ་ཡིན་པས་དེ་ཡན་ཆད་ལམ་ལ་འབད་རྩོལ་མི་དགོས་པར་


LT09,P114A
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་ཀྱིས་བགྲོད་པ་ཡིན་ཏེ་མདའ་མཐེབ་ཤུགས་ཀྱིས་བགྲོད་བ་དང་འདྲའོ་ཞེས་གསུངས་སོ། །བདུན་པ་ནི། སྲིད་ལས་གྲོལ་ཞིང་མྱང་འདས་ས་གནོན་བྱེད། །སྤང་བྱ་ཀུན་བརྟགས་ཀྱི་ཉོན་མོངས་པ་ཐམས་ཅད་སྤངས་ཤིང་འཁོར་བར་འཕེན་པའི་རྒྱུ་རྐྱེན་ཟད་པས། སྲིད་པ་ལས་གྲོལ་ཞིང་འཁོར་བ་གཏན་དུ་སྤངས་ཏེ་མྱ་ངན་ལས་འདས་པའི་ས་གནོན་པར་བྱེད་པའོ། །བརྒྱད་པ་ནི། ཟག་མེད་དགེ་བ་སྤོང་གཉེན་དང་པོར་བསྐྱེད། །སྤྲོས་བྲལ་མངོན་སུམ་མཐོང་བ་ངེས་ཚིག་གོ །ཟག་པ་དངོས་ཀྱི་གཉེན་པོར་གྱུར་པ་ཟག་མེད་ཀྱི་དགེ་བ་དང༌། མཐོང་སྤང་གི་ཉོན་མོངས་པ་རྩ་བ་ནས་སྤོང་བར་བྱེད་པས་སྤོང་བའི་གཉེན་པོ་དང༌། འཕགས་པའི་ཆོས་ཀྱི་ཐོག་མ་ཡིན་པས་འཇིག་རྟེན་ལས་འདས་པའི་སེམས་དང་པོར་བསྐྱེད་པ་ཞེས་ཀྱང་བྱ། སྔོན་མ་མཐོང་བའི་འཕགས་པའི་བདེན་པ་ཆོས་ཉིད་སྤྲོས་བྲལ་མངོན་སུམ་དུ་མཐོང་བའི་ལམ་ཡིན་པས་མཐོང་བའི་ལམ་ཞེས་བྱ་བ་ནི་དེའི་ངེས་ཚིག་གི་དོན་ནོ། །འོ་ན་སྔར་སྦྱོར་ལམ་གྱི་སྐབས་ཀྱི་རྟོགས་པ་དང་ཁྱད་པར་ཅི་ཡོད་ཅེ་ན། མཐོང་ལམ་གྱི་རྟོགས་པ་ནི་ཆོས་ཉིད་རང་གི་མཚན་ཉིད་མངོན་སུམ་དུ་མཐོང་བ་ཡིན་ལ། སྦྱོར་ལམ་གྱི་རྟོགས་པ་ནི་དེའི་ཆ་དང་མཐུན་པའི་ཆོས་ཉིད་ཕྱོགས་ཙམ་རྟོགས་པའོ། །བཞི་པ་སྒོམ་པའི་ལམ་བཤད་པ་ལ་བརྒྱད། མཚན་ཉིད་གཞག་པ། མཚན་གཞི་ངོས་བཟུང༌། རབ་ཏུ་དབྱེ་བ། རང་བཞིན་གཏན་དབབ། སྤངས་རྟོགས་ཁྱད་པར། ཡོན་ཏན་བརྗོད་པ། བྱེད་ལས་གང་ཡིན། ངེས་ཚིག་བསྟན་པའོ། །དང་པོ་ནི། སྒོམ་ལམ་ཁྱད་པར་ལ་གོམས་གནས་སྐབས་ཏེ། །སྒོམ་ལམ་གྱི་མཚན་ཉིད་ནི། རྣམ་པར་གྲོལ་བའི་འཇུག་ངོགས་གང་ཞིག་ཏིང་ངེ་འཛིན་ཁྱད་པར་ཅན་ལ་གོམས་པར་བྱ་བའི་གནས་སྐབས་ཀྱིས་བསྡུས་པའོ། །གཉིས་པ་ནི། མངོན་སུམ་རྟོགས་དེ་རྒྱུད་


LT09,P114B
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདྲིས་པར་བྱེད། །མཐའ་དག་སྤོང་བའི་གཉེན་པོ་ལམ་དེའི་མཚན་གཞི་ནི། མཐོང་ལམ་གྱིས་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་དོན་དེ་ཉིད་རྒྱུད་ལ་གོམས་ཤིང་འདྲིས་པར་བྱེད་པའོ། །གསུམ་པ་ལ་གཉིས། འཇིག་རྟེན་པའི་སྒོམ་ལམ་དང༌། འདས་པའི་སྒོམ་ལམ་མོ། །དང་པོ་ནི། ཟག་བཅས་སྒོམ་ལམ་གོང་དུ་བཤད་ལས་ཤེས། །ཟག་བཅས་འཇིག་རྟེན་པའི་སྒོམ་ལམ་ནི་གོང་དུ་ཚངས་པའི་ཐེག་པ་བཤད་པའི་སྐབས་སུ་བཤད་པ་ལས་མཚོན་ཅིང་ཤེས་པར་བྱ་སྟེ་འདིར་མ་སྨོས་སོ། །གཉིས་པ་ནི། ཟག་མེད་འདས་ལམ་ཉན་རང་བྱང་སེམས་རྟེན། །སྦྱོར་དང་བར་ཆད་མེད་དང་རྣམ་པར་གྲོལ། ཁྱད་པར་ལམ་བཞི་ངོ་བོ་ཆུང་འབྲིང་ཆེ། །མཉམ་རྗེས་གོམས་པའི་དབྱེ་བས་རྣམ་གཉིས་སོ། །འཕགས་ལམ་ཡན་ལག་བརྒྱད་པོ་བསླབ་པར་བྱ། །ཟག་མེད་མྱང་འདས་ཀྱི་སྒོམ་ལམ་ལ་དབྱེ་ན་ལྔ་སྟེ། རྟེན་གྱིས་དབྱེ་བ། སྤང་བྱས་དབྱེ་བ། ལམ་གྱིས་དབྱེ་བ། ངོ་བོས་དབྱེ་བ། གོམས་པས་དབྱེ་བའོ། །དང་པོ་ནི། ཉན་ཐོས་དང༌། རང་རྒྱལ་དང༌། བྱང་ཆུབ་སེམས་དཔའི་སྒོམ་ལམ་གསུམ་མོ། །གཉིས་པ་སྤང་བྱས་དབྱེ་བ་ནི། སྒོམ་སྤང་བརྒྱ་དང་ཞེ་བཞི་ལ་གཉེན་པོའང་དེ་སྙེད་དོ། །གསུམ་པ་ལམ་གྱིས་དབྱེ་བ་ནི། སྦྱོར་བའི་ལམ། བར་ཆད་མེད་པའི་ལམ། རྣམ་པར་གྲོལ་བའི་ལམ། ཁྱད་པར་གྱི་ལམ་དང་བཞིའོ། །བཞི་པ་ངོ་བོས་དབྱེ་བ་ནི། སྒོམ་ལམ་ཆེ་འབྲིང་ཆུང་གསུམ་མོ། །ལྔ་པ་གོམས་པས་དབྱེ་བ་ནི། མཉམ་གཞག་དང་རྗེས་ཐོབ་ཀྱི་སྒོ་ནས་གོམས་པར་བྱེད་པ་གཉིས་སོ། །གནས་སྐབས་དེར་ཡང་དག་པའི་ལྟ་བ་སོགས་འཕགས་པའི་ལམ་ཡན་ལག་བརྒྱད་པོ་ལ་བསླབ་པར་བྱ་བ་ཡིན་ནོ། །བཞི་པ་ནི། སྒོམ་སྤང་བཞི་བརྒྱ་བཅུ་བཞི་གཉེན་པོས་སྤོང༌། །རྟེན་དང་ས་དང་དམིགས་པའི་ཁྱད་པར་ལྡན། །ལམ་དེའི་རང་བཞིན་བསྟན་པ་


LT09,P115A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཉིས། སྒོམ་སྤང་སྤོང་ཚུལ་དང༌། སྒོམ་ལམ་སྐྱེ་ཚུལ་ལོ། །དང་པོ་ལ་གསུམ་སྟེ། སྒོམ་སྤང་གི་མཚན་ཉིད། དེའི་རབ་ཏུ་དབྱེ་བ། གཉེན་པོས་སྤོང་ཚུལ་ལོ། །དང་པོ་ནི། ལྷན་ཅིག་སྐྱེས་པའི་བདག་གིས་སེམས་རབ་ཏུ་མ་ཞི་བར་བྱེད་པའོ། །གཉིས་པ་དེའི་རབ་ཏུ་དབྱེ་བ་ནི། འདོད་ཁམས་ན་ལྷན་སྐྱེས་ཀྱི་ཉོན་མོངས་པ་དྲུག་དང༌། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མེད་པས་བསམ་གཏན་དང་པོ་སོགས་ས་བརྒྱད་པོ་རེ་རེ་ལ་ལྔ་ལྔ་སྟེ་བཞི་བཅུ། གོང་དང་བསྡམས་པས་ཞེ་དྲུག །འདི་དག་ལ་ཆེ་འབྲིང་ཆུང་གསུམ་དང༌། དེ་རེ་རེ་ལའང་ཆེན་པོའི་ཆེན་པོ་སོགས་དགུ་དགུར་ཕྱེ་བས་བཞི་བརྒྱ་དང་བཅུ་བཞིའོ། །གསུམ་པ་གཉེན་པོས་སྤོང་ཚུལ་ནི། མཐོང་ལམ་དུ་བཤད་པ་བཞིན་ཤེས་པར་བྱའོ། །གཉིས་པ་སྒོམ་ལམ་སྐྱེ་ཚུལ་ལ་གསུམ་སྟེ། རྟེན་གང་ལ་སྐྱེ་བ། ས་གང་ལ་བརྟེན་པ། ཡུལ་གང་ལ་དམིགས་པའི་ཁྱད་པར་གསུམ་མོ། །དང་པོ་ནི། གླིང་གསུམ་གྱི་སྐྱེས་པ་བུད་མེད་དང༌། ལྷའི་ནང་ནས་འདུ་ཤེས་མེད་དང་སྲིད་རྩེ་མ་གཏོགས་པ་རྣམས་ལ་སྐྱེ་སྟེ་བསོད་ནམས་ཀྱི་རྟེན་ཡིན་པའི་ཕྱིར་རོ། །ངན་སོང་གསུམ། སྒྲ་མི་སྙན། ཟ་མ་མ་ནིང་རྣམས་ནི། སྒྲིབ་པ་ཤས་ཆེ་བ་དང༌། འདུ་ཤེས་མེད་ནི་སེམས་མི་གསལ་བ་དང༌། སྲིད་རྩེ་པ་ནི་ཁམས་གོང་མ་ལ་ཞི་བར་ལྟ་བ་མེད་པས་དེ་རྣམས་ལ་མི་སྐྱེ་བ་ཡིན་ནོ། །གཉིས་པ་ནི། ཉན་ཐོས་ཀྱི་སྒོམ་ལམ་ནི་བསམ་གཏན་གྱི་དངོས་གཞི་བཞི་དང༌། བསམ་གཏན་དང་པོའི་ཉེར་བསྡོགས་དང༌། དངོས་གཞི་ཁྱད་པར་ཅན་དང༌། གཟུགས་མེད་ཀྱི་འབྲས་བུ་གསུམ་དང་དགུ་ལ་བརྟེན་ཏོ། །གཞན་ལ་མི་བརྟེན་པའི་རྒྱུ་མཚན་འདོད་ཁམས་ཀྱི་སེམས་ལས་སུ་མི་རུང༌། སྲིད་རྩེའི་སེམས་མི་གསལ། བསམ་གཏན་ལྷག་མ་གསུམ་དང་གཟུགས་མེད་གསུམ་གྱི་ཉེར་


LT09,P115B
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོགས་ཀྱང་གོང་མ་ཐོབ་པ་ལ་འབད་རྩོལ་དང་བཅས་པས་ཞི་གནས་ཤས་ཆུང་ཞིང་དེའི་སྟོབས་ཀྱིས་ཞི་ལྷག་ཟུང་དུ་མ་འབྲེལ་བས་མི་བརྟེན་ནོ། །རང་སངས་རྒྱས་ཀྱི་སྒོམ་ལམ་ནི་ཚོགས་ན་སྤྱོད་པ་བསམ་གཏན་ས་དྲུག་གང་རུང་ལ་བརྟེན་ལ་བསེ་རུ་ལྟ་བུ་ནི་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ཏོ། །བྱང་ཆུབ་སེམས་དཔའི་སྒོམ་ལམ་ནི་བསམ་གཏན་བཞི་པ་ཤིན་ཏུ་དག་པ་ལ་བརྟེན་ལ། འོན་ཀྱང་སྐྱེ་བའི་ས་ནི་གཟུགས་མེད་མ་གཏོགས་འདོད་གཟུགས་ཀྱི་ཁམས་གཉིས་སུ་ལས་དང་སྨོན་ལམ་གྱིས་སྐྱེ་ཞིང༌། ཏིང་ངེ་འཛིན་གྱི་རྩལ་སྦྱོང་བ་ནི་སེང་གེ་རྣམ་བསྒྱིངས་དང་ཐོད་རྒལ་སོགས་ལ་སྙོམས་པར་འཇུག་པའི་ཚེ་གཟུགས་མེད་པ་དང་འགོག་པ་ལ་སྙོམས་པར་འཇུག་པ་ཡིན་ནོ། །གསུམ་པ་ཡུལ་གང་ལ་དམིགས་པ་ནི། ཐེག་པ་ཐུན་མོང་བ་ནི་མཐོང་ལམ་གྱི་རྗེས་ལ་བདེན་བཞིའི་ཆོས་ཉིད་ལ་དམིགས་པའི་ཞི་ལྷག་མཚུངས་ལྡན་དུ་གོམས་པར་བྱེད་པའོ། །ཐེག་ཆེན་ཐུན་མོང་མིན་པ་ནི་མཐོང་ལམ་དུ་རྟོགས་པའི་ཆོས་ཉིད་དང་ཡེ་ཤེས་ཆོས་ཅན་མཐའ་དག་དང་འབྲེལ་བར་གོམས་པར་བྱེད་པའོ། །ལྔ་པ་ནི། ཤེས་སྒྲིབ་གཙོར་སྤོང་ཆོས་ཉིད་མངོན་པར་རྟོགས། །མཐོང་ལམ་གྱིས་སྤངས་མ་ནུས་པའི་ཀུན་སྦྱོར་ལྷག་མ་སྒོམ་སྤང་རྣམས་རིམ་གྱིས་སྤོང་ཞིང༌། ཁྱད་པར་ཐེག་ཆེན་པས། མདོ་སྡེ་རྒྱན་ལས། མཐོང་བས་སྤང་བྱའི་ཉོན་མོངས་རྣམས། །ཐམས་ཅད་ཡང་དག་ཟད་བྱས་ནས། །ཤེས་བྱའི་སྒྲིབ་པ་སྤང་བའི་ཕྱིར། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་ལྟར་ཤེས་སྒྲིབ་གཙོ་ཆེར་སྤངས་པ་དང༌། སེང་བཟང་གིས། ཇི་སྐད་བཤད་པའི་མཐོང་བའི་ལམ་གྱིས་མངོན་སུམ་དུ་བྱས་པ་ལས་ཐ་མི་དད་ལ་དམིགས་པའི་ཕྱིར། ཞེས་གསུངས་པ་ལྟར་ཆོས་ཉིད་མངོན་སུམ་དུ་རྟོགས་པ་མཐོང་ལམ་དང་


LT09,P116A
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་མཐུན་པའོ། །དེའང་གཙོ་ཆེ་བ་འདས་པའི་སྒོམ་ལམ་གྱིས་ཡིན་གྱི། འཇིག་རྟེན་པའི་ལམ་ནི་འབྲས་བུ་འཁོར་བར་བསྐྱེད་པས་མཐོང་ལམ་ལས་དམན་ནོ། །དྲུག་པ་ནི། ཡོན་ཏན་ཁྱད་པར་ཅན་རྣམས་གོང་དུ་འཕེལ། །རྗེས་ལ་མངོན་པར་རྟོགས་པས་བསྡུས་པ་རྣམས་དང༌། ས་བཅུའི་ཡོན་ཏན་ཁྱད་པར་ཅན་རྣམས་གོང་ནས་གོང་དུ་འཕེལ་བའོ། །བདུན་པ་ནི། བག་ཉལ་སྒྲིབ་བྲལ་ས་བཅུ་རིམ་བགྲོད་བྱེད། །སྤང་བྱ་ལྷན་སྐྱེས་བག་ལ་ཉལ་གྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་རྩད་ནས་སྤངས་ཏེ། འཇིག་རྟེན་ལས་འདས་པའི་ས་བཅུ་མངོན་དུ་བྱེད་པའོ། །དེའང་དབང་པོ་ཐ་ཤལ་པ་ཞིག་ས་བདུན་པ་མན་ཆད་དུ་དམན་པའི་བྱང་ཆུབ་ཏུ་ལྡོག་ཉེན་ཁོད་པས་མ་དག་པའི་ས་ཡིན་ལ། ས་བརྒྱད་པ་ནས་མི་ལྡོག་པས་དག་པའོ། །བརྒྱད་པ་ནི། ངེས་ཚིག་རྟོགས་པ་གོམས་པར་བྱེད་པའོ། །ངེས་ཚིག་ནི། མཐོང་ལམ་དུ་རྟོགས་པའི་དེ་ཁོ་ན་ཉིད་སྒོམ་པ་གོམས་པར་བྱེད་པའི་ལམ་ཡིན་པས་སྒོམ་ལམ་ཞེས་བྱ་ཞིང༌། ཟག་པ་མེད་པས་ཟག་བ་མེད་པའི་དགེ་བའི་རྩ་བ་དང༌། སྒོམ་པས་སྤང་བར་བྱ་བའི་གཉེན་པོ་ཡིན་པས་སྤང་བའི་གཉེན་པོ་ཞེས་ཀྱང་བྱའོ། །ལྔ་པ་མཐར་ཕྱིན་པའི་ལམ་བཤད་པ་ལ་བརྒྱད། མཚན་ཉིད་གཞག་པ། མཚན་གཞི་ངོས་བཟུང༌། རབ་ཏུ་དབྱེ་བ། རང་བཞིན་གཏན་དབབ། སྤངས་རྟོགས་ཁྱད་པར། ཡོན་ཏན་བརྗོད་པ། བྱེད་ལས་གང་ཡིན། ངེས་ཚིག་བསྟན་པའོ། །དང་པོ་ནི། མཐར་ལམ་བསྒོམ་བྱ་མཐར་ཐུག་མངོན་པར་རྟོགས། །མཐར་ཕྱིན་པའི་ལམ་གྱི་མཚན་ཉིད་ནི། མྱ་ངན་ལས་འདས་པར་ཕྱིན་པའི་གཞི་གང་ཞིག་བསྒོམ་བྱ་མཐར་ཐུག་པ་མངོན་པར་རྟོགས་པའི་གནས་སྐབས་ཀྱིས་བསྡུས་པའོ། །གཉིས་པ་ནི། མཚན་གཞི་རྒྱུན་མཐའི་རྗོར་ཏིར་ཀུན་འོད་སོགས། །


LT09,P116B
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པ་ཡོངས་སུ་རྫོགས་པའི་གཉེན་པོ་ལམ་དེའི་མཚན་གཞི་ས་བཅུ་རྒྱུན་གྱི་ཐ་མ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པ་རྐང་དང་སྤྱི་ལ་གནས་པ་ལྟ་བུ་རྣམས་དང༌། ཤེས་བྱའི་སྒྲིབ་པ་ཕྲ་ཞིང་ཕྲ་བ་ཡང་སྤངས་ནས་བཅུ་གཅིག་ཀུན་ཏུ་འོད་སངས་རྒྱས་ཀྱི་ས་ལ་གནས་པའོ། །གསུམ་པ་ནི། །ཐེག་གསུམ་ལམ་གཉིས་ས་གསུམ་ལ་སོགས་དབྱེ། །མི་སློབ་ཆོས་བཅུ་ཟག་མེད་ཕུང་ལྔས་བསྡུས། །དེ་ལ་ཐེག་པས་ཕྱེ་ན་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་མི་སློབ་ལམ་གསུམ་མམ། བར་ཆད་མེད་པའི་ལམ་དང༌། རྣམ་གྲོལ་ལམ་གཉིས་སམ། མི་སློབ་པའི་ཆོས་དང༌། བྱས་པ་རྟོགས་པའི་ས་དང༌། སྒྲིབ་པ་སྤང་བའི་ས་གསུམ་ལ་སོགས་པ་དབྱེར་ཡོད་དོ། །གཞན་ཡང་ཉོན་མོངས་པ་ཟད་པ་ལ་ཟད་པར་ཤེས་པ་དང༌། སྡུག་བསྔལ་མི་སྐྱེ་བ་ལ་མི་སྐྱེ་བར་ཤེས་པ་གཉིས་ཀྱང་མི་སློབ་པའི་ལམ་གྱི་ཁྱད་པར་རོ། །སྐབས་དེ་དག་ཏུ་མི་སློབ་པའི་ཆོས་བཅུ་ཡོད་དེ། མི་སློབ་པའི་ཡང་དག་པའི་ལྟ་བ་ནས་མི་སློབ་པའི་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་འཕགས་ལམ་ཡན་ལག་བརྒྱད་མཐར་ཐུག་པ་དང༌། མི་སློབ་པའི་ཡང་དག་པའི་སེམས་ཤིན་ཏུ་རྣམ་པར་གྲོལ་བ་དང༌། མི་སློབ་པའི་ཡང་དག་པའི་ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་དང་བཅུའོ། །མི་སློབ་པའི་ཆོས་བཅུ་པོ་དེའང་ཟག་མེད་ཀྱི་ཕུང་པོ་ལྔའི་དབང་དུ་བྱས་པ་སྟེ། མི་སློབ་པའི་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་གསུམ་ཚུལ་ཁྲིམས་ཀྱི་ཕུང་པོ། ཏིང་ངེ་འཛིན་དང་དྲན་པ་གཉིས་ཏིང་ངེ་འཛིན་གྱི་ཕུང་པོ། ལྟ་བ་དང་རྟོགས་པ་དང་བརྩོན་འགྲུས་གསུམ་ཤེས་རབ་ཀྱི་ཕུང་པོ། སེམས་ཤིན་ཏུ་རྣམ་པར་གྲོལ་བ་ནི་རྣམ་པར་གྲོལ་བའི་ཕུང་པོ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོའོ། །བཞི་པ་ནི། རང་བཞིན་གང་ལ་


LT09,P117A
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུ་གང་ཞིག་དམིགས། །ལམ་དེའི་རང་བཞིན་གཏན་ལ་དབབ་པ་ལ་གསུམ། རྟེན་གང་ལ་སྐྱེ། ས་གང་དུ་བརྟེན། ཡུལ་གང་ཞིག་ལ་དམིགས་པའོ། །དང་པོ་དང་གཉིས་པ་ནི། ཉན་ཐོས་པའི་ལུགས་ལ་སྔར་བཤད་པའི་འཇིག་རྟེན་ལས་འདས་པའི་སྒོམ་ལམ་དང་མཚུངས་ཤིང༌། ཐེག་པ་ཐུན་མོང་བའི་ལུགས་ལ་རྟེན་མི་ལུས་དང༌། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་ཛམྦུའི་གླིང་ཡུལ་དབུས་ཀྱི་བྲམ་ཟེའམ་རྒྱལ་རིགས་ཀྱི་རྟེན་ལ་སྐྱེ་ཞིང༌། ས་བསམ་གཏན་བཞི་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་སྐྱེ་བར་འདོད་དོ། །ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ལ་རྟེན་བྱང་སེམས་ས་བཅུ་པ་དང༌། ས་བསམ་གཏན་བཞི་པ་ཤིན་ཏུ་རྣམ་པར་དག་པའི་མཐར་བདག་རྐྱེན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་སྐྱེ་བར་འདོད་དོ། །གསུམ་པ་ཡུལ་གང་ལ་དམིགས་པ་ནི། ཐེག་པ་ཐུན་མོང་བའི་ལུགས་ལ་ཡུལ་བདེན་པ་བཞིའམ་འགོག་པའི་བདེན་པའམ་མི་སློབ་པའི་ཆོས་བཅུ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་དམིགས། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ལ་མི་གནས་པའི་མྱ་ངན་ལས་འདས་པ་ལ་དམིགས་སོ། །ལྔ་པ་ནི། གེགས་ཀུན་སྤངས་ཤིང་ཇི་ལྟ་ཇི་སྙེད་རྟོགས། །ལམ་དེའི་སྤངས་རྟོགས་ཀྱི་ཁྱད་པར་ནི། རང་རང་གི་ཐར་པའི་གེགས་སུ་གྱུར་པ་མ་ལུས་པ་སྤངས་པ་དང༌། ཇི་ལྟ་བའི་དོན་ཆོས་ཉིད་རང་རང་གི་སྤང་བྱ་མཐའ་དག་གིས་དག་པར་རྟོགས་ཤིང༌། ཇི་སྙེད་པའི་དོན། མཛོད་ལས། དགྲ་བཅོམ་བསེ་རུ་སྟོན་རྣམས་ཀྱིས། །སྟོང་གཉིས་གསུམ་དང་གྲངས་མེད་མཐོང༌། །ཞེས་གསུངས་པ་ལྟར་རྟོགས་སོ། །དྲུག་པ་ནི། ཐུན་མོང་ཁྱད་པར་ཡོན་ཏན་བསམ་མི་ཁྱབ། །ཡོན་ཏན་ནི་ཐུན་མོང་དུ་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། ཞེས་སོགས་དང༌། ཁྱད་པར་དུ་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་


LT09,P117B
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྣམ་མཁྱེན་སོགས་མཐའ་ཡས་པ་ཐོབ་པའོ། །བདུན་པ་ནི། སྐུ་དང་ཡེ་ཤེས་མ་ལུས་མངོན་དུ་བྱེད། །བྱེད་ལས་ནི་སྐུ་གསུམ་དང་ཡེ་ཤེས་བཞི་མ་ལུས་པ་མངོན་སུམ་དུ་བྱེད་པའོ། །བརྒྱད་པ་ནི། ཟག་མེད་དགེ་རྩ་སྲིད་པའི་གཉེན་པོ་དང༌། །བགྲོད་དང་བསླབ་བྱའི་མཐས་གཏུགས་ངེས་ཚིག་གོ །ཟག་པ་མཐའ་དག་དང་བྲལ་བས་ཟག་པ་མེད་པའི་དགེ་རྩ། སྤངས་བའི་ཉོན་མོངས་སླར་མི་སྐྱེ་བར་བྱེད་པས་སྲིད་པའི་གཉེན་པོ། སྤང་བྱ་སྤངས་པ་དང་ཤེས་བྱ་ཤེས་པའི་གནས་མཐར་ཕྱིན་པར་བགྲོད་པས་ན་མཐར་ཕྱིན་པའི་ལམ་ཞེས་བྱ་ཞིང༌། བསླབ་པར་བྱ་བའི་མཐས་གཏུགས་པས་མི་སློབ་པའི་ལམ་ཞེས་ཀྱང་བྱའོ། །འོ་ན་དེ་ལ་ལམ་ཞེས་པ་ཅིའི་ཕྱིར་དུ་བྱ་ཞེ་ན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྐད་ཅིག་མ་སྔ་ཕྱི་ལའང་སྤང་བྱ་སྤང་རྒྱུ་ཞིག་དང་ཐོབ་བྱ་འཐོབ་རྒྱུ་ཞིག་ཡོད་པས་མཐར་ཕྱིན་པའི་ལམ་ཞེས་བྱའོ། །འདི་དག་ལ་ཐེག་པ་ཐུན་མོང་བའི་ལུགས་སུ་མཛོད་ལས། མྱ་ངན་འདས་སོགས་གོང་ནས་གོང༌། །ཐོབ་པ་ལ་ནི་དབང་བྱེད་ཕྱིར། །ཀུན་ཤེས་བྱེད་དང་ཀུན་ཤེས་དང༌། །དེ་བཞིན་ཀུན་ཤེས་ལྡན་དབང་པོ། །ཞེས་གསུངས་པས་མཐོང་ལམ་ལ་དབང་སྒྱུར་བ་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་སྦྱོར་ལམ་ན་ཡོད། སྒོམ་ལམ་ལ་དབང་སྒྱུར་བ་ཀུན་ཤེས་པའི་དབང་པོ་མཐོང་ལམ་ན་ཡོད། མཐར་ཕྱིན་པའི་ལམ་ལ་དབང་སྒྱུར་བ་ཀུན་ཤེས་པ་དང་ལྡན་པའི་དབང་པོ་སྒོམ་ལམ་ན་ཡོད་ཅེས་ཟེར་ལ། ཐེག་ཆེན་ཐུན་མོང་མིན་པ་ལ་ནི་དབང་པོ་འདི་དག་གི་ཐ་སྙད་མི་འདོགས་སོ། །གཉིས་པ་སའི་རྣམ་གཞག་བསྟན་པ་ལ་གསུམ། སྤྱིར་ས་གཉིས་སུ་གཞག་པ། དེ་གཉིས་ཀྱི་ཁྱད་པར་བསྟན་པ། སངས་རྒྱས་ཀྱི་སའི་རྒྱས་བཤད་དོ། །དང་པོ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ས་ནི་སྤྱིར་བཏང་ཆགས་བྲལ་


LT09,P118A
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་གཉིས། །འཕགས་པའི་ཡོན་ཏན་ཚོགས་ཀྱི་རྟེན་གཞི་ས་ནི་སྤྱིར་བཏང་དུ་རྣམ་པ་གཉིས་སུ་བཞག་སྟེ། འདོད་ཆགས་དང་བྲལ་བའི་ས་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ཞེས་བྱ་བའོ། །འདི་དག་ལ་མིང་གཞན་ཉན་རང་གི་ས་དང་བྱང་སེམས་ཀྱི་ས་ཞེས་སམ། ཐེག་དམན་གྱི་ས་དང་ཐེག་ཆེན་གྱི་ས་ཞེས་ཀྱང་བྱའོ། །གཉིས་པ་ལ་གཉིས། ཆགས་བྲལ་གྱི་ས། སངས་རྒྱས་ཀྱི་སའོ། །དང་པོ་ནི། རིགས་བརྒྱད་མཐོང་སྲབ་བྲལ་རྟོགས་ཉན་རང་ས། །དེ་ལ་འདོད་ཆགས་དང་བྲལ་བའི་ས་ཞེས་པ་ནི། གཙོ་བོར་གང་ཟག་གི་བདག་མེད་པ་དང༌། འཕགས་པའི་བདེན་པ་བཞི་སྒོམ་པ་ཐེག་པ་དམན་པའི་ས་བརྒྱད་ལ་བྱ་སྟེ། རིགས་དང༌། བརྒྱད་པ་དང༌། མཐོང་བ་དང༌། སྲབ་པ་དང༌། འདོད་ཆགས་དང་བྲལ་བ་དང༌། བྱས་པ་རྟོགས་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ས་ཞེས་བྱ་བ་རྣམས་སོ། །དེས་ན་ས་བརྒྱད་ཀྱི་དབང་ཕྱུག་ཅེས་པའང་དེ་དག་ལ་དབང་བྱེད་པའོ། །འདིར་ཐོག་མར་དཀར་པོ་རྣམ་པར་མཐོང་བའི་ས་བསྣན་ཅིང༌། རང་སངས་རྒྱས་འཆད་འགྱུར་ལྟར་མི་བགྲང་བའི་ས་བརྒྱད་ཀྱི་བཤད་ཚུལ་ལྟར་ན། དང་པོ་དཀར་པོ་རྣམ་པར་མཐོང་བའི་ས་ཞེས་བ་ཉན་ཐོས་ཀྱི་ཚོགས་ལམ་ཡིན་ཏེ། ཐར་པ་ཆ་མཐུན་གྱི་དགེ་བ་ཡིན་པའི་ཕྱིར། གཅིག་ཏུ་དཀར་བ་ནི་ཐར་པ་ཡིན་ལ། དེ་ལ་དམིགས་པ་ནི་དགེ་བ་ཡིན་པས་སོ། །རིགས་ཀྱི་ས་ནི་སྦྱོར་ལམ་བཟོད་ཆེན་དང་ཆོས་མཆོག་སྟེ། དྲོད་རྩེ་མན་ཆད་དུ་ཐེག་ཆེན་དུ་ལྡོག་སྲིད་ཅིང་བཟོད་པ་འབྲིང་མན་ཆད་དུ་རང་རྒྱལ་དུ་ལྡོག་སྲིད་ལ། བཟོད་ཆེན་ཡན་ཐོབ་ནས་ཐེག་པ་གཞན་དུ་མི་ལྡོག་པར་ཉན་ཐོས་དང་རང་སངས་རྒྱས་སུ་རིགས་ངེས་པའི་ཕྱིར་རོ། །བརྒྱད་པའི་ས་ནི་རྒྱུན་ཞུགས་ཞུགས་པ་ཡིན་ཏེ་དགྲ་བཅོམ་ནས་ཕྱིར་བགྲང་བའི་བརྒྱད་པ་འབྲས་བུ་དང་པོ་ལ་ཞུགས་པ་ཡིན་ནོ། །


LT09,P118B
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའི་ས་ནི་རྒྱུན་ཞུགས་ཀྱི་འབྲས་བུ་སྟེ་བདེན་པ་བཞིའི་རྣམ་པ་རྣམས་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །སྲབ་པའི་ས་ནི་ཕྱིར་འོང་གི་འབྲས་བུ་སྟེ་འདོད་པའི་ཉོན་མོངས་པ་ཕལ་ཆེར་སྤང་བའི་ཕྱིར་རོ། །འདོད་ཆགས་དང་བྲལ་བའི་ས་ནི་ཕྱིར་མི་འོང་བའི་འབྲས་བུ་སྟེ་འདོད་པ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །བྱས་པ་རྟོགས་པའི་ས་ནི་དགྲ་བཅོམ་པའི་འབྲས་བུ་སྟེ་བདེན་བཞི་མངོན་སུམ་དུ་རྟོགས་པའི་ལམ་མོ། །ཉན་ཐོས་ཀྱི་ས་ནི་དབྱེ་གཞིའི་སའམ། ཡང་ན། ཕྱིར་འོང་ཞུགས་པ་ལ་སོགས་ཞུགས་པ་ལྷག་མ་གསུམ་སྟེ། ཉན་ཐོས་ཀྱི་མངོན་རྟོགས་གཞན་ལ་མིང་གཞན་གྱིས་བསྟན་པས་སྤྱི་མིང་བྱེ་བྲག་ལ་གོ་བར་འགྱུར་བའི་ཕྱིར་རོ། །རང་སངས་རྒྱས་ཀྱི་ས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་དག་རང་ཉིད་གཅིག་པུར་སངས་རྒྱས་པར་འདོད་པའི་སེམས་བསྐྱེད་པས་བསྐལ་པ་བརྒྱར་སངས་རྒྱས་མཉེས་པར་བྱེད་པ་ལ་སོགས་པའི་ཚོགས་བསགས་ཏེ་སྐྱེ་པ་ཐ་མའི་ཚེ་སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་ཁམས་སུ་སློབ་དཔོན་གཞན་ལ་ལྟོས་པ་མེད་པར་རང་ཤུགས་ཀྱིས་བྱང་ཆུབ་མངོན་དུ་བྱེད་པ་དེ་ཡིན་ལ། འདིར་སའི་དབྱེ་བ་བགྲང་བ་མ་ཡིན་ནོ། །གཉིས་པ་ནི། ཐེག་ཆེན་བྱང་ཆུབ་སེམས་དཔའི་ས་བཅུར་གསུངས། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ཞེས་པ་ནི། བདག་མེད་པ་གཉིས་དང་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སྒོམ་པ་ཐེག་ཆེན་གྱི་ས་བཅུ་ལ་བྱ་སྟེ། རབ་ཏུ་དགའ་བ་ནས་ཆོས་ཀྱི་སྤྲིན་གྱི་བར་འོག་ཏུ་འབྱུང་བའི་ས་བཅུ་པོ་རྣམས་སོ། །དེ་སྐད་དུ་ཡང༌། རིན་ཆེན་ཕྲེང་བ་ལས། ཇི་ལྟར་ཉན་ཐོས་ཐེག་པ་ལས། །ཉན་ཐོས་ས་ནི་བརྒྱད་བཤད་པ། །དེ་བཞིན་ཐེག་པ་ཆེན་པོ་ལས། །བྱང་ཆུབ་སེམས་དཔའི་ས་བཅུ་བསྟན། །ཞེས་འབྱུང་ངོ༌། །སངས་རྒྱས་ཀྱི་ས་འདི་ལ་དེ་བཞིན་གཤེགས་པའི་ས་དང་


LT09,P119A
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ས་ཞེས་ནང་གསེས་སུ་གཉིས་སུ་དབྱེ་བར་མཆོག་མི་འགྱུར་ལས་བཤད་པ་ནི། བསྟན་བཅོས་འགའ་ཞིག་ལས་འདས་པའི་ས་བཅུ་ལ་བྱང་སེམས་དང་བཅུ་གཅིག་པ་ལ་སངས་རྒྱས་ཀྱི་སར་བཤད་པ་དང་དགོངས་པ་མཐུན་ནོ། །གཉིས་པ་དེ་དག་གི་ཁྱད་པར་བསྟན་པ་ནི། རྫུ་འཕྲུལ་མངོན་ཤེས་རྟོགས་སྒོམ་མཐོང་དང་སྐད། །ཆོས་བསྟན་དོན་བྱེད་མྱང་འདས་ཁྱད་པར་ལྡན། །ས་གཉིས་པོ་འདི་དག་གི་ཁྱད་པར་གང་ཞེ་ན། རྣམ་པ་མང་སྟེ། འདི་ལྟར་སའི་དབང་གིས་རྫུ་འཕྲུལ་རྣམ་པ་གཉིས་ཏེ། ཆགས་བྲལ་གྱི་ས་ལ་རྣམ་པ་གཅིག་པའི་རྫུ་འཕྲུལ་ཉི་ཚེ་བ་དང༌། སངས་རྒྱས་ཀྱི་ས་ལ་རྣམ་པ་ཐམས་ཅད་པའི་རྫུ་འཕྲུལ་ལོ། །དེ་བཞིན་དུམངོན་ཤེས་ཀྱང་གཉིས་ཏེ། སྔ་མ་ལ་ཟག་ཟད་མ་གཏོགས་པའི་མངོན་པར་ཤེས་པ་ལྔ་དང༌། ཕྱི་མ་ལ་ཟག་པ་ཉོན་མོངས་ཀྱི་ས་བོན་ཀུན་ཟད་པའི་མངོན་ཤེས་དང་བཅས་པའི་མངོན་ཤེས་དྲུག་གོ །བདག་མེད་རྟོགས་པ་ལའང་གཉིས་ཏེ། སྔ་མ་ལ་ཉེར་ལེན་གྱི་ཕུང་པོ་ལྔའི་རྒྱུན་ལ་གང་ཟག་ཏུ་བཏགས་པ་ལ་བདག་མེད་པ་ཙམ་དང༌། ཕྱི་མ་ལ་གང་ཟག་དང་དེའི་ཆོས་སུ་བཏགས་པ་ཐམས་ཅད་ལ་བདག་མེད་པར་རྟོགས་པའོ། །སྒོམ་ལམ་པའི་ཚུལ་ལའང་གཉིས་ཏེ། སྔ་མ་ལ་འཕགས་པའི་བདེན་པ་བཞི་སྒོམ་པ་དང༌། ཕྱི་མ་ལ་ཆོས་ཐམས་ཅད་བདེན་པའི་རང་བཞིན་མེད་པར་སྒོམ་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནོ། །མཐོང་བའང་གཉིས་ཏེ། སྔ་མས་ལྐོག་ཏུ་གྱུར་པའི་དོན་གྱི་གྲངས་ཚད་ཅན་མཐོང་བ་དང༌། ཕྱི་མས་དོན་མཐའ་ཡས་པ་ཐམས་ཅད་ཀྱི་གྲངས་མཐོང་བའོ། །སྐད་དང་ཆོས་བསྟན་པ་དང་དོན་བྱེད་འང་གཉིས་ཏེ། སྔ་མ་སེམས་ཅན་གྱི་གྲངས་ཉི་ཚེ་བའི་སྐད་ལ་འཇུག་པ་དང༌། ཉི་ཚེ་བ་ལ་ཆོས་བསྟན་ཅིང་དོན་བྱེད་ལ། །ཕྱི་མ་ནི་སེམས་ཅན་གྱི་གྲངས་ཚད་


LT09,P119B
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་བདག་ཉིད་ཅན་ནོ། །མྱ་ངན་ལས་འདས་པ་ལའང་གཉིས་ཏེ། སྔ་མ་ནི་སྒྲིབ་པའི་བག་ཆགས་མ་ལུས་པར་མ་སྤངས་པས་ཕུང་པོ་ལྷག་མ་དང་བཅས་པ་དང༌། ཕྱི་མས་མ་ལུས་པར་སྤངས་པས་ཕུང་པོ་ལྷག་མ་མེད་པ་རྣམས་ཀྱི་ཁྱད་པར་དང་ལྡན་པའོ། །གསུམ་པ་སངས་རྒྱས་ཀྱི་ས་རྒྱས་པར་བཤད་པ་ལ་དྲུག་སའི་ངོ་བོ། མཚན་གཞི། ངེས་ཚིག་དབྱེ་བ། ཁྱད་པར། ས་བཅུར་གྲངས་ངེས་པའི་རྒྱུ་མཚན་ནོ། །དང་པོ་ནི། ས་ཡི་ངོ་བོ་ཁྱད་འཕགས་ཡོན་ཏན་གཞི། །སའི་ངོ་བོ་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་མངོན་པར་བྱང་ཆུབ་པའི་བར་གྱི་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་བདག་མེད་རྟོགས་པའི་ཤེས་རབ་གྲོགས་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པ་ཡོན་ཏན་ཁྱད་པར་ཅན་རྣམས་རིམ་གྱིས་གོང་ནས་གོང་དུ་སྐྱེ་བའི་རྟེན་ནམ་གཞིར་གྱུར་པའོ། །གཉིས་པ་ནི། མཚན་གཞི་སློབ་པའི་རྒྱུད་ཀྱི་ཐབས་ཤེས་ཉིད། །དེའི་མཚན་གཞི་བྱང་སེམས་སློབ་པའི་རྒྱུད་ཀྱི་མཁྱེན་པ་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་ཟག་མེད་ཀྱི་ཡེ་ཤེས་མཚུངས་ལྡན་དང་བཅས་པ་ཡོན་ཏན་ཁྱད་པར་ཅན་གྱི་རྟེན་བྱེད་པའོ། །གསུམ་པ་ནི། ངེས་ཚིག་རྟེན་ཐོབ་བྲལ་དང་ཕྱི་ཕྱིར་བགྲོད། །དེ་ལ་ཅིའི་ཕྱིར་ས་ཞེས་བྱ་ཞེ་ན། མདོ་སྡེ་རྒྱན་ལས། དགེ་བ་སྒྲུབ་པ་སྣ་ཚོགས་ལ། །དགའ་བས་རྟག་པར་ཐམས་ཅད་དུ། །གནས་ཕྱིར་བྱང་ཆུབ་སེམས་དཔའ་ཡི། །ས་རྣམས་གནས་པ་ཡིན་པར་འདོད། །ཅེས་གསུངས་ཏེ་ས་ཆེན་པོ་བཞིན་དུ་ཡོན་ཏན་མཐའ་དག་གི་གཞིའམ་གནས་སམ་རྟེན་བྱེད་པས་ན་ས་ཞེས་པའམ། ཡང་ན། དེ་ཉིད་ལས། འབྱུང་པོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལས། །ཕྱི་ཕྱིར་གང་དུ་འགྲོ་ལྡན་ཕྱིར། །དེ་དག་ཉིད་ནི་སར་འདོད་དོ། །ཞེས་འབྱུང་ལ་དེ་ཡང་སའི་སྐད་དོད་བྷཱུ་མི་ཞེས་པ་ལ་ཡི་གེ་ཕྱིས་བསྣན་ཏུ


LT09,P120A
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ངེས་པས་བྷཱུ་ནི་བྷཱུ་ཏ་སྟེ་འབྱུང་བ་ཞེས་པ་འབྱུང་བ་ཆེན་པོ་ལྟར་ཡོན་ཏན་གྱི་ཚོགས་ཀྱི་རྟེན་བྱེད་པས་དང༌། མི་ནི་ཨ་མི་ཏ་སྟེ་དཔག་མེད་ཅེས་པ་དཀའ་སྤྱད་དཔག་ཏུ་མེད་པས་འཐོབ་པས་དང༌། ཡང་བྷཱུ་ནི་ཨ་བྷ་ཡ་སྟེ་འཇིགས་མེད་ཅེས་པ་ས་ཐོབ་ནས་འཇིགས་པ་ལྔ་སོགས་དང་བྲལ་བས་དང༌། ཡང་བྷཱུ་ནི་བྷཱུ་ཡ་སྟེ་ཕྱི་ཕྱིར་ཞེས་པས་འོག་མ་ལ་བརྟེན་ནས་ཕྱིར་ཞིང་གོང་ནས་གོང་དུ་བགྲོད་པའི་རྟེན་བྱེད་པས་ས་ཞེས་བྱ་སྟེ། མདོར་ན་ས་གཞི་དང་འདྲ་བར་ཡོན་ཏན་གྱི་རྟེན་བྱེད་པས་སར་བརྗོད་པ་སྟེ་ས་ཞེས་པ་སྤྱིའི་ངེས་ཚིག་གོ །བཞི་པ་ནི། དབྱེ་བ་སྐྱེ་འཕགས་ཐོབ་ཚུལ་མོས་དང་འཇུག །རྟོགས་པ་གྲུབ་བཞི་གྲུབ་ཚུལ་མ་གྲུབ་གྲུབ། །ང་རྒྱལ་མང་དང་ཕྲ་དང་ང་རྒྱལ་མེད། །ས་ལ་ཐུན་མོང་ཙམ་དུ་དབྱེ་ན་བཞི། སྐྱེ་འཕགས་ཀྱིས་དབྱེ་བ། ཐོབ་ཚུལ་གྱིས་དབྱེ་བ། གྲུབ་ཚུལ་གྱིས་དབྱེ་བ། ང་རྒྱལ་གྱིས་དབྱེ་བའོ། །དང་པོ་ལ་གཉིས་ཏེ། འཇིག་རྟེན་སོ་སྐྱེའི་ས་དང༌། འཇིག་རྟེན་ལས་འདས་པའི་སའོ། །དེའི་དང་པོའི་མཚན་ཉིད་འཕགས་པའི་ཆོས་ལ་འཇུག་པའི་ཡོན་ཏན་གྱི་རྟེན་བྱེད་པའོ། །མཚན་གཞི་ནི། འདི་ལའང་ལས་དང་པོ་པའི་ས་དང༌། མོས་པས་སྤྱོད་པའི་ས་གཉིས་སུ་དབྱེར་རུང་བའི། དང་པོ་ནི་ཐེག་ཆེན་གྱི་རིགས་སད་ཅིང་སེམས་དང་པོ་བསྐྱེད་པ་ནས་བཟུང་ཚོགས་ལམ་གྱི་གནས་སྐབས་ཏེ་རང་གི་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་ཡིན་པས་སོ། །ཕྱི་མ་ནི་སྦྱོར་ལམ་གྱི་གནས་སྐབས་ཏེ་སྟོང་པ་ཉིད་ཀྱི་དོན་ལ་མོས་པ་བྱེད་པ་ཙམ་ཡིན་པས་སོ། །གཉིས་པ་འཇིག་རྟེན་ལས་འདས་པའི་སའི་མཚན་ཉིད་ནི། འཕགས་པའི་ཡོན་ཏན་ཁྱད་པར་ཅན་གྱི་རྟེན་བྱེད་པའོ། །མཚན་གཞི་ནི་མཐོང་ལམ་ནས་མཐར་ཕྱིན་ལམ་གྱི་བར་གྱི་གནས་སྐབས་ཏེ་ས་དང་པོར་མངོན་སུམ་དུ་རྟོགས་པའི་དེ་


LT09,P120B
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ཉིད་ཀྱི་ཡེ་ཤེས་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་གོམས་འདྲིས་བྱེད་པ་ཡིན་པས་སོ། །གཉིས་པ་ཐོབ་ཚུལ་གྱིས་དབྱེ་བ་ནི། ཆོས་རྣམས་ལ་མོས་པ་གཙོ་བོར་སྤྱོད་པས་འཇུག་པ་མོས་པས་ཐོབ་པའི་ས་དང༌། ཆོས་སྤྱོད་བཅུ་ལ་ཇི་ལྟར་འདོད་པ་བཞིན་འཇུག་པ་སྤྱོད་པས་ཐོབ་པའི་ས་དང༌། ས་དང་པོ་ཡན་ཆད་ཆོས་ཉིད་མངོན་སུམ་དུ་ཤེས་པ་རྟོགས་པས་ཐོབ་པའི་ས་དང༌། ཁྱད་པར་དུ་བརྒྱད་པ་ཡན་ཆད་འབད་མེད་ལྷུན་གྲུབ་ཏུ་འཇུག་པས་གྲུབ་པ་ཐོབ་པའི་ས་ཞེས་བྱ་བ་བཞིར་དབྱེར་ཡོད་དེ། མདོ་སྡེ་རྒྱན་ལས། ས་ཐོབ་པ་ནི་མོས་པ་དང༌། སྤྱོད་པ་དག་ལ་འཇུག་པ་དང༌། །རྟོགས་པའི་ཕྱིར་དང་ས་རྣམས་ནི། །གྲུབ་པའི་སྒོ་ནས་རྣམ་པ་བཞི། །ཞེས་གསུངས་པས་སོ། །གསུམ་པ་གྲུབ་ཚུལ་གྱི་སྒོ་ནས་དབྱེ་བ་ནི། ཚོགས་སྦྱོར་གྱི་གནས་སྐབས་མོས་པས་སྤྱོད་པའི་ས་ནི་མ་གྲུབ་པ་དང༌། མཐོང་སྒོམ་གྱི་གནས་སྐབས་ལྷག་བསམ་རྣམ་དག་གིས་ནི་གྲུབ་པ་དང༌། གྲུབ་པ་ལའང་དང་པོ་ནས་བདུན་པའི་བར་ནི་འབད་རྩོལ་དང་བཅས་པའི་ཆ་ནས་མ་གྲུབ་པ་དང༌། བརྒྱད་པ་ཡན་ཆད་འབད་རྩོལ་མེད་པའི་ཕྱིར་གྲུབ་པ་ཞེས་བྱ་བ་སྟེ་བཞིར་དབྱེ་བ་ཡོད་པ་ཡང༌། དེ་ཉིད་ལས། ས་རྣམས་ཐམས་ཅད་མ་གྲུབ་དང༌། །གྲུབ་པ་དག་ཏུ་ཤེས་པར་བྱ། །གྲུབ་པ་དག་ཀྱང་མ་གྲུབ་དང༌། །གྲུབ་པ་དག་ཏུ་ཡང་འདོད་དོ། །ཞེས་གསུངས་པས་ཤེས་སོ། །བཞི་པ་ང་རྒྱལ་གྱི་དབྱེ་བ་ནི། དེ་ལ་མོས་པས་སྤྱོད་པའི་ས་ང་རྒྱལ་མང་བ་དང༌། མ་དག་ས་བདུན་ང་རྒྱལ་ཕྲ་བ་དང༌། དག་པ་ས་གསུམ་ང་རྒྱལ་མེད་པ་དང་གསུམ་དུ་དབྱེར་ཡོད་དེ། དེ་ཉིད་ལས། ང་རྒྱལ་མང་དང་ང་རྒྱལ་ཕྲ། །ང་རྒྱལ་མེད་པ་དག་ཏུ་འདོད། །ཅེས་གསུངས་པས་སོ། །ལྔ་པ་ཐེག་ཆེན་ཐུན་མོང་མ་ཡིན་པའི་ས་ཁྱད་པར་དུ་བཤད་པ་ལ་དྲུག་མཚན་གྱི་ངོ་བོ་དང་


LT09,P121A
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་ཚིག་ཡོངས་སྦྱོང་དང་གོང་འཕོ། ཉམས་ལེན་དང་གང་ཟག་བསླབ་གསུམ་དང་ཕུང་པོ། རྣམ་དག་དང་སྤངས་རྟོགས། ཡོན་ཏན་དང་སྐྱེ་བའི་ཁྱད་པར་རོ། །དང་པོ་ནི། རབ་དགའ་དྲི་མེད་འོད་བྱེད་འོད་འཕྲོ་དང༌། །སྦྱང་དཀའ་མངོན་གྱུར་རིང་སོང་མི་གཡོ་བ། །ལེགས་བློ་ཆོས་སྤྲིན། །ཅེས་པ་སྟེ། ས་དང་པོ་ནས་བཅུ་པའི་བར་གྱི་མཚན་མིང་རྣམས་སོ། །དེ་དག་གི་ངེས་ཚིག་ནི། སྔར་མ་མཐོང་བའི་ཆོས་ཉིད་ཀྱི་དོན་མཐོང་བས་རང་དོན་བྱང་ཆུབ་མཆོག་ལ་ཉེ་བ་དང༌། གཞན་དོན་སེམས་ཅན་གྱི་དོན་རླབས་པོ་ཆེ་འགྲུབ་པར་མཐོང་ནས་རབ་ཏུ་དགའ་བ་སྐྱེས་པའི་ཕྱིར་ས་དང་པོ་རབ་ཏུ་དགའ་བ། ཚུལ་ཁྲིམས་འཚལ་བ་དང་ཐེག་དམན་ཡིད་ལ་བྱེད་པའི་དྲི་མ་དང་བྲལ་བས་གཉིས་པ་དྲི་མ་མེད་པ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཆོས་ཚད་མེད་པ་འཚོལ་ཞིང་གཞན་དག་ལ་ཆོས་ཀྱི་སྣང་བ་ཆེན་པོ་བྱེད་པས་གསུམ་པ་འོད་བྱེད་པ། བྱང་ཆུབ་ཕྱོགས་མཐུན་གྱི་ཤེས་རབ་ཀྱི་མེས་སྒྲིབ་གཉིས་སྲེག་པར་བྱེད་པས་བཞི་པ་འོད་འཕྲོ་བ། སེམས་ཅན་སྨིན་པར་བྱེད་པའི་ཚེ་གཞན་གྱི་ལོག་སྒྲུབ་ཀྱིས་ཉོན་མི་མོངས་པས་སེམས་ཅན་གྱི་ཞིང་དང་རང་གི་སེམས་སྦྱང་དཀའ་བ་གཉིས་པོ་དེ་འབྱོངས་པས་ལྔ་པ་སྦྱང་དཀའ་བ། ཤེར་ཕྱིན་ལ་བརྟེན་ནས་སྲིད་ཞི་མཉམ་པ་ཉིད་མངོན་དུ་གྱུར་པས་དྲུག་པ་མངོན་དུ་གྱུར་པ། བགྲོད་པ་གཅིག་པའི་ལམ་ས་བརྒྱད་པ་ཐོབ་ཏུ་ཉེ་བས་དེ་དང་འབྲེལ་ཞིང་རྩོལ་བཅས་ཀྱི་སྦྱོར་བའི་མཐར་སོང་བས་བདུན་པ་རིང་དུ་སོང་བ། མཚན་བཅས་དང་མཚན་མེད་ལ་རྩོལ་བའི་འདུ་ཤེས་གཉིས་ཀྱིས་མི་གཡོ་བས་བརྒྱད་པ་མི་གཡོ་བ། སོ་སོ་ཡང་དག་པ་རིག་པ་བཞིའི་བློ་གྲོས་བཟང་པོ་ཐོབ་པས་དགུ་པ་ལེགས་པའི་བློ་གྲོས། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་སྤྲིན་ལྟ་བུས་ས་དགུ་མན་ཆད་དུ་


LT09,P121B
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམས་ལས་ཐོབ་པའི་ཆོས་ནམ་མཁའ་ལྟ་བུ་ཚད་མེད་པ་ལ་ཁྱབ་པས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་བྱ་བ་རྣམས་སུ་བརྗོད་པ་ཡིན་ནོ། །གཉིས་པ་ནི། ཡོངས་སྦྱོང་རིམ་པས་འཕོ། །ཞེས་པ་སྟེ། གཞི་ཐམས་ཅད་ལ་གྱ་གྱུ་མེད་པའི་བསམ་པ་ལ་སོགས་པ་ཡོངས་སྦྱོང་བཅུས་ས་དང་པོ་ཐོབ། དེ་བཞིན་དུ་ཚུལ་ཁྲིམས་དང་བྱས་པ་གཟོ་བ་སོགས་ཡོངས་སྦྱོང་བརྒྱད་ཀྱིས་ས་གཉིས་པ། ཐོས་པས་མི་ངོམས་པ་སོགས་ཡོངས་སྦྱོང་ལྔས་ས་གསུམ་པ། དགོན་པར་གནས་པ་སོགས་ཡོངས་སྦྱོང་བཅུས་ས་བཞི་པ། རྙེད་སོགས་ཀྱི་དོན་དུ་ཁྱིམ་པ་དང་འདྲིས་པར་བྱེད་པ་སྤོང་བ་སོགས་ཡོངས་སྦྱོང་བཅུས་ས་ལྔ་པ། སྦྱིན་སོགས་ཆོས་དྲུག་རྫོགས་པར་བྱ་བ་དང༌། ཉན་རང་ལ་འདོད་པ་སོགས་ཆོས་དྲུག་སྤོང་བར་བྱ་བ་ལ་བསླབ་པ་སྟེ་ཡོངས་སྦྱོང་བཅུ་གཉིས་ཀྱིས་ས་དྲུག་པ། བདག་ཏུ་འཛིན་པ་སོགས་ཉི་ཤུ་སྤངས་ནས་དེ་ལས་ལྡོག་པའི་ཆོས་རྣམ་ཐར་སྒོ་གསུམ་ཤེས་པ་སོགས་ཉི་ཤུ་བསྟེན་པ་སྟེ་ཡོངས་སྦྱོང་ཉི་ཤུའམ་བཞི་བཅུས་ས་བདུན་པ། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ཇི་ལྟ་བར་ཤེས་པ་སོགས་ཡོངས་སྦྱོང་བརྒྱད་ཀྱིས་ས་བརྒྱད་པ། སྨོན་ལམ་མཐའ་ཡས་པ་སོགས་ཡོངས་སྦྱོང་བཅུ་གཉིས་ཀྱིས་ས་དགུ་པ། ས་དགུའི་བར་དུ་ཤེས་བྱ་ཚད་མེད་པ་ལ་རྣམ་པར་བརྟགས་པའི་བློས་ཤིན་ཏུ་རྣམ་པར་ཕྱེ་བ་སོགས་ཡོངས་སྦྱོང་བཅུས་ས་བཅུ་པ་རྣམས་འཐོབ་པ་ཡིན་ཏེ། མངོན་རྟོགས་རྒྱན་ལས། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་འཐོབ་འགྱུར་ཏེ། །བསམ་དང་ཕན་པའི་དངོས་ཉིད་དང༌། །ཞེས་སོགས་གསུངས་པ་ལྟ་བུའོ། །འཕོ་ཚུལ་ནི། དང་པོ་ནས་བཅུ་པའི་བར་གྱི་ས་རྣམས་ཀྱང་ཇི་སྲིད་དུ་རང་རང་གི་ཡོངས་སྦྱོང་མ་རྫོགས་ཀྱི་བར་དེ་སྲིད་དུས་དེ་དང་དེ་ཡིན་ཞིང་རྫོགས་ནས་གོང་མ་གོང་མར་འཕོ་བ་ཡིན་ཏེ།


LT09,P122A
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་སྟོང་འགྲེལ་ཆེན་ལས། ས་གང་གི་ཡོངས་སུ་སྦྱང་བར་འགྱུར་བའི་ཆོས་གང་ཡིན་པ་དེ་དག་མ་རྫོགས་ཀྱི་བར་དུ་ནི་ས་དེ་ཡིན་ལ། ཡོངས་སུ་རྫོགས་ནས་ནི་ས་གཞན་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །གསུམ་པ་ནི། སྦྱིན་སོགས་ཕྱིན་བཅུ་རང་སར་གཙོ་བོར་སྤྱོད། །ལྟ་དང་ཁྲིམས་དག་མཉམ་གཞག་ང་རྒྱལ་མེད། །བློ་ཐོབ་སྦྱོང་སྨིན་ཡོངས་རྫོགས་དབང་བསྐུར་ཡིན། །ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཙོ་བོར་ཉམས་སུ་ལེན་ཅིང་ཕར་ཕྱིན་ལྷག་མ་རྣམས་འཁོར་དུ་སྤྱོད་པ་ནས། བཅུ་པ་ལ་གནས་པས་ཡེ་ཤེས་ཀྱི་ཕར་ཕྱིན་གཙོ་བོར་ཉམས་སུ་ལེན་ཅིང་ལྷག་མ་རྣམས་འཁོར་དུ་སྤྱོད་པའི་བར་ཕར་ཕྱིན་བཅུ་དང་ས་བཅུ་གོ་རིམ་བཞིན་སྦྱར་བ་སྟེ། ཕྱིན་བཅུ་ནི། དབུས་མཐའ་ལས། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་དང་ནི་ཤེས་རབ་ཐབས། །སྨོན་ལམ་སྟོབས་དང་ཡེ་ཤེས་ཏེ། །འདི་དག་ཕ་རོལ་ཕྱིན་པ་བཅུ། །ཞེས་དང༌། ཁྱད་པར་ཅན་དང་ཁྱད་མེད་ནི། །ས་བཅུ་རྣམས་སུ་ཤེས་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ས་དང་པོ་ལ་གནས་བདེ་ཆོས་ཀྱི་དབྱིངས་བདག་གཉིས་ཀྱིས་སྟོང་པར་རྟོགས་པའི་ཕྱིར་ལྟ་བ་རྣམ་པར་དག་པའི་གང་ཟག་ཅེས་བྱ་ཞིང༌། དེ་བཞིན་དུ་ས་གཉིས་པ་ལ་ལྟུང་བ་ཕྲ་མོས་ཀྱང་མི་གོས་པའི་ཕྱིར་ཚུལ་ཁྲིམས་རྣམ་པར་དག་པ་དང༌། གསུམ་པ་ལ་བསམ་གཏན་དང་ཏིང་ངེ་འཛིན་མཐའ་ཡས་པ་ཐོབ་པའི་ཕྱིར་ཤིན་ཏུ་མཉམ་པར་གཞག་པ་དང༌། བཞི་པ་ལ་ཡོངས་སུ་འཛིན་པ་མེད་པའི་ཕྱིར་ཆོས་ལ་ཐ་དད་པའི་ང་རྒྱལ་མེད་པ་དང༌། ལྔ་པ་ལ་སེམས་མཉམ་པ་ཉིད་ཐོབ་པའི་ཕྱིར་རྒྱུད་ལ་ཐ་དད་པའི་ང་རྒྱལ་མེད་པ་དང༌། དྲུག་པ་ལ་རང་བཞིན་གྱིས་དག་པའི་ཕྱིར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཐ་དད་


LT09,P122B
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ང་རྒྱལ་མེད་པ་དང༌། བདུན་པ་ལ་མཚན་མ་མེད་པར་གནས་པའི་ཕྱིར་སྐད་ཅིག་རེ་རེ་ལ་བྱང་ཆུབ་ཕྱོགས་མཐུན་རྣམས་སྒོམ་པའི་བློ་ཐོབ་པ་དང༌། བརྒྱད་པ་ལ་ལྷུན་གྱིས་གྲུབ་པའི་ཕྱིར་བཏང་སྙོམས་ཤིང་ཡོངས་སུ་སྦྱོང་བ་དང༌། དགུ་པ་ལ་སོ་སོ་ཡང་དག་པར་རིག་པ་བཞི་ལ་དབང་ཐོབ་པའི་ཕྱིར་སེམས་ཅན་སྨིན་པར་བྱེད་པ་ལ་མཁས་པ་དང༌། བཅུ་པ་ལ་མངོན་པར་ཤེས་པ་ཆེན་པོ་ཐོབ་པའི་ཕྱིར་མཐུ་ཆེ་ཞིང་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོའི་ལུས་ཡོངས་སུ་རྫོགས་ལ་དཀའ་ལྡན་ན་གནས་པ་ལ་སོགས་པའི་སྤྲུལ་པ་ངེས་པར་སྟོན་ཅིང་སངས་རྒྱས་ཐམས་ཅད་ལས་དབང་བསྐུར་བ་ཐོབ་པའི་གང་ཟག་ཅེས་བྱ་བ་ཡིན་ནོ། །བཞི་པ་ནི། དྲུག་ལ་བསླབ་གསུམ་བཞི་ལ་འབྲས་བུ་འགྲུབ། །ཆོས་ཉིད་རྟོགས་ནས་ཕུང་ལྔ་རིམ་གྱིས་སྦྱོང༌། །ས་དང་པོར་བསླབ་གསུམ་རྣམ་པར་དག་པའི་རྒྱུ་ལ་བསླབ་ཅིང༌། གཉིས་པར་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། གསུམ་པར་སེམས་ཀྱི་བསླབ་པ་དང༌། བཞི་པ་ལྔ་པ་དྲུག་པ་རྣམས་སུ་རིམ་པ་ལྟར་བྱང་ཆུབ་ཀྱི་ཕྱོགས་དང་བདེན་པ་དང་རྟེན་འབྲེལ་ཤེས་པའི་ཤེས་རབ་རྣམས་ལ་བསླབས་པས། དེ་དག་གི་འབྲས་བུ་ས་བདུན་པ་ལ་མཚན་མ་མེད་པའི་ཡེ་ཤེས་དང༌། བརྒྱད་པ་ལ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་དང༌། དགུ་པ་ལ་སེམས་ཅན་ཡོངས་སུ་སྨིན་པ་དང༌། བཅུ་པ་ལ་ཏིང་ངེ་འཛིན་དང་གཟུངས་ཀྱི་རྟེན་རྣམས་འགྲུབ་པ་དང༌། ས་དང་པོར་ཆོས་ཉིད་མངོན་སུམ་གྱིས་རྟོགས་ནས། གཉིས་པར་ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། གསུམ་པར་ཏིང་ངེ་འཛིན་གྱི་ཕུང་པོ། བཞི་པ་ལྔ་པ་དྲུག་པ་རྣམས་སུ་ཤེས་རབ་ཀྱི་ཕུང་པོ་དང༌། བདུན་པ་ལ་སོགས་པར་འབྲས་བུ་བཞིའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཕུང་པོ་རིམ་གྱིས་སྦྱོང་ཞིང༌། སངས་རྒྱས་ཀྱི་ས་ལ་ཤེས་བྱ་ལ་ཐོགས་པའི་སྒྲིབ་པ་ལས་ཀྱང་རྣམ་པར་


LT09,P123A
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བ་དང༌། གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་རྣམ་པར་སྦྱོང་བའོ། །ལྔ་པ་ནི། རྒྱུ་གསུམ་དང་ལྡན་དགེ་བ་གོང་དུ་དག །ཤེས་སྒྲིབ་རིམ་སྤོང་ཡེ་ཤེས་རྣམ་བཅུ་འགྲུབ། །བསྐལ་པ་མང་པོར་དཀོན་མཆོག་གསུམ་མཆོད་པ་དང༌། སེམས་ཅན་ཡོངས་སུ་སྨིན་པ་དང༌། དགེ་རྩ་བྱང་ཆུབ་ཏུ་བསྔོ་བ་སྟེ་རྒྱུ་གསུམ་གྱིས་ས་དང་པོ་ནས་བཅུ་པའི་བར་གྱི་དགེ་བའི་རྩ་བ་རྣམས་རྣམ་པར་དག་པར་འགྱུར་ལ། དེའང་ས་རྣམས་ལ་རིམ་པ་བཞིན་དག་པ་ཕུལ་ཆེ་ཆུང་གི་ཁྱད་པར་ནི་དཔེ་དང་སྦྱར་ཏེ་ས་བཅུ་པའི་མདོ་ལས་གསུངས་པ་ལྟར་ཤེས་པར་བྱའོ། །སར་གནས་དེ་དག་གི་སྤངས་རྟོགས་ཀྱི་ཁྱད་པར་ཡང༌། མཐོང་ལམ་དུ་མཐོང་སྤང་བརྒྱ་རྩ་བཅུ་གཉིས་དང་སྒོམ་ལམ་དུ་སྒོམ་སྤང་རྣམས་སྤངས་པ་ཡིན་ཀྱང༌། ས་བཅུར་བཞག་པའི་ཚེ་བཅུ་པོ་སོ་སོར་ཆོས་ཀྱི་དབྱིངས་རྟོགས་པའི་ཡེ་ཤེས་ཁྱད་པར་ཅན་རྣམས་ཀྱིས་རང་རང་གི་མི་མཐུན་པའི་ཕྱོགས་མ་རིག་པས་བསྡུས་པའི་ཤེས་བྱའི་སྒྲིབ་པ་རྣམས་རིམ་གྱིས་སྤངས་པ་དང༌། ས་བཅུ་པའི་མདོ་ལས། ས་ཐོབ་གྱུར་མ་ཐག་ཏུ་འཇིགས་པ་ལྔ་དང་བྲལ། །འཚོ་བ་ཆད་དང་འཆི་དང་མི་བསྡགས་ངན་འགྲོ་དང༌། །འཁོར་གྱི་འཇིགས་བྲལ་དེ་ལ་བག་ཚའི་རྣམ་པ་མེད། །ཅི་ཕྱིར་ཞེ་ན་དེ་ལ་བདག་གི་གནས་མེད་དོ། །ཞེས་གསུངས་པ་ལྟར་འཇིགས་པ་ལྔ་སྤངས་པ་དང༌། རྒྱུད་བླ་མ་ལས། འཕགས་པས་འཆི་དང་ངན་པ་དང༌། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་གསུངས་པ་ལྟར་སྡུག་བསྔལ་གྱི་ཆུ་བོ་བཞི་ཡང་སྤངས་པ་ལ་སོགས་པ་སྟེ་འཇིགས་པ་བསམ་གྱིས་མི་ཁྱབ་པ་ལས་གྲོལ་བ་ཡིན་ལ། དེ་དག་ཀྱང་ས་དང་པོ་ནས་བཅུ་པའི་བར་ལ་རིམ་གྱིས་འཕེལ་བར་


LT09,P123B
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་དོན་གྱིས་ཤེས་པར་བྱའོ། །སྡུག་བསྔལ་བཞི་ལས་གྲོལ་ཡང་མ་གྲོལ་བ་ལྟར་སྟོན་པ་ནི་བསམ་བཞིན་དུ་སྲིད་པར་སྐྱེ་བ་སྟེ། དེ་ཉིད་ལས། ཇི་བཞིན་ཡང་དག་མཐོང་བའི་ཕྱིར། །སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང༌། །སྙིང་རྗེའི་དབང་གིས་སྐྱེ་བ་དང༌། །འཆི་དང་ན་དང་རྒ་བར་སྟོན། །ཅེས་གསུངས་པ་ལྟར་རོ། །རྟོགས་པ་ནི་ས་བཅུ་པོ་ཐམས་ཅད་ཀྱིས་ཀྱང་མཉམ་གཞག་ཏུ་ཆོས་ཉིད་དོན་དམ་ཇི་ལྟ་བའི་ཚུལ་སྤྲོས་པའི་མཐའ་དང་བྲལ་བ་ནམ་མཁའ་ལྟ་བུར་རྟོགས་ཤིང༌། རྗེས་ཐོབ་ཏུ་ཆོས་ཅན་ཀུན་རྫོབ་ཇི་སྙེད་པའི་ཚུལ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་རྟོགས་སོ། །དེ་ལྟར་མཐོང་ལམ་དང་པོར་མཐོང་བའི་ཆོས་ཉིད་ཀྱི་བདེན་པ་དེ་ལས་གསར་མཐོང་གི་རྟོགས་རིགས་མི་འདྲ་བ་གཞན་མེད་ཀྱང༌། ས་བཅུའི་ཁྱད་པར་དང་སྦྱོར་ཚེ་སྤང་བྱ་སྤངས་པའི་རྗེས་སུ་ཐོབ་པ་སྒྲོ་འདོགས་ཆོད་པའི་ངེས་ཤེས་ཀྱི་རྟོགས་པ་བཅུར་དབྱེར་ཡོད་དེ། དེའང་ས་དང་པོར་ཆོས་ཀྱི་དབྱིངས་ཀྱིས་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་ཤེས་པས་ཆོས་ཉིད་ཀུན་འགྲོའི་དོན་དུ་རྟོགས་ཤིང༌། དེ་བཞིན་དུ་གཉིས་པ་རང་བཞིན་གྱིས་འོད་གསལ་བར་མཐོང་བས་ཆོས་ཉིད་དེ་ཆོས་རྣམས་ཀྱི་ནང་ནས་མཆོག་གི་དོན་དང༌། གསུམ་པར་བསྟན་པའི་ཆོས་རྟོགས་པའི་རྒྱུ་མཐུན་པའི་དོན་དང༌། བཞི་པར་གང་ལའང་བདག་གི་ངར་ཡོངས་སུ་འཛིན་པ་མེད་པའི་དོན་དང༌། ལྔ་པར་རྣམ་པར་དག་པའི་དབྱིངས་སུ་རང་གཞན་གྱི་རྒྱུད་ཐ་དད་པ་མེད་པའི་དོན་དང༌། དྲུག་པར་དྲི་མ་གློ་བུར་བ་ཡིན་པས་ཀུན་ནས་ཉོན་མོངས་པ་དང༌། རང་བཞིན་གྱིས་དག་པས་གསར་དུ་རྣམ་པར་དག་པའང་མ་ཡིན་པའི་དོན་དང༌། བདུན་པར་མདོ་ལ་སོགས་པའི་ཆོས་ཀྱི་མཚན་མ་ཐ་དད་པ་མེད་པའི་དོན་དང༌། བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ཉོན་མོངས་


LT09,P124A
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྲི་བ་དང༌། རྣམ་པར་བྱང་བ་འཕེལ་བ་མེད་པའི་དོན་དང༌། ཡང་ན་ཉོན་ཡིད་གནས་གྱུར་པས་རྣམ་པར་མི་རྟོག་པ་ལ་དབང་བ་དང༌། དབང་ཤེས་གནས་གྱུར་པས་ཞིང་དག་པ་ལ་དབང་བའི་དོན་དང༌། དགུ་པར་ཡིད་ཤེས་གནས་གྱུར་པས་སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་ལ་དབང་བའི་དོན་དང༌། བཅུ་པར་ཇི་ལྟར་བཞེད་པ་བཞིན་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པས་ཕྲིན་ལས་ལ་དབང་བའི་གནས་ཀྱི་དོན་རྣམས་སུ་རྟོགས་པར་མདོ་རྒྱན་དང་དབུས་མཐའ་ལས་གསུངས་སོ། །དེ་དག་གི་སྤང་བྱ་ཉོན་མོངས་ཅན་མིན་པའི་ཤེས་སྒྲིབ་བཅུ་ཡོད་པས་དེ་སྤང་བའི་གཉེན་པོའི་དབང་དུ་བྱས་ཏེ་ས་བཅུ་རྟོགས་པས་ཡེ་ཤེས་བཅུ་ཁོ་ནར་བཞག་པའོ། །རྗེས་ཐོབ་ཀྱི་རྟོགས་པའི་ལྡོག་པ་མི་འདྲ་བ་བཅུ་པོ་དེ་ཡང་མཉམ་གཞག་གི་ངོར་རྟོགས་པ་ཙམ་ལ་ཁྱད་པར་མེད་དེ། ས་དང་པོའི་མཉམ་གཞག་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཀྱང་ཆོས་ཉིད་ཀུན་འགྲོ་ལ་སོགས་པ་ལྡོག་པ་བཅུ་ཀའི་དོན་ཧྲིལ་གྱིས་རྟོགས་ལ། དེ་བཞིན་དུ་གཉིས་པ་ནས་བཅུ་པའི་བར་དུ་འགྲེའོ། །འོན་ཀྱང་རྗེས་ཐོབ་ལ་ངེས་ཤེས་ཐ་དད་དུ་ཤར་བ་སྟེ། ས་དང་པོ་ཆོས་ཉིད་ཀུན་འགྲོའི་དོན་དུ་རྟོགས་པའི་ངེས་ཤེས་ཤར། གཉིས་པར་མཆོག་གི་དོན་དུ་རྟོགས་པའི་ངེས་ཤེས་ཤར་བ་སོགས་འགྲེའོ། །དེ་ལྟར་ངེས་ཤེས་བཅུ་པོ་དེས་ཤེས་སྒྲིབ་སྤོང་བའོ། །དྲུག་པ་ནི། དང་པོར་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ནས། །བཅུ་པར་བརྗོད་དུ་མེད་པའི་རྡུལ་སྙེད་འཐོབ། །ས་བརྒྱད་ནས་བརྩམས་ཚེ་སོགས་དབང་བཅུ་དང༌། བཅུ་པར་འོད་ཟེར་ཆེན་པོའི་དབང་བསྐུར་འཐོབ། །ལས་སྨོན་ཏིང་འཛིན་དབང་འབྱོར་དབང་གིས་སྐྱེ། །སར་གནས་འཁོར་ལོས་སྒྱུར་སོགས་རྣམ་སྨིན་སྐྱེ། །ས་དང་པོར་སྐད་ཅིག་མ་རེ་རེ་ལ་སྐྱེ་བའི་ཕྱིར་ཡོན་


LT09,P124B
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་བརྒྱ་ཕྲག་བཅུ་གཉིས་འཐོབ་ལ། དེའང་མདོ་སྡེ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྟ་མགྲིན་གྱི་ལེའུ་ལས་འབྱུང་བསྡོམ་དུ་བྱས་ཏེ། ཏིང་འཛིན་བརྒྱ་ཐོབ་དེ་ལ་འཇུག་པ་དང༌། །སངས་རྒྱས་བརྒྱ་མཐོང་དེ་ཡི་བྱིན་རླབས་ཤེས། །འཇིག་རྟེན་ཁམས་བརྒྱ་གཡོ་ཞིང་ཞིང་བརྒྱར་འགྲོ། །དེ་བརྒྱ་སྣང་བྱེད་འགྲོ་བརྒྱ་སྨིན་པར་བྱེད། །བསྐལ་པ་བརྒྱར་གནས་སྔོན་དང་ཕྱི་མཐར་འཇུག །ཆོས་སྒོ་བརྒྱ་འབྱེད་ལུས་བརྒྱ་སྟོན་པ་དང༌། །ལུས་རེའང་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་གི །འཁོར་གྱིས་ཀུན་ནས་ཡོངས་སུ་བསྐོར་བར་སྟོན། །ཞེས་པ་ལྟར་ལ། ས་གཉིས་པར་ཡོན་ཏན་དེ་དག་སྟོང་འགྱུར་དང༌། གསུམ་པར་འབུམ་དང༌། བཞི་པར་བྱེ་བ་ཕྲག་བརྒྱ་དང༌། ལྔ་པར་བྱེ་བ་ཕྲག་སྟོང་དང༌། དྲུག་པར་བྱེ་བ་ཕྲག་འབུམ་དང༌། བདུན་པར་བྱེ་བ་ཕྲག་ཁྲག་ཁྲིག་འབུམ་དང༌། བརྒྱད་པར་སྟོང་གསུམ་འབུམ་གྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ་དང༌། དགུ་པ་ལ་སྟོང་གསུམ་གྲངས་མེད་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་དང་མཉམ་པ། བཅུ་པ་ལ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་རྡུལ་ཕྲ་རབ་དང་མཉམ་པ་དང་དེ་བས་ཀྱང་ལྷག་པ་འཐོབ་བོ། །ས་བརྒྱད་པར་དབང་བཅུ་འཐོབ་པར་གསུངས་པའི་བཅུ་ནི། ཆོས་ཡང་དག་པར་སྡུད་པའི་མདོ་ལས། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་བཅུ་གང་ཞེ་ན། ཚེ་ལ་དབང་བ་དང༌། སེམས་དང༌། ཡོ་བྱད་དང༌། ལས་དང༌། སྐྱེ་བ་དང༌། རྫུ་འཕྲུལ་དང༌། མོས་པ་དང༌། སྨོན་ལམ་དང༌། ཡེ་ཤེས་དང༌། ཆོས་ལ་དབང་བ་སྟེ་དེ་དག་ནི་དབང་བཅུའོ། །ཞེས་གསུངས་ཏེ། དེའང་དང་པོ་ནི། བསྐལ་པ་ཇི་ཙམ་འདོད་པར་གནས་པའོ། །གཉིས་པ་ནི། ཏིང་ངེ་འཛིན་དཔག་ཏུ་མེད་པ་སྐད་ཅིག་རེ་རེར་མཉམ་པར་འཇོག་ཅིང་ལྡང་ནུས་པའོ། །གསུམ་པ་ནི། བསམ་པ་ཙམ་གྱིས་འཇིག་རྟེན་དུ་ཟས་


LT09,P125A
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་སྣ་ཚོགས་པས་གང་བར་ནུས་པའོ། །བཞི་པ་ནི། བཟོ་དང་ལས་ཀྱི་གནས་ཐམས་ཅད་ལ་ཇི་ལྟར་འདོད་པ་བཞིན་སྤྱོད་པའོ། །ལྔ་པ་ནི། ལྷ་དང་མི་ལ་སོགས་པ་གང་འདོད་དུ་སྐྱེ་བའོ། །དྲུག་པ་ནི། ས་གཞི་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་སུ་བསྒྱུར་བ་ལ་སོགས་པ་དངོས་པོ་ཐམས་ཅད་ཇི་ལྟར་འདོད་པར་བསྒྱུར་བ་སེམས་ཅན་གྱིས་མཐོང་ནས་སྤྱད་དུ་རུང་བའོ། །བདུན་པ་ནི། འཇིག་རྟེན་ཐམས་ཅད་སངས་རྒྱས་ཀྱིས་གང་བ་ལ་སོགས་པ་ཇི་ལྟར་སྨོན་པ་ལྟར་འགྲུབ་པའོ། །བརྒྱད་པ་ནི། ཞིང་ཁམས་དཔག་ཏུ་མེད་པ་སྐྲ་རྩེ་གཅིག་གི་ནམ་མཁར་འཛིན་པ་ལ་སོགས་པ་ཇི་ལྟར་འདོད་པ་ལྟར་སྤྲུལ་ནུས་པའོ། །དགུ་པ་ནི། ཤེས་བྱ་གང་ཤེས་པར་འདོད་པ་དེ་ཤེས་པའོ། །བཅུ་པ་ནི། ཆོས་ཐམས་ཅད་ཀྱི་མིང་རྣམ་པར་གཞག་པ་ལ་མཁས་པའོ། །སྤྱིར་དབང་བཅུ་ཐོབ་པ་ཙམ་ནི་མ་དག་ས་བདུན་ནས་ཡོད་ལ། དབང་བཅུ་ཕུལ་བྱུང་ནི་དག་པ་ས་གསུམ་ན་ཡོད་ལ། དབང་བཅུ་ཤིན་ཏུ་རྣམ་དག་ནི་སངས་རྒྱས་ཀྱི་ས་ན་ཡོད་པའོ། །དེའང་ས་བརྒྱད་པར་དབང་བཅུ་ཐོག་མར་ཐོབ་པ་མདོ་ལས་འབྱུང་བ་ལྟར་ཡིན་ལ། སྐྱེ་བ་གཅིག་གིས་ཐོགས་པའི་ས་བཅུ་པ་ཐོབ་ནས་དབང་བཅུའི་ནུས་པ་མཐར་ཕྱིན་ཏེ་ཡོངས་སུ་རྫོགས་པར་ཐོབ་པས་དུས་འཁོར་མཆོག་མི་འགྱུར་གྱི་མདོར་བསྡུས་སུ་ས་བཅུ་པ་ལ་ཐོབ་པར་གསུངས་པ་དེ་ལ་དགོངས་པའོ། །ས་བཅུ་པར་དབང་བསྐུར་བ་ཁྱད་པར་ཅན་ཡང་ཐོབ་སྟེ། མདོ་རྒྱན་ལས། སངས་རྒྱས་ཀུན་གྱིས་འོད་ཟེར་ཆེན་པོའི་དབང་བསྐུར་བྱིན། །དེ་ནི་ཆོས་ལ་དབང་བ་ཀུན་དང་ཡང་དག་ལྡན། །སངས་རྒྱས་འཁོར་གྱི་དཀྱིལ་འཁོར་སྟོན་པའི་རྣམ་པ་ཤེས། །བསླབ་པ་བཅའ་བས་ཚར་བཅད་ཕན་འདོགས་བྱེད་ལ་བརྩོན། །ཅེས་སོ། །གཞན་ཡང་མདོ་སྡེ་རྣམས་ལས་ས་སོ་སོའི་ཡོན་ཏན་མཐའ་ཡས་པར་


LT09,P125B
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས་ཕྱོགས་རེ་རེར་ངེས་པའི་རྣམ་པར་གཞག་ཏུ་མེད་དོ། །ས་ལ་གནས་པས་སྐྱེ་བ་ཇི་ལྟར་འཛིན་ན། སྤྱིར་བྱང་ཆུབ་སེམས་དཔའ་ལ་དབང་གིས་སྐྱེ་བ་དང༌། རྣམ་སྨིན་གྱིས་སྐྱེ་བ་གཉིས་ལས། དབང་གིས་སྐྱེ་བ་ལ་བཞི། ལས་ཀྱིས་སྐྱེ་བ། སྨོན་ལམ་གྱིས་སྐྱེ་བ། ཏིང་ངེ་འཛིན་གྱིས་སྐྱེ་བ། དབང་འབྱོར་བའི་སྐྱེ་བའོ། །དང་པོ་ནི། མོས་སྤྱོད་ལ་གནས་པའི་བྱང་སེམས་རྣམས་སོ། །གཉིས་པ་ནི། སར་གནས་ཀྱི་བྱང་སེམས་གཞན་དོན་དུ་དུད་འགྲོ་སོགས་སུ་སྐྱེ་བ་ལེན་པ་རྣམས་སོ། །གསུམ་པ་ནི། གཟུགས་ཁམས་ན་གནས་པའི་བྱང་ཆུབ་སེམས་དཔའ་ཏིང་འཛིན་ལས་མ་གཡོས་བཞིན་དུ་འདོད་ཁམས་སུ་སྐྱེ་བ་ལེན་པ་རྣམས་སོ། །བཞི་པ་ནི། བྱང་ཆུབ་སེམས་དཔའ་གཞན་དོན་དུ་སྤྲུལ་པའི་ཚུལ་གྱིས་སྐྱེ་བ་ལེན་པ་རྣམས་སོ། །རྣམ་སྨིན་གྱིས་སྐྱེ་བ་ནི། ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཕལ་ཆེར་ཛམྦུའི་གླིང་ལ་དབང་སྒྱུར་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ་ཞིང༌། དེ་བཞིན་དུ་གཉིས་པ་དེ་གླིང་བཞི་ལ་དབང་བའི་འཁོར་སྒྱུར། གསུམ་པ་དེ་སུམ་ཅུ་རྩ་གསུམ་ལ་དབང་བའི་བརྒྱ་བྱིན། བཞི་པ་དེ་རབ་འཐབ་བྲལ་གྱི་ལྷའི་དབང་པོ། །ལྔ་པ་དེ་དགའ་ལྡན་གྱི་ལྷའི་དབང་པོ། དྲུག་པ་དེ་རབ་འཕྲུལ་དགའི་ལྷའི་དབང་པོ། བདུན་པ་དེ་དབང་སྒྱུར་གྱི་ལྷའི་དབང་པོ། བརྒྱད་པ་དེ་སྟོང་སྤྱི་ཕུད་ཀྱི་བདག་པོ་ཚངས་པ། དགུ་པ་དེ་སྟེང་གཉིས་བར་མའི་འཇིག་རྟེན་གྱི་ལྷའི་དབང་པོ། ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་གནས་གཙང་མའི་དབང་པོ་དབང་ཕྱུག་ཆེན་པོ་རྣམས་སུ་སྐྱེ་བ་འཛིན་པར་བཤད་དོ། །རྩ་བའི་དྲུག་པས་བཅུར་གྲངས་ངེས་པའི་རྒྱུ་མཚན་ནི། མཉམ་གཞག་མཚུངས་ཀྱང་རྗེས་ཐོབ་ངེས་ཤེས་དང༌། །ཡོངས་སྦྱོང་ཁྱད་ལས་ས་བཅུར་གྲངས་ངེས་སོ། །སྤྱིར་ས་བཅུ་པོ་དེ་ལ་མཉམ་


LT09,P126A
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་ཏུ་དམིགས་པ་མེད་པའི་སྙིང་རྗེ་དང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པ་ལ་ཁྱད་པར་མེད་ཀྱང༌། རྗེས་ཐོབ་ཏུ་ཆོས་ཀྱི་དབྱིངས་ཀྱི་ལྡོག་པ་མི་འདྲ་བ་བཅུ་ཡོད་པ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་དང་ཡོངས་སུ་སྦྱོང་བའི་ཁྱད་པར་གྱིས་ས་བཅུར་ཕྱེ་ཞིང་དེ་དག་ཏུ་གྲངས་ངེས་པའོ། །ས་ལམ་གྱི་རྣམ་པར་གཞག་པའི་སྐབས་འདིར་དཔྱད་པར་བྱ་བ་ཉན་རང་ཐེག་ཆེན་གྱི་ས་ལམ་དུ་གནས་སྐབས་གར་ཙམ་ནས་འཇུག་ཅེ་ན། དོན་འདི་མདོ་རྒྱུད་ཕལ་ཆེར་ལས་གསལ་བར་བཤད་པ་མི་སྣང་ཡང༌། རྣམ་སྣང་མངོན་བྱང་ལས། མོས་པས་སྤྱོད་པ་ཡི་ནི་ས། །སེམས་གསུམ་རྣམ་པར་བསྒོམ་བྱས་ནས། །ཕ་རོལ་ཕྱིན་པ་དྲུག་རྣམས་དང༌། །བསྡུ་བའི་དངོས་པོ་བཞི་དག་གིས། །མོས་པའི་ས་ནི་མཚུངས་པ་མེད། །ཅེས་མོས་སྤྱོད་ཀྱི་སར་འཇུག་གནས་ལྡང་བའི་སེམས་གསུམ་སྒོམ་པ་ལས་ལྡང་བའི་སེམས་སྙིང་རྗེ་ཆེན་པོས་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི་ལ་སྤྱོད་པར་བཤད་པ་སྟེ། མོས་སྤྱོད་ནས་ཐེག་ཆེན་གྱི་ལམ་དུ་འཇུག་པར་གསུངས་པ་འདི་ཉིད་ངེས་པའི་དོན་དུ་བཟུང་བར་བྱའོ། །རྒྱུ་མཚན་ཉིད་ཐེག་པའི་ས་ལམ་རྣམ་པར་གཞག་པ་སྐབས་དང་པོའི་འགྲེལ་བའོ།། །།

༢ འབྲས་བུ་རྡོ་རྗེ་ཐེག་པའི་ས་ལམ་རྣམ་པར་གཞག་པའི་སྐབས།

སྐབས་གཉིས་པ་འབྲས་བུ་རྡོ་རྗེ་ཐེག་པའི་ས་ལམ་རྣམ་པར་གཞག་པ་ལ་གསུམ། བསྒོམ་བྱ་བྱང་ཕྱོགས་དང་སྦྱོར་ཚུལ། རྒྱུད་དང་གྲུབ་པའི་ཞལ་ལུང་ཁྱད་པར་བ། གངས་ལྗོངས་གྲུབ་མཐའ་ཡོངས་གྲགས་སྔ་མའི་བཞེད་སྲོལ་ལོ། །དང་པོ་ནི། སྔགས་སུ་ཐུན་མོང་ཉམས་ལེན་མདོ་དང་མཚུངས། །ཐུན་མིན་བདེ་བ་ཆེན་པོས་བརྒྱན་པའོ། །གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་སུ། བསྐྱེད་རིམ་ལ་གཙོ་བོར་གཞག་པའི་ས་ལམ་དང༌། རྫོགས་རིམ་ལ་གཙོ་བོར་གཞག་པའི་ས་ལམ་གཉིས་ལས། ཕྱི་མ་མ་བརྟེན་པར་


LT09,P126B
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མས་ས་ལམ་མཐའ་དག་རྫོགས་པར་བྱེད་མི་ནུས་ལ། ཕྱི་མའི་ལུགས་བཤད་ན་སྔ་མ་ཞར་ལ་འདུ་བས་དེ་ལྟར་ན། ཚོགས་ལམ་ཆུང་ངུར་དྲན་པ་ཉེར་གཞག་སོགས་ཐུན་མོང་བྱང་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཉམས་ལེན་དང་སྦྱར་བའི་ལམ་གྱི་རིམ་པ་ཐེག་ཆེན་གྱི་མདོ་སྡེ་དང་མཚུངས་པ་ཡིན་ལ། ཐུན་མོང་མ་ཡིན་པ་ནི་སྔགས་ཀྱི་ལུགས་ལ་ཐམས་ཅད་ཀྱང་བདེ་བ་ཆེན་པོས་བརྒྱན་པ་ཞིག་དགོས་པར་གསུངས་ཏེ། ཕྱོགས་ཙམ་མཚོན་ན། ཚོགས་ལམ་ཆུང་ངུར་ལུས་ཚོར་སེམས་ཆོས་ཀྱི་དྲན་པ་ཉེར་གཞག་ཕར་ཕྱིན་ལུགས་བཞི་ལ་ཁྱད་པར་བསྣན་ནས་བསྒོམ་པ་སྟེ། དང་པོ་ནི། ལུས་ཀྱི་རང་བཞིན་ནི་བདེ་བ་སྟེ། དེ་གཉིས་ཀྱང་ངོ་བོ་སྟོང་པའོ། །ཞེས་ཤེས་རབ་དེ་ལྷའི་རྣལ་འབྱོར་ལ་དམིགས་པའི་ཚུལ་གྱིས་དྲན་པ་ལ་སེམས་འཇོག་པའོ། །ལྷག་མ་རྣམས་ཀྱང་འདི་ཉིད་ཀྱིས་རིགས་འགྲེའོ། །གཉིས་པ་ནི། འཁྲུལ་ངོར་སྡུག་བསྔལ་དུ་སྣང་བའི་ཚོར་བའི་རང་བཞིན་སེམས་ཀྱི་གསལ་བྱེད་དེའི་ངོ་བོ་བདེ་ཆེན་ཡིན་ནོ་ཞེས་ཏིང་ངེ་འཛིན་གྱི་བདེ་བ་ཙམ་པོ་འདིའམ། ཞུ་བདེ་འདྲེན་པའི་ཐབས་ལ་དམིགས་པ་དང༌། གསུམ་པ་ནི། དབང་ཤེས་ཐམས་ཅད་ངོ་བོ་སྟོང་པ་ཉིད་དུ་མཚུངས་ཀྱང་འདིའི་རང་བཞིན་རྣམ་པར་མི་རྟོག་པའི་ཡེ་ཤེས་བདེ་བ་ཆེན་པོའི་རྒྱུ་ཡིན་ནོ། །ཞེས་ཤེས་པ་དང༌། བཞི་པ་ནི། ལུས་སྣང་སེམས་བྱུང་ཐམས་ཅད་ངོ་བོ་སྟོང་པ་དང༌། འདི་རྣམས་མི་ཤེས་པ་རྣམས་ལ་འཁྲུལ་པའི་རྒྱུ་བྱེད་ཀྱང༌། བདེ་བ་ཆེན་པོའི་རང་བཞིན་ནོ། །ཞེས་ཤེས་ནས། དེ་རྣམས་ལ་བདེ་སྟོང་གི་རྒྱས་འདེབས་པའོ། །སྐབས་འདིར་འཁོར་ལོ་བདེ་མཆོག་ལ་མཁས་པའི་བླ་མ་གོང་མ་རྣམས་རྒྱས་འདེབས་པའི་བདེ་བ་དེའང་བཅུ་དྲུག་སྟེ། བསྐྱེད་རིམ་གྱི་དགའ་བཞི། རྫོགས་རིམ་གྱི་དགའ་བཞི། ལམ་གྱི་དགའ་བཞི། འབྲས་བུའི་


LT09,P127A
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བཞི་སྟེ། བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་པའི་མན་ངག་གི་བཤད་པ་ཡིན་གསུངས་ཏེ། །དེ་ལ་བཞི་ཚན་དང་པོ་ནི། ལྷ་ཡབ་ཡུམ་ཞལ་སྦྱོར་བསྒོམ་པ་དགའ་བ། དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སྙོམས་འཇུག་བྱེད་པ་མཆོག་དགའ། དེས་རྣམ་རྟོག་ཕྲ་བ་ཙམ་དུ་འགྱུར་ཏེ་དམིགས་པས་སྤྲོ་བསྡུ་བྱེད་པ་ནི་དགའ་བྲལ། སྟོང་པས་རྒྱས་ཐེབས་པ་ལྷན་སྐྱེས། གཉིས་པ་ནི། འཁོར་ལོ་བཞི་ལ་ལྟོས་པ་སོགས་གྲགས་ཆེ་བ་བཞིན་ཏེ། ཕྱིའི་བདེ་བའི་མཚན་ཉིད་ཅན་དགའ་བ། ནང་གི་བདེ་བའི་ནི་མཆོག་དགའ། བདེ་བ་ལ་སེམས་ཟིན་པ་ནི་དགའ་བྲལ། སྟོང་པས་རྒྱས་ཐེབས་པའི་མཚན་ཉིད་ནི་ལྷན་སྐྱེས་ཞེས་བཤད་དེ། ལེགས་བཤད་ཆེན་པོའོ། །དེས་ན་ཚོགས་ལམ་ཆུང་ངུའི་དྲན་པ་ཉེར་གཞག་གི་སྐབས་སུ་བདེ་བ་དངོས་སུ་བསྒོམ་རྒྱུ་བརྒྱད་པོ་དེ་ཡིན་ལ། ལྷག་མ་བརྒྱད་ནི་འདུན་པའི་ཡུལ་དུ་བྱེད་དོ། །དེ་རྣམས་ཀྱི་གྲུབ་དོན་གོ་བདེ་བར་བརྗོད་ན་ལུས་སོགས་བཞི་པོ་ཀུན་རྫོབ་ཏུ་མི་གཙང་སོགས་བཞིར་སྣང་ཞིང༌། དོན་དམ་དུ་ཅིའང་མ་གྲུབ་པོ་ཞེས་བསྒོམ་པ་ནི་མདོ་ལུགས་ཀྱི་དྲན་པ་ཉེར་གཞག་བཞི་སྟེ། ངོ་བོ་བདག་མེད་གཉིས་བསྒོམ་པར་འདུས་སོ། །ལུས་ལྷ་སྐུར་བསྒོམ་པ་ལ་བདེ་སྟོང་གི་རྒྱས་འདེབས་པ་དང༌། ཚོར་བ་དང་རྣམ་ཤེས་དང་སེམས་བྱུང་ཡུལ་སྣང་ཐམས་ཅད་ལ་ཡང་བདེ་སྟོང་གི་རྒྱས་འདེབས་པ་སྟེ་གསང་སྔགས་བླ་མེད་ཀྱི་ལམ་གྱི་དྲན་པ་ཉེར་གཞག་བཞིའོ། །འབྲིང་པོར་ཡང་དག་པར་སྤོང་བ་བཞི། ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི། སྦྱོར་ལམ་དྲོད་རྩེ་གཉིས་སུ་དབང་པོ་ལྔ། བཟོད་ཆོས་གཉིས་སུ་སྟོབས་ལྔ་རྣམས་སྒོམ་ཚུལ་ཐུན་མོང་དང་ཕལ་ཆེར་མཚུངས་ལ་ཡུལ་སྟོང་ཉིད་ལ་རྣམ་པ་བདེ་བ་ཆེན་པོས་ཁྱད་པར་དུ་བྱས་པ་འབའ་ཞིག་པའོ། །ཏིང་ངེ་འཛིན་གྱི་དབང་པོ་དང་


LT09,P127B
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཡིན་ལ། ཤེས་རབ་ནི་དེ་ལ་དམིགས་པའི་སྟོང་ཉིད་ཀྱི་ཡེ་ཤེས། དེ་གཉིས་ཀའི་དམིགས་ཡུལ་ནི་སྣང་སྟོང་གཉིས་སུ་མེད་པའི་ལྷ་སྐུ་དྲན་པ་སྟེ་འདི་ཡན་ཆད་དུ་ངེས་པར་བཅོས་མིན་གྱི་ཚུལ་འབའ་ཞིག་ཡིན་ནོ། །འདིའི་བདེ་བ་ནི་ལམ་དུས་ཀྱི་དགའ་བཞི་སྟེ། ཕྱི་རོལ་ཡུལ་དུ་འཛིན་པ་རགས་པ་ནུབ་པའི་བདེ་བ་ནི་དགའ་བ། ནང་གི་ཡུལ་ལ་ཞེན་པ་རགས་པ་ནུབ་པའི་བདེ་བ་ནི་མཆོག་དགའ་དང༌། སེམས་སེམས་བྱུང་རྣམས་འཛིན་པ་རགས་པ་ནུབ་པའི་བདེ་བ་ནི་ཁྱད་པར་གྱི་དགའ་བ་སྟེ། དབང་པོ་ལྔའི་སྐབས་ཀྱི་བདེ་བའི་ཏིང་ངེ་འཛིན་ཡིན་ལ། དགའ་བ་གསུམ་པོ་འདིའི་རྟོགས་པའང་རིམ་གྱིས་སྐྱེ་བ་ཡིན་ནོ། །གཟུང་འཛིན་གྱི་རྟོག་པ་རགས་པ་ཐམས་ཅད་ཅིག་ཅར་ནུབ་པས་རང་བཞིན་བརྒྱད་ཅུའི་རྟོག་པ་མངོན་གྱུར་ནུབ་པ་ནི་བདེ་ཆེན་གྱི་ལྷན་སྐྱེས་ཏེ་སྟོབས་ལྔའི་ནང་གི་ཏིང་ངེ་འཛིན་ནོ། །མཐོང་ལམ་དུ་བྱང་ཆུབ་ཡན་ལག་བདུན་ཆར་བདེ་སྟོང་གི་ངོ་བོ་དང༌། ཁྱད་པར་ཤིན་སྦྱངས་རྩ་རླུང་ཐིག་ལེའི་ནུས་པ་ཐམས་ཅད་དབུ་མར་ཐིམ་ཞིང༌། གནས་ཀྱིས་བསྡུས་པའི་རྩ་ཁམས་དྭངས་མ་གནས་འགྱུར་བའི་བདེ་བའོ། །ཏིང་ངེ་འཛིན་ནི་འབྲས་དུས་ཀྱི་དགའ་བཞི་སྟེ། རང་བཞིན་བརྒྱད་ཅུའི་རྣམ་རྟོག་གི་ས་བོན་བཅོམ་པའི་བདེ་བའི་ཏིང་ངེ་འཛིན་ནོ། །ཤེས་རབ་ནི་སྟོང་གཞིའི་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་བས་བདེ་བ་དེ་དང་ངོ་བོ་གཅིག་ཏུ་གྱུར་པ། སྣང་བ་རྣམ་བཅས་རྣམ་མེད་གང་རུང་འཆར་བའོ། །སྒོམ་ལམ་དུ་འཕགས་ལམ་ཡན་ལག་བརྒྱད་ལས་ཡང་དག་པའི་ལྟ་བ་ནི་རྣམ་པ་ཀུན་ལྡན་གྱི་སྟོང་ཉིད། ཏིང་ངེ་འཛིན་ནི་ཡུལ་ལྷག་མ་རྣམས་ཀྱི་རྩ་ཁམས་བདེ་བར་གནས་འགྱུར་བའི་བདེ་བ་དང་སྟོང་ཉིད་ཟུང་འཇུག་གི་སྐུ། རྩོལ་བ། འཚོ་བ། ལས་མཐའ་གསུམ་ནི་གཙོ་བོར་སྤྱོད་


LT09,P128A
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་གྱི་ངོ་བོར་གྱུར་པའོ། །དྲན་པ་ནི་སྣང་བ་གསུམ་དབྱིངས་སུ་ཐིམ་པའི་ལས་ཅན་གྱི་དྲན་པའོ། །རྟོགས་པ་དང་ངག་ནི་འདྲའོ། །འདི་དག་ནི་འཕགས་ཡུལ་མཁས་གྲུབ་རྣམས་ཀྱི་དགོངས་པ་བུ་རང་ལོ་ཆུང་དང་མལ་གྱོ་སོགས་སྡོམ་པའི་སྲོལ་འབྱེད་ཆེས་ཆེ་བ་རྣམས་ཀྱི་བཞེད་པ་ཡིན་པའི་ཕྱིར་སམྦཱུ་ཊི་ལས་ཐུན་མོང་བ་ཙམ་ལས་མ་བསྟན་པས་རང་བཟོར་དོགས་པར་མི་བྱའོ། །ཤིན་ཏུ་ཐུན་མོང་མ་ཡིན་པའི་བྱང་ཕྱོགས་སོ་བདུན་ནི་རྩ་དང་རླུང་དང་ཐིག་ལེ་སུམ་ཅུ་རྩ་བདུན་དབུ་མར་དག་པ་ལས་བྱུང་བའི་ཡེ་ཤེས་ཏེ་འབྲས་བུའི་དུས་ན་མངོན་དུ་འགྱུར་བའོ། །གཉིས་པ་ལ་གཉིས། བླ་མེད་རྒྱུད་སྡེ་སྤྱིའི་དགོངས་པ། དུས་ཀྱི་འཁོར་ལོའི་བཞེད་སྲོལ་དམིགས་སུ་སྨོས་པའོ། །དང་པོ་ལ་ལྔ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་པའི་ལམ་མོ། །དང་པོ་ནི། ཁྱད་པར་བསྐྱེད་རྫོགས་བསྒོམས་པས་ཡེ་ཤེས་ཕེབ། །ཚོགས་ལམ་ཆུང་ངུ་མཉམ་གཞག་རིམ་གཉིས་དང༌། །རྗེས་ཐོབ་རྒྱུད་ཀྱི་སྦྱོར་བས་དོན་བྱེད་ཅིང༌། །སྒོམ་པ་རྨི་ལམ་ན་ཡང་མི་ཉམས་འབྲིང༌། །ཡེ་ཤེས་དབང་བའི་རྟོགས་པས་ཆེན་པོར་སླེབ། །དྲན་པ་ཉེ་བར་གཞག་པ་བཞིས་བསྐྱེད་རྫོགས་གཉིས་འབད་ནས་བསྒོམས་པས་དཀྱིལ་འཁོར་རགས་པ་ལ་གསལ་སྣང་ཅུང་ཟད་ཐོབ་ཅིང༌། ཐེག་པ་གཞན་གྱིས་རྫི་བར་མི་ནུས་པར་ཡེ་ཤེས་ཕེབ་པའི་རྟོགས་པ་སྐྱེས་པའི་ཚེ་ཚོགས་ལམ་ཆུང་ངུར་སླེབ། དེ་ནས་མཉམ་གཞག་ཏུ་རིམ་གཉིས་དང༌། རྗེས་ཐོབ་ཏུ་རྒྱུད་ཀྱི་སྦྱོར་བས་སེམས་ཅན་གྱི་དོན་བྱེད་ཅིང༌། ཡང་དག་པར་སྤོང་བ་བཞི་བསྒོམས་པས་རྗེས་སྤྱོད་དང་གཉིད་དང་རྨི་ལམ་ནའང་རིམ་གཉིས་ཀྱི་སྒོམ་སྐྱོང་བ་རྒྱུན་གཏན་དུ་འབྱུང་ཞིང་ཕྲ་བ་ལ་གསལ་སྣང་ཅུང་ཟད་མཆེད་པ་ན་ཚོགས་


LT09,P128B
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་འབྲིང་པོར་སླེབ། དེ་ནས་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བརྟེན་ཏེ་ལྷ་སྐུ་དང་བདེ་སྟོང་གི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་འབད་པས་གསལ་སྣང་རྒྱ་ཆེར་མཆེད་ཅིང་ཡི་དམ་གྱི་ལྷ་ཞལ་ལྟ་བར་ནུས་པ་དང༌། ལས་ཚོགས་ཐུག་མེད་དུ་འགྲུབ་པ་དང༌། ཐུན་མོང་གི་དངོས་གྲུབ་ཆེན་པོ་རྣམས་འགྲུབ་ཏུ་རུང་བས་ཡེ་ཤེས་ལ་དབང་བའི་རྟོགས་པ་སྐྱེ་བའི་ཚེ་ཚོགས་ལམ་ཆེན་པོར་སླེབ་པ་ཡིན་ནོ། །དེ་ནས་རིམ་གཉིས་ཁོ་ན་ལ་འབད་པས། བདེ་སྟོང་གིས་དྲངས་པའི་མངོན་ཤེས་ལྔ་རིམ་གྱིས་འབྱུང་ཞིང༌། ཐུན་མོང་གི་དངོས་གྲུབ་འཕྲལ་དོན་དུ་གཉེར་ན། འདིའི་དྲོད་ཐོབ་ནས་སྤྱོད་པ་སྤྱད་པས། མངོན་ཤེས་ལྔ་དང༌། དངོས་གྲུབ་བརྒྱད་ལ་སོགས་པ་རྫས་ཀྱི་རིག་འཛིན་དང༌། འདོད་ཁམས་དང་གཟུགས་ཁམས་ཀྱི་རིག་འཛིན་ལྟ་བུ་ལུས་ཀྱི་རིག་པ་འཛིན་པ་རྣམས་སྒྲུབ་པར་བྱེད་པ་ཐུན་མོང་གི་དངོས་གྲུབ་ལ་འདུན་པའི་སྤྱོད་པ་དེས་འཕྲལ་དུ་མཆོག་གི་དངོས་གྲུབ་ཐོབ་པ་ལ་གེགས་སུ་འགྲོ་བས། ད་ལྟར་གྱི་མིའི་ཚེ་ཚད་ཙམ་ལ་ནི་མཆོག་གི་དངོས་གྲུབ་མི་ཐོབ་ཀྱང་ཚེ་ལ་དབང་བ་ཐོབ་པ་ཡིན་པས་རིམ་གྱིས་ལུས་རྟེན་དེ་ཉིད་ལ་འཚང་རྒྱ་བ་ནི་ཡིན་ནོ། །གཉིས་པ་ལ་གསུམ། དྲོད། རྩེ་མོ། བཟོད་ཆོས་སོ། །དང་པོ་ནི། རྫོགས་རིམ་ལ་འབད་སྣང་གསུམ་རྟོགས་པ་ཡིས། །སྦྱོར་ལམ་དྲོད་ཐོབ། །ཅེས་པ་སྟེ། མཆོག་གི་དངོས་གྲུབ་མྱུར་ཏུ་ཐོབ་པར་འདོད་པ་རྣམས་ཀྱིས་རྫུ་འཕྲུལ་གྱི་རྐང་པ་བཞི་ཐོབ་ནས་རེ་ཞིག་ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་སྤྱོད་པ་མི་སྤྱད་པར། བསྐྱེད་རིམ་ཅི་རིགས་པ་སྒོམ་ཡང་རུང༌། མ་སྒོམ་ཡང་རུང་སྟེ་རྫོགས་རིམ་ཉིད་ལ་འབད་པས་རྩ་ཨ་བ་དྷཱུ་ཏིར་རླུང་སེམས་ཐིམ་པའི་རྐྱེན་གྱིས་ཞུ་བདེའི་རང་བཞིན་ཅན་གྱི་བདེ་སྟོང་གི་ཡེ་ཤེས་ཆུང་འབྲིང་ཆེ་གསུམ་མམ་སྣང་བ་གསུམ་མམ་ལམ་དུས་ཀྱི་དགའ་བ་དང་པོ་གསུམ་གྱི་རྟོགས་པ་སྐྱེ་བའི་ཚེ།


LT09,P129A
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ལམ་དྲོད་ཆུང་འབྲིང་ཆེ་གསུམ་གྱི་རྟོགས་པ་སྐྱེས་པར་འཇོག་དེ་ཙམ་ལ་ལས་རྒྱ་བསྟེན་དགོས་པའི་ངེས་པ་མེད་མོད། ལམ་དུས་ཀྱི་ཉེར་ཐོབ་ཆེན་པོའམ་ཁྱད་དགའི་ནང་ཚན་སེམས་དབེན་མཐར་ཐུག་གི་འོད་གསལ་ལམ། དཔེའི་འོད་གསལ་མཐར་ཐུག་སྐད་ཅིག་མ་སྦྱོར་ལམ་དྲོད་ཆེན་པོའི་ཕྱི་མཐའ། ཁམས་ཐིམ་རིམ་གྱི་ཉམས་རྣམས་འཆི་བ་འོད་གསལ་ཇི་ལྟ་བ་བཞིན་དུ་འབྱུང་བ་དེ་ཐོབ་པ་ལ་ནི་སྤྱོད་པ་སྤྱད་པའམ་མིན་ནའང་ཕྱག་རྒྱ་བསྟེན་དགོས་ཤིང༌། དྲོད་ཆུང་ངུའི་རྟོགས་པ་ནི་རྫོགས་རིམ་གྱི་དྲོད་དེ་འདི་མ་སྐྱེས་གོང་དུ་རྫོགས་རིམ་གྱི་སྤྱོད་པ་སྤྱད་དུ་མི་རུང་སྟེ། ཡེ་ཤེས་ཀྱི་སྐུ་འགྲུབ་པ་ཅུང་ཟད་འགྱང་འགྲོ་བའི་ཕྱིར་རོ། །གཉིས་པ་ལ་གཉིས། རྩེ་མོའི་ལམ་སྤྱི་དང༌། ནང་གསེས་པའི་དབྱེ་བའོ། །དང་པོ་ནི། ལས་རྒྱས་ཉེར་ཐོབ་ཆེ། །དཔེ་ཡི་འོད་གསལ་མཐར་ཐུག་རྒྱུན་ཐོག་ལས། །ལངས་པས་རླུང་སེམས་སྐུ་འགྲུབ་རྩེ་མོ་སྟེ། །རང་བཞིན་བརྒྱད་རྟོགས་མངོན་གྱུར་སྤངས་ཀྱི་བར། །དྲོད་ཆེན་པོ་ཐོབ་ནས་ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་འབད་པས་ཉེར་ཐོབ་ཆེན་པོ་དཔེའི་འོད་གསལ་མཐར་ཐུག་དེའི་རྒྱུན་ཐོག་དེ་ལས་ལངས་མ་ཐག་ཏུ་རླུང་སེམས་ཙམ་གྱི་སྐུ་འགྲུབ་སྟེ། འདི་ཐོབ་ནས་སྦྱོར་ལམ་རྩེ་མོར་འཇོག་པ་ཡིན་ནོ། །དེ་ནས་ལས་རྒྱའི་རྣལ་འབྱོར་ལ་བརྟེན་པས། མ་དག་པའི་ལུས་འདི་དྭངས་མར་གནས་འགྱུར་ཏེ། རླུང་སེམས་ཙམ་གྱི་སྐུ་དེ་ལ་ཐིམ་པ་ན། འཇའ་ལུས་རྡོ་རྗེའི་སྐུའམ་རིག་པ་འཛིན་པ་ཞེས་བྱ་སྟེ། འདི་ནི་ཁམས་གསུམ་གང་གི་ལུས་སུ་ཡང་མི་གཏོགས་ལ། འོན་ཀྱང་བདེན་པ་མ་མཐོང་བས་འཇིག་རྟེན་ལས་འདས་པའི་རིག་པ་འཛིན་པར་ནི་མི་འཇོག་གོ །རླུང་སེམས་ཙམ་གྱི་སྐུ་གྲུབ་ཀྱང་རགས་པའི་ལུས་གནས་མ་འགྱུར་ན་རིག་པ་འཛིན་པའི་སྐུར་


LT09,P129B
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཇོག་ཅིང༌། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཞེས་བྱ་བ་ཟུང་འཇུག་གྲུབ་ནས་ནི། རགས་པའི་ལུས་གནས་མི་འགྱུར་མི་སྲིད་པས། ཟུང་འཇུག་གི་སྐུ་རྣམ་པ་ཐམས་ཅད་པ་འཇིག་རྟེན་ལས་འདས་པའི་རིག་འཛིན་ནོ། །གང་ལྟར་རླུང་སེམས་ཙམ་གྱི་སྐུ་འགྲུབ་ནས་རང་བཞིན་བརྒྱད་ཅུའི་རྣམ་རྟོག་མངོན་གྱུར་མ་སྤངས་ཀྱི་བར་དུ་སྦྱོར་ལམ་རྩེ་མོ་ཡིན་ལ་དཀྱིལ་འཁོར་རྒྱུན་མི་འཆད་པར་སྣང་བའོ། །གཉིས་པ་ནི། ཉེར་བཞིའི་ཡུལ་སྤྱོད་རྡོ་རྗེའི་ཕོ་ཉ་མོར། །འདུ་བ་ཐོབ་པས་པུ་ཛཱ་ཨོ་ཨའི་ཁམས། །དབུ་མར་འགགས་པས་སྦྱོར་ལམ་ས་དང་པོ། །རླུང་སེམས་ཙམ་གྱི་སྐུ་གྲུབ་ནས་ཕྱི་རོལ་ཏུ་ཉི་ཤུ་རྩ་བཞིའི་ཡུལ་ཆེན་རྣམས་སྤྱོད་ཅིང་དེ་དག་ཏུ་གནས་པའི་རྡོ་རྗེའི་ཕོ་ཉ་མོ་རྣམས་དང་འདུ་བ་ཁྱད་པར་ཅན་ཐོབ་པས་ནང་དུ་ཁམས་དང༌། རླུང་རྣམས་དབུ་མར་འགགས་པས་རིམ་བཞིན་སྦྱོར་ལམ་ཉིད་ལས་ཕྱེ་བའི་ས་བཅུ་བགྲོད་པར་འགྱུར་ཏེ། དེའང་མགོ་བོར་པུལླི་ར་མ་ལ་ཡ། སྤྱི་གཙུག་ཛཱ་ལནྡྷ་ར། རྣ་བ་གཡས་པ་ཨཽཾ་ཌཱི་ཡ་ན། ལྟག་པར་ཨཱརྦུ་ཏ་སྟེ་གནས་བཞིའི་རྩ་རླུང་ཐིག་ལེའི་ནུས་པ་ཕྲ་མོ་རྣམས་དབུ་མར་ཐིམ་ཞིང་འགགས་པ་ལས་སྦྱོར་ལམ་ས་དང་པོའི་རྟོགས་པ་སྐྱེའོ། །དེ་བཞིན་ཉེར་གནས་གོ་ར་དེ་མ་སྟེ། །ཀཱ་ཨོ་ཏྲི་ཀོ་ཀ་ལཾ་ཀ་ཧི་དང༌། །པྲེ་གྲྀ་སོ་སུ་ན་སི་མ་ཀུ་རྣམས། །ཞིང་དང་ཉེ་ཞིང་ཚནྡྷོ་ཉེ་ཚནྡྷོ། །འདུ་དང་ཉེ་འདུ་དུར་ཁྲོད་ཉེ་དུར་ཁྲོད། །གཉིས་གཉིས་ལུས་གནས་དག་པས་ས་བཅུ་བགྲོད། །འཐུང་སྤྱོད་ཉེ་བའི་འཐུང་སྤྱོད་མཐོང་ལམ་གྱི། །ཡེ་ཤེས་སྐུར་འཇོག །ཅེས་པ་ནི། འགགས་ཚུལ་སོགས་བཤད་མ་ཐག་པ་དེ་བཞིན་དུ་སྦྱར་ཏེ། ཉེ་བའི་གནས་བཞི་ནི། རྣ་བ་གཡོན་པ་གོ་ད་བ་རི། སྨིན་མ་ར་མེ་ཤྭ་ར། མིག་གཉིས་དེ་བཱི་ཀོ་ཊ། དཔུང་མགོ་མལླ་ཝ་རྣམས་ཀྱིས་ས་གཉིས་པ་བགྲོད། མཆན་ཏུ


LT09,P130A
[མ་དཔེ་གཟིགས་ན་འདིར་གནོན།]

ཁུང་ཀཱ་མ་རཱུ་པ། ནུ་མ་གཉིས་ཨོ་ཊེས་ས་གསུམ་པ། ལྟེ་བ་ཏྲི་ཤ་ཀུ་ནེ། སྣ་ཀོ་ས་ལས་ས་བཞི་པ། ཁ་ཀ་ལིངྐ། མགྲིན་དབུས་ལམྦ་ཀས་ས་ལྔ་པ། སྙིང་ཀཉྩི། གསང་རྩ་ཧི་མ་ལས་ས་དྲུག་པ། མཚན་མ་པྲེ་ཏ་པུ་རི། བཤང་ལམ་གྲྀ་ཧ་དེ་བས་བདུན་པ། བརླ་སཽ་རཱཥྟ། རྗེ་ངར་གཉིས་སུ་ཝརྞ་དྭཱི་པས་བརྒྱད་པ། སེན་མོ་ན་ག་ར། རྐང་པོ་ལ་སིནྡྷུས་དགུ་པ། མཐེ་བོང་གཉིས་མ་རུ། པུས་མོ་ཀུ་ལུ་ཏ་ས་བཅུ་པ་སྟེ། དེ་དག་རིམ་པ་བཞིན། ཞིང་དང་ཉེ་བའི་ཞིང༌། ཚནྡྷོ་དང་ཉེ་བའི་ཚནྡྷོ། འདུ་བ་དང་ཉེ་བའི་འདུ་བ། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཅེས་པའི་མིང་དུ་བརྗོད་ཅིང༌། བཤད་མ་ཐག་པ་ལྟར་གཉིས་གཉིས་སྦྲེལ་བའི་ལུས་ཀྱི་གནས་རྣམས་སུ་རྩ་རླུང་ཐིག་ལེ་དབུ་མར་དག་པས་ས་རེ་རེའི་རྟོགས་པ་ཤར་ནས་ས་བཅུ་རིམ་གྱིས་བགྲོད་པ་ཡིན་ལ། དེ་དག་གི་རྗེས་སུ་འཐུང་གཅོད་དང་ཉེ་བའི་འཐུང་གཅོད་ལ་མཐོང་ལམ་གྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཐོབ་པར་འཇོག་པ་ཡིན་ནོ། །གསུམ་པ་ནི། །དེ་ཚེ་མཉམ་རྗེས་སུ། །ཕྱག་རྒྱའི་བདེ་སྟོང་འཁོར་ལོའི་སྤྱོད་པ་ཡིས། །བཟོད་ཐོབ་སྣང་བའི་ཡེ་ཤེས་སྐྱེས་པ་ནས། །ཆོས་མཆོག །ཅེས་པ་སྟེ། རྩེ་མོ་ལ་སྤྱོད་པ་དེའི་ཚེ་མཉམ་གཞག་དང་རྗེས་ཐོབ་གཉིས་ལས། སྔ་མར་ཕྱག་རྒྱའི་ལམ་གྱི་བདེ་སྟོང་གཙོ་བོར་བསྒོམ་ཞིང་ཕྱི་མར་ཚོགས་ཀྱི་འཁོར་ལོའི་སྤྱོད་པས་རོལ་ཏེ། དབང་པོ་ལྔ་གཙོ་བོར་བསྒོམས་པས་རང་བཞིན་བརྒྱད་ཅུའི་རྟོགས་པ་མངོན་གྱུར་བ་ནུབ་ནས་སྦྱོར་ལམ་བཟོད་པ་ཐོབ། དེ་ནས་དོན་གྱི་འོད་གསལ་གྱི་དངོས་རྒྱུ་སྣང་བའི་ཡེ་ཤེས་སྐྱེས་པ་ནས་ཆོས་མཆོག་ཐོབ་པ་ཡིན་ནོ། །འདི་གཉིས་སུ་སྟོབས་ལྔ་གཙོ་བོར་བསྒོམ་མོ། །གསུམ་པ་མཐོང་ལམ་ནི། སྐད་ཅིག་གསུམ་པོ་ལྷན་ཅིག་སྐྱེས། །བར་མ་ཆད་དུ་དོན་གྱི་འོད་གསལ་


LT09,P130B
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང༌། །སྤྲུལ་སྐུའི་དབང་ནོད་རང་བཞིན་ས་བོན་སྤངས། །གཉིས་སུ་མེད་པའི་ཡེ་ཤེས་སྐུ་འགྲུབ་འགྱུར། །ཆོས་མཆོག་གི་སྣང་མཆེད་ཐོབ་གསུམ་གྱི་སྐད་ཅིག་མ་གསུམ་ལམ་དུས་ཀྱི་ལྷན་སྐྱེས་ཞེས་བྱ་བ་འཇིག་རྟེན་པའི་ལྷན་སྐྱེས་མཐར་ཐུག་པ་སྟེ་སྤྱིར་རང་བཞིན་བརྒྱད་ཅུ་མངོན་གྱུར་ཐིམ་ནས་ལམ་གྱི་ལྷན་སྐྱེས་ཐོབ་པ་ཡིན་ལ། སྐད་ཅིག་མ་གསུམ་པ་དེ་ནས་བར་མ་ཆད་དུ་དོན་གྱི་འོད་གསལ་མཐོང་ལམ་སྐྱེ་བའི་ཚེ་སྤྲུལ་པའི་སྐུའི་དབང་བསྐུར་བ་ནོད་ཅིང༌། རང་བཞིན་བརྒྱད་ཅུའི་ས་བོན་སྤོང༌། དེར་བྱང་ཆུབ་ཡན་ལག་བདུན་སྒོམ་ཞིང༌། སྐད་ཅིག་དེ་ལས་ལངས་མ་ཐག་ཏུ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པར་འགྱུར་རོ། །བཞི་པ་ནི། སྒོམ་སྤང་སྣང་གསུམ་ཆེ་ཆུང་དགུར་དབྱེ་བ། །རིམ་སྤང་སེམས་དང་སེམས་བྱུང་ཕུང་ཁམས་ཀྱི། །དྭངས་མ་ཕྲ་བ་གནས་འགྱུར། །ཞེས་པ་སྟེ། ཡེ་ཤེས་ཀྱི་སྐུ་འགྲུབ་ཕན་ཆད་སྒོམ་ལམ་ཡིན་ལ། དེའང་སའི་ངོ་བོ་ནི་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ཡེ་ཤེས་གོང་མའི་ཡོན་ཏན་གྱི་གཞི་སྟེ། བདེ་སྟོང་གི་ཡེ་ཤེས་དང་བྲལ་བ་མི་སྲིད་ཅིང༌། ཡེ་ཤེས་ཀྱི་སྐུ་དེའང་རྒྱུན་ཆད་པ་མེད་པས་སྐུ་དང་ཡེ་ཤེས་ཟུང་འཇུག་ཏུ་འཇོག་གོ །ས་བཅུ་པོ་འདིར་འཕགས་ལམ་ཡན་ལག་བརྒྱད་བསྒོམ་ཞིང༌། དངོས་སུ་སྤྱོད་པ་སྤྱད་པ་དང༌། སྤྲུལ་པས་སེམས་ཅན་གྱི་དོན་ཚད་མེད་པ་བྱས་པས། ས་རེ་རེའི་རྟོགས་པ་མྱུར་བ་མྱུར་བར་རྫོགས་ཏེ། རིམ་གྱིས་རྡོ་རྗེ་འཆང་ཆེན་པོ་ཉིད་མངོན་དུ་བྱེད་དོ། །སྒོམ་སྤང་སྣང་བ་གསུམ་པོ་ལ་ཆེ་ཆུང་དགུར་ཕྱེ་པ། རིམ་པར་ས་ལྷག་མ་དགུས་སྤངས་ཏེ། སེམས་སེམས་བྱུང་ཐམས་ཅད་གནས་གྱུར་པ་ལ་སེམས་བྱུང་གི་རང་བཞིན་སྣང་བ་གསུམ་གྱི་ངོས་འཛིན་དང་དེ་སྤོང་ཚུལ་མ་གཏོགས་གཞན་འགྱུར་ཚུལ་ཐུན་མོང་བ་དང་འདྲ། འོན་ཀྱང་ཕུང་ཁམས་སྐྱེ་མཆེད་


LT09,P131A
[མ་དཔེ་གཟིགས་ན་འདིར་གནོན།]

རགས་པ་གོང་དུ་གནས་གྱུར་ཟིན་ཀྱང་དྭངས་མ་ཕྲ་བ་གནས་འགྱུར་བ་ཡིན་ནོ། །ས་འདི་དག་གི་ཡོན་ཏན་ནི། ལམ་ཐུན་མོང་གི་སྐབས་སུ་བཤད་པ་བཞིན་ཤེས་དགོས་ཏེ། དེས་ན་དུས་ཀྱི་འཁོར་ལོ་ཏིང་ངེ་འཛིན་གྱི་སྐབས་ཀྱི་ས་བཅུ་གཉིས་དང༌། ལམ་འབྲས་སུ་བཤད་པའི་ས་བཅུ་གཉིས་པོ་དེ་དག་ནི། གོང་དུ་བཤད་པའི་སྦྱོར་ལམ་གྱི་ས་བཅུ་གཉིས་པོ་དེ་ཉིད་ཡིན་པར་ཤེས་པར་བྱའོ། །ལྔ་པ་ནི། ལམ་དེ་ཡི། །རྒྱུན་མཐར་ལོངས་སྐུས་དབང་བསྐུར་མི་སློབ་བོ། །སྒོམ་ལམ་དེའི་ས་བཅུའི་རྒྱུན་མཐར་ལོངས་སྤྱོད་རྫོགས་པ་སྐུས་དབང་བསྐུར་ནས་མི་སློབ་པའི་ལམ་མཐར་ཕྱིན་པར་འགྱུར་ཏེ། དེ་ལ་སྤྱིར་སོ་སྐྱེའི་དུས་དཔེའི་འོད་གསལ་མཐར་ཐུག་མངོན་དུ་བྱེད་པ་ཡང་དབང་བསྐུར་བའི་རྐྱེན་གྱིས་ཐོབ་པ་མང་ཞིང༌། ཁྱད་པར་མཐོང་ལམ་མངོན་པར་བྱང་ཆུབ་པ་དང༌། འཚང་རྒྱ་བའི་ཚེ་ངེས་པར་དབང་བསྐུར་བ་ལ་ལྟོས་པ་ཡིན་ནོ། །དེ་ལ་སྐབས་འདིར་ལོངས་སྐུ་རྡོ་རྗེ་འཆང་ལ་སོགས་པ་ཕྱོགས་བཅུ་རབ་འབྱམས་མུ་མེད་པའི་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བའོ། །དེ་ལྟར་དབང་བསྐུར་བས། ཤེས་རབ་ཡེ་ཤེས་ཀྱི་རྒྱུན་མཐའ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་འགྱུར་བའི་བག་ཆགས་ཕྲ་མོ་ཡང་སྤངས་ཏེ། ཀུན་གཞི་གནས་གྱུར་པས་སྐད་ཅིག་གཉིས་པ་ལ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན་ཅིང༌། འདིར་མངོན་པར་བྱང་ཆུབ་པའི་རིམ་པ་དང་དེའི་མཆོད་པའི་བཀོད་པ་ཕུན་སུམ་ཚོགས་པ་ལྟས་དང་བཅས་པའང་འབྱུང་ངོ༌། །འོ་ན་རྒྱུད་ནས་མངོན་པར་བྱང་ཆུབ་པའི་རིམ་པ་བཤད་པ་ནི་མཐོང་བའི་ལམ་གྱི་སྐབས་མ་ཡིན་ནམ་ཞེ་ན། དེའང་རིག་མའི་སྐྱེས་བུ་གྲུབ་པའི་ལྟས་བཤད་པ་རྣམས་དངོས་བསྟན་དེ་ལྟར་ཡིན་མོད་ཀྱི། དེ་བས་ཀྱང་ཆེས་ཆེར་རྒྱ་ཆེ་ཞིང་འབྱམས་ཀླས་པ་འདིར་འབྱུང་བ་ཡིན་ནོ། །གཉིས་


LT09,P131B
[མ་དཔེ་གཟིགས་ན་འདིར་གནོན།]

པ་དུས་ཀྱི་འཁོར་ལོའི་བཞེད་སྲོལ་དམིགས་སུ་སྨོས་པ་ལའང་ལྔ། ཚོགས། སྦྱོར། མཐོང༌། སྒོམ། མཐར་ཕྱིན་པའི་ལམ་མོ། །དང་པོ་ནི། དུས་འཁོར་ལུགས་སུ་བསྐྱེད་རིམ་སོར་སྡུད་ཀྱིས། །ཚོགས་ལམ་ཆེར་བགྲོད། །ཅེས་པ་སྟེ། རྒྱུད་སྡེ་ཐམས་ཅད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་ཐུན་མོང་མ་ཡིན་པའི་ལུགས་སུ་བསྐྱེད་པའི་རིམ་པ་འཁོར་བཅས་དང༌། རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་ལས་དང་པོ་སོ་སོར་སྡུད་པའི་རིམ་པས་དབུ་མའི་ལམ་ཅུང་ཟད་དག་སེམས་གནས་པ་ལ་རང་དབང་ཐོབ་པས་རྣམ་རྟོག་གི་བར་གཅོད་མི་འབྱུང་ཞིང་འོད་གསལ་རྟགས་བཅུ་ཐོག་མར་བསྒྲུབ། བསྐྱེད་རིམ་བརྟན་པས་ལམ་འདི་སྒྲུབ་ན་སྔགས་ཀྱི་ཚོགས་ལམ་ཆེན་པོ་ལ་སྦྱོར་བའོ། །གཉིས་པ་ལ་གཉིས། སྦྱོར་ལམ་ངེས་འབྱེད་བཞི་བཤད། ཏིང་ངེ་འཛིན་གྱིས་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི། བསམ་གཏན་དྲོད་ལ་སྦྱོར། །སྲོག་རྩོལ་འབྲིང་དང་འཛིན་པས་དྲོད་ཆེན་པོ། །རྗེས་དྲན་རྩེ་མོ་ཏིང་འཛིན་བཟོད་ཆོས་མཆོག །བསམ་གཏན་གྱིས་དབུ་མའི་ལམ་ཤིན་ཏུ་སྦྱངས་ཤིང༌། རང་སེམས། སྟོང་གཟུགས། ལས་སྣང་དང་བཅས་པ་ཐམས་ཅད་རང་བཞིན་དབྱེར་མེད་སྤྲོས་བྲལ་དུ་ཤེས། རྟགས་བཅུ་བརྟན་ཅིང་སྔར་བས་ཀྱང་ཁྱད་པར་དུ་སོང༌། བསྐྱེད་རིམ་ལ་བརྟན་པ་ཐོབ་པའི་གང་ཟག་གིས་ཡན་ལག་འདི་ཉིད་མཐར་ཕྱིན་ན། སྦྱོར་ལམ་དྲོད་ཀྱི་དང་པོ་ལ་སླེབ་པ་ཡིན་ལ། བསྐྱེད་རིམ་མ་བརྟན་པར་འདི་རྣམས་བསྒོམས་ནས་མཐར་ཕྱིན་པ་ཡིན་ན། སྔགས་ཀྱི་ཚོགས་ལམ་ཆེན་པོ་ཙམ་ཡིན་ནོ། །དེ་ནས་སྲོག་རྩོལ་གྱི་ཡན་ལག་གིས་རླུང་བཅུ་དབུ་མར་ཐིམ་པས། གཟུང་འཛིན་ཐ་དད་པར་འཛིན་པའི་རྣམ་རྟོག་མངོན་གྱུར་པ་འགག་ཅིང༌། ཕྱི་ནང་གི་འབྱུང་བ་ལ་ཅི་རིགས་པར་དབང་ཐོབ་པའི་རྫུ་འཕྲུལ་དང་མངོན་ཤེས་སོགས་


LT09,P132A
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པའང་ཅུང་ཟད་རྙེད་པ་དང༌། གཏུམ་མོ་ཅུང་ཟད་འབར་བས་བདེ་སྟོང་གི་ཉམས་གསལ་པོར་ཤར་བ་ཡིན་ཏེ། སྔར་བསྐྱེད་རིམ་བརྟན་རུང་མ་བརྟན་རུང༌། དྲོད་ཆུང་འབྲིང་མན་ཆད་ཡན་ལག་འདིས་ཐོབ་པར་འགྱུར་རོ། འཛིན་པའི་ཡན་ལག་གིས་རླུང་མཐའ་དག་དབུ་མའི་ཐིག་ལེ་རྣམས་ལ་ཐིམ་པས་གཏུམ་མོ་རང་འབར་རྒྱུན་མི་འཆད་ཅིང༌། ནུས་པ་དང་ཡོན་ཏན་སྔར་བས་བཅུ་འགྱུར་ནས་བརྒྱ་འགྱུར་གྱི་བར་དུ་འཕེལ། དྲོད་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེས་ནས་རྩེ་མོ་ལ་མཚམས་སྦྱོར་བར་འགྱུར། རྗེས་དྲན་གྱིས་ཡེ་ཤེས་ཀྱི་སྐུ་ཆུང་ངུ་ཐོབ་ཅིང༌། གཏུམ་མོ་འབར་བ་ལྷག་པར་སྟོབས་སུ་གྱུར་པས། ཞུ་བདེ་འཛག་མེད་ཀྱི་དགའ་བཞི་རྫོགས་པར་འདྲེན། ཉོན་མོངས་རགས་པ་མངོན་གྱུར་བ་སྤོང༌། རྩེ་མོ་མཐར་ཕྱིན་པའི་བར་དུའོ། །ཏིང་ངེ་འཛིན་ནི་བཟོད་པ་དང་ཆོས་མཆོག་སྟེ། ལས་རླུང་འགགས་ཤིང་ཐིག་ལེ་བརྟན་པ་སོགས་འཁོར་བའི་ལུས་ངག་ཡིད་གསུམ་དངོས་སུ་སྤོང་བར་བྱེད་པའི་ལམ་མོ། །གཉིས་པ་ནི། འདི་ལ་འོག་མ་བཏགས་པའི་ས་བཅུ་གཉིས། །དེ་ཚེ་རྒ་ཤི་ནས་བརྩམས་མ་རིག་པར། །བཅུ་གཉིས་རླུང་འགགས་གསུམ་རེས་ཐ་མལ་པའི། །ལུས་ངག་ཡིད་དང་ཆགས་རྟོག་གནས་སྐབས་སྤོང༌། །ལམ་གྱི་རྡོ་རྗེ་བཞི་སྒྲུབ་ས་བཅུ་གཅིག །བཟོད་དང་བཅུ་གཉིས་ཆོས་མཆོག །ཅེས་པ་སྟེ། ཏིང་ངེ་འཛིན་གྱི་ཡན་ལག་འདི་ལ། གསང་གནས་ཀྱི་འཁོར་ལོའི་ཕྱེད་མི་འགྱུར་བའི་བྱང་སེམས་ཀྱིས་གང་བས་ས་དང་པོ། ཕྱེད་ཕྱི་མ་གང་བས་ས་གཉིས་པ། ཞེས་སོགས་འཁོར་ལོ་གཞན་ལྔ་ལའང་སྦྱར་བས། གཙུག་ཏོར་གྱི་ཕྱེད་ཕྱི་མ་གང་སྟེ་གཙུག་ཏོར་ཡང་ཧྲིལ་གྱིས་བརྟན་པས་ས་བཅུ་གཉིས་པའོ། །དེའི་སྐད་ཅིག་གཉིས་པར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་ཅེས་བྱ་སྟེ། ས་


LT09,P132B
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དངོས་བཏགས་གཉིས་སམ་གོང་འོག་གཉིས་ལས་འོག་མ་བཏགས་པའི་ས་བཅུ་གཉིས་པོ་ཐོབ་པ་ཡིན་ནོ། །དེའི་ཚེ་ས་དང་པོར་རྒ་ཤི་ནས་བརྩམ་མ་རིག་པའི་བར་གྱི་རྟེན་འབྲེལ་བཅུ་གཉིས་རླུང་དང་བཅས་པ་འགག །གསུམ་རེས་ཐ་མལ་པའི་ལུས་ངག་ཡིད་དང་ཆགས་རྟོག་གི་གནས་སྐབས་སྤོང༌། ལམ་དུས་ཀྱི་རྡོ་རྗེ་བཞི་སྒྲུབ་པར་བྱེད་དོ། །དེའང་ཞིབ་མོར་བཤད་ན། ཏིང་ངེ་འཛིན་གྱི་ས་དང་པོར་རྒ་ཤི་དང༌། གཉིས་པར་སྐྱེ་བ། གསུམ་པར་སྲིད་པ་འགག་སྟེ། ཐ་མལ་པའི་ལུས་སྤོང༌། ལམ་གྱི་སྐུ་རྡོ་རྗེ་སྒྲུབ། བཞི་པར་ལེན་པ། ལྔ་པར་སྲེད་པ། དྲུག་པར་ཚོར་བ་འགག་སྟེ། ཐ་མལ་པའི་ངག་སྤོང་ཞིང༌། ལམ་གྱི་གསུང་རྡོ་རྗེ་སྒྲུབ། བདུན་པར་རེག་པ། བརྒྱད་པར་སྐྱེ་མཆེད། དགུ་པར་མིང་གཟུགས་འགག་སྟེ། ཐ་མལ་པའི་ལུས་སྤོང༌། ལམ་གྱི་ཐུགས་རྡོ་རྗེ་སྒྲུབ། བཅུ་པར་རྣམ་ཤེས། བཅུ་གཅིག་པར་འདུ་བྱེད། བཅུ་གཉིས་པར་མ་རིག་པ་རྣམས་འགག་སྟེ། ཐ་མལ་གྱི་བཞི་པའི་གནས་སྐབས་ཆགས་རྟོག་སྤོང་ཞིང༌། ལམ་གྱི་ཡེ་ཤེས་རྡོ་རྗེ་སྒྲུབ་པར་བྱེད་དོ། །དེའང་དེ་དག་རྣམས་སུ་རིམ་ཅན་གྱིས་རྡོ་རྗེ་བཞི་སྒྲུབ་ཅེས་བྱ་བ་ཡང༌། དེ་དག་གི་རྒྱུ་ཚོགས་ཚང་བར་བསགས་པའི་དོན་ཡིན་ལ། ཐ་མལ་པའི་ལུས་ངག་ཡིད་དང་ཆགས་རྟོག་སྤངས་པ་དང༌། ཡན་ལག་བཅུ་གཉིས་འགགས་པའང་དེ་རྣམས་ཀྱི་རྒྱུ་རླུང་ཐིམ་པ་སོགས་ཀྱིས་དེ་རྣམས་འགག་རུང་དུ་བྱས་པ་ཡིན་ལ། ཏིང་ངེ་འཛིན་གྱི་སྐད་ཅིག་ཐ་མ་ནི་མཐོང་ལམ་ཡིན་པས། དེའི་དུས་སུ་དེ་རྣམས་ཐམས་ཅད་ཅིག་ཅར་དངོས་སུ་འགགས་ཏེ་ས་བོན་སྤོང་བ་ཡིན་ནོ། །དེ་རྣམས་དང་དུས་མཉམ་དུ་རྡོ་རྗེ་བཞི་པོ་ཡང་ཐོབ་པ་ཡིན་མོད། དེ་རྣམས་ཀྱི་བྱེད་ལས་རྣམ་པར་འཕྲུལ་པ་ནི། མཐོང་ལམ་གྱི་སྐད་ཅིག་དེ་འདས་མ་ཐག་པ་ནས་འབྱུང་བའི་ཕྱིར། དེ་


LT09,P133A
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཐོབ་ཅེས་ཐ་སྙད་བྱེད་པའང་ཡོད་དོ། །དེས་ན་ཏིང་ངེ་འཛིན་གྱི་ས་བཅུ་གཅིག་པ་མན་ཆད་ནི་སྦྱོར་ལམ་བཟོད་པ་ཡིན་ལ། ས་བཅུ་གཉིས་པའི་སྐད་ཅིག་སྟོང་བདུན་བརྒྱ་དགུ་བཅུ་གོ་དགུ་ནི་སྦྱོར་ལམ་ཆོས་མཆོག་ཡིན་ནོ། །གསུམ་པ་ལ་གཉིས། མཐོང་ལམ་དངོས། སའམ་ཡེ་ཤེས་ཀྱི་ཁྱད་པར་རོ། །དང་པོ་ནི། ཐ་མ་ཡི། །སྐད་ཅིག་གཅིག་ནི་མཐོང་ལམ་ཡེ་ཤེས་སྐུ། །སྦྱོར་ལམ་ཆོས་མཆོག་སྐད་ཅིག་མ་སྟོང་བརྒྱད་བརྒྱའི་ཐ་མ་སྐད་ཅིག་མ་གཅིག་ལ་ཡང་དག་པ་འཕགས་པའི་མཐོང་ལམ་རྒྱུད་ལ་སྐྱེས་ནས། འཁོར་བའི་ལུས་ངག་ཡིད་དང་ཆགས་རྟོག་རྣམས་སྤངས་ཟིན་དེའི་རྗེས་ཀྱི་སྐད་ཅིག་ལ་གཉིས་སུ་མེད་པ་ཡེ་ཤེས་ཀྱི་སྐུ་སྟེ་ཟུང་འཇུག་གི་རང་བཞིན་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་མངོན་དུ་བྱེད་དོ། །དེ་ལྟར་འཁོར་བའི་ལུས་ངག་ཡིད་གསུམ་སྤངས་པའི་སྐབས་དེར་ཕུང་ཁམས་གཞན་ཐམས་ཅད་ཀྱང་གནས་གྱུར་པ་ཡིན་ལ། གནས་སྐབས་དེར་མ་དག་པའི་ལུས་གནས་གྱུར་བས་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་པ་ཞེས་བྱ་ཞིང༌། རྡོ་རྗེ་རྣམ་བཞི་རོ་མཉམ་པ་ཐོབ་པས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པ་ཞེས་ཀྱང་བྱ་ཞིང༌། འདིར་ནི་ཡང་དག་པར་ན་ས་དང་པོ་རབ་ཏུ་དགའ་བ་ཡིན་ཅིང༌། གསང་སྔགས་ཀྱི་ལམ་ནི་རབ་ཏུ་ཉེ་བ་ཡིན་པས། རྫོགས་པའི་སངས་རྒྱས་ཉིད་ལ་རབ་ཏུ་ཉེ་བའི་ཕྱིར་དང༌། འདི་ཕྱིན་ཆད་ནས་ལམ་རིགས་འདྲ་ཁོ་ནས་སངས་རྒྱས་ཐོབ་པའི་ཕྱིར་དང༌། རྫོགས་པའི་སངས་རྒྱས་ཉིད་དང་རྣམ་པ་མཚུངས་པའི་ཕྱིར་དང༌། འགྱུར་མེད་བདེ་བའི་སྐད་ཅིག་མ་རྣམས་རྫོགས་པ་ཉིད་ཀྱི་ཕྱིར། སངས་རྒྱས་ཉིད་དང༌། རྫོགས་པའི་སངས་རྒྱས་དང༌། རྡོ་རྗེ་སེམས་དཔའ་ལ་སོགས་པའི་མཚན་ཡང་གསོལ་ལོ། །གཉིས་པ་ནི། དེ་ཚེ་གོང་མའི་ཡོན་ཏན་གཞིར་གྱུར་པའི།


LT09,P133B
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཡི་ཁྱད་པར་ཀུན་འོད་བདུད་རྩི་མཁའ། །རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་འོད། །དཔེ་མེད་དཔེ་ལྡན་ཤེར་འོད་ཐམས་ཅད་མཁྱེན། །སོ་སོར་རིག་པ་བཅུ་གཉིས་ལྷན་ཅིག་འཐོབ། །འདི་ཉིད་སངས་རྒྱས་བར་དུ་ཆ་རེ་ཡོད། །རྡོ་རྗེའི་སྐུ་འགྲུབ་པ་དེའི་ཚེ་གོང་མའི་ཡོན་ཏན་གྱི་གཞིར་གྱུར་པས་སའི་མིང་བཏགས་པའི་ཡེ་ཤེས་ཀྱི་ཁྱད་པར་བཅུ་གཉིས་འཐོབ་པར་འགྱུར་ཏེ། །དེ་དག་གི་རྣམ་གྲངས་ཀྱང་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས། དེ་བཞིན་དུ་ཀུན་ཏུ་འོད་ཉི་མའི་དཀྱིལ་འཁོར་ཆེན་པོ་མཛེས་པའི་ས་དང༌། བདུད་རྩི་འོད་ཟླ་བ་ཆེན་པོ་འོད་གསལ་བའི་ས་དང༌། ནམ་མཁའི་འོད་ནམ་མཁའ་ལྟར་རབ་ཏུ་གནས་པའི་ས་དང༌། རྡོ་རྗེའི་འོད་ཡིད་དགའ་བའི་ས་དང༌། རིན་ཆེན་འོད་མངོན་པར་དབང་བསྐུར་བ་ལ་གནས་པའི་ས་དང༌། པདྨའི་འོད་རང་བཞིན་གྱིས་དག་པའི་ཆོས་དྲི་མ་མེད་པ་ཡོངས་སུ་འཛིན་པའི་ས་དང༌། སངས་རྒྱས་ཀྱི་ལས་བྱེད་པའི་ས་དང༌། དཔེ་མེད་པའི་ས་དང༌། དཔེ་ཐམས་ཅད་ཀྱི་དཔེ་རབ་ཏུ་རྟོགས་པར་བྱེད་པའི་ས་དང༌། ཤེས་རབ་ཀྱི་འོད་བླ་ན་མེད་པའི་ས་དང༌། ཐམས་ཅད་མཁྱེན་པ་ཉིད་འོད་གསལ་བ་ཆེན་པོའི་ས་དང༌། སོ་སོའི་བདག་ཉིད་རིག་པ་རྣལ་འབྱོར་པའི་སའོ། །ཞེས་པ་ལྟར་རོ། །ས་འདི་རྣམས་གཙོ་བོར་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་སྐབས་སུ་གསུངས་ལ། འོན་ཀྱང་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་པའི་མཐར་ལྷན་ཅིག་ཏུ་ཐོབ་པའི་ཕྱིར། རབ་ཏུ་དགའ་བ་ལ་སོགས་པའི་ས་རེ་རེ་བཞིན་ཡང་འདི་དག་བཅུ་གཉིས་པོ་ཐམས་ཅད་ཚང་ལ། རྫོགས་པའི་སངས་རྒྱས་ལའང་བཅུ་གཉིས་ཀར་ཡོད་དེ། ཆོས་ཉིད་བདེ་གཤེགས་སྙིང་པོ་རང་བཞིན་དབྱེར་མེད་ཀྱི་ཡོན་ཏན་ནི་གདོད་ནས་ལྷུན་རྫོགས་ཡིན་ལ། དེ་དང་དེ་རྟོགས་པར་ནུས་པའི་ལམ་གྱི་ས་ཀུན་ཏུ་འོད་སོགས་བཅུ་གཉིས་ནི། སྒྲིབ་པ་སྤོང་


LT09,P134A
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་ལམ་གྱིས་བསྡུས་ཤིང༌། དེའང་འཕགས་པའི་སློབ་ལམ་གྱི་སྐབས་ན་མཉམ་རྫས་ཆ་ཚང་བར་ཡོད་དོ། །སངས་རྒྱས་ཀྱི་ས་བཅུ་གཉིས་པོ་དེ་ནི་གདོད་མའི་ས་དེ་རྣམས་མངོན་གྱུར་དུ་ཐོབ་པ་ཡིན་གྱི། ལམ་གྱིས་བསྡུས་པའང་མིན་ལ་གསར་བྱུང་ཡང་མ་ཡིན་ནོ། །ས་འདི་དག་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཀུན་ཏུ་འོད་ཀྱི་ས་ཆེན་པོ། །དེ་ཉིད་ཉི་མའི་དཀྱིལ་འཁོར་འདྲ། ཞེས་སོགས་ཀྱིས་བསྟན་པའི་དོན། བོད་ཀྱི་མཁས་པ་ཁ་ཅིག་སངས་རྒྱས་ཀྱི་ས་འབའ་ཞིག་ལ་སྦྱོར། ཁ་ཅིག་འཕགས་ལམ་ས་བཅུ་གཉིས་ལ་སྦྱོར། འགའ་ཞིག་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་ས་བཅུ་གཉིས་ལ་སྦྱོར་མོད། དེ་ཐམས་ཅད་ལ་གནོད་བྱེད་རེ་འཇུག་བར་སྣང་ཞིང༌། རྒྱ་གར་གྱི་པཎ་གྲུབ་རྣམས་དང་ཇོ་ནང་རྗེ་བཙུན་ཆེན་པོའི་བཞེད་པར། འཕགས་ལམ་གྱི་ཡེ་ཤེས་ཟུང་འཇུག་ལ་ལྡོག་ཆས་ཕྱེ་བས་བཅུ་གཉིས་བྱུང་ལ། གོང་མའི་ཡོན་ཏན་སྐྱེ་བའི་གཞི་ཡིན་པས་ས་ཞེས་བཏགས་ཏེ། རིམ་པ་བཞིན་དུ་མ་རིག་པ་ཤེས་སྒྲིབ་ཀྱི་མུན་པ་སེལ་བ་དང༌། འཛག་མེད་ཀྱི་བདེ་བས་འདོད་ཆགས་བཅས་པ་དང༌། ཆོས་ཐམས་ཅད་ནམ་མཁའ་ལྟར་མཐོང་བ་དང༌། ལྷག་བསམ་བརྟན་པོ་རང་དོན་གྱི་རྣམ་པར་རྟོག་པས་མི་ཕྱེད་པས་གཞན་དོན་ལ་དགའ་བ་དང་ལྡན་པ་དང༌། འདོད་པའི་ལྷས་དབང་བསྐུར་བའི་ཡེ་ཤེས་དང༌། སེམས་རང་བཞིན་གྱིས་དག་པར་མཐོང་བ་དང༌། སྨོན་ལམ་གྱི་དབང་གིས་སངས་རྒྱས་ལ་སོགས་པ་སྤྲུལ་ནས་ཕྲིན་ལས་བྱེད་པ་དང༌། དཔེ་ལས་འདས་པའི་ཡེ་ཤེས་ཏེ་བརྗོད་བྲལ་དུ་མཐོང་བ་དང༌། ཆོས་ཐམས་ཅད་ཀྱི་དཔེ་དང་རྒྱུ་མཚན་རྟོགས་པ་དང༌། ཤེས་བྱ་ལ་བློ་གྲོས་བླ་ན་མེད་པ་རྒྱས་པ་དང༌། ཤེས་སྒྲིབ་ཀྱི་མུན་པའི་བག་ཆགས་སེལ་བ་དང༌། སོ་སོ་རང་གིས་རིག་པའི་ཡེ་ཤེས་མངོན་


LT09,P134B
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར་པའོ། །བཞི་པ་ནི། དེ་ནས་སྒོམ་ལམ་གནས་ནི་རབ་དགའ་སོགས། །འཇིག་རྟེན་འདས་པའི་ཡན་ལག་ཆ་མཉམ་པས། །གོང་མའི་ཡུལ་ཆེན་ས་རྣམས་ཅི་འདོད་བགྲོད། །མཐོང་ལམ་ཐོབ་པའི་རྗེས་ཐོག་དེ་ཉིད་ནས་སྒོམ་པའི་ལམ་གྱིས་གནས་ལ་སོགས་པའམ་རབ་ཏུ་དགའ་བ་ལ་སོགས་པ་རྣམས་སུ། འཇིག་རྟེན་ལས་འདས་པའི་ཡན་ལག་དྲུག་པོ་ཆ་མཉམ་པར་སྒོམ་ཞིང༌། བསམ་གྱིས་མི་ཁྱབ་པའི་རང་བཞིན་ཅན་གྱི་རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པས་མཐའ་ཡས་པའི་སེམས་ཅན་སྨིན་ཅིང་གྲོལ་བར་མཛད་བཞིན་དུ། དངོས་སམ་གོང་མའི་ཡུལ་ཆེན་དང་ས་བཅུ་གཉིས་པོ་དུས་རིང་ཐུང་ཅི་འདོད་པས་བགྲོད་དོ། །ལྔ་པ་ནི། མཐར་ཕྱིན་རྡོ་རྗེ་སེམས་དངོས་མྱུར་དུ་འགྲུབ། ཁྱད་འཕགས་རིང་སྲོལ་རྗེ་བཙུན་ཆེན་པོའི་བཞེད། །ས་ལམ་དེ་དག་མཐར་ཕྱིན་པའི་འབྲས་བུ་རྫོགས་པའི་སངས་རྒྱས་སྐུ་བཞིའི་བདག་ཉིད་ཅན། བདེན་དོན་རྣམ་པ་བཅུ་གཉིས་དང༌། དེ་ཉིད་རྣམ་པ་བཅུ་དྲུག་ཟུང་དུ་འཇུག་པའི་ངོ་བོ་ཡོན་ཏན་དང་ཡེ་ཤེས་རྒྱ་མཚོ་ཟད་མི་ཤེས་པ། ཕྲིན་ལས་ནམ་མཁའ་དང་མཉམ་པའི་བདག་ཉིད་ཅན་རྒྱུན་མི་འཆད་པ་འཐོབ་པར་འགྱུར་ཏེ། སྐལ་བ་དང་ལྡན་ཞིང་བརྩོན་འགྲུས་ཅན་གྱིས་མ་ནོར་བའི་ལམ་མཆོག་འདི་ལ་འབད་ན་ཚེ་འདི་ཉིད་ཀྱིས་ཁྱབ་བདག་རྡོ་རྗེ་སེམས་དཔའ་དུས་ཀྱི་འཁོར་ལོའི་གོ་འཕང་མྱུར་དུ་འགྲུབ་པར་བྱེད་པ་ཉིད་དོ། །དེ་ལྟར་ཁྱད་པར་འཕགས་པའི་རིང་སྲོལ་འདི་དག་ནི་གྲུབ་ཆེན་ཞི་བའི་ཞབས་སོགས་འཕགས་ཡུལ་མཁས་གྲུབ་རྣམས་ཀྱི་བཞེད་པ་ཕྱིན་ཅི་མ་ལོག་པ་རྩོད་པའི་དུས་ཀྱི་རྡོ་རྗེ་འཆང་རྗེ་བཙུན་ཆེན་པོ་སྒྲོལ་བའི་མགོན་པོའི་བཞེད་པ་གཙང་མར་བཀོད་པ་ཡིན་ནོ། །རྩ་བའི་གསུམ་པ་ལ་གཉིས། མཚམས་སྦྱར་བ་དང༌། རྣམ་གཞག་དངོས་བཤད་པའོ། །དང་པོ་ནི། རང་བྱུང་རྒྱལ་སོགས་ཡོངས་


LT09,P135A
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་སྔ་མའི་ལུགས། །གངས་རིའི་ལྗོངས་ཀྱི་ཐུབ་མཆོག་གཉིས་པ་ཐམས་ཅད་མཁྱེན་པ་རང་བྱུང་རྒྱལ་བ་རྗེས་འབྲང་དང་བཅས་པ་ལ་སོགས་པ་བོད་ཡུལ་འདིར་ཡོངས་སུ་གྲགས་པའི་མཁས་པ་སྔ་མ་རྣམས་ཀྱིས་འཆད་ལུགས་ཀྱང་བཀོད་པར་བྱའོ། །ཞེས་སོ། །གཉིས་པ་ལ་གསུམ། ལམ་གྱི་རྣམ་གཞག་སྤྱིར་བསྟན། སའི་རྣམ་གཞག་ཁྱད་པར་དུ་བཤད། ལུགས་སྲོལ་གཞན་པ་ཁ་འཕངས་པའོ། །དང་པོ་ལ་ལྔ། ཚོགས་སྦྱོང་མཐོང་སྒོམ་མི་སློབ་པའི་ལམ་མོ། །དང་པོ་ནི། དབང་ཐོབ་བསྐྱེད་རྫོགས་མོས་སྒྲུབ་ཟག་བཅས་ཉམས། །ཕུལ་ཕྱིན་འདོད་ཡོན་ལམ་ལོངས་དང་པོའི་ས། །ཚོགས་ཀྱི་ལམ་བགྲོད། །ཅེས་པ་སྟེ། སྨིན་བྱེད་ཀྱི་དབང་ཐོབ་ནས་གྲོལ་བྱེད་བསྐྱེད་རྫོགས་རིམ་པ་གཉིས་ལ་སེམས་བརྟན་ཏེ་བདེན་གཉིས་ཟུང་འཇུག་དེ་ཁོ་ན་ཉིད་ལ་མོས་པས་བསྒྲུབས་པས་རྐྱེན་མཐའ་དག་གྲོགས་སུ་ཤར། ཟག་བཅས་ཀྱི་ཉམས་མྱོང་ཕུལ་དུ་ཕྱིན་པ་སྐྱེས་ནས་འདོད་ཡོན་ལམ་དུ་ལོངས་པའི་བར་གྱིས་ལས་དང་པོ་པའི་ས་དང་ཚོགས་ཀྱི་ལམ་བགྲོད་དོ། །གཉིས་པ་ནི། དཔེ་དང་སྦས་དོན་གྱི། །སྒྱུ་ལུས་ཡས་བབ་དགའ་བཞིག་མོས་སྤྱོད་ས། །སྦྱོར་ལམ་བཞི་བགྲོད། །ཅེས་པ་སྟེ། དཔེའི་འོད་གསལ་དང་སྦས་དོན་གྱི་སྒྱུ་ལུས་ཐོབ་པ་དང༌། རླུང་སེམས་དབུ་མར་ཚུད་ནས་ཡས་བབ་ཀྱི་དགའ་བཞིའི་ཚུལ་གྱིས་བདེ་སྟོང་དབྱེར་མེད་དཔེའི་ལྷན་སྐྱེས་མངོན་དུ་གྱུར་ཅིང་རྩ་རླུང་གི་ཡོན་ཏན་རྒྱས་པས་མོས་སྤྱོད་ཀྱི་ས་དང་སྦྱོར་ལམ་བཞི་བགྲོད་དོ། །གསུམ་པ་ནི། དོན་གྱི་འོད་གསལ་མཐོང༌། ཞེས་པ་སྟེ། དྭངས་མ་མས་བརྟན་གྱིས་གསང་བ་ནོར་བུའི་རྩེ་མོ་རྒྱལ་མཚན་གྱི་རྩ་བཞིར་འགགས་ཤིང་དོན་གྱི་འོད་གསལ་མངོན་དུ་བྱས་པས་དང་པོའི་ས་ལ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་བའི་ལམ་ལ་སྦྱོར་རོ། །བཞི་པ་ནི། །


LT09,P135B
[མ་དཔེ་གཟིགས་ན་འདིར་གནོན།]

དྭངས་མ་མས་བརྟན་སློབ་པའི་ཟུང་འཇུག་ནི། །སྒོམ་ལམ། །ཞེས་པ་སྟེ། དྭངས་མ་མས་རིམ་དུ་བརྟན་ཅིང་ལུགས་ལྡོག་དགའ་བ་བཞི་པོ་མཐར་ཕྱིན། གསང་གནས་ནས་གཙུག་ཏོར་བར་གྱི་གནས་དང་འཁོར་ལོ་རིམ་པར་དག་པའི་སློབ་པའི་ཟུང་འཇུག་ནི་སྒོམ་པའི་ལམ་བགྲོད་པའོ། །ལྔ་པ་ནི། མི་སློབ་མཐར་ཕྱིན་ཡེ་ཤེས་སྐུ། །དངོས་ཏེ་རིམ་པ་དང་པོའི་ལས་པས་ཀྱང༌། །ཉམས་སུ་བླང་ཡོད་རིམ་དང་ཐོད་རྒལ་གཉིས། །རྩ་རླུང་ཐིག་ལེའི་ཆ་ཕྲ་ཞིང་ཕྲ་བའང་སྒྲིབ་བྲལ་དུ་དྭངས་ཤིང་ཐ་མལ་གྱི་ལུས་དག་ནས་ས་བཅུ་གསུམ་ལ་གནས་པའི་ཚེ་མི་སློབ་པའི་ལམ་མཐར་ཕྱིན་པའི་འཇའ་ལུས་རྡོ་རྗེ་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཆང་དངོས་འགྲུབ་པ་སྟེ། རིམ་པ་ཙམ་ནི་ལམ་ལ་ཐོག་མར་ཞུགས་པའི་དང་པོའི་ལས་པས་ཀྱང་མན་ངག་གི་གནད་ལས་རྗེས་མཐུན་པ་ཉམས་སུ་བླང་དུ་ཡོད་ཅིང༌། གང་ཟག་ཀྱང་རིམ་སྐྱེས་དང་ཐོད་རྒལ་གྱི་འཇུག་ཚུལ་གཉིས་སུ་ཡོད་དོ། །གཉིས་པ་ལ་གཉིས། བགྲོད་བྱ་སའི་མངོན་རྟོགས་འཕྲོས་དོན་དུ་བསྟན། བགྲོད་ཚུལ་ལམ་གྱི་རིམ་པ་གཞུང་དོན་དངོས་བཤད་པའོ། །དང་པོ་ནི། ཨ་བྷི་དྷ་ན་ལས། རབ་ཏུ་དགའ་བ་དྲི་མ་མེད། །འོད་བྱེད་པ་དང་འོད་འཕྲོ་བ། །སྦྱང་དཀའ་བ་དང་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །དཔེ་མེད་པ་དང་ཡེ་ཤེས་ལྡན། །རྡོ་རྗེའི་ས་ནི་བཅུ་གསུམ་པ། །ཞེས་ཕྱི་མ་གསུམ་མ་གཏོགས་ཕར་ཕྱིན་ཐེག་པ་ནས་ཇི་སྐད་བཤད་པ་དང་མིང་དོན་མཐུན་པར་འབྱུང་བ་དང༌། རྡོ་རྗེ་སྙིང་རྒྱན་ལས་གོང་དུ་སྨོས་པའི་བདུད་རྩི་འོད་སོགས་བཅུ་གཉིས་སུ་གསུངས་པ་དང༌། དུས་འཁོར་ལས་འཕགས་པའི་ས་བཅུའི་སྟེང་བར་ཆད་མེད་དང་རྣམ་པར་གྲོལ་བའི་ས་བསྣན་པའི་བཅུ་གཉིས་དང༌། རྡོ་རྗེ་ཕྲེང་བ་ལས་བཅུ་བཞི། ཕྱག་ཆེན་ཐེག་ལེ་ལས་བཅོ་ལྔར་བཤད་པ་སོགས་དབྱེ་བསྡུ་མང་ཡང༌།


LT09,P136A
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སྐྱེའི་ས་དང༌། བྱང་སེམས་ཀྱི་ས་བཅུ་པའམ་བཅུ་གཅིག་པ་ལ་ཡོན་ཏན་གྱི་ཁྱད་པར་ལས་དབྱེ་བསྡུ་བྱུང་བ་ཡིན་པས་འགལ་བ་མེད་ཅིང༌། མདོར་ན་རྒྱུད་སྡེ་ལས་གསུངས་པ་རབ་ཏུ་དགའ་བ་ལ་སོགས་པ་འབྲས་བུའི་མིང་གིས་རྒྱུ་ལ་བཏགས་པ་དང༌། ཀུན་ཏུ་འོད་ལ་སོགས་པ་དཔེ་དང་ཆོས་མཐུན་པས་རང་གི་ངོ་བོ་བསྟན་པ་དང༌། གནས་ལ་སོགས་པ་ཡོན་ཏན་སྐྱེད་པའི་རྒྱུའི་ཆ་ནས་མིང་བཏགས་པ་གསུམ་གཙོ་བོ་ཡིན་པས། སྔ་མ་གཉིས་ཀྱི་དོན་གོང་དུ་སོང༌། ཕྱི་མ་ནི། སམྦུ་ཊ་ལས། གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་ཅན། །ཚནྡྷོ་མངོན་དུ་གྱུར་པར་ངེས། །ཉེ་བའི་ཚནྡྷོ་སྦྱང་དཀའ་བ། །འདུ་བ་རིང་དུ་སོང་བ་སྟེ། །ཉེ་བའི་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཉིད། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཕ་རོལ་ཕྱིན་བཅུའི་ས་རྣམས་ལ། །རྣལ་འབྱོར་མ་ཡི་ཀླ་ཀློའི་སྐད། །པུ་ལ་སོགས་པ་ཅི་གསུངས་པ། །ཕྱི་དང་ནང་དུ་བསམ་པར་བྱ། །ཞེས་རྣལ་འབྱོར་མའི་ཀླ་ཀློའི་སྐད་ཀྱིས་ཐུན་མོང་མིན་པའི་མིང་ཐུན་མོང་བ་དང་སྦྱར་ཏེ་གསུངས་ལ། དེའང་ས་དང་པོ་རབ་ཏུ་དགའ་བ་ནི། གནས་ཀྱི་མིང་གིས་གསུངས་པའི་གནས་ནི་རྟེན་ཏེ། འཁོར་བ་ཐོག་མ་མེད་པ་ནས་བརྒྱུད་པ་རྣམས་སུ་མ་མཐོང་བའི་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བའི་ཕྱིར་འདིའི་རབ་ཏུ་དགའ་བ་མང་སྟེ་ས་དང་པོའི་ཏིང་ངེ་འཛིན་དང་མངོན་ཤེས་ལ་སོགས་པའི་རང་དོན་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་རྣམས་དང༌། སྦྱིན་པའི་ཕར་ཕྱིན་ལ་བརྟེན་ནས་སེམས་ཅན་དཔག་ཏུ་མེད་པའི་སེམས་ཚིམས་པར་བྱེད་པ་གཞན་དོན་གྱི་ཡོན་ཏན་ཕུན་སུམ་ཚོགས་པའི་རྟེན་ཡིན་པས་ན་གནས་སོ། །ས་གཉིས་པ་ནི་ཉེ་བའི་གནས་ཏེ་དེ་ལ་ཉེ་བ་ཞེས་པ་ཡུལ་དང་ཡུལ་ཉེ་བའམ་དུས་ཉེ་བ་


LT09,P136B
[མ་དཔེ་གཟིགས་ན་འདིར་གནོན།]

མིན་པར་རྒྱུ་དང་འབྲས་བུའམ་ཕན་ཚུན་ཕན་གདགས་བྱ་འདོགས་བྱེད་དུ་འབྲེལ་བའི་སྒོ་ནས་ཉེ་བར་བཞག་སྟེ། ཕྱིའི་གནས་དང་ཉེ་གནས་ནི་དེ་ན་གནས་པའི་རྣལ་འབྱོར་མ་རྣམས་ཕན་ཚུན་ཕན་འདོགས་པར་བྱེད་པས་ཉེ་བར་བཏགས་ནས་ཡུལ་ལའང་བཤད་ཅིང༌། ནང་དུ་ནི་རྒྱུས་ཀྱང་འབྲས་བུ་ལ་ཕན་འདོགས་པར་བྱེད་ལ་འབྲས་བུ་རྒྱུའི་ཕན་གདགས་བྱར་ཐ་སྙད་བྱེད་པའི་ཕྱིར་ན་གནས་དང་ཉེ་གནས་སུ་བརྗོད་དོ། །དེ་བཞིན་དུ་ཞིང་དང་ཉེ་ཞིང་སོགས་ལའང་རིགས་པར་བྱའོ། །དེས་ན་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་བརྟེན་ནས་དགེ་བཅུ་རྣམ་པར་དག་པའི་ཕྱིར་དང༌། ཏིང་ངེ་འཛིན་དང་མངོན་ཤེས་སོགས་དབང་དུ་བྱེད་པའི་རྟེན་ཡིན་པས་ཉེ་གནས་སོ། །ས་གསུམ་པ་ནི་ཞིང་སྟེ། ཇི་ལྟར་ཞིང་ལས་ལོ་ཏོག་ཕུན་སུམ་ཚོགས་པ་སྐྱེ་བ་བཞིན་དུ་བཟོད་པའི་ཕར་ཕྱིན་རབ་ཀྱི་མཐར་ཐུག་པས་ཟག་མེད་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་ཆོས་ཀྱི་སྣང་བ་ཆེན་པོ་སྐྱེ་བས་ན་ཞིང་ངོ༌། །ས་བཞི་པ་ནི་བརྩོན་འགྲུས་ཀྱི་ཕར་ཕྱིན་གྱིས་སྔར་ལས་ཡོན་ཏན་ལྷག་པར་སྐྱེ་བས་ན་ཉེ་བའི་ཞིང་ངོ༌། །ས་ལྔ་པ་ནི་ཚནྡྷོ་ཧ་སྟེ་དེ་ལ་ཚནྡྷ་ནི་སྨོན་པའམ་འདུན་པ་སྟེ་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་སྨོན་པའོ། །ཨུ་ཧ་ནི་ཇི་ལྟར་སྨོན་པ་བཞིན་དུ་བདག་གིས་བྱའོ་ཞེས་གོ་གྱོན་པའི་དོན་ཏོ། །དེས་ན་བསམ་གཏན་གྱི་ཕར་ཕྱིན་ལ་བརྟེན་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཆོས་འཚོལ་བ་ལ་མངོན་པར་སྦྱོར་ཞིང་རྫོགས་པར་བྱེད་པས་ན་ཚནྡྷོ་ཧའོ། །ས་དྲུག་པ་ནི་ཤེས་རབ་ཀྱི་ཕར་ཕྱིན་མངོན་དུ་གྱུར་པ་ལ་བརྟེན་ནས་སྔར་བཤད་པའི་ཡོན་ཏན་ལ་ཤིན་ཏུ་མངོན་པར་སྦྱོར་བས་ཉེ་བའི་ཚནྡྷོ་ཧའོ། །ས་བདུན་པ་ནི་འདུ་བ་སྟེ་འདུས་པར་བྱེད་པས་ན་འདུས་པ་ཡིན་ལ་དེའང་ཐོབ་པར་བྱེད་པའི་དོན་ཏོ། །དེས་ན་ཐབས་ཀྱི་ཕར་ཕྱིན་ལ་བརྟེན་ནས་བསམ་གཏན་དང་རྣམ་ཐར་ལ་སོགས་


LT09,P137A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡོན་ཏན་རྣམས་མཚན་མ་མེད་ཅིང་རྩོལ་བས་འདུ་བར་བྱེད་པས་ན་འདུ་བའོ། །ས་བརྒྱད་པ་ནི་སྨོན་ལམ་གྱི་ཕར་ཕྱིན་ལ་བརྟེན་ནས་སྣོད་བཅུད་ཀྱི་ཞིང་ཡོངས་སུ་དག་པ་འབད་མེད་ལྷུན་གྲུབ་ཏུ་ཐོབ་པར་བྱེད་པས་ཉེ་བའི་འདུ་བའོ། །ས་དགུ་པ་ནི་དུར་ཁྲོད་དེ་བདག་མེད་པའི་དོན་གྱིས་དུར་ཁྲོད་ཅེས་བྱ། དེའང་སྟོབས་ཀྱི་ཕར་ཕྱིན་ལ་བརྟེན་ནས་ཆོས་ཐམས་ཅད་བདག་མེད་པར་རང་གིས་རྟོགས་ནས་གཞན་ལ་སྟོན་པས་རང་གཞན་གྱི་དོན་རྫོགས་པར་བྱེད་པས་ན་དུར་ཁྲོད་དོ། །ས་བཅུ་པ་ནི་ཡེ་ཤེས་ཀྱི་ཕར་ཕྱིན་གྱིས་རང་གཞན་གྱི་དོན་མཐར་ཕྱིན་པ་དང་མཐར་ཐུག་པའི་དབང་པོ་རྫོགས་པར་བྱེད་པས་ན་ཉེ་བའི་དུར་ཁྲོད་དོ། །འདིར༌།།།་ལས་འཐུང་གཅོད་དང་ཉེ་བའི་འཐུང་གཅོད་ས་ལ་སྦྱར་བ་དོན་གྱིས་གོ་བ་ལ་དགོངས་ནས་དངོས་སུ་མ་གསུངས་ཀྱང༌། མན་སྙེ་ལས་འཐུང་གཅོད་མོས་སྤྱོད་ཀྱི་ས་དང་ཉེ་བའི་འཐུང་གཅོད་སངས་རྒྱས་ཀྱི་སར་བཤད་ལ། འགྲེལ་བ་ཀུ་མུ་ཏ་ལས། འཐུང་གཅོད་དཔེ་མེད་ཡེ་ཤེས་རྟེ། །ཉེ་བའི་འཐུང་གཅོད་ཡེ་ཤེས་ཆེ། །ཞེས་རྒྱུད་རྒྱས་པའི་ལུང་དྲངས་པ་ལྟར། ས་བཅུ་གཅིག་པ་ནི་འཐུང་གཅོད་དེ། འཐུང་བ་ནི་ཉོན་མོངས་པ་དང་སྤྱོད་པ་ནི་དགེ་བ་ལ་སྤྱོད་པ་ཡིན་ལ། ཡང་ན་དེས་ཉོན་མོངས་པའི་ཕུང་པོ་གཅོད་པར་བྱེད་པས་སམ། ས་བཅུ་པའི་ཁྱད་པར་གྱི་ལམ་ལ་བརྟེན་ནས་གནས་ངན་ལེན་གཅོད་པར་བྱེད་པས་འཐུང་གཅོད་དམ། སྔར་གྱིས་རྣམས་ཀྱིས་དཔེ་ཙམ་དུའང་བྱ་བར་དཀའ་བས་དཔེ་མེད་པའོ། །ས་བཅུ་གཉིས་པ་ནི་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་པས་ཉེ་བའི་འཐུང་གཅོད་དང༌། དེ་ལྟ་བུ་དེ་ཆེས་ཆེ་བའི་ཡེ་ཤེས་སུ་གྱུར་བས་ཡེ་ཤེས་ཆེན་པོའོ། །འོ་ན་བཅུ་གསུམ་པ་མ་སྨོས་པ་ཅི་ཞེ་ན། སྔ་མ་རྣམས་བྱང་ཆུབ་སེམས་དཔའི་ས་ཡིན་ལ། བཅུ་གསུམ་པ་རྡོ་རྗེ་འཆང་གི་ས་ཡིན་པས་མ་སྨོས་པ་སྟེ།


LT09,P137B
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་བརྗོད་བླ་མ་ལས། རྡོ་རྗེའི་ས་ནི་བཅུ་གསུམ་པ། །ཞེས་གསུངས་པས་སོ། །གཉིས་པ་ནི། ཤེས་རབ་ཅགས་པ་ལས་བྱུང་མི་འགྱུར་བའི། །བདེ་ཆེན་སྐད་ཅིག་རྣམས་ཀྱིས་ས་འཐོབ་སྟེ། །དང་པོས་ཁུ་རྡུལ་ནོར་བུ་གཙུག་ཏོར་གྱི། །རྩེར་བརྟན་དབུགས་གཅིག་འགགས་པས་གཉིས་མེད་མཐོང༌། །གང་སྣང་བདེར་འཆར་འཇིག་རྟེན་དབང་ཕྱུག་འཐོབ། །ས་དེ་རྣམས་རྒྱུ་གང་ལས་འཐོབ་ཅེ་ན། ཤེས་རབ་ཀྱི་ཆགས་པ་ལས་བྱུང་བ་མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་རྣམས་ཀྱིས་དེ་བཞིན་གཤེགས་པའི་ས་འདི་རྣམས་འཐོབ་སྟེ། དེའང་ཞིབ་མོར་བཤད་ན་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་དང་པོ་སྐྱེས་པ་ན་ཁུ་བ་ནོར་བུའི་རྩེ་མོར་དང༌། རྡུལ་གཙུག་ཏོར་དུ་ཟིན་ལ། དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལས་གཅིག་འགགས། དེའི་དུས་སུ་བདག་གཞན་གཉིས་སུ་མེད་པར་འཆར་ཞིང༌། གང་སྣང་ཐམས་ཅད་བདེ་བ་ཆེན་པོར་རོ་གཅིག་ཏུ་གྱུར། གཟུགས་ཕྲ་བ་དང་རེག་པ་ཡང་བ་སོགས་འཇིག་རྟེན་གྱི་དབང་ཕྱུག་བརྒྱད་འཐོབ་པར་བཤད་དོ། །རིམ་པས་སྐད་ཅིག་སྟོང་དང་བརྒྱད་བརྒྱ་རྫོགས། །དེ་སྙེད་ལས་ཀྱི་རླུང་དང་མ་རིག་འགགས། །གསང་འཁོར་འོག་ཕྱེད་གཙུག་འཁོར་སྟེང་གི་ཕྱེད། །ཁུ་རྡུལ་བརྟན་པས་དགའ་སྟོང་ཆུང་ངུ་རྫོགས། །གནས་དང་རབ་དགའི་མིང་ཅན་དང་པོ་འཐོབ། །མདུད་པ་གཅིག་གྲོལ་རིམ་པ་དང་ཕོ་འཕགས། །སྦྱིན་བདག་ཆེན་པོ་གཙོ་བོར་གྱུར་པའོ། །དེ་ལྟ་བུའི་རིམ་པས་བདེན་དོན་རྣམ་པ་བཅུ་གཉིས་ཀྱི་དང་པོ་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་མ་སྟོང་བརྒྱད་བརྒྱ་རྫོགས་པས། དུས་སྦྱོར་བཅུ་གཉིས་ཀྱི་དང་པོ་ལས་ཀྱི་རླུང་གྲངས་དེ་སྙེད་ཅིག་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་དང་པོ་མ་རིག་པ་འགགས། ནོར་བུ་དང་གཙུག་ཏོར་གྱི་རྩེ་མོར་ཁུ་རྡུལ་ཟིན་པ་ནས་རྡུལ་འོག་དང་ཁུ་བ་སྟེང་དུ་འགྲོ་བས་གསང་གནས་ཀྱི་འཁོར་ལོའི་


LT09,P138A
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མན་བྱང་ཆུབ་སེམས་ཀྱི་ཐིག་ལེས་གང་ཞིང་བརྟན། དེའི་ཚེ་མས་བརྟན་གྱི་དགའ་བ་བཞི་གསུམ་བཅུ་གཉིས་ལས་དང་པོ་དགའ་བ་ཆུང་ངུ་ཉམས་སུ་མྱོང༌། གཙུག་ཏོར་གྱི་འཁོར་ལོ་ཉི་རྡུལ་གྱིས་གང་ཞིང་སྣང་བའམ་སྟོང་པ་བཞི་གསུམ་བཅུ་གཉིས་ཀྱི་དང་པོ་སྟོང་པ་ཆུང་ངུ་མངོན་སུམ་དུ་རྟོགས། ས་བཅུ་གཉིས་ལས་གནས་དང་རབ་ཏུ་དགའ་བའི་མིང་ཅན་དང་པོ་འཐོབ། དབུ་མའི་མདུད་པ་སུམ་ཅུ་རྩ་གཉིས་ལས་དང་པོ་གྲོལ། གཙུག་ཏོར་རིམ་པ་བཅུ་གཉིས་ལས་དང་པོ་གྱེན་དུ་འཕགས། འདིར་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པས། སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཞེས་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་ཅིང་རྫོགས་སོ། །དེ་ནས་སྟོང་དང་བརྒྱད་བརྒྱ་བཅུ་པོ་རྣམས། །རིམ་རྫོགས་རིམ་འགག་འཁོར་ལོ་དྲུག་པོ་ཡི། །ཕྱེད་ཕྱེད་བརྟན་ཅིང་མདུད་པ་གསུམ་གསུམ་དང༌། །ཐ་མར་གཅིག་གྲོལ་རིམ་པ་འཕགས་པ་ལས། །བདེན་དོན་རྣམ་པ་བཅུ་གཉིས་མི་འགྱུར་བདེ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོངས་སུ་རྫོགས། །དེ་སྙེད་དུས་སྦྱོར་བཅུ་གཉིས་རླུང་དང་ནི། །རྟེན་འབྲེལ་ཡན་ལག་སྲིད་པའི་འཁོར་ལོར་འགག །དེ་ནས་བདེན་དོན་རྣམ་པ་གཉིས་པ་ནས་བཅུ་གཅིག་པ་མཐར་ཐུག་པའི་བར་གྱི་མི་འགྱུར་བའི་སྐད་ཅིག་མ་སྟོང་བརྒྱད་བརྒྱ་བཅུ་པོ་རྣམས་རིམ་པར་རྫོགས། དུས་སྦྱོར་རླུང་དེ་སྙེད་དང་རྟེན་འབྲེལ་རྣམས་རིམ་པར་འགགས། གསང་གནས་ནས་དཀར་ཆ་མས་རིམ་དང༌། གཙུག་འཁོར་ནས་དམར་ཆ་ཡས་རིམ་གྱིས་འཁོར་ལོ་དྲུག་པོའི་ཕྱེད་ཕྱེད་བརྟན། རེ་རེ་ལ་དབུ་མའི་མདུད་པ་གསུམ་གསུམ་གྲོལ། དགའ་བ་དང་སྟོང་པ་ཇེ་འཕེལ་དུ་རྟོགས། གཉིས་པ་ལ་སོགས་པའི་ས་བགྲོད། ཚུལ་ཁྲིམས་ཕར་ཕྱིན་སོགས་རྫོགས་ཏེ་བཅུ་གཅིག་པ་རྫོགས་པའི་ཐ་མ་ལ་དབུ་མའི་མདུད་པ་ཐ་མ་སུམ་ཅུ་རྩ་གཉིས་པ་གྲོལ།


LT09,P138B
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཏོར་གྱི་རིམ་པ་བཅུ་གཉིས་པ་གྱེན་དུ་འཕགས། དེ་ལྟ་བུ་ལས་བདེན་དོན་རྣམ་པ་བཅུ་གཉིས་པ་མི་འགྱུར་བའི་བདེ་བ་སྐད་ཅིག་མ་སྟོང་བརྒྱད་བརྒྱ་རྫོགས་ཏེ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་མ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་ཐམས་ཅད་རྫོགས་པས། དུས་སྦྱོར་བཅུ་གཉིས་པའི་རླུང་གྲངས་དེ་སྙེད་འགགས་ཏེ་ལས་ཀྱི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་ཐམས་ཅད་དང༌། རྟེན་འབྲེལ་རྒ་ཤི་འགགས་ཏེ་ཡན་ལག་བཅུ་གཉིས་ཀྱི་སྲིད་པའི་འཁོར་ལོ་ཐམས་ཅད་འགགས་པར་འགྱུར་རོ། །གཙུག་ཏོར་ཟླ་ཉི་ནོར་བུར་ཉི་མ་བརྟན། །ཕར་ཕྱིན་མཐར་སོན་སྤངས་རྟོགས་ཡོངས་སུ་རྫོགས། །དེའི་ཚེ་གཙུག་ཏོར་གྱི་འཁོར་ལོའི་སྟེང་དུ་བྱང་ཆུབ་སེམས་ཀྱི་ཟླ་བ་ཆ་བཅུ་དྲུག་པ་ཡོངས་སུ་རྫོགས་པ་ཉ་ཞིང་མས་བརྟན་གྱི་ལྷན་སྐྱེས་དགའ་བ་ཆེན་པོ་ཉམས་སུ་མྱོང༌། གསང་འཁོར་གྱི་འོག་རྡོ་རྗེ་ནོར་བུའི་རྩེ་མོ་ཡན་ཉི་རྡུལ་གྱིས་གང་ཞིང་བརྟན་པས་འོད་གསལ་ལམ་ཐམས་ཅད་སྟོང་པ་ཆེན་པོ་མངོན་སུམ་དུ་རྟོགས། ཉེ་བའི་འཐུང་གཅོད་དང་ཡེ་ཤེས་ལྡན་གྱི་མིང་ཅན་ས་བཅུ་གཉིས་པ་ཐོབ། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་ཏེ་མདོར་ན་ཕ་རོལ་ཏུ་ཕྱིན་པ་བཅུ་མཐར་ཕྱིན་ནས་སྤངས་རྟོགས་ཐམས་ཅད་ཡོངས་སུ་རྫོགས་པའི་སངས་རྒྱས་ཉིད་དེ་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཞེས་པའང་བཅུ་གཉིས་པ་འདིའི་རྒྱུན་མཐའ་ལ་བརྗོད་པར་བཞེད་དོ། །དེ་དག་ནི་ཉི་ཁྱིམ་བཅུ་གཉིས་ཀྱི་དབྱེ་བས་སྲོག་གི་རླུང་དུས་སྦྱོང་བཅུ་གཉིས་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས་འགགས་པའི་ས་བཅུ་གཉིས་ཏེ། སྒྱུ་འཕྲུལ་དྲྭ་བ་ལས། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །དག་པ་རྣམ་པ་བཅུ་གཉིས་འཆང༌། །ཞེས་དང༌། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཅེས་པའི་དོན་ཏོ། །དགའ་སྟོང་བཅུ་དྲུག་རྫོགས་དང་རྟོགས་པའི་ས། །བཅུ་དྲུག་དག་ཀྱང་སྔ་མའི་ཁོང་དུ་འདུ། །ཟླ་བ་བཅུ་དྲུག་གི་དབྱེ་བས་དགའ་བའི་


LT09,P139A
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་དང་དགའ་བའི་མཆོག་དགའ་སོགས་ཡས་བབས་འཇིག་རྟེན་པའི་དགའ་བ་བཅུ་དྲུག་ཟད་ཅིང༌། མས་བརྟན་འཇིག་རྟེན་ལས་འདས་པའི་དགའ་བ་བཅུ་དྲུག་རྫོགས་པ་དང༌། སྟོང་པའི་སྟོང་པ་དང་སྟོང་པའི་ཤིན་ཏུ་སྟོང་པ་སོགས་སྟོང་པ་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ས་བཅུ་དྲུག་ཏུ་ཡང་གསུངས་ཏེ། སྒྱུ་འཕྲུལ་དྲྭ་བ་ལས། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང༌། །ཞེས་དང༌། དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་སོ། །དེ་ལྟར་ས་བཅུ་གཉིས་སུ་བྱེད་པ་ནི་དུས་སྦྱོར་བཅུ་གཉིས་འགགས་པས་བཞག་ཅིང༌། བཅུ་དྲུག་ཏུ་བྱེད་པ་ནི་དགའ་བ་བཅུ་དྲུག་རྫོགས་པས་བཞག་ལ། དེས་ན་དུས་སྦྱོར་བཅུ་གཉིས་འགག་པ་དང་དགའ་བ་བཅུ་དྲུག་རྫོགས་པ་དུས་མཉམ་པས་དབྱེ་བ་དེ་གཉིས་འགལ་མེད་དུ་རྟོགས་དགོས་པ་དང༌། དེའི་ཕྱིར་བཅུ་དྲུག་པོ་དག་ཀྱང་སྔ་མའི་ཁོངས་སུ་འདུ་བར་ཤེས་པར་བྱའོ། །གསུམ་པ་ནི། གདམས་ངག་དང་སྦྱར་ས་ལམ་རྣམ་གཞག་ཚུལ། །འདྲ་མིན་སོ་སོའི་གཞུང་ལས་ཤེས་པར་བྱ། །དོན་གྱི་འབབས་གཅིག་ཀྱང་བརྗོད་ཚུལ་ཐ་དད་ཀྱི་དབང་གིས་རྒྱུད་སྡེ་རྣམས་ལས་ས་ལམ་གྱི་རྣམ་གཞག་དང༌། བགྲོད་ཚུལ་གྱི་བྱེ་བྲག་མི་འདྲ་བ་མང་དུ་འབྱུང་བ་དང༌། ཁྱད་པར་གྲུབ་ཆེན་སོ་སོས་བཀྲལ་བའི་གདམས་ངག་གི་གནད་དང་སྦྱར་བའི་ས་ལམ་གྱི་རྣམ་གཞག་བཤད་ཚུལ་འདྲ་མིན་མང་དུ་འབྱུང་བ་ནི་དེ་དག་སོ་སོའི་གཞུང་ལས་ཤེས་པར་བྱ་བ་ལས། འདིར་མཐའ་གཅིག་ཏུ་བརྗོད་པར་མི་ནུས་ཀྱང་གོང་དུ་སྨོས་པའི་རྣམ་གཞག་སྤྱི་དེ་དག་ཁོང་དུ་ལེགས་པར་ཆུད་ན། གཞན་དག་ཐབས་ཀྱི་ཁྱད་ཆོས་ཕྲ་མོས་དབྱེ་བ་ཡིན་པས་ཞར་ལ་རྟོགས་པར་འགྱུར་རོ། །འབྲས་བུ་རྡོ་རྗེ་ཐེག་པའི་ས་ལམ་རྣམ་པར་གཞག་པ་སྐབས་གཉིས་པའི་འགྲེལ་བའོ།། །།

༣ ལམ་གྱི་ཡན་ལག་བོགས་འདོན་སྤྱོད་པ་རྣམ་པར་བཞག་པའི་སྐབས།


LT09,P139B
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་གསུམ་པ་ལམ་གྱི་ཡན་ལག་བོགས་འདོན་སྤྱོད་པའི་རྣམ་གཞག་འཆད་པ་ལ། ཐེག་གསུམ་གྱི་སྤྱོད་པ་མདོར་བསྟན། བླ་མེད་རྒྱུད་སྡེའི་སྤྱོད་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ལམ་གྱི་ཡན་ལག་སྤྱོད་པ་སྤྱི་ཙམ་དུ། །དམན་ལ་ཆགས་བྲལ་རྒྱ་ཆེར་ཕ་རོལ་ཕྱིན། །ཟབ་མོར་མོས་ལ་འདོད་ཆགས་སྤྱོད་པ་གསུངས། །ལམ་མྱུར་དུ་བགྲོད་པའི་བརྟུལ་ཞུགས་སམ་སྤྱོད་པ་ནི། སྤྱི་ཙམ་གྱི་དབང་དུ་བདག་ཅག་གི་སྟོན་པས་གདུལ་བྱ་དམན་པ་ལ་མོས་པ་ལ་ཆགས་བྲལ་གྱི་སྤྱོད་པ་དང༌། རྒྱ་ཆེ་བ་ལ་མོས་པ་ལ་ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང༌། ཟབ་མོ་ལ་མོས་པ་ལ་འདོད་ཆགས་ཀྱི་སྤྱོད་པ་གསུམ་དུ་བསྟན་པར་སྤྱོད་བསྡུས་སྒྲོན་མ་ལས་གསུངས་པ་ལས། འདིར་བཤད་བྱ་ནི་ཕྱི་མ་ཡིན་ལ། དེའང་ལམ་སྒོམ་པའི་སྣོད་རུང་དུ་བྱ་བའི་ཕྱིར་སྤྱོད་པ་ནི་སྨིན་བྱེད་དབང་གི་སྐབས་སུ་སྤྱོད་པ་དང༌། ལམ་མ་སྐྱེས་པ་བསྐྱེད་པའི་ཕྱིར་སྤྱོད་པ་ནི་ལམ་དང་པོར་བསྒོམ་པ་ནས་མཆོག་མ་ཐོབ་ཀྱི་བར་དུ་སྤྱོད་པ་དང༌། སྐྱེས་པ་བོགས་དབྱུང་བའི་ཕྱིར་སྤྱོད་པ་ནི་རིམ་གཉིས་ཀྱི་རྟོགས་པ་མཐའ་དག་གོང་འཕེལ་དུ་བྱ་བའི་ཕྱིར་སྤྱོད་པ་ཡིན་ནོ། །གཉིས་པ་ལ་གསུམ། སྤྱིར་སྤྱོད་པའི་རྣམ་གྲངས་བསྟན། བྱེ་བྲག་རྣམ་གཞག་ཁྱད་པར་བ་བཤད། གོང་མ་སྤྱིའི་བཞེད་པ་ལོགས་སུ་དབྱེ་བའོ། །དང་པོ་ལ་གཉིས། དབྱེ་གཞི་དང༌། དབྱེ་ངོའོ། །དང་པོ་ནི། ཕྱི་མ་རྒྱུད་ལས་བཤད་ཀུན་མདོར་བསྡུ་ན། །ཞེས་པ་སྟེ། གོང་སྨོས་གསུམ་གྱི་ཕྱི་མ་ཆགས་བཅས་ཀྱི་སྤྱོད་པ་བླ་མེད་ཀྱི་རྒྱུད་སྡེ་རྣམས་ལས་མང་དུ་གསུངས་ཏེ། དཔལ་གསང་བ་འདུས་པ་ལས་སྤྱོད་པ་གསུམ་གྱི་སྒོམ་བསམ་མང་པོ་དང༌། ཚོགས་སྤྱོད་མདོར་བསྡུས་ཙམ་གསུངས། བཤད་རྒྱུད་རྡོ་རྗེ་སྙིང་པོ་རྒྱན་ལས་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་དང༌། སངས་རྒྱས་མཉམ་སྦྱོར་ལས་སྤྲོས་བཅས་ཀྱི་ཚོགས་སྤྱོད་རྒྱས་


LT09,P140A
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། འཁོར་ལོ་བདེ་མཆོག་གི་རྩ་རྒྱུད་ལེའུ་ཉེར་བདུན་པ་སོགས་གསུམ། དང་པོ་དང་བརྒྱད་པ། སམྦུ་ཊིའི་བརྟག་པ་ལྔ་པའི་རབ་དབྱེ་ཕྱི་མ་གཉིས་དང༌། སྡོམ་འབྱུང་ལེའུ་ཉེར་གཅིག་པ་དང༌། ཀྱཻ་རྡོ་རྗེའི་བརྟག་པ་དང་པོའི་དྲུག་པ་དང༌། གཉིས་པའི་གཉིས་པ་སྟེ་རྒྱུད་སྡེ་བཞི་པོ་དེ་དག་ཏུ་རྒྱས་པར་འབྱུང༌། གདན་བཞིའི་བཤད་རྒྱུད་མནྟྲ་ཨཾ་སའི་བརྟུལ་ཞུགས་སྤྱོད་པའི་ལེའུར་ཡང་སྤྲོས་མེད་གཙོར་མཛད་ནས་རྒྱས་པར་གསུངས། གཞན་ཡང་བླ་མེད་ཀྱི་རྒྱུད་ཕལ་ཆེར་ནས་ཕྱོགས་རེ་ཙམ་དུ་གསུངས་པ་དེ་དག་མདོར་བསྡུ་ན་འདི་ལྟར་རོ། །ཞེས་སོ། །གཉིས་པ་ནི། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་གསུམ། །གནས་ཀྱི་དབྱེ་བ་ཁྱིམ་དང་དུར་ཁྲོད་ཞིང༌། །སྤྱོད་ཚུལ་གཉིས་སྤོང་ཀུན་བཟང་རྣམ་རྒྱལ་ལོ། །གསང་འདུས་མཉམ་སྦྱོར་སོགས་རྒྱུད་ཐམས་ཅད་ལས་གསུངས་པ་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་གསུམ་ནི་ངོ་བོའི་སྒོ་ནས་དབྱེ་བ་ཡིན་ལ། གནས་ཀྱི་སྒོ་ནས་དབྱེ་བ་སྡོམ་འབྱུང་ལས། རང་གི་ཁྱིམ་དུ་སྤྱོད་པ་དང༌། དུར་ཁྲོད་དུ་སྤྱོད་པ་དང༌། ཞིང་རྣམས་སུ་རྒྱུ་བ་སྟེ་གསུམ་དང༌། དཔལ་གསང་བ་གྲུབ་པར་ཡང༌། ཇི་སྐད་དུ། དམ་ཚིག་སྤྱོད་པ་དེར་གཏད་པས། །ཁྱིམ་དུ་ཡང་ནི་འགྲུབ་པར་འགྱུར། །དམ་ཚིག་སྤྱོད་པ་དམན་གྱུར་ན། །སྤྱོད་པས་མིན་ཅིང་ཁྱིམ་དུའང་མིན། །ཅེས་ཞིང་དུ་སྤྱོད་པ་དང༌། །ཁྱིམ་དུ་སྤྱོད་པ་གཉིས་སུ་བཤད་ཅིང༌། །སྤྱོད་ཚུལ་གྱི་དབྱེ་བ་བདེ་དགྱེས་སམྦུ་ཊི་སོགས་སུ། གཉིས་སྤོང་ཨ་བྡྷཱུ་ཏིའི་སྤྱོད་པ་དང༌། ཀུན་བཟང་གི་སྤྱོད་པ་དང༌། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་གསུམ་གྱི་ཐ་སྙད་གསུངས་ལ། གསང་བ་གྲུབ་པའི་ལེའུ་དྲུག་པར་གསང་སྤྱོད་དང༌། བདུན་པར་རིག་སྤྱོད་དང༌། བརྒྱད་པར་ཚོགས་སྤྱོད་དང༌། དགུ་པར་དེའི་སྟེང་དུ་སྨྱོན་སྤྱོད་རྣམས་བཤད་དེ། དང་པོ་གཉིས་


LT09,P140B
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཨ་བ་དྷཱུ་ཏིའི་སྤྱོད་པ་ལས་ཕྱེ་བ་དང༌། ཕྱི་མ་ཤིན་ཏུ་སྤྲོས་མེད་དོ། །འདིའང་སྤྱོད་ཚུལ་གྱི་སྒོ་ནས་དབྱེ་བའོ། །དེ་ལ་མགོན་པོ་ཀུན་ཏུ་སྤྱོད་པ་དང༌། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་གཉིས་དོན་གཅིག་རྒྱལ་པོ་གཞོན་ནུའི་སྤྱོད་པ་དང༌། དཔལ་ལྡན་རྒྱལ་ཚབ་ཀྱི་སྤྱོད་པ་དང༌། ཀུན་བཟང་རིག་མའི་བརྟུལ་ཞུགས་ཀྱི་སྤྱོད་པ་རྣམས་དོན་གཅིག་སྔགས་ཀྱི་སྤྱོད་པ་ཞེས་པ་སྤྱིར་ཐུན་མོང་གི་སྤྱོད་པ་ཡན་ཆད་ཐམས་ཅད་ལ་འཇུག་མོད་ཀྱི། བྱེ་བྲག་ཏུ་འདི་ལའང་འཇུག་གོ །རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཞེས་པའང༌། སྤྱོད་པ་ཐམས་ཅད་དང་ཀུན་འདར་འཇིག་རྟེན་པའི་མངོན་དུ་སྤྱོད་པ་ཁོ་ན་ལ་འཇུག་པའི་སྐབས་གཉིས་ཡོད་དོ། །གསང་བའི་སྤྱོད་པའང་སྔགས་སྤྱོད་ཐམས་ཅད་དང་ཀུན་འདར་གསང་སྟེ་སྤྱོད་པ་ཁོ་ན་ལ་འཇུག་པའི་སྐབས་གཉིས་འབྱུང་བའང་ཤེས་དགོས་སོ། །གཉིས་པ་བྱེ་བྲག་ཏུ་རྣམ་གཞག་ཁྱད་པར་བ་འཆད་པ་ལ་གཉིས། ཐུན་མོང་སྤྱོད་པ་དང༌། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའོ། །དང་པོ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ཐབས་རྒྱུད་གཙོར་བྱས་འདོད་འཇུག་བརྟེན་སློབ་གཉིས། ཐབས་ཕའི་རྒྱུད་གཙོར་བྱས་ཐུན་མོང་གི་ལུགས་སུ་ལས་དང་པོ་པའམ་འདོད་འཇུག་ཐུན་མོང་བ་དང༌། བརྟེན་སློབ་པའི་སྤྱོད་པའི་རྣམ་གྲངས་གཉིས་སུ་ཡོད་དོ། །གཉིས་པ་ལ་གཉིས། འདོད་འཇུག་བརྟེན་སློབ་བཤད་པའོ། །དང་པོ་ནི། དང་པོའི་ལས་པས་ཐུན་མཚམས་བྱ་བ་སོགས། འདོད་འཇུག་ཐུན་མོང་བསླབ་བྱ། །ཞེས་པ་སྟེ། དང་པོའི་ལས་ཅན་གྱིས་ཐུན་མཚམས་སུ་རྗེས་ཆགས་བཟའ་བཏུང་གོས་སོགས་ལོངས་སྤྱོད་ཅི་རིགས་པ་བརྟེན་པ་དང༌། སཱཙྪ་གདབ་པ་དང༌། ཕྱག་མཆོད་སོགས་ཐུན་མཚམས་ཀྱི་དགེ་བའི་བྱ་བ་ལྷའི་རྣལ་འབྱོར་གྱིས་ཟིན་པར་བྱེད་པ་སྤྱོད་པ་འདིའི་ངོ་བོ་ཡིན་ལ། འདི་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་


LT09,P141A
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ཀྱིས་མ་ཟིན་པས་ཀུན་སློང་འདོད་པ་དང༌། དངོས་གཞི་འཇུག་པའི་སེམས་གཉིས་ཆར་འཇིག་རྟེན་པ་དང་ཐུན་མོང་བ་ཡིན་པའི་ཕྱིར་འདོད་འཇུག་ཐུན་མོང་བའོ། །གཉིས་པ་ལ་གཉིས། དབྱེ་བ། སྒོམ་ཚུལ་ལོ། །དང་པོ་ནི། གཅིག་དང་གཉིས། །གསུམ་རིམ་བརྟེན་སློབ་རེས་འཇོག་མཉམ་པར་སྤྱོད། །འདི་ལ་སྤྲོས་བཅས་སོགས་གསུམ་ལས། སྣང་བ་ཐམས་ཅད་ལྷ་ལྷ་མོར་རྟོག་པས་བསྒོམ་སྟེ་ཇི་ལྟར་མཐུན་པའི་འདོད་ཡོན་ལ་བརྟེན་པ་བསྐྱེད་རིམ་སྒྲུབ་པའི་སྐབས་ཐམས་ཅད་ལ་འབྱུང་སྟེ་སྤྲོས་བཅས་སོ། །འདི་ལ་ལྷ་སྣང་ལ་སློབ་ཅིང་ལྷར་ཤེས་པ་ཁོ་ན་འབྱུང་བས་བསླབ་བྱ་གཅིག་རིམ་དང་ཤེས་བྱ་གཅིག་རིམ་ཞེས་བྱའོ། །རྣམ་རྟོག་གིས་གཙོ་བོར་མ་བརྟགས་ཀྱང་དབང་ཡུལ་ལྷ་སྐུར་སྣང་བ་འདོད་ཡོན་ལ་སྤྱོད་པ་སྤྲོས་མེད་དེ། སྣང་བའི་རྟོག་པ་མ་སྐྱེས་གོང་གི་རྫོགས་རིམ་གྱི་སྐབས་ཡིན་ལ། ལྷ་སྐུ་དང་དེའང་སེམས་ཀྱི་སྣང་བ་ཙམ་དུ་སློབ་ཅིང་ཤེས་པས་བསླབ་བྱ་དང་ཤེས་བྱ་ཉིས་རིམ་མོ། །བདེ་སྟོང་གི་རང་སྣང་ལྷ་སྐུར་སྣང་བས་དབང་ཡུལ་གྱི་འདོད་ཡོན་བརྟེན་ནས་ལྷ་དང་བདེ་བ་རང་བཞིན་མེད་པའི་ཚུལ་ལ་འཇུག་པ་ཤིན་ཏུ་སྤྲོས་མེད་དེ། ལྷ་སེམས་སྒྱུ་མ་གསུམ་སྟེ་བསླབ་བྱ་དང་ཤེས་བྱ་གསུམ་རིམ་མོ། །འདི་ནི་སྣང་བའི་རྟོག་པ་ཤར་བ་ནས་མཐོང་ལམ་མ་ཐོབ་པ་ཚུན་ཆད་ལ་ཅི་རིགས་པ་ཡོད་དེ། འདོད་ཡོན་བརྟེན་ནས་དེ་ལྟར་སློབ་པས་བརྟེན་སློབ་ཅེས་བྱ་ཞིང༌། དེ་གསུམ་ཀ་ལ་རེས་འཇོག་གིས་སྤྱོད་པ་དང༌། མཉམ་པར་སྤྱོད་པ་གཉིས་གཉིས་ཡོད་དེ། བསླབ་བྱ་གསུམ་པོ་དེ་དང་འདོད་ཡོན་ལ་འཇུག་པ་ལྷན་ཅིག་ཏུ་འབྱུང་མི་འབྱུང་ངོ༌། །དེའང་ལྷར་གསལ་བའི་ཚེ་འདོད་ཡོན་ལ་སྤྱོད་པའི་བདེ་བ་ཇི་བཞིན་མི་མྱོང༌། དེ་མྱོང་བའི་ཚེ་ལྷ་མི་གསལ་བས། སྐད་ཅིག་རེ་རེར་དེ་གཉིས་སྤེལ་ཞིང་སྤྱོད་པ་ནི་རེས་འཇོག་གི་སྤྱོད་པའོ། །དེ་གོམས་པས་ལྷན་


LT09,P141B
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་འཇུག་པ་ནི་མཉམ་སྤྱོད་དེ་བརྟེན་སློབ་སྤྲོས་བཅས་སོ། །གཉིས་པ་ནི། འདོད་ཡོན་རྡོ་རྗེ་མར་བསྒོམ་ཡིད་བདེ་བསྐྱེད། །ཐུན་མཚམས་དབང་ཡུལ་ལམ་ཁྱེར་རིག་བརྟུལ་རྒྱུ། །ཐུན་གྱི་སྐབས་སུ་འཇིག་རྟེན་ཁམས་ཀྱི་གཟུགས་སྒྲ་དྲི་རོ་རེག་བྱའི་སྐྱེ་མཆེད་མཆོག་དམན་འབྲིང་གསུམ་ཐམས་ཅད་གཅིག་ཏུ་འདུས་པ་ལས། གཟུགས་རྡོ་རྗེ་མ་སོགས་སོ་སོའི་ལྷ་མོ་མཛེས་སྡུག་ཕུན་སུམ་ཚོགས་ཤིང་འདོད་ཡོན་ཐོགས་པ། སྒྱུ་རྩལ་དང་ལྡན་པ་མཐོང་བའི་མཚན་མ་རྙེད་ཀྱི་བར་དུ་བསྒོམ། མཚན་མ་རྙེད་ནས་དེས་བདེ་ཆེན་དྲངས་ཏེ་ཡིད་བདེ་ཁྱད་པར་ཅན་བསྐྱེད་ལ། དེས་དབང་པོ་བརྟེན་བཅས་བརྟ་བར་བྱས་པས་ཡེ་ཤེས་ཀྱི་བརྒྱུད་པའི་རྒྱུར་འགྱུར་པའོ། །ཐུན་མཚམས་སྤྱོད་པའི་སྐབས་སུ་ཕྱིའི་འདོད་ཡོན་དང་དབང་པོ་གང་དང་གང་ཕྲད་པ་ན། དབང་པོ་ལྷ་དང་ཡུལ་ལྷ་མོར་སྒོམ་པ་སོགས་དངོས་སུ་ལོངས་སྤྱོད་ཅིང་བརྟེན་པའོ། །དེ་ཡན་ཆད་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱོད་ནུས་པའི་རྒྱུར་འགྱུར་བ་དང༌། སྔགས་ཀྱི་སྤྱོད་པ་ཡིན་པས་ཕྱོགས་མཐུན་དུ་འདིར་བསྡུས་ཏེ་སྤྱོད་བསྡུས་སྒྲོན་མེ་ལས་བཤད་དོ། །གཉིས་པ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བཤད་ལ་བདུན། ངོ་བོ་ངོས་བཟུང༌། སྤྱོད་བྱེད་གང་ཟག་བསྟན། ནང་གསེས་ཞིབ་ཏུ་དབྱེ། སྤྱོད་པའི་རིམ་པ་བཤད། ཚོགས་སྤྱོད་ཁྱད་པར་དུ་སྨོས། །འཕྲོས་དོན་ཞར་བྱུང་དུ་བརྗོད། ཡན་ལག་དྲག་ཤུལ་སྦྱོར་བའི་ཚུལ་བསྟན་པའོ། །དང་པོ་ནི། ཆས་དང་ཕྱག་རྒྱ་གླུ་གར་རོལ་རྩེད་སོགས། །རྒྱས་དང་ཅུང་ཟད་ཏིང་འཛིན་ཁོ་ནར་བརྟེན། །རིམ་བཞིན་སྤྲོས་བཅས་སོགས་ཀྱི་ངོ་བོ་སྟེ། །ལྷའི་ཆས་སུ་འཇུག་པ་དང༌། ཕྱག་རྒྱའི་གྲངས་ལྷ་དང་མཉམ་པར་ངེས་པ་དང༌། གླུ་གར་དང་ལུས་ངག་གི་བརྡ་ལ་སོགས་པའི་རོལ་རྩེད་ཀྱི་སྤྲོས་པ་རྒྱ་ཆེན་པོ་ཡོད་པ་དང༌། དེ་དག་ངེས་པ་མེད་པ་ཅུང་ཟད་ཡོད་པ་དང༌། ཕྱིའི་སྤྲོས་པ་དོར་ཏེ་


LT09,P142A
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་འབའ་ཞིག་ལ་བརྟེན་པ་རྣམས་ནི། རིམ་བཞིན་སྤྲོས་བཅས་དང༌། སོགས་ཁོངས་ནས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་གསུམ་གྱི་ངོ་བོར་སྤྱོད་བསྡུས་ལས་བཤད་དོ། །གཉིས་པ་ནི། དགའ་སེམས་ན་ཚོད་ཤེས་རབ་ཡོ་བྱད་དང༌། །འདོད་ཆགས་ཆེ་ཆུང་སྤྱོད་བྱེད་ཁྱད་པར་རོ། །གང་ཟག་སྤྲོས་པ་ལ་དགའ་བའི་སེམས་ཆེ་ཆུང་དང༌། ན་ཚོད་དེ་ལང་ཚོའི་ཁྱད་པར་དང༌། ཡོ་བྱད་ཆེ་ཆུང་དང༌། ཤེས་རབ་ཆེ་ཆུང་དང༌། འདོད་ཆགས་ཆེ་ཆུང་གསུམ་སྟེ། སྤྲོས་པ་ལ་ཤིན་ཏུ་དགའ་བ་དང༌། ན་ཚོད་གཞོན་པ་དང༌། ཡོ་བྱད་མང་བ་དང༌། འདོད་ཆགས་ཤས་ཆེ་བ་སྤྲོས་བཅས། དེ་དག་འབྲིང་ལ་སྤྲོས་མེད། སྤྲོས་པའི་བསམ་པ་སོགས་ཆུང་བ་དང༌། ན་ཚོད་རྒན་པོ་ལ་ཤིན་ཏུ་སྤྲོས་མེད་དེ་སྤྱོད་པ་བྱེད་པ་པོའི་ཁྱད་པར་ལས་བཞག་པའོ། །གསུམ་པ་ནི། དེ་ཡང་བྱ་བ་སྒོམ་བསམ་དུས་རྣམས་ལ། །ལྟོས་པའི་སྤྱོད་པ་གསུམ་གསུམ་དགུ་རུ་འགྱུར། །མ་རྒྱུད་གཙོར་བྱས་རིག་བརྟུལ་སྤྱོད་པ་སྟེ། །སྤྱོད་པ་གསུམ་པོ་དེ་ལའང་དབྱེ་ན། ཆོ་གའམ་བྱ་བ་ལ་ལྟོས་པའི་སྤྱོད་པ་གསུམ་དང༌། སྒོམ་བསམ་ལ་ལྟོས་པའི་སྤྱོད་པ་གསུམ་དང༌། དུས་ལ་ལྟོས་པའི་སྤྱོད་པ་གསུམ་མོ། །དང་པོ་ནི། གོང་དུ་བཤད་པ་དེའོ། །གཉིས་པ་ནི། བསྐྱེད་རིམ་པའི་སྐབས་ཀྱི་སྤྱོད་པ་ཐམས་ཅད་རྣམ་རྟོག་གིས་བསྐྱེད་པའི་སྒོམ་བསམ་འབའ་ཞིག་ཡིན་པའི་ཕྱིར་སྒོམ་བསམ་སྤྲོས་བཅས་ཀྱི་སྤྱོད་པའོ། །འདི་ལ་སྟོང་པའང་རྣམ་རྟོག་དང་འགྲོགས་པ་དང༌། བདེ་བ་ཡང་ཉི་ཚེ་ཙམ་ལས་མེད་དོ། །རྫོགས་རིམ་གྱི་བདེ་སྟོང་ཁྱད་པར་ཅན་ཐོབ་པ་ནས་བརྩམ་མཉམ་གཞག་ཏུ་བདེ་སྟོང་སྒོམ་པ་དེས་སྣང་བ་ཐམས་ཅད་ལ་རྒྱས་བཏབ་སྟེ་རྣམ་རྟོག་ཁོ་ནས་སྒོམ་པ་ལ་མ་ལྟོས་པའི་ལྷ་སྐུའི་སྣང་བ་ཤར་བའི་འདོད་ཡོན་ལ་ལོངས་སྤྱོད་པའི་ཕྱིར་རྣམ་རྟོག་ཤས་ཆུང་བས་སྤྲོས་མེད་


LT09,P142B
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་སྟེ། སྟོང་པ་མི་རྟོག་པའི་རང་བཞིན་དང་བདེ་བའང་རྩོལ་མེད་དུ་རྒྱ་ཆེ་བར་འབྱུང་བ་ཡིན་ནོ། །ཟུང་འཇུག་གི་སྐབས་ནི་བདེ་སྟོང་ཉིད་ཀྱི་རྣམ་རོལ་ལས་མ་གཡོས་བཞིན་དུ་གང་སྣང་ཐམས་ཅད་དག་པའི་འཁོར་ལོར་རང་ཤར་བའི་འདོད་ཡོན་ལ་སྤྱོད་པ་སྟེ། །འདི་ལ་རྣམ་རྟོག་མངོན་གྱུར་བ་མེད་པས་སྒོམ་བསམ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ཞེས་བྱ། སྣང་སྟོང་བདེ་བ་མཁའ་ཁྱབ་ཀྱི་ཚུལ་དུ་འབྱུང་ངོ༌། །འདི་དག་ལ་བྱ་བའི་སྒོ་ནས་སྤྲོས་བཅས་སོགས་གསུམ་ཆར་ལ་ཡོད་དོ། །གསུམ་པ་ནི། ཚོགས་སྤྱོད་ལ་དབྱེ་བ་ཡིན་ཏེ། སངས་རྒྱས་མཉམ་སྦྱོར་ལས། ཉིན་རེའམ་ཟླ་བ་རེ་རེའམ། །དེ་བཞིན་ལོ་ནི་རེ་རེར་ཡང༌། །ཇི་བཞིན་ཆོ་གས་བྱིན་བརླབས་ནས། །སངས་རྒྱས་བདེ་མཆོག་གར་བྱའོ། །ཞེས་གསུངས་པ་ལྟར་ཏེ། ཉིན་རེ་བཞིན་ཏེ་རྟག་ཏུ་སྤྱོད་པ་ནི་སྤྲོས་བཅས། ཟླ་རེ་བཞིན་ལན་རེ་སྤྱོད་པ་ནི་སྤྲོས་མེད། ལོ་དུས་སུ་ལན་རེ་སྤྱོད་པ་ནི་ཤིན་ཏུ་སྤྲོས་མེད་དོ། །དེས་ན་སྒོམ་བསམ་སྤྲོས་བཅས་ལ་བྱ་བ་གསུམ་ཆར་ཡོད་པ་སོགས་སྒོམ་བསམ་གསུམ་ཆར་ལ་བྱ་བ་གསུམ་གྱི་དབྱེ་བས་དགུ། བྱ་བ་སྤྲོས་བཅས་སྤྲོས་མེད་དྲུག་ལ་ཚོགས་སྤྱོད་ཀྱི་སྐབས་དུས་སྤྲོས་བཅས་སོགས་གསུམ་གསུམ་སྟེ་བཅོ་བརྒྱད། ཤིན་ཏུ་སྤྲོས་མེད་གསུམ་སྟེ་ཉེར་གཅིག་དེ་དག་གནས་གཅིག་ན་འདུག་པ་དང་ཡུལ་ཆེན་རྣམས་སུ་རྒྱུ་བས་ཞེ་གཉིས། སྒོམ་བསམ་སྤྲོས་བཅས་བཅུ་བཞི་བོར་བ་གཞན་དེ་དག་རེ་རེ་ལ་ཀུན་འདར་ཀུན་བཟང་ཕྱོགས་ལས་རྣམ་རྒྱལ་གསུམ་གསུམ་དུ་དབྱེ་བས་སྤྱོད་པ་བརྒྱ་དང་བརྒྱད་ཅེས་གུ་རུ་ལྷོ་ཕྱོགས་པའི་ཞལ་ལུང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསང་དོན་རྒྱ་མཚོའི་ཟེགས་མའོ། །འདི་དག་ནི་བླ་མེད་མ་རྒྱུད་གཙོར་བྱས་རིག་བརྟུལ་སྤྱིའི་སྤྱོད་པའོ། །བཞི་པ་ལ་བཞི། སྤྱོད་པའི་ངོ་བོ། དུས་ཚོད། དགོས་པ། ཇི་ལྟར་སྤྱོད་ཚུལ་ལོ། །དང་


LT09,P143A
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི། སྤྱིའི་ངོ་བོ་ཏིང་འཛིན་བརྟན་པ་ཡི། །བོགས་འབྱིན་སྒོ་གསུམ་བྱ་བ་ཁྱད་པར་ཅན། །སྤྱོད་པ་འཆད་འགྱུར་གྱི་ངོ་བོ་ནི། རིམ་གཉིས་ཀྱི་ཏིང་ངེ་འཛིན་ལེགས་པར་བརྟན་ཟིན་པའི་བོགས་འབྱིན་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཁྱད་པར་ཅན་ཏེ། ཁྱད་པར་ཅན་གྱི་དོན་ཡང་ཇི་ལྟར་འདོད་པ་བཞིན་དུ་འདོད་ཡོན་ལམ་བཀག་པར་ཅི་བདེར་སྤྱོད་པས་སྔར་གྱི་བདེ་སྟོང་གི་ཡེ་ཤེས་ལེགས་པར་བརྟན་པ་དེ་ཉིད་གོང་ནས་གོང་དུ་འཕེལ་བར་བྱེད་པའི་སྤྱོད་པའོ། །གཉིས་པ་ལ་གཉིས། སྤྱི་དང༌། ཁྱད་པར་རོ། །དང་པོ་ནི། དུས་ནི་བསྐྱེད་པས་འདོད་ལྷས་དངོས་སུ་གནང༌། །ཉེར་འཚེས་མི་རྫི་ཏིང་འཛིན་རྐྱེན་མི་གཡོ། །ཆོས་བརྒྱད་མགོ་སྙོམས་འདོད་ཡོན་གྲོགས་སུ་ཤར། །རྫོགས་རིམ་ཆུང་ངུའི་དྲོད་ཀྱང་དེ་ཡིན་ལ། །འབྲིང་པོ་ཚར་བཅད་ཆེན་པོ་རྗེས་འཛིན་གྱི། །ལྟ་སྟངས་གྲུབ་སོགས་ནུས་པ་དཔག་མེད་ལྡན། །སྤྱོད་པ་བྱེད་པ་སྤྱིའི་དུས་ནི་དྲོད་ཐོབ་པས་བྱ་བ་ཡིན་ལ། དེའང་བསྐྱེད་རིམ་གྱིས་དངོས་གྲུབ་སྒྲུབ་པ་ལ་འདོད་པའི་ལྷ་མཉེས་ནས་དངོས་སུ་གནང་བ་ཐོབ་པ་དགོས་ལ། ཕྱི་ནང་གི་ཉེ་བར་འཚེ་བས་མི་རྫི་བ་དང༌། རྐྱེན་གང་གིས་ཀྱང་ཏིང་ངེ་འཛིན་ལས་གཡོ་མི་ཐོབ་པ་དང༌། ཆོས་བརྒྱད་མངོན་འགྱུར་མགོ་སྙོམས་པ་དང༌། ཡུལ་སྣང་སྤྱི་དང་ཁྱད་པར་འདོད་ཡོན་གྱི་ཏིང་ངེ་འཛིན་འཕེལ་བའི་གྲོགས་སུ་གྱུར་པ་ན་དྲོད་ཐོབ་པ་སྟེ་དྲོད་ཀྱི་དོན་ཡང་དངོས་གྲུབ་མེ་ལྟ་བུ་འབྱུང་བའི་སྔ་ལྟས་དྲོད་ལྟ་བུ་ཡིན་པས་ཏེ། དགྱེས་རྡོར་དང་སམྦུ་ཊིར་ཡང༌། ཅུང་ཟད་དྲོད་ནི་ཐོབ་པ་ནི། །ཞེས་སོགས་གསུངས་ཤིང༌། བདེ་མཆོག་རྩ་རྒྱུད་ལས། ཇི་ལྟར་དྲོ་བའི་བྱ་བ་གང༌། །མངོན་པར་འབད་པས་རྟོགས་པར་བྱ། །ཞེས་གསུངས་སོ། །རྫོགས་རིམ་པའི་དྲོད་ལ་ནི་ཆེ་ཆུང་གསུམ་ཡོད་དེ། ཆུང་ངུ་ནི་གོང་དུ་བཤད་པ་དེ་ཉིད་ཡིན་ལ། འོན་ཀྱང་ཁྱད་པར་ནི་


LT09,P143B
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་རིམ་ཉིད་ལ་བརྟེན་ཏེ་དེ་དག་ཐོབ་པ་དགོས་ཤིང༌། འབྲིང་པོ་ནི་ཚར་བཅད་ཀྱི་ལྟ་སྟངས་བཞི་ལ་སོགས་པ་ལེགས་པར་འགྲུབ་པ་དང༌། ཆེན་པོ་ནི་རྗེས་སུ་འཛིན་པའི་ལྟ་སྟངས་གྲུབ་པ་ཕན་ཆད་ཀྱི་ནུས་པའི་ཁྱད་པར་དཔག་ཏུ་མེད་པ་དང་ལྡན་པའོ། །གཉིས་པ་ནི། ཁྱད་པར་ཡེ་ཤེས་དབང་བས་ཐུན་མོང་དང༌། །རྫོགས་རིམ་རྣལ་འབྱོར་བཞི་པར་རིག་འཛིན་དོན། །དྲོད་ཐོབ་སྐུ་སྟེ་སློབ་དང་མི་སློབ་པའི། །ཟུང་འཇུག་ཕྱིར་ལྔ་ངེས་པའི་དུས་ནི་གཉིས། །ཁྱད་པར་གྱི་སྤྱོད་པའི་དུས་ནི། རྫོགས་རིམ་བསྒོམས་མ་བསྒོམས་གང་ལྟར་ཡང་བསྐྱེད་རིམ་རགས་པ་མཐར་ཕྱིན་པ་སྟེ་ཡེ་ཤེས་ལ་དབང་བའི་རྣལ་འབྱོར་ལ་གནས་པས་དངོས་གྲུབ་བརྒྱད་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ཆེན་པོ་རྣམས་སྒྲུབ་པའི་དུས་དང༌། རྫོགས་རིམ་གྱི་རྟོགས་པ་ཅུང་ཟད་བརྟན་ནས་རྣལ་འབྱོར་བཞི་པར་སླེབ་པའི་ཚེ་འདོད་གཟུགས་ཀྱི་རིག་པ་འཛིན་པ་སྒྲུབ་པའི་དོན་དུ་སྤྱོད་པ་བྱེད་པ་སྟེ། བསྐྱེད་རིམ་དང་རྫོགས་རིམ་པས་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་དུས་གཉིས་དང༌། རྫོགས་རིམ་པའི་དྲོད་ཐོབ་པ་ནས་རླུང་སེམས་ཙམ་གྱི་སྐུ་འགྲུབ་པའི་ཕྱིར་སྤྱོད་པ་བྱེད་པ་དང༌། དེ་གྲུབ་ནས་དོན་གྱི་ཡེ་ཤེས་ཟུང་འཇུག་ཐོབ་པའི་ཕྱིར་དུ་སྤྱོད་པ་དང༌། སློབ་པའི་ཟུང་འཇུག་ཐོབ་ནས་མི་སློབ་པའི་ཟུང་འཇུག་ཐོབ་པའི་ཕྱིར་དུ་སྤྱོད་པ་སྟེ། རྫོགས་རིམ་གྱི་དྲོད་ཐོབ་པ་ཕན་ཆད་སྤྱོད་པ་ཁོ་ན་གཙོར་བྱེད་པ་ཡིན་མོད་ཀྱི། ས་མཚམས་ལ་ལྟོས་ནས་གསུམ་སྟེ་སྤྱིར་ལྔའོ། །རླུང་སེམས་ཙམ་གྱི་སྐུ་འགྲུབ་པའི་ཕྱིར་དུ་ངེས་པར་ནི་སྤྱོད་མི་དགོས་པ་དང༌། ཐུན་མོང་གི་གཉིས་པོའང་མཐའ་གཅིག་ཏུ་མི་དགོས་པས་ངེས་པར་དགོས་པའི་དུས་ནི་གཉིས་སོ། །གསུམ་པ་ནི། དགོས་པ་གྲུབ་གཉིས་ཡོངས་སུ་སྒྲུབ་པ་དང༌། །གྲུབ་པ་གོང་འཕེལ་མྱུར་ཏུ་མཐར་ཕྱིན་བྱེད། །ངོ་བོ་གྲངས་སོགས་ཕྱག་རྒྱའི་ཁྱད་ལས་ཀྱང༌། །བདེ་ཆེན་སྟོང་ཉིད་རྟོགས་


LT09,P144A
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྱད་པར་འགྱུར། །སྤྱོད་པའི་དགོས་པ་ནི་དངོས་གྲུབ་གཉིས་ཡོངས་སུ་སྒྲུབ་པར་བྱེད་པ་དང༌། གྲུབ་པ་དེ་ཉིད་གོང་དུ་འཕེལ་ནས་མཐར་ཕྱིན་པར་བྱེད་པ་ཡིན་ལ། རང་ལུས་དང་གཞན་ལུས་ཀྱི་ལམ་གྱིས་ཡེ་ཤེས་མ་སྐྱེས་པ་བསྐྱེད་པ་དང༌། བསྐྱེད་པ་བརྟན་པར་བྱས་ཟིན་ཀྱང༌། ད་དུང་རྟེན་ལུས་དག་པར་བྱེད་པ་དང༌། བརྟེན་པ་ཡེ་ཤེས་བོགས་འབྱིན་རྒྱུ་མང་པོ་ཡོད་པ་སྔར་གྱི་ལམ་གྱིས་རྒྱུ་གོམས་པར་བྱས་ཀྱང་ཚེ་འདི་ལ་མཐར་ཕྱིན་པར་མི་ནུས་པས་རིག་མའི་ཁ་སྦྱོར་གྱི་འདོད་ཡོན་གཙོ་བོར་གྱུར་པའི་འདོད་པ་ལྔ་ལ་རོལ་པའི་སྤྱོད་ལམ་འཁོར་བཅས་འབའ་ཞིག་ལ་དྲིལ་ཏེ་བོགས་ཕྱུང་ན། ཆེས་ཁྱད་པར་དུ་ཞུགས་པའི་རིམ་པས་མྱུར་ཏུ་མཐར་ཕྱིན་པར་བྱེད་དོ། །སྤྱོད་པ་ནི་ཕྱག་རྒྱ་རྣམས་ཀྱི་ངོ་བོ་དང༌། གྲངས་དང༌། འགྲོ་བ་སོ་སོའི་ཁྱད་པར་དང༌། ནུས་པ་ཆེ་ཆུང་གི་དབྱེ་བ་ལས་ཀྱང༌། བདེ་ཆེན་གྱི་ཡེ་ཤེས་ཀྱི་ཁྱད་མི་འདྲ་བ་དུ་མ་འདྲེན་ནུས་ཤིང༌། དེས་སྟོང་པ་ཉིད་རྟོགས་ཚུལ་ལའང་རེ་རེས་ཁྱད་པར་དུ་འགྱུར་ཏེ། དཔེར་ན་ལུས་ཀྱི་གནས་སོ་སོར་གནད་དུ་བསྣུན་པ་ལས་ཉམས་ཀྱི་ཁྱད་པར་མི་འདྲ་བ་རེ་རེ་སྐྱེ་བ་བཞིན་ནོ། །དེས་ན་རྡོ་རྗེ་མཁའ་འགྲོ་ལས་ཕྱག་རྒྱའི་བྷ་གའི་ཁྱད་པར་སོ་སོས་བྱང་ཆུབ་ཀྱི་སེམས་འཆིང་ཚུལ་མི་འདྲ་བའི་ཁྱད་པར་དུ་མ་གསུངས་པ་ཡིན་ནོ། །བཞི་པ་ལ་གཉིས། ཚོགས་སྤྱོད་སྤྱིའི་རྣམ་དབྱེ། སྤྱོད་ཚུལ་བྱེ་བྲག་ཏུ་རྣམ་པར་གཞག་པའོ། །དང་པོ་ནི། སྤྱོད་ཚུལ་ཀུན་འདར་སྤྲོས་མེད་ཤས་ཆེ་ཞིང༌། །ཀུན་བཟང་ཆ་མཉམ་རྣམ་རྒྱལ་སྤྲོས་བཅས་གཙོ། །གཉིས་ནི་སྦྱོར་ལམ་ཕྱི་མ་འཕགས་ལམ་ལ། །སྦྱོར་མོད་སྐྱེ་འཕགས་གཉིས་ཀར་གསུམ་ཆར་ཡོད། །ཚོགས་སྤྱོད་ཀྱི་ཚུལ་སྤྱིར་དབྱེ་ན་གསུམ་ལས། དང་པོ་ཨ་བྡྷཱུ་ཏི་སྟེ་ཀུན་འདར་གྱི་སྤྱོད་པའམ་གསང་བའི་སྤྱོད་པ་ལ་སྤྲོས་མེད་ཤས་ཆེ། གཉིས་པ་ཀུན་བཟང་


LT09,P144B
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྤྱོད་པ་ལ་སྤྲོས་བཅས་སྤྲོས་མེད་ཆ་མཉམ། གསུམ་པ་ཕྱོགས་ལས་རྣམ་རྒྱལ་ལ་སྤྲོས་བཅས་གཙོ་བོར་སྤྱོད་པ་ཡིན་ནོ། །དེ་ལ་ཨ་བྡྷཱུ་ཏིའི་དོན། ཨ་བྡྷཱུ་ནོ་ཏི་སྟེ་སྡིག་པ་སྐྲོད་པ་ཞེས་ཀྱང་འགྱུར། གཉིས་སྤངས་དང་ཀུན་འདར་ཞེས་སུའང་འགྱུར་ཏེ། སམྦུ་ཊི་ལས། སྡིག་བཅོམ་བྱེད་པ་འདི་མྱུར་ཐོབ། །ཅེས་དང༌། བསམ་གྱིས་མི་ཁྱབ་པ་ཡི་གནས། །རྣལ་འབྱོར་པས་ནི་སྒོམ་བྱེད་པ། །ཨ་བྡྷཱུ་ཏིའི་སྤྱོད་པ་བཤད། །རྟོག་པ་ཐམས་ཅད་རྣམ་སྤངས་པ། །ཞེས་གསུངས་པས་སྡིག་པ་དག་པ་དང་གཉིས་སྣང་གི་རྣམ་རྟོག་དང་པོར་འཇོམས་བྱེད་ཡིན་པ་དང༌། མཚན་འཛིན་ནམ་བདེན་འཛིན་གཡོ་ཞིང་འདར་བ་དང་སྐྲོད་པར་བྱེད་པའི་དོན་ནོ། །ཀུན་བཟང་གི་དོན་ནི། དེས་བྱ་བ་ཅི་བྱེད་ཐམས་ཅད་བཟང་ངན་གང་དུ་སྣང་ཡང་དུས་ཀུན་ཏུ་ངོ་བོ་བཟང་པོ་འབའ་ཞིག་ཡིན་པའོ། །ཕྱོགས་ལས་རྣམ་རྒྱལ་ནི་ཉོན་མོངས་ལས་དངོས་སུ་རྒྱལ་ཞིང་བདུད་བཞི་པོ་རྣམས་བཏུལ་བ་དང༌། སེམས་ཅན་གྱི་དོན་ལ་སྟོབས་དང་ལྡན་པ་དང༌། ཤེས་བྱའི་སྒྲིབ་པའང་འཇོམས་བཞིན་པ་ཡིན་པས་སོ། །འདི་དག་དང་པོ་གཉིས་གཙོ་བོར་སྦྱོར་ལམ་སྐབས་དང་ཕྱི་མ་གཙོ་བོར་འཕགས་ལམ་ལ་སྦྱོར་མོད། གསུམ་ཅར་ལ་སྐྱེ་འཕགས་གཉིས་ཀ་ཡོད་དོ། །གཉིས་པ་ལ་བཅུ། ཡུལ་གྲོགས་ཀུན་སློང་དམིགས་རྣམ་དང༌། །ཆ་ལུགས་བྱ་བ་བརྟེན་བསླབ་བྱ། །ཕན་ཡོན་ཇི་ལྟར་སྤྱོད་ཚུལ་ལོ། །དེ་ལ་དང་པོ་ནི། སྤྱོད་ཡུལ་ཡུལ་ཆེན་རྗེས་མཐུན་ཐ་དད་དེ། །ཕ་རྒྱུད་སྤྱོད་ལ་ཡུལ་དུ་རྒྱུ་བ་མེད། །སྤྱོད་པ་རྒྱུ་བའི་ཡུལ་ནི། གཙོ་བོར་ཡོངས་སུ་གྲགས་པ་ཛམྦུའི་གླིང་གི་ཡུལ་ཆེན་སོ་གཉིས་པོ་རྣམས་དང༌། རྗེས་མཐུན་ནི་བོད་ལ་སོགས་པའི་རྒྱལ་ཁམས་རེ་རེ་ལའང་ཡུལ་ཆེན་དེ་དག་ཚང་བར་རྩི་ཞིང་གྲོང་ཁྱེར་གཅིག་ཉིད་ལའང་ཚང་བའོ། །ཚང་བའི་གོ་དོན་ཡང་ས་བཅུ་ཆེ་ཆུང་ལ་གནས་པའི་ཕོ་


LT09,P145A
[མ་དཔེ་གཟིགས་ན་འདིར་གནོན།]

ཉ་མོ་རྣམས་གནས་པ་ཡིན་པ་དང༌། བདག་ཉིད་ལ་དེ་དག་གིས་རྟོགས་པ་སྐྱེ་བའི་གྲོགས་སུ་འགྱུར་བའོ། །དེའི་ཕྱིར་ཡུལ་ཆེན་རྣམས་གཙོ་བོར་གྱུར་པའི་ཡུལ་ཐ་དད་དོ། །རེ་ཞིག་ཕ་རྒྱུད་ཀྱི་ལམ་གྱི་སྤྱོད་པ་ལ་ནི་ཞིང་རྣམས་སུ་རྒྱུ་བ་མེད་དེ། རྒྱུད་དེ་ནས་རྣལ་འབྱོར་མ་རྣམས་ཀྱི་སྔགས་གཙོ་བོར་མི་སྟོན་པའི་ཕྱིར། བདེ་མཆོག་སོགས་ལས་སྤྱོད་པའི་ཁྱད་པར་ཕོ་ཉ་མོ་རྣམས་ཀྱི་འདུ་བ་ཁྱད་པར་དུ་མ་སྒྲུབ་པར་གསུངས་ལ། ཞིང་རྣམས་སུ་རྒྱུ་བའི་དགོས་པ་ནི་དེའི་ཆེད་ཡིན་པའི་ཕྱིར། དེས་ན་ཐབས་འདི་ཡོད་པས་ཀྱང་ཤེས་རབ་ཀྱི་རྒྱུད་ཁྱད་པར་དུ་འཕགས་ཏེ་ལམ་མྱུར་བའི་ཕྱིར་རོ། །གཉིས་པ་ནི། གྲོགས་ནི་རྫོགས་རིམ་ཕྱོགས་མེད་བསྐྱེད་རིམ་པ། །རང་གི་རིགས་ངེས་ཐུན་མོང་སྦྱངས་ཐོབ་སོགས། །སྤྱོད་པའི་གྲོགས་ནི། རྫོགས་རིམ་པས་བྲམ་ཟེ་ནས་གདོལ་པའི་བར་གྱི་རིགས་བཟང་ངན་ཐམས་ཅད་ལ་ཅི་རིགས་པའི་ཚུལ་དུ་མཉམ་པ་ཉིད་དུ་བྱེད་པ་དང༌། དེ་བཞིན་དུ་གཟུགས་དང་ལང་ཚོ་དང་འགྲོ་བའི་རིགས་དང་མཚན་ཉིད་ཚང་མ་ཚང་ཇི་ལྟར་རྙེད་པ་ཕྱོགས་མེད་དུ་བསྟེན། བསྐྱེད་རིམ་པས་སྤྱིར་ཕྱག་རྒྱའི་གཙོ་བོ་རྣམས་རང་གི་རིགས་སོ་སོར་ངེས་པར་བྱེད་པ་དང༌། ཁྱད་པར་བདེ་མཆོག་ལུགས་སུ་ཞིང་སྐྱེས་ཀྱི་རྣལ་འབྱོར་མའི་འདུ་བ་ཐོབ་པར་བྱེད་པའི་སྒྲུབ་པ་ལ་ཞུགས་པའི་ཚེ། སྔགས་སྐྱེས་ཀྱི་ཕོ་ཉ་མོ་འབའ་ཞིག་ལས་གཞན་མི་བསྟེན་ཏེ། དེའི་བར་ཆད་དུ་འགྱུར་བའི་ཕྱིར། ཞིང་སྐྱེས་ཀྱི་འདུ་བ་ཐོབ་ནས་ནི་གཉིས་ཅར་བསྟེན་པ་ཡིན་ཏེ་ཕོ་ཉ་མོའི་སྒྲུབ་པ་ལུགས་གཅིག་གོ །ཡང་ན་གནོད་སྦྱིན་མོ་ལ་སོགས་པ་ཕྱག་རྒྱར་བསྒྲུབ་ཏེ། དེས་ཁ་ཟས་སྦྱིན་པ་སོགས་བྱེད་པ་ནི་སྒྲུབ་པ་གཉིས་པའོ། །རིམ་པ་གཉིས་ཀའི་ཐུན་མོང་དུ་སྔགས་ལ་མོས་ཤིང་དྲན་པ་དང་ལྡན་པའི་བུད་མེད་བླ་མ་བརྒྱུད་པའི་རིམ་པ་ལས་བྱུང་བའི་དབང་བསྐུར་དམ་ཚིག་ཐོབ་


LT09,P145B
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ཤིང༌། རིམ་གཉིས་ཀྱི་ཏིང་ངེ་འཛིན་གྱི་སྦྱོར་བ་ལེགས་པར་བསྒོམས་པ་དང༌། སྦྱིན་པ་ལ་དགའ་བ་དང༌། འདོད་ཡོན་གྱི་གཡེང་བ་ལ་ཆགས་པ་ཤས་ཆུང་བ་དང༌། ཡུལ་རྣམས་ལ་མ་ཆགས་པའི་བདེ་བ་ཆེན་པོ་སྒྲུབ་པར་ནུས་པ། སྔགས་ལུགས་ཀྱི་དབང་པོའི་སྒོ་བསྡམས་པའི་ཚུལ་ཁྲིམས་དང་ལྡན་པ། སྒྲུབ་པ་པོ་ལ་ཡེ་ཤེས་རྫོགས་པར་སྐྱེད་པའི་རྒྱུའི་ནུས་པ་ཅན་ནི་སྤྱོད་པ་གཉིས་ཀའི་གྲོགས་ཕྱག་རྒྱའི་མཚན་ཉིད་ཡིན་ལ། དེ་ནི་སྦྱངས་པ་ལས་ཐོབ་པའི་ཕོ་ཉ་མོ་སྟེ། དེ་སོགས་ཕོ་ཉ་མོ་སྤྱིའི་མཚན་ཉིད་ཀྱང་གཞན་དུ་ཤེས་པར་བྱ་ཞིང༌། དེ་བཞིན་དུ་ཕོ་ཉའི་འཇུག་ལྡོག་ལའང་མཁས་པར་བྱ་དགོས་སོ། །གསུམ་པ་ནི། དོན་གཉིས་ཞེན་མེད་བརྩེ་སྦྱིན་བསམ་པ་ལྔ། །བདག་དང་སེམས་ཅན་རྣམས་གྲོལ་བའི་དོན་གཉིས་ཀྱི་ཕྱིར་དུ་སྤྱོད་པ་ལ་འཇུག་པ་ཁོ་ནའི་བསམ་པ་དགོས་ཀྱི་བདག་ཉིད་བཟང་པོར་སྟོན་པའམ། བཟའ་བཏུང་གོས་ལ་སོགས་པ་དོན་དུ་གཉེར་བའི་བསམ་པས་སྤྱོད་པ་ལ་འཇུག་པ་ནི་མི་རུང་ཞིང༌། གཞན་ཡང་ལོངས་སྤྱོད་ལ་ཞེན་པ་མེད་པ་དང༌། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་དང༌། རང་གི་ལུས་སེམས་ཅན་ལ་ཡོངས་སུ་བྱིན་ཟིན་པའི་སེམས་ཏེ། བསམ་པ་རྣམ་པ་ལྔ་པོ་དེས་ཀུན་ནས་བསླངས་པའོ། །ཀྱཻ་རྡོ་རྗེ་ལས། ལུས་ཀྱི་སྦྱིན་པ་བྱིན་ནས་ནི། །ཕྱིས་ནས་སྤྱོད་པ་ཡང་དག་སྤྱད། །ཅེས་གསུངས་ཏེ། འདིར་ལུས་སེམས་ཅན་རྣམས་ལ་སྦྱིན་པའི་དོན་ཀྱང་རྫུ་འཕྲུལ་མཆོག་མ་ཐོབ་བར་དུ་ལུས་བཅད་ཅིང་སྦྱིན་པ་ནི་མ་ཡིན་ལ། ལུས་ཀྱི་བྱ་བ་ཅུང་ཟད་བྱེད་པ་ན་དབུགས་ཕྱི་ནང་དུ་རྒྱུ་བ་ཚུན་ཆད་སེམས་ཅན་མཐའ་དག་སྒྲོལ་བའི་དོན་དུ་དམིགས་ཏེ། ལུས་སེམས་ཅན་ཐམས་ཅད་ལ་སྦྱིན་པའི་དོན་ནོ། །བཞི་པ་ནི། དམིགས་རྣམ་བསྐྱེད་པས་ལྷའི་རྣལ་འབྱོར་དང༌། །རྫོགས་པས་འོད་གསལ་བདེ་སྟོང་རྒྱ་ཡིས་འདེབས། །དམིགས་པའི་


LT09,P146A
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ནི། བསྐྱེད་རིམ་གྱི་སྤྱོད་པ་ཡིན་ན་ལྷའི་རྣལ་འབྱོར་སྲུང་བའི་འཁོར་ལོ་གོ་ཆ་དང་བཅས་པ་འབྲལ་བ་མེད་པར་སྒོམ་པ་དང༌། དག་པ་གསུམ་གྱི་རང་བཞིན་དུ་བརྟན་གཡོ་ཐམས་ཅད་མོས་པས་རྣམ་པར་ལྟ་བ་དང༌། རྫོགས་རིམ་པའི་སྤྱོད་པ་ལ་ནི། ཐུན་དང་ཐུན་མཚམས་ཐམས་ཅད་དུ་འོད་གསལ་བ་དང་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་སྣང་བ་ཐམས་ཅད་ལ་རྒྱས་འདེབས་པའོ། །ལྔ་པ་ནི། ལྷ་ཡི་ཆས་འཇུག །ཅེས་པ་སྟེ། སྤྱོད་པ་ལ་རྒྱུ་བའི་ཚེ་རང་རིགས་ཀྱི་ལྷའི་ཆས་སུ་འཇུག་པར་གསུངས་ཏེ། བརྟག་གཉིས་ལས། རྣ་བ་དག་ལ་རྣ་ཆ་བཟང༌། །སྤྱི་བོར་འཁོར་ལོ་རྣམ་པར་འཛིན། །ལག་པ་དག་ལ་ལག་གདུབ་ཉིད། །རྐེད་པ་ལ་ཡང་སྐ་རགས་ཉིད། །རྐང་པར་དེ་བཞིན་རྐང་གདུབ་བོ། །ལག་པའི་རྩ་བར་དཔུང་རྒྱན་ཉིད། །མགྲིན་པར་རུས་པའི་ཕྲེང་བ་སྟེ། །བགོ་བ་སྟག་གི་པགས་པ་ཉིད། །ཅེས་དང༌། རྐུན་མའི་སྐྲ་ལས་ཅོད་པན་བྱས། །དེ་ལ་ཧཱུྃ་བྱུང་སྦྱར་བར་བྱ། །ཞེས་སོགས་དང༌། སྨད་གཡོགས་ཁ་དོག་སྣ་ཚོགས་དང༌། །རོ་བསྲེགས་ཐལ་བས་དེ་བཞིན་བརྒྱན། །ཅེས་སོགས་མང་དུ་འབྱུང་བ་ལྟར་ཕྱག་རྒྱ་ལྔའམ་དྲུག་དང༌། ཁ་ཊྭཱཾ་ཐོད་པ་ཅང་ཏེའུ་ལྷའི་ཕྱག་མཚན་སོགས་ཚད་དང་ལྡན་པ་འཆང་བར་བྱའོ། །དྲུག་པ་ནི། གནང་ཐོབ་ཕྱག་སོགས་བྱས། །ཞེས་པ་སྟེ། ནངས་པར་སྔ་བར་ལངས་ཏེ་བསམ་པ་རྣམ་པར་དག་པས་སློབ་དཔོན་ལ་སྤྱོད་པ་བདེ་བར་ཞུས་ཏེ་གནང་བ་ཐོབ་པ་ན། ལྷའི་རྣལ་འབྱོར་ལ་གནས་པས་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་ལུས་ལ་བྱུག་པའི་རྫས་དང༌། གོ་ཆ་གསུམ་སོགས་ལྷ་སྔགས་ཀྱི་དག་བྱེད་བྱས་ཏེ་སློབ་དཔོན་དང་ཡི་དམ་མཐོང་བ་ན་ཕྱག་བྱས་ཤིང་རྩ་སྔགས་བརྗོད་པ་ཡིན་ཏེ། བཟང་ངན་ཐ་མལ་དུ་འཛིན་པའི་སེམས་སྤངས་ནས་སོ། །བདུན་པ་ནི། མི་རྟོག་


LT09,P146B
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱིས་བཟང་ངན་རོ་མཉམ་སྤྱད། །འདིར་གང་སྣང་ཐམས་ཅད་བདེ་བར་འཆར་བའི་དུས་ཡིན་པས་རྣམ་པར་མི་རྟོག་པའི་སེམས་ཀྱིས་བཟང་ངན་ཐམས་ཅད་ལ་བླང་དོར་མེད་པ་མཉམ་པ་ཉིད་དུ་སྤྱོད་དེ། བཟའ་བཅའ་དེ་བཞིན་བཏུང་བ་ཉིད། །ཇི་ལྟར་རྙེད་པ་རབ་ཏུ་བཟའ། །ཡིད་འོང་མི་འོང་རྣམ་རྟོག་ཕྱིར། །ཞེན་པ་ཙམ་དུ་མི་བྱའོ། །བཟའ་དང་བཟའ་མིན་སྤྱོད་པ་དང༌། །དེ་བཞིན་བཏུང་དང་བཏུང་མིན་ཉིད། །བསྒྲོད་དང་བསྒྲོད་མིན་སྔགས་པ་ཡིས། །རྣམ་རྟོག་ཉིད་དུ་མི་བྱའོ། །ཞེས་སོ། །བརྒྱད་པ་ནི། བསླབ་བྱ་མི་འགོང་མི་ཁྲོ་མི་འདའ་སོགས། །དང་པོར་སྤྱོད་དང་གང་ལའང་འཇིགས་མེད་འཇུག །བྱ་དང་ངེས་པ་སྤང་སོགས་བརྟན་ཐོབ་ཚུལ། །ཕྱག་མི་བྱ་སོགས་བརྟན་པ་ཆེར་ཐོབ་བོ། །སྤྱོད་པའི་སྐབས་སུ་བསླབ་བྱ་ནི། སྔར་སྔགས་སྡོམ་དུ་བཤད་པའི་སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པ་གཞིར་བྱས་ནས། བདེ་མཆོག་རྩ་རྒྱུད་ལས། བསྐྱེད་རིམ་པས་ཕྱག་མཚན་ལ་མི་འགོང་བ་དང༌། གཉིས་ཀས་དམ་ཚིག་ཅན་ལ་མི་ཁྲོ། དབང་གི་དམ་ཚིག་ལས་དམིགས་བསལ་མ་གཏོགས་མི་འདའ། དུས་བཞིར་ཕྱག་རྒྱ་དང་ལྷན་ཅིག་བདེ་བ་བསྒོམ་པ་སྟེ་གསུམ། ཚོགས་ཀྱི་གཙང་སྦྲ་གསུམ་རྣམས་སུ་བཤད་པ་དང༌། སྡོམ་འབྱུང་ལས། འདོད་པ་ཁྲོ་བ་འཇིགས་པ་དང༌། །སྲེད་པ་གཏི་མུག་ང་རྒྱལ་སྤངས། །རྟག་ཏུ་རྟག་དང་ཆད་པ་དང༌། །དེ་བཞིན་གཞུང་བསྒྲིགས་བསྡུ་བ་སྤང༌། །ཞེས་དང༌། ཁྲོ་དང་མངོན་པའི་ང་རྒྱལ་དང༌། །བསྟོད་དང་སྨད་པ་རྣམ་པར་སྤང༌། །རྟག་ཏུ་ཆགས་མེད་དགའ་བ་མེད། །ཐམས་ཅད་ཐུན་མོང་དག་ཏུ་གནས། །ཞེས་དང༌། །བདག་གཞན་མཉམ་ཉིད་ཚུལ་གྱིས་ནི། །ཐེ་ཚོམ་མེད་པར་གནས་པར་བྱ། །འདོད་པ་མེད་པའི་ཀུན་སྤྱོད་ནི། །ཅུང་ཟད་འདོད་པ་ཐམས་


LT09,P147A
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྤྱད། །ཅེས་སོགས་དང་པོར་སྤྱོད་པ་རྣམས་དང༌། སམྦུ་ཊི་དང་བརྟག་གཉིས་ལས། ངེས་པར་མངོན་དུ་ལྷ་མི་གང༌། །བརྒྱ་བྱིན་ལྟ་བུ་ཡིན་ན་ཡང༌། །འཇིགས་པ་ཙམ་དུ་མི་བྱ་སྟེ། །སེང་གེའི་ཚུལ་དུ་བསྒྱུར་བར་བྱ། །ཞེས་དང༌། སྡོམ་འབྱུང་ལས་ཀྱང༌། དོགས་པ་ཐམས་ཅད་རྣམ་སྤངས་ནས། །སེང་གེ་ལྟར་སྤྱོད་རྣལ་འབྱོར་པ། །ཞེས་གསུངས་པ་ལྟར། གང་ལའང་འཇིགས་པ་མེད་པར་འཇུག་པ་དང༌། བཟའ་བཏུང་ཇི་ལྟར་རྙེད་པ་ཉིད་ལོངས་སྤྱོད་པ་དང༌། སྦྱིན་སྲེག་སོགས་ཕྱིའི་བྱ་བ་རྣམས་སྤང་བ་དང༌། ཚེས་གྲངས་དང་གཟའ་སྐར་གྱི་རྣམ་རྟོག་མེད་པ་དང༌། བཟའ་བའི་དམ་ཚིག་ལ་སོགས་པའི་ངེས་པ་སྤང་བ་དང༌། ལུས་ངག་གི་སྡོམ་པ་རྣམས་ལས་ངེས་པར་གྲོལ་བ་ནི་བརྟེན་པ་ཐོབ་པའི་ཚུལ་ཁྲིམས་དང༌། གཞན་ཡང་ངོ་ཚ་དང་ཞུམ་པ་དང་ཐ་མལ་གྱི་གཉིད་སྤོང་བ་ནི་སྤྱོད་པ་ཐམས་ཅད་ཀྱི་དམ་ཚིག་གོ །རྫོགས་རིམ་གྱི་བརྟན་པ་ཐོབ་པའི་སྤྱོད་པའི་དམ་ཚིག་ནི། ཟས་ཐམས་ཅད་ནང་གི་སྦྱིན་སྲེག་དང༌། རྟག་ཏུ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བཞེངས་པ་དང༌། གང་ཅི་མཐོང་བ་ཐམས་ཅད་རྡོ་རྗེ་གསུམ་དུ་ཤེས་པས་རབ་གནས་བྱེད་པ་དང༌། ངག་སྔགས་སུ་ཤེས་པས་བཟླས་པ་རྒྱུན་མི་འཆད་པ་དང༌། རྟག་ཏུ་ཡེ་ཤེས་དང་མ་བྲལ་བ་དང༌། མི་དང་མི་མ་ཡིན་པའི་སློབ་མ་རྣམས་ལ་གདམས་ངག་སྟོན་པ་དང༌། ཚར་གཅོད་རྗེས་འཛིན་གྱིས་སེམས་ཅན་གྱི་དོན་བྱེད་པ་དང༌། བདག་ཉིད་མཆོད་པས་སངས་རྒྱས་ཐམས་ཅད་མཉེས་པར་བྱེད་པ་དང༌། འོད་གསལ་གྱི་གཉིད་ནམ་ཡང་མི་སྤོང་བ་དང༌། གྲོང་པའི་ཆོས་མི་སྤོང་བ་དང༌། དབང་པོ་རྣམས་འདོད་ཡོན་ལ་མི་དགག་པ་རྣམས་སོ། །བརྟན་པ་རྒྱ་ཆེར་ཐོབ་ནས་ལག་པའི་ཕྱག་རྒྱ་མི་འཆིང་བ་དང༌། སློབ་དཔོན་དང་བརྒྱུད་པའི་བླ་


LT09,P147B
[མ་དཔེ་གཟིགས་ན་འདིར་གནོན།]

མ་མ་གཏོགས་སྐུ་གཟུགས་ལའང་ཕྱག་མི་བྱེད་ན་གཞན་ལ་ལྟ་སྨོས་ཀྱང་ཅི་དགོས་པ་དང༌། དཀྱིལ་འཁོར་གྱི་ལས་མི་བྱེད་པ་ལ་སོགས་པ་ནི་བརྟན་པ་ཆེར་ཐོབ་པའི་བརྟུལ་ཞུགས་སོ། །དགུ་པ་ནི། ཡོན་ཏན་མཐའ་ཡས། །ཞེས་པ་སྟེ། སྤྱོད་པ་སྤྱོད་པའི་ཕན་ཡོན་མཐའ་ཡས་ཀྱང༌། མཚོན་ཙམ་བརྗོད་ན། གསང་བ་གྲུབ་པ་ལས་ཚོགས་སྤྱོད་ཀྱི་སྐབས་སུ། ཇི་སྐད་གསུངས་པའི་ས་ཕྱོགས་སུ། །རིག་པའི་བརྟུལ་ཞུགས་སྤྱད་ན་ནི། །སྡིག་པ་མ་ལུས་བྱང་ནས་ནི། །རིག་མ་དང་བཅས་གྲོལ་བར་འགྱུར། །ཞེས་གསུངས་ཤིང༌། དེར་མ་ཟད་རེག་པ་དང་གཏམ་འདྲེས་པ་ཙམ་གྱིས་ཀྱང་སེམས་ཅན་གཞན་གྱི་སྡིག་པ་མཐའ་དག་བྱང་བར་འགྱུར་བ་དང༌། རིམ་ལྔ་ལས། རང་བཞིན་སྣང་བའི་དབྱེ་ཤེས་ཤིང༌། །དེ་ཉིད་བཞི་པ་ལ་བརྟེན་ཏེ། །གང་ཞིག་རྣམ་གསུམ་ལ་སློབ་པ། །དེ་ནི་མྱུར་ཏུ་འབྲས་ཐོབ་འགྱུར། །ཇི་ལྟར་མེ་ལ་ཤིང་གནས་པ། །མ་གཙུབས་པར་ནི་འབྱུང་མི་འགྱུར། །དེ་བཞིན་བྱང་ཆུབ་བསླབ་བྲལ་བས། །དེ་འདི་ཉིད་ལ་འབྱུང་མི་འགྱུར། །ཞེས་རྣམ་གསུམ་ནི་སྤྱོད་པ་གསུམ་སྟེ། བར་འདའ་ཙམ་མ་གཏོགས། མཐོང་ལམ་དང་སངས་རྒྱས་ཐོབ་པའི་མཐར་ཐུག་གི་རྐྱེན་སྤྱོད་པ་ཁོ་ན་ལ་ལྟོས་པ་དང༌། དངོས་གྲུབ་མྱུར་ཏུ་འགྲུབ་པའང་སྤྱོད་པ་ཁོ་ན་ལ་ལྟོས་པས་ཏེ། མ་གཙུབས་ན་འགལ་དུམ་ཙམ་ལ་མེ་མི་སྐྱེ་བ་བཞིན། སྤྱོད་པ་ལ་བསླབ་པ་དང་བྲལ་ན། དཔེའི་འོད་གསལ་མཐར་ཐུག་ཐོབ་ནའང་ཚེ་འདི་ལ་མཆོག་མི་འགྲུབ་པས། དེས་སྤྱོད་པ་སྤྱད་ན་ཚེ་འདིར་མི་འགྲུབ་མི་སྲིད་པའོ། །བཅུ་པ་ནི། དང་པོར་གསང་སྟེ་སྤྱོད། །བརྟན་ནས་ཨ་བྡྷཱུ་ཏི་བརྫུ་བག་ཚུལ། །དྲོད་འབྲིང་ཀུན་བཟང་འཇིག་རྟེན་མངོན་དུ་སྤྱད། །ཆེན་པོའི་དྲོད་ཐོབ་ཕྱོགས་ལས་རྣམ་རྒྱལ་ཉིད། །དང་པོར་གསང་བའི་སྤྱོད་པ་བྱ་སྟེ། བདེ་མཆོག་རྩ་


LT09,P148A
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས། མཚན་མོ་རྟག་ཏུ་གསལ་བྱ་ཞིང༌། །ཉིན་པར་གསང་བ་ཉིད་དུ་བྱ། །བྱེད་པའི་ཡེ་ཤེས་ཤིན་ཏུ་སྦ། །ཞེས་དང༌། ཀྱེ་རྡོ་རྗེར་ཡང༌། ཟླ་བ་གཅིག་ཏུ་གསང་ལ་སྤྱད། །ཅེས་གསུངས་ཏེ། རང་གིས་སེམས་བརྟན་མི་བརྟན་བརྟག་པའི་ཕྱིར། མཚན་མོ་དུར་ཁྲོད་ལ་སོགས་པར་ཕྱག་རྒྱ་དང་ལྷན་ཅིག་གམ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་རྒྱུ་བར་བྱ་སྟེ། འཇིག་རྟེན་དང་འགལ་བའི་སྤྱོད་པ་སྣ་ཚོགས་པ་བྱས་ཏེ་དེར་ཡེ་ཤེས་ཅུང་ཟད་མི་བརྟན་ན། རེ་ཞིག་སྤྱོད་པ་མི་བྱ་བར་རྣལ་འབྱོར་ཉིད་བརྟན་པའི་ཕྱིར་བསྒོམ་མོ། །གལ་ཏེ་བརྟན་ན་དེ་ཉིད་ཟླ་བ་གཅིག་ཏུ་གོམས་པར་བྱའོ། །དེར་ཕྱག་རྒྱ་ལུང་སྟོན་པའང་འབྱུང་སྟེ། དེ་ནས་སློབ་དཔོན་ལ་གནང་བ་ཞུ་ནས། འཇིག་རྟེན་པའི་མངོན་དུ་ཨ་བ་དྷཱུ་ཏིའི་སྤྱད་པ་སྤྱོད་དེ་སྤྲོས་བཅས་སྤྲོས་མེད་ཇི་ལྟར་ཡང་འཇིག་རྟེན་ཕལ་པ་རྣམས་ཀྱིས་མི་ཤེས་པར་བརྫུ་དགོས་པས། སྨྱོན་པའམ། ནལ་བུའམ། གྱ་ཚོམ་པའམ། རིགས་ངན་ལ་སོགས་པར་བརྫུས་ཏེ་ལུང་ཆེན་ཐོབ་པའི་ཕྱག་རྒྱ་ལེགས་པར་སྦྱངས་ནས། ཟླ་བ་གཅིག་གིས་སྐལ་པ་དང་ལྡན་པར་འགྱུར་བས་དེ་དང་ལྷན་ཅིག་སྤྱོད་པའམ། སྔགས་སྐྱེས་དང་ཞིང་སྐྱེས་དང་མཁའ་འགྲོ་མའི་ཚོགས་དང་ལྷན་ཅིག་སྤྱོད་ཀྱང་རུང་སྟེ། མ་ངེས་པའི་སྤྱོད་པ་སྣ་ཚོགས་གླུ་གར་དང༌། ཅ་ཅོ་དང༌། རྩེད་མོ་དང་བཞད་གད་དང་བརྒྱད་བཀག་དང་མཆོང་རྒྱུག་སོགས་ཐ་མལ་པ་རྣམས་ལ་སེམས་ཀྱི་འགྱུར་བ་སྣ་ཚོགས་འབྱུང་བའི་བྱ་བ་ཤེས་དགུ་ཅོག་ལ་འཇུག་ཅིང༌། ཡིད་གཞན་དུ་མ་གྱུར་པར་བསྒོམ་པ་དང༌། ཤ་ལྔ་བདུད་རྩི་ལྔ་དང་འབྱུང་པོའི་གཏོར་མ་དང་ལྷག་མ་བོར་བ་སོགས་བཟའ་ཞིང༌། མ་སྲིང་སོགས་བསྒྲོད་བྱ་མ་ཡིན་པ་རྣམས་ལ་བསྒྲོད་པ་སོགས་སྨད་པའི་ལས་སྣ་ཚོགས་པའང་ཏིང་ངེ་འཛིན་གྱི་གྲོགས་སུ་སྤྱོད་པ་དང༌། འདིར་རྡོ་རྗེའི་གླུ་


LT09,P148B
[མ་དཔེ་གཟིགས་ན་འདིར་གནོན།]

གར་ལ་སོགས་པ་རྣལ་འབྱོར་པས་ཤེས་པར་འགྱུར་བ་རྣམས་རེ་ཞིག་མི་བྱ་བ་ཡིན་ནོ། །དེར་རྣམ་པར་རྟོག་པ་མངོན་གྱུར་བ་རྣམས་ནུབ་ཅིང་དྲོད་འབྲིང་པོར་ན་འཕོས་པ་ན་ཀུན་ཏུ་བཟང་པོའི་སྤྱོད་པ་བྱ་སྟེ། སྔ་མ་ལ་ཡུལ་ལ་སོགས་པ་ལ་ལྟོས་ནས་སློབ་དཔོན་ལ་གནང་བ་མ་ཞུས་ན་འདིར་ངེས་པར་ཞུ་སྟེ། འདིར་ནི་འཇིག་རྟེན་རྣམས་ཀྱི་མངོན་དུ་རྣལ་འབྱོར་ཅན་དུ་གོ་བར་བྱ་སྟེ། མ་དད་པའང་ཟློག་པར་བྱེད་པའི་རྫུ་འཕྲུལ་སྣ་ཚོགས་དང་བཅས་ནས་ལྟ་སྟངས་བཞི་ལ་སོགས་པའི་བྱ་བས་སེམས་ཅན་འདུལ་བའི་དོན་སྣ་ཚོགས་པ་བྱེད་པ་སྟེ། འདིར་ཞིང་སྐྱེས་ཀྱི་འདུ་བ་བསམ་གྱིས་མི་ཁྱབ་པ་རྩོལ་བ་མེད་ཀྱང་འཐོབ་པར་འགྱུར་རོ། །དེར་དྲོད་ཆེན་པོ་ཐོབ་པ་ན་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པའི་མགོ་འཛུག་པ་ཡིན་ཏེ། སྔ་མ་རྣམས་ལ་ཡུལ་རྐྱེན་གྱིས་ཚུར་ཅུང་ཟད་གནོད་པའང་ཡོད་ལ་འདི་ཕྱིན་ཆད་ནི་མེད་དོ། །ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་དང་པོའི་སྐབས་འདིར་སྔར་བཤད་པའི་ཕྱག་རྒྱ་ལ་བརྟེན་ཀྱང་རུང༌། འདིར་ངེས་པར་ནུས་པ་ཆེན་པོ་ཐོབ་པས། ཆུ་འབྱུང་མ་དང༌། ཐིག་ལེ་མཆོག་མ་སོགས་ལྷ་མོ་འགུག་པར་སླ་བ་རྣམས་དང༌། གཞན་ཡང་ལྷ་མོ་ཀླུ་མོ་གནོད་སྦྱིན་མོ་མ་མོ་ཆེན་མོ་རྣམས་ཀྱང་དགུག་པར་བྱ་སྟེ། དེས་ན་སྦྱངས་པ་ལས་བྱུང་བའི་སྔགས་སྐྱེས་ཞིང་སྐྱེས་སམ། བླ་བུར་དུ་བཀུག་པ་སྟེ་དེ་དག་བཞི་པོ་གང་རུང་ལ་བརྟེན་ནས་རྡོ་རྗེ་སེམས་དཔའ་བསྐུལ་ཞིང་བསྒྲུབས་པས་འཕྲལ་ཉིད་དུ་མཐོང་ལམ་མངོན་དུ་བྱེད་དོ། །དེས་ན་འཕགས་པའི་ས་ཐོབ་ནས་ཀྱང་གཙོ་བོར་སྤྱོད་པ་འདི་ཉིད་ལ་བརྟེན་པ་སྟེ། སྤྱོད་པ་ཕྱི་མ་འདི་ཉིད་ཚོགས་སྤྱོད་ཤས་ཆེ་བར་འབྱུང་ངོ། །འདིར་ཕྱོགས་ལས་རྣམ་རྒྱལ་ཐོག་མ་ནི་སྦྱོར་ལམ་ཆོས་མཆོག་གི་སྐབས་ཀྱི་ཉེ་རྒྱུའི་སྤྱོད་པ་ཡིན་ཏེ་སོ་སྐྱེའི་སྤྱོད་པ་ཕྱོགས་ལས་རྣམ་རྒྱལ་དང༌། འཕགས་ལམ་གྱི་རགས་པའི་སྤང་བྱ་


LT09,P149A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དམིགས་ནས་དེ་བདེ་བ་ཆེན་པོའི་ཡེ་ཤེས་སུ་སྲེ་བར་བྱེད་ཅིང་ཟིལ་གྱིས་གནོན་པར་མི་ནུས་པའི་སྐབས་ནི་དེ་ཉིད་ལ་ལྟོས་ནས་ཨ་བ་དྷཱུ་ཏིའི་སྤྱོད་པ་དང༌། མངོན་གྱུར་པ་ཟིལ་གྱིས་གནོན་བྱེད་ཀྱི་སྤྱོད་པ་ནི་ཀུན་བཟང་དང༌། ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པའི་སྤྱོད་པ་ནི་འཕགས་ལམ་གྱི་ནང་ཚན་སྤྱོད་པ་གསུམ་ལ་ལྟོས་པའི་ཕྱོགས་ལས་རྣམ་རྒྱལ་ཡིན་ནོ། །སྤྱིར་འཕགས་པའི་སྤྱོད་པ་ཕྱོགས་ལས་རྣམ་རྒྱལ་དུ་འཇོག་པས། འདི་དག་སྤྱོད་པ་གཞན་གཉིས་ལ་གཞི་མཐུན་པ་ནི་ཡོད་དོ། །གསུམ་པ་ཚོགས་སྤྱོད་ཁྱད་པར་དུ་སྨོས་པ་ལ་གསུམ། སྤྲོས་བཅས། སྤྲོས་མེད། ཞར་བྱུང་ཤིན་ཏུ་སྤྲོས་མེད་དོ། །དང་པོ་ལ་གཉིས། གཞུང་དོན་དང་འཕྲོས་དོན་ནོ། །དང་པོ་ནི། ཁྱད་པར་ཚོགས་སྤྱོད་སྤྲོས་བཅས་དཀྱིལ་འཁོར་བསྒྲུབ། །གླུ་གར་བརྡ་ཡིས་ནང་གི་སྦྱིན་སྲེག་དང༌། །སྙོམས་འཇུག་འདོད་ཡོན་དབང་པོ་བརྟས་པར་བྱེད། །བདེ་མཆོག་ལུགས་སུ་ཕོ་ཉ་གསུམ་པོ་བསྐུལ། །སྤྱོད་པ་ལས་ཁྱད་པར་ཚོགས་སྤྱོད་སྤྲོས་བཅས་ལ་གསུམ། ཚོགས་སྤྱོད་ཀྱི་དཀྱིལ་འཁོར་ཇི་ལྟར་སྒྲུབ་པ། དེར་འདོད་ཡོན་ལ་ཇི་ལྟར་རོལ་པ། བྱེ་བྲག་བདེ་མཆོག་ལུགས་སུ་ཕོ་ཉའི་འདུ་བ་སྒྲུབ་པའི་ཚུལ་ལོ། །དང་པོ་ནི། རྒྱུད་ནས་བཤད་པའི་གནས་སུ་ཚོགས་ཁང་ཚད་ལྡན་རིམ་པ་གསུམ་པའི་ཕྱི་ལ་ཚང་མང༌། བར་དུ་གླུ་གར་རོལ་མོ། ནང་མར་དཀྱིལ་འཁོར་བྲིས་པའི་ལྷའི་གནས་རྣམས་སུ་རོ་དང་སྟག་ལྤགས་སོགས་གདན་བཀྲམ་པ་ལ། རྣལ་འབྱོར་ཕོ་མོ་རྣམས་འབག་གམ་ཚོན་གྱིས་ཁ་དོག་བསྒྱུར་ཅིང་རྡོར་དྲིལ་ཁ་ཊྭཱཾ་སོགས་ཕྱག་མཚན་ཐོགས། ཕྱག་རྒྱ་ལྔ་སོགས་ཆས་སུ་ཞུགས་ཏེ་གཙོ་བོ་དབུས་དང་གཞན་རྣམས་རིགས་སོ་སོའི་ངེས་པས་ཕྱོགས་དང་མཚམས་སུ་འཁོད་པར་བྱ། དེའང་མེ་ཏོག་ཕོག་པའི་ལྷའི་རིགས་


LT09,P149B
[མ་དཔེ་གཟིགས་ན་འདིར་གནོན།]

སམ་ལུས་ཀྱི་དབྱིབས་དང༌། སྲིན་ལག་གི་རྩ་བའི་རི་མོའམ། བློ་བརྟན་སྙིང་ཕོད་ནོར་ཆེ་ཞིང༌། །གཞན་ཡིད་སྒྱུར་དང་ལས་ལ་བརྩོན། །རྣམ་སྣང་ལ་སོགས་རིམ་བཞིན་ནོ། །ཞེས་སེམས་ཀྱི་མཐུའི་ཁྱད་པར་རམ། ཁ་དོག་ཉོན་མོངས་སོགས་ཀྱི་བྱེ་བྲག་གོ །བུད་མེད་ཡིན་ན་པད་ཅན་སོགས་རིགས་ཀྱི་དབྱེ་བས་ལྷ་གནས་སོ་སོར་འཁོད་དོ། །གལ་ཏེ་ཞིང་རྣམས་སུ་ངེས་མེད་དུ་སྤྱོད་པ་ཞིག་ཡིན་ན། ཚོགས་ཀྱི་འཁོར་ལོ་རྒྱས་པ་འདི་ལོ་ཟླར་ལན་རེ་སོགས་ཅི་རིགས་པས་སྤྱོད་ཅིང༌། བརྡ་དང་གླུ་གར་ལ་སོགས་བྱ་བའི་སྤྲོས་པ་ཐམས་ཅད་དང་བཅས་བཞིན་དུ་འདོད་ཡོན་ལ་རྒྱ་ཆེར་སྤྱོད་པ་ཡིན་གྱི། ཚོགས་ཁང་དང་གདན་ལ་སོགས་པ་ཇི་ལྟ་བ་བཞིན་རྒྱུན་དུ་སྒྲུབ་མི་དགོས་ལ། ཁ་དོག་ཕྱག་མཚན་སོགས་ཀྱང་ཇི་བཞིན་པར་མི་དགོས་པས། ཕྱག་རྒྱ་ལྔས་བརྒྱན་པ་དང༌། སྟག་ལྤགས་དང་རོ་རས་གྱོན་པ་སོགས་དང༌། དབྱུག་པ་ཅང་ཏེའུ་སོགས་ལྷའི་ཕྱག་མཚན་ཅི་རིགས་པར་བཟུང་བས་ཀྱང་ཆོག་གོ །ཚོགས་ཀྱི་དཀྱིལ་འཁོར་ལྷ་ཉུང་ཞིང་རྣལ་འབྱོར་མ་མང་ན། ལྷ་རེ་རེའི་གནས་སུ་དེ་དག་དུ་མ་འགོད་དུ་རུང་ཞིང༌། ཡང་ན་ལྷ་མོ་བརྒྱད་ལ་སོགས་པ་མཆོད་པའི་ལྷ་མོའི་ཚུལ་དུ་འགོད་པའང་རུང་ངོ༌། །ཀུན་འདར་གྱི་སྤྱོད་པས་གྲོང་དུ་རྒྱུ་བ་ན་ལྷའི་ཆས་འཇུག་ཀྱང་ཇི་ལྟ་བ་བྱེད་པ་དང༌། སྨྱོན་པར་བརྫུ་བ་སོགས་ལ་བག་ཙམ་མི་འགྲིགས་པས་ངེས་པ་མེད་པའི་ཆས་ཀྱིས་ལྷའི་ཆས་འཇུག་ཏུ་དོན་གྱིས་འགྲོ་བ་ཙམ་བྱ་ཆོག་གོ །གཉིས་པ་ནི། བསྐྱེད་རིམ་གྱི་སྤྱོད་པའི་སྐབས་གཙོ་འཁོར་ཐམས་ཅད་སྒྲུབ་ཐབས་ཀྱི་རིམ་པས་དམིགས་པ་མཐུན་པར་བསྐྱེད་པ་ཡིན་ཅིང༌། རྫོགས་རིམ་གྱི་སྐབས་སུ་ནི་སྐད་ཅིག་གིས་བསྐྱེད་པ་སྟེ། ལོངས་སྤྱོད་ཐམས་ཅད་བྱིན་གྱིས་བརླབས་ནས། ཇི་ལྟར་ཚོགས་ཀྱི་འཁོར་ལོའི་ཆོ་ག་བཞིན་དུ་བཟའ་བཏུང་རྣམས་ནང་གི་སྦྱིན་སྲེག་འགྲེལ་པ་


LT09,P150A
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཞིང༌། ལུས་ཀྱི་དཀྱིལ་འཁོར་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དུ་བདེ་བ་ཆེན་པོས་ཡོངས་སུ་ཁྱབ་པར་བྱས་ལ་ལྷན་ཅིག་སྤྱོད་པ་དང་རྗེས་སུ་སྤྱོད་པའི་ལྷ་མོ་རྣམས་ཀྱི་ནང་ནས། འདོད་པའི་སྒྱུ་རྩལ་ལ་མཁས་པ་ཇི་ལྟར་འདོད་པ་བཞིན་བླངས་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྫོགས་པར་བྱའོ། །ཞེས་མོས་པ་བརྟན་པོས་འདུ་ཤེས་གསུམ་དང་ལྡན་པའི་སྒོ་ནས་རྗེས་ཆགས་རྣམ་པ་དྲུག་བསྐྱེད་ཅིང་སྦྱོར་ཐབས་དང་བཅས་ཏེ་སྙོམས་པར་ཞུགས་པ་ན། དགའ་བཞིའི་རིམ་པས་ལྷན་སྐྱེས་ཀྱི་ཡེ་ཤེས་མངོན་དུ་བྱས་ཏེ་བདེ་བ་ཆེན་པོ་ལ་མཉམ་པར་འཇོག །དེ་ལས་ལངས་པ་ན་སྣང་བ་ཐམས་ཅད་སྒྱུ་མ་ལྟར་སྒོམ་ཞིང་གང་སྣང་ལྷ་སྐུར་འཆར་བར་བྱས་ཏེ། དེ་དག་གི་བར་བར་དུ་ཡིད་གཞན་དུ་འགྱུར་བ་མེད་པར་རོལ་རྩེད་རྒྱ་ཆེན་པོ་དག་བྱེད་པ་ནི་སངས་རྒྱས་ཀྱི་གར་ལ་སོགས་པའི་རིམ་པ་དང༌། རྣལ་འབྱོར་མ་རྣམས་དང་ལྷན་ཅིག་ཏུ་གཙོ་བོར་ཕྱག་རྒྱ་སྟོན་པ་དང༌། རིག་མས་ཕྱག་རྒྱ་དེའི་ལན་སྟོན་པ་དང༌། དེ་བཞིན་དུ་ཕྱག་དང་ཕྱག་གི་ལན་དང༌། མཆོད་པ་དང་མཆོད་པའི་ལན་དང༌། གླུ་དང་གླུའི་ལན་དང༌། གར་དང་གར་གྱི་ལན་དང༌། ལུས་ངག་གི་བརྡ་ལ་སོགས་པ་དང༌། གཞན་ཟློས་གར་དང༌། རོལ་མོ་དང་འདུག་སྟངས་དང་གར་གྱི་ཉམས་དགུ་ལ་སོགས་པ་ཇི་ལྟར་འདོད་པ་བསྟེན་ནས་དབང་པོ་རྣམས་བརྟས་པར་བྱའོ། །གསུམ་པ་ནི། གཅིག་ཏུ་གནས་པ་དང༌། ཞིང་དུ་རྒྱུ་བའི་སྤྱོད་པ་གང་ཡིན་ཡང་རུང་རྒྱུད་འདིའི་ལུགས་ཀྱི་ཕོ་ཉ་བསྐུལ་བ་ནི་ངེས་པར་དགོས་ཏེ། དེའང་སྦྱངས་པ་ལས་བྱུང་བ་ཡང་དག་པར་བསྟེན་པས་སྔགས་སྐྱེས་རྣམས་དེའི་ལུས་ལ་འཇུག་སྟེ་བདེ་བ་ཆེན་པོའི་མཆོད་པ་ལེན་པར་བྱེད་ཅིང༌། དེ་མཉེས་ནས་དངོས་སུ་འདུ་བ་སྟེར་ཏེ་དངོས་སུ་བསྟེན་པ་ན། དེས་ཀྱང་གནས་སུ་རིགས་མཐུན་པའི་ཞིང་སྐྱེས་རྣམས་


LT09,P150B
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་བ་འདེབས་ཤིང་སྒྲུབ་པ་པོ་འདི་རྗེས་སུ་བཟུང་བར་མཛོད་ཅེས་བསྐུལ་བས་སྔགས་སྐྱེས་མའི་ལུས་ལ་ཞིང་སྐྱེས་མ་འཇུག་སྟེ། དེར་བདེ་བ་ཆེན་པོའི་མཆོད་པ་ལེན་ཅིང་མཉེས་པ་ན། རང་གི་འདུ་བ་དངོས་སུ་སྟེར་བར་བྱེད་དོ། །དེ་བསྟེན་པ་ན་དེས་རང་གི་རིགས་ཀྱི་བདག་པོའི་ལྷན་སྐྱེས་མ་རྣམས་སྐུལ་བར་བྱེད་དེ། དེའི་ལུས་ལ་ལྷན་སྐྱེས་མས་བྱིན་གྱིས་རློབ་ཅིང་ཞུགས་ནས་མཆོད་པ་ལེན། མཉེས་པ་ན་ལྷན་སྐྱེས་ཀྱི་འདུ་བ་མངོན་སུམ་དུ་འདུ་སྟེ་དེ་ཉིད་དུ་གྲོལ་བར་འགྱུར་རོ། །ཕོ་ཉ་གསུམ་གྱིས་མཆོད་པ་ལེན་པ་ལས་བདག་ཉིད་ལ་བསོད་ནམས་ཀྱི་ཚོགས་འཕེལ་བ་དང༌། སྒྲིབ་པ་ཟད་པ་ལ་ཕྱི་མ་ཕྱི་མ་སྟོབས་ཆེས་ཆེ་བ་དང༌། ཕོ་ཉ་གསུམ་དང་ཕྲད་ན་དངོས་གྲུབ་ཆེ་ཆུང་གསུམ་དེ་ཉིད་དུ་འགྲུབ་ཀྱང་བསོད་ནམས་དམན་པ་ལ་ལས་ཀྱིས་འཆིང་བ་ལས་གཞན་པའི་འདུ་བ་མི་འབྱུང་བས། འཕེལ་ཟད་བྱེད་པའི་ཐབས་དེ་ལྟར་དགོས་པ་ཡིན་ནོ། །དཔེར་ན་བཅུད་ལེན་ཆེན་པོ་དེ་སུས་བསྟེན་ཀྱང་འཇའ་ལུས་སུ་འགྲོ་བ་ཡིན་མོད་ཀྱི། ནུས་པ་དང་སྐལ་པ་མེད་པས་མི་རྙེད་པ་བཞིན་ནོ། །ཕོ་ཉའི་ལམ་ལ་ཞུགས་པ་རྣམས་ལ་ནི། སྔགས་སྐྱེས་ཀྱི་འདུ་བ་སྤྱོད་པའི་ཐོག་མ་ནས་འབྱུང་ཞིང༌། རྣལ་འབྱོར་ལམ་འབའ་ཞིག་སྒོམ་པ་རྣམས་ཀྱིས་ནི། སྤྱོད་པའི་ཐོག་མར་སྦྱངས་པའི་རིག་མ་ལ་བརྟེན་ནས་སྔགས་སྐྱེས་བསྐུལ་བས་ཕྱིས་འདུ་བ་འཐོབ་པར་འགྱུར་བ་ལས་ཐོག་མ་ནས་ཐོབ་བ་ཉུང་ཞིང་ལུང་བསྟན་པའི་ཕྱག་རྒྱ་ཡིན་ཀྱང་སྔགས་སྐྱེས་སོགས་ཡིན་པས་མ་ཁྱབ་སྟེ། ཕོ་ཉ་གསུམ་ནི་སྦྱོང་མི་དགོས་པ་ལ་དེ་ནི་སྦྱོང་བར་གསུངས་པའི་ཕྱིར་རོ། །གཉིས་པ་འདི་ལས་འཕྲོས་ཏེ་ཤེས་པར་བྱ་བ་ལ། སྤྱིར་ཚོགས་ཀྱི་འཁོར་ལོ་དེའང་ཐུན་མོང་བ་དང༌། ཐུན་མོང་མིན་པ་དང༌། སྤྲོས་པ་དང་བཅས་པའི་གནས་སྐབས་ཏེ་རྣམ་པ་གསུམ་


LT09,P151A
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རིག་པར་བྱའོ། །དེ་དག་གང་དུ་འཚོགས་པའི་གནས་ཀྱི་ཁྱད་པར་ཐུན་མོང་བའི་གནས་ནི་ཅུང་ཟད་དབེན་ཞིང་བུག་པ་མེད་པའི་ཁྱིམ་དུ་ཡིན་ལ། ཐུན་མོང་མ་ཡིན་པའི་ནི། ཌོམྦི་པའི་ཚོགས་འཁོར་དམ་ཚིག་ལྔ་པ་ལས། ཀྱཻ་རྡོ་རྗེ་འཛིན་པ་རྣམས་དགའ་བར་བྱོས་ཤིག་འཁོར་ལོ་དམ་པ་འདི་དག་ཀྱང་ཕལ་པའི་གནས་སུ་བསྐོར་བར་མི་བྱ་སྟེ། ཚོང་དུས་སུ་སྤང་བར་བྱའོ། །གཡེང་བའི་གྲོང་དང་བྲམ་ཟེའི་ཁྱིམ་དང་རྒྱལ་པོའི་ཕོ་བྲང་དང་དགེ་འདུན་གྱི་ཀུན་དགའ་ར་བ་དང་ཀླ་ཀློ་བག་མེད་བདག་ཀྱང་སྤང་བར་བྱའོ། །མུ་སྟེགས་ཀྱི་གྲོང་དང་འབྲོག་དགོན་པ་དང་གཅན་གཟན་རྒྱུ་བའི་གནས་དག་ཀྱང་སྡང་བར་བྱའོ། །མཁའ་འགྲོ་མ་རྒྱུ་བའི་གནས་དང་གྲོང་ཟད་པའི་མཐའ་དང་དགོན་པ་དང་ལྷ་ཁང་དང་དུར་ཁྲོད་དང་ཕུག་སྟོང་པ་དང་ཤིང་དྲུང་དང་ནགས་ཚལ་གྱི་མཐང་དུ་ཕྱིན་ནས་དེ་དག་ཏུ་ཚོགས་ཀྱི་ཁང་པ་རིམ་པ་གསུམ་དང་ལྡན་པ་བརྩིགས་ཏེ། ཞེས་གནས་ཀྱི་སྤང་བླང་གི་མཚན་ཉིད་ཞིབ་པར་གསུངས་པ་ལྟར་སྤྲོས་པ་དང་བཅས་པས་ནི་གང་ཡང་རུང་བར་ཚོགས་ཁང་སུམ་ཐོག་ཕྱི་ནང་ཡང་སུམ་རིམ་ཅན་དུ་བྱས་པ་སྟེ། དེའི་ཡང་ཐོག་བརྩེགས་མའི་འོག་མ་ས་འོག་ཁོ་ན་ན་གནས་པ་དང༌། བར་མ་ཕྱེད་མར་གནས་པ་དང༌། སྟེང་མ་ས་སྟེང་ན་གནས་པ་སྟེ་ཕྱི་རོལ་ནས་ལྟ་བ་རྣམས་ཀྱིས་རིམ་པ་གཅིག་ཏུ་འདུ་ཤེས་པར་འགྱུར་བའོ། །གང་འཚོགས་པ་རྣལ་འབྱོར་པའི་ཁྱད་པར་ནི། ཐུན་མོང་བ་ལ་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་ལས་གང་ཡང་རུང་བ་ལས་སུ་དུང་བ་དང༌། ཐུན་མོང་མ་ཡིན་པ་ལ་རྣལ་འབྱོར་པའི་གནས་སྐབས་ཐོབ་པའམ། རང་བཞིན་གྱིས་གྲུབ་པའི་དཔའ་བོ་དང་དཔའ་མོ་དག་དང༌། སྤྲོས་བཅས་ལ་ནི་


LT09,P151B
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་དང་ལྡན་པ་ཁོ་ནའོ། །དེ་གསུམ་ག་ལའང་རྣལ་འབྱོར་ཕོ་མོ་ལྷ་གྲངས་དང་མཉམ་པར་འདུ་བ་ནི་ཚོགས་ཀྱི་འཁོར་ལོ་དང༌། རྣལ་འབྱོར་པ་ཤ་སྟག་ལས་ཆང་ལ་ལོངས་སྤྱོད་པའི་དོན་དུ་རྣལ་འབྱོར་མ་གཅིག་གཙོ་བོའི་གཡོན་དུ་གནས་པ་ནི་དཔའ་བོའི་སྟོན་མོ་དང༌། རྣལ་འབྱོར་མ་ཤ་སྟག་ལས་ཤ་ལ་ལོངས་སྤྱོད་པའི་དོན་དུ་རྣལ་འབྱོར་པ་གཅིག་གཙོ་མོའི་གཡས་སུ་གནས་པ་ནི་དཔའ་མོའི་སྟོན་མོའོ། །དཔའ་མོའི་སྟོན་མོ་ལའང་བླ་མ་ལ་ནི་ཕྱག་རྒྱ་ངེས་པར་ཕུལ་དགོས་པར་མན་ངག་སྙེ་མར་བཤད་དོ། །ཡེ་རྒྱ་ལ་བསྟེན་ཏེ་མོས་ངོར་རྣལ་འབྱོར་ཕོ་མོ་གྲངས་མཉམ་དུ་བྱ་བ་ད་ལྟའི་སྔགས་པ་རྣམས་ཀྱི་ཚོགས་འཁོར་ཏེ་ཚོགས་འཁོར་རྗེས་མཐུན་པའོ། །ཡེ་རྒྱ་ལ་བརྟེན་པས་རུང་བའི་ཁུངས་ནི། དམ་ཚིག་ལྔ་པ་ལས། དེས་ཀྱང་རང་རིག་མ་ལ་འཁྱུད། །མི་ནུས་བསམ་གཏན་དག་གིས་བྱ། །ཞེས་སོ། །དེ་བཞིན་དུ་ཤ་ལྔ་དང་བདུད་རྩི་ལྔ་ཡང་མ་འབྱོར་ན་བསམ་གཏན་གྱིས་འགྲུབ་སྟེ། དེ་ཉིད་ལས། གང་ཡང་བདག་གིས་མ་རྙེད་ཅིང༌། །སྣོད་མ་ཡིན་པས་འཇིགས་པ་ཡང༌། །བདུད་རྩི་ལྔ་དང་ཤ་ལྔ་དག །བསམ་གཏན་གྱིས་ནི་ཡོངས་སུ་བརྟག །ཅེས་སོ། །གསུམ་ག་ལ་ཚོགས་ཀྱི་འདྲེན་པར་གྱུར་པའི་སློབ་དཔོན་ནི་གྲུབ་པ་དང་གྲུབ་པ་མ་ཡིན་པ་ཅི་རིགས་པ་སྟེ། དེ་ལའང་གསུམ་ལས་དགེ་སློང་རྡོ་རྗེ་འཛིན་པ་མཆོག་ཡིན་པའི་ངེས་པས་དེ་ནི་ཁྱིམ་པས་ཐོབ་པ་ཡེ་ཤེས་ཀྱིས་རྒན་པ་ལྟ་བུ་མ་ཡིན་པས་ནི་ངེས་པར་གོང་དུ་བཀུར་ལ། ཅི་སྟེ་ཁྱིམ་པ་རྡོ་རྗེ་འཛིན་པ་ཁོ་ན་ཚོགས་ཀྱི་འདྲེན་པར་གནས་དགོས་པ་ཞིག་ན། དགེ་སློང་རྡོ་རྗེ་འཛིན་པ་དེ་གྲལ་དེ་ཉིད་ཀྱི་འོག་ཏུ་མི་བཞག་པར་གནས་གཞན་ཞིག་ཏུ་བཏང་ཏེ་ཚོགས་ཀྱི་སྐལ་པ་དྲང་བར་བཤད་དོ། །ཚོགས་ཀྱི་འཁོར་ལོ་འདི་དག་ཀྱང་ལྷའི་རྣལ་འབྱོར་མི་མཐུན་པ་དུ་མ་ཚོགས་ན་མཛའ་བ་འདུས་པ་ཞེས་པ་ལྷའི་


LT09,P152A
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ལས་མིང་དུ་བཏགས་པ་དང༌། རབ་གནས་དང་སྦྱིན་སྲེག་གི་སྐབས་ཙཱ་རུའི་བཟའ་བ་ཞེས་དུས་སྐབས་ལས་བཏགས་པ་དང༌། ལྷ་གྲངས་དང་མཐུན་པའི་འབག་བྱས་ཏེ་ཚར་བཅད་པ་ལ་སོགས་ཀྱི་དུས་སུ་བྱས་ན་སངས་རྒྱས་ཀྱི་གར་ཞེས་དགོས་པ་ལས་བཏགས་པ་དང༌། འཇིག་རྟེན་ལས་འདས་མ་འདས་ཀྱི་མཁའ་འགྲོ་མ་འབའ་ཞིག་མཆོད་ན་རིགས་ལྡན་མ་མཆོད་པའམ་གཞོན་ནུ་མའི་སྟོན་མོ་ཞེས་མཆོད་ཡུལ་ལས་མིང་བཏགས་པ་རྣམས་སུ་འགྱུར་ཞེས་བོད་ཀྱི་མཁས་པ་དག་གསུངས་སོ། །གང་གི་ཚེ་འཚོགས་པ་དུས་ཀྱི་ཁྱད་པར་ནི། བརྟག་པ་དང་པོའི་ལེའུ་བདུན་པ་ལས། ཡི་དྭགས་ཟླ་ཕྱེད་བཅུ་བཞི་དང༌། །དེ་བཞིན་དུ་ནི་བརྒྱད་པ་ཉིད། །ཅེས་དང༌། སམྦུ་ཊིའི་དགུ་པའི་གཉིས་པ་ལས། ཟླ་བ་མར་ངོའི་བཅུ་བཞི་དང༌། །ཁྱད་པར་དུ་ནི་བརྒྱད་པ་དང༌། །ཡར་གྱི་ངོ་ཡི་བཅུ་པ་ལ། །མཆོད་པ་མཆོད་པའི་བདག་ཉིད་འགྱུར། །ཞེས་གསུངས་པའི་དེ་དག་གི་མཚན་མོའི་ཆ་ཁོ་ན་ལ་བྱ། སྤྲོས་བཅས་ལ་ནི་ཟླ་བ་གཅིག་གམ་ལོ་གསུམ་དང་ཕྱོགས་གསུམ་ལ་སོགས་པར་བར་མ་ཆད་པར་སྤྱོད་པའོ། །ཚོགས་པ་རྣམས་ཀྱི་བྱ་བའི་རིམ་པ་ཐུན་མོང་བ་དཀྱིལ་འཁོར་བྲིས་ཏེ། དམ་ཚིག་ལྔ་པ་ལས། སློབ་དཔོན་གྱིས་མ་བསྒོ་བར་བརྡ་མི་བྱའོ། །གསོལ་བ་མ་བཏབ་པར་སྒོ་མི་དབྱེའོ། །བསངས་གཏོར་མ་བྱས་པར་ནང་དུ་མི་འགྲོའོ། །མཆོད་ཡོན་མ་དྲངས་པར་གཏམ་མི་སྨྲའོ། །སློབ་དཔོན་ལ་མེ་ཏོག་མ་ཕུལ་བར་སྟན་ལ་མི་འདུག་གོ །ལས་ཀྱི་སེམས་དཔའ་སེམས་མས་མ་བསྒོ་བར་གྲལ་ལ་མི་འདུག་གོ །ཞེས་གསུངས་པ་ལྟར་བྱས་ལ་དཀྱིལ་འཁོར་འཁོར་ལོ་བསྒོམ། ཆང་དང་བདུད་རྩི་སྔོན་དུ་འགྲོ་བས་མཆོད་ཅིང་ཀུན་ཏུ་སྤྱོད་པ་ལ་འཇུག་པའོ། །དངོས་གྲུབ་སྒྲུབ་པའི་སློབ་དཔོན་ཆེན་པོའི་དབང་དང་འབྲེལ་ན་སྤྱོད་པའི་


LT09,P152B
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཀྱི་ལམ་དུས་རྡོ་རྗེ་སློབ་དཔོན་དབང་བསྐུར་མཚན་ཉིད་པ་སྦྱིན་ནོ། །ཚུལ་འདིའི་ཕྱག་ལེན་རྒྱས་པ་རྒྱ་བོད་ཀྱི་ཡིག་ཆ་རྙིང་པ་རྣམས་ལས་རྟོགས་པར་བྱའོ། །ཐུན་མོང་མ་ཡིན་པའི་བྱ་བ་ནི་གོང་དུ་བཤད་པ་ལྟར་ལ། དེ་དག་གི་མཐར་རྫས་སྔགས་སོགས་ལ་མི་ལྟོས་པའི་ལས་རབ་འབྱམས་དང༌། མཁའ་ལ་སྤྱོད་པ་སོགས་དེར་འདུས་པ་ཇི་སྙེད་པས་འགྲུབ་པ་ནི་དགོས་པའོ། །གཉིས་པ་ཚོགས་སྤྱོད་སྤྲོས་མེད་ནི། སྤྲོས་མེད་ཆ་ཤས་ཅི་རིགས་པ་སྟེན་པ་སྟེ། །གནོད་སྦྱིན་ཕོ་མོ་མངག་གཞུག་སྒྲུབ་པའང་ཡོད། །སྤྲོས་མེད་ཚོགས་སྤྱོད་སྔར་གྱི་ཆ་ཤས་ཅི་རིགས་བསྟེན་པ་སྟེ། ལྷ་གྲངས་དང་མཉམ་པའམ་མང་བའི་ཕྱག་རྒྱ་དང༌། རིག་མ་གཅིག་ཁོ་ན་ལའང་རུང་སྟེ། ཆས་འཇུག་དང༌། དཀྱིལ་འཁོར་དང༌། ཚོགས་ཁང་དང༌། ཚོགས་ཀྱི་འཁོར་ལོའི་བྱ་བ་རྣམས་ཅི་རིགས་སུ་སྤྱོད་ཀྱང༌། སྔ་མ་ལས་ཆེས་ཉུང་བ་དང༌། རེས་འགའ་བྱེད་ལ་ཕལ་ཆེར་མི་བྱེད་པ་སོགས་ཀྱི་སྤྲོས་པ་ཉུང་ངུ་བྱེད་པའོ། །འདིས་ནི་གནོད་སྦྱིན་མོ་དང་ནགས་ཚལ་གྱི་ལྷ་ལ་སོགས་པ་མངག་གཞུག་ཏུ་བསྒྲུབས་ཏེ། དེས་ཡོ་བྱད་སྦྱར་བའང་ཡོད་ལ། སྤྱོད་པ་ཕྱི་མ་གཉིས་ཀྱི་སྐབས་འདིར་ནི་ནགས་ཚལ་གྱི་འབྲས་བུ་སོགས་བཟའ་ཞིང་སྤྱོད་པ་བྱེད་པའང་ཡོད་དེ། འདུས་པ་ལས། སྡོང་བུ་རྩ་བ་འབྲས་བུ་ཡི། །བཟའ་བ་བཅས་ལ་སྤྱད་པར་བྱ། །འོན་ཏང་མྱུར་ཏུ་སངས་རྒྱས་འགྱུར། །ཞེས་གསུངས་བས་ཚོགས་ཀྱི་འཁོར་ལོའི་བྱ་བ་ཅུང་ཟད་མ་ཚང་བ་ཡང་ཡོད་དོ། །གསུམ་པ་ནི། ཤིན་ཏུ་སྤྲོས་མེད་གཡེང་སྤང་ཡེ་རྒྱ་དང༌། །གཉིད་ཀྱི་འོད་གསལ་ལ་བརྟེན་བྷུ་སུ་ཀུ། །དངོས་གཉིས་ཕྱོགས་མཐུན་གསུམ་ཡོད། །ཅེས་པ་སྟེ། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའི་ཚུལ་ནི། རི་བོ་དང་ཆུ་ངོགས་དང་དུར་ཁྲོད་དང་རང་གི་ཁང་པ་སོགས་གང་ཡང་རུང་བར་གནོད་སྦྱིན་མོ་སོགས་མངག་གཞུག་


LT09,P153A
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྒྲུབ་པའམ། བསོད་སྙོམས་སམ་གཞན་གྱིས་ཁ་ཟས་སྦྱོར་བ་ཡང་རུང་སྟེ། གཡེང་བ་ཐམས་ཅད་སྤངས་ཤིང་ཏིལ་འབྲུ་ཙམ་ཡང་ཡོངས་སུ་འཛིན་པའི་བློ་དོར་ནས། རང་གི་སྙིང་ག་ནས་ཕྱུང་བའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བ་ལྷུར་ལེན་པ་ཡིན་ལ། ཁྱད་པར་རྫོགས་རིམ་པས་ནི་གཉིད་ཀྱི་འོད་གསལ་ཉིད་རྟག་ཏུ་བསྒོམ་པ་ཡིན་ནོ། །འདི་ལ་བྷུ་སུ་ཀུའི་སྤྱོད་པ་ཞེས་བྱ་སྟེ། བྷུ་ནི་བྷུཉྫ་སྟེ་ཟ་བ། སུ་ནི་སུཔྟ་སྟེ་གཉིད་ལོག་པ། ཀུ་ནི་ཀུ་ཋ་ར་སྟེ་བཤང་གཅིའི་ཕྱིར་འཆག་པ་སྟེ་ལུས་འཚོ་བའི་ཟས་ཙམ་བཟའ་བ་དང༌། འོད་གསལ་གྱི་གཉིད་ལོག་པ་དང༌། འཆག་སར་འགྲོ་བ་ཙམ་མ་གཏོགས་གཞན་རྣམ་པར་རྟོག་པ་ཐམས་ཅད་སྤང་བའི་དོན་ནོ། །འདིར་གཉིད་ཀྱི་འོད་གསལ་བསྒོམ་པ་གཉིད་རང་བབས་སུ་བྱུང་བ་ཙམ་འོད་གསལ་དུ་འཇུག་པ་ནི་མ་ཡིན་ཏེ། དེ་ནི་སྐབས་འདིའི་སྤྱོད་པ་གཞན་གཉིས་ལའང་ཡོད་པའི་ཕྱིར། དེས་ན་སྤྱོད་པ་གཞན་གཉིས་ལ་ཕྱིའི་ཕྱག་རྒྱ་བསྟེན་པའི་དོད་འདིར་གཉིད་ཀྱི་འོད་གསལ་སྒོམ་པ་ཡིན་པས་རྟག་ཏུ་གཉིད་ལོག་པར་བྱེད་པ་ཡིན་ནོ། །དེས་ན་བསྐྱེད་རིམ་གྱི་ཤིན་ཏུ་སྤྲོས་མེད་ལ་ནི་བྷུ་སུ་ཀུའི་སྤྱོད་པ་ཞེས་མི་བྱའོ། །དེ་ལའང་ཞིབ་ཏུ་དབྱེ་ན། ཆགས་བཅས་འདོད་ཆགས་ཀྱི་སྤྱོད་པ་ཙམ་པོ་འདི་ནི་བསྐྱེད་རིམ་གྱི་ཤིན་ཏུ་སྤྲོས་མེད་ཁོ་ན་ཡིན་ལ། བརྩོན་འགྲུས་ཅན་ཚེ་འདིར་འཚང་རྒྱ་བའི་སྤྱོད་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིད་དང་བསྲེ་བ་དང་བཅས་པ་གོང་དུ་བསྟན་པ་ཉིད་དེ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་དངོས་གཉིས་དང༌། བར་དོར་འདའ་བའི་ཚེ་འཆི་བ་འོད་གསལ་མཐོང་བའི་ལམ་ལ་འཇུག་པ་དེ་ཉིད་འཆི་བ་དང་བསྲེ་བ་དང༌། དྲོད་ཐོབ་ནས་གཉིད་ཀྱི་འོད་གསལ་ལ་རྩེ་གཅིག་ཏུ་དྲིལ་བས་ཚེ་འདིར་སྒྱུ་ལུས་མ་ཐོབ་པ་བར་དོར་ཐོབ་ནས་དེའི་རྟེན་ལ་ཟུང་འཇུག་གི་སྐུ་འགྲུབ་པའམ། རིག་པ་འཛིན་


LT09,P153B
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལུས་ཁྱད་པར་ཅན་ཞིག་གྲུབ་པའི་རྟེན་ལ་འདའ་བའི་ལུགས་ལའང་རུང་སྟེ་གཉིད་དང་བསྲེ་བ་སྐྱེ་བ་བརྒྱུད་ནས་འཚང་རྒྱའི་སྤྱོད་པ་དང༌། ས་བཅུའི་མཐའི་བར་མདོ་ལུགས་ཀྱིས་བགྲོད་ནས་དེ་ནས་སྔགས་ལ་འཇུག་པ་ཉེ་རྒྱུ་བཙན་ཐབས་ཀྱི་སྤྱོད་པ་སྟེ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་དང་ཕྱོགས་མཐུན་གསུམ་མོ། །བར་པ་དེ་གཉིས་ནི་སྤྱོད་པ་དངོས་མ་ཡིན་ཅིང༌། ཕྱི་མ་ནི་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པ་ཡིན་ཀྱང་ཤིན་ཏུ་སྤྲོས་མེད་ཀྱི་ཕྱོགས་སུ་བསྡུ་སྟེ་དམིགས་བསལ་ཡིན་ནོ། །འདི་ནི་མཚོན་བྱེད་ཙམ་སྟེ་འཚང་རྒྱ་ཁའི་ཉེ་རྒྱུའི་སྤྱོད་པ་ཐམས་ཅད་ཀྱང་དེ་ཉིད་དོ། །རྩ་བའི་དྲུག་པ་དེ་དག་ལས་འཕྲོས་པའི་དོན་ལ་བཞི། དབང་རིམ་དང་སྦྱར་བ། དབང་གི་ཁྱད་པར། རྒྱུད་ཀྱི་རྒྱལ་པོའི་དགོངས་པ། ཐམས་ཅད་ཀྱི་དོན་བསྡུ་བའོ། །དང་པོ་ནི། སྤྲོས་བཅས་སོགས། །དབང་པོ་བརྟུལ་འབྲིང་རྣོན་པོར་རིམ་གྱིས་མྱུར། །སྤྱིར་དཔེའི་འོད་གསལ་མཐར་ཐུག་སྒྲུབ་བྱེད་ཀྱི་སྤྱོད་པ་ལའང་གཙོ་བོར་གསུམ་པོ་གང་བྱེད་ཀྱང་སྤྲོས་བཅས་སྤྲོས་མེད་གང་རིགས་ཤིག་ངེས་པར་སྤྱོད་དགོས་ལ། རླུང་སེམས་ཙམ་གྱི་སྐུ་འགྲུབ་ཕན་ཆད་དུ་ནི་སྤྱོད་པ་གསུམ་གང་ལ་བརྟེན་ཀྱང་རུང༌། སྤྲོས་བཅས་སོགས་གསུམ་པོ་དབང་པོའི་རིམ་པ་དང་མཐུན་པར་སྤྱོད་དེ། དེའང་དབང་པོ་བརྟུལ་པོ་ལ་སྤྲོས་བཅས། དབང་འབྲིང་ལ་སྤྲོས་མེད། དབང་པོ་རྣོན་པོ་ལ་ཤིན་ཏུ་སྤྲོས་མེད་རྣམས་རིམ་གྱིས་མྱུར་བ་ཡིན་ནོ། །གཉིས་པ་ནི། དབང་བསྐུར་དང་འབྲེལ་ཉེ་རྒྱུ་མངོན་བྱང་ཡིན། །སྤྱོད་པ་སྤྱད་པའི་རྣལ་འབྱོར་པ་དེ་ལ་དབང་བསྐུར་བ་དང་ཡོངས་སུ་འབྲེལ་བ་ནི་ཉེ་རྒྱུ་མངོན་བྱང་ཞེས་བྱ་བ་ཡིན་ཏེ། དེའང་སེམས་དབེན་གྱི་རྣལ་འབྱོར་པ་དེ། སྤྱོད་པའི་སྐབས་སུ་རྡོ་རྗེ་སློབ་དཔོན་མིའི་རྟེན་ཅན་གྱིས་དབང་བསྐུར་བ་ཡིན་ལ། དེའང་མོས་པ་ལམ་བྱེད་ཙམ་མ་ཡིན་པར་དངོས་སུ་རིག་མ་དང་བཅས་པས་


LT09,P154A
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བ་ཡིན་ནོ། །དེའི་རྒྱུད་དམ་ཚིག་མ་ཉམས་པའི་རྟེན་འབྲེལ་གྱིས་ཉེ་རྒྱུའི་དབང་བསྐུར་བའང་མངོན་བྱང་འོག་མར་སངས་རྒྱས་སྤྲུལ་པའི་སྐུ་རྣམས་ཀྱིས་དབང་བསྐུར་བ་ཡིན་ཏེ། སྐུ་དངོས་སམ། སྔར་གྱི་རྡོ་རྗེ་སློབ་དཔོན་དེའི་ཚུལ་བཟུང་ནས་སམ། དེ་ལ་བྱིན་གྱིས་བརླབས་ནས་དབང་བསྐུར་བ་དང༌། མངོན་བྱང་གོང་མར་ནི་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་ལས་དབང་བསྐུར་བ་ཐོབ་པ་ཡིན་ནོ། །སྤྱིར་མཆོག་གི་དངོས་གྲུབ་ལ་དང་པོ་དང༌། ཐ་མ་དང༌། གཉིས་ཀ་བརྒྱུད་མར་རེག་པའི་ཉེ་རྒྱུ་གསུམ་གྱི་དང་པོ་སྤྲུལ་པའི་སྐུ་དང༌། བར་མ་ལོངས་སྐུས་དབང་བསྐུར་བ་དེ་ཡིན་ལ། ཕྱི་མ་ནི་རིག་མའི་བརྟུལ་ཞུགས་ཀྱི་སྤྱོད་པ་ཐམས་ཅད་ཡིན་ཅིང༌། དེའང་ཚོགས་ཀྱི་དཀྱིལ་འཁོར་དུ་ཆུ་དང་ཅོད་པན་ནས་གསང་བའི་དབང་གི་བར་དུ་བསྐུར། ཉི་མ་དམར་ཐག་ཆད་པ་ན་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་དང་འབྲེལ་བའི་རྒྱུ་ལ་བསྟེན། རིག་མ་དང་ལྷན་ཅིག་ཐོ་རངས་མངོན་པར་བྱང་ཆུབ་པར་འགྱུར་བ་ཡིན་ནོ། །དེ་ལྟར་ཡང་རྒྱུད་ལས། རྡོ་རྗེ་ཉི་མ་ནུབ་ནས་ནི། །སྒྲུབ་པ་ཀུན་ཏུ་བརྩམ་པར་བྱ། །སྐྱ་རེངས་འཆར་བའི་དུས་སུ་ནི། །སྒོམ་པ་མཆོག་ནི་འགྲུབ་པར་འགྱུར། །ཞེས་སོ། །གསུམ་པ་ནི། དུས་ཀྱི་འཁོར་ལོར་རྡོ་རྗེ་བཞི་དང་ནི། །རིགས་དྲུག་ཕ་རོལ་ཕྱིན་པའི་སྤྱོད་པ་གསུངས། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་རྒྱས་བསྡུས་ལས་སྤྱོད་པའི་རྣམ་གཞག་མང་དུ་གསུངས་པ་ཐམས་ཅད་རྡོ་རྗེ་བཞི། རིགས་དྲུག་ཕ་རོལ་ཕྱིན་དྲུག་གི་སྤྱོད་པ་རྣམས་ལ་འདུ་བར་བཤད་དེ། དེའང་རྡོ་རྗེ་བཞིའི་སྤྱོད་པ་ནི། བསྡུས་པའི་རྒྱུད་ལས། ཉིན་མོ་དང་ནི་མཚན་མོར་ཐིག་ལེ་དག་ལས་དཀར་པོའི་རྒྱུན་འབབ་གང་ཞིག་མཱ་མ་ཀི་སྟེ་ཆང་མ་ཡིན། །གོ་ཀུ་ལ་སོགས་མིག་ལ་སོགས་པ་


LT09,P154B
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་ཞག་སོ་སོར་སྤྲོས་ཏེ་ཤ་གཞན་རེས་འགའ་དག་ཀྱང་མིན། །རང་རིག་པ་ལ་གནས་པའི་ལྷ་རྣམས་དག་གི་དག་པའི་ལུས་ལ་བདུད་རྩི་ལྔ་རྣམས་བསྙེན་པ་སྟེ། །སྟོང་པར་སེམས་ནི་རབ་ཏུ་ཞུགས་ནས་རོ་མཉམ་བྱེད་པ་འཁྲིག་པ་དེ་ནི་སྐྱེ་གནས་ལམ་ཡིན། །ཞེས་གསུངས་ཏེ། ཀུན་རྫོབ་ཏུ་ནུས་པ་རྟེད་པའི་རྣལ་འབྱོར་པས་མྱོས་འགྱུར་ལྔ་བཏུང༌། ཤ་ལྔ་དང་བདུད་རྩི་ལྔ་བཟའ། རིགས་ལྔའི་ཕྱག་རྒྱ་བསྟེན་པ་ཡིན་ལ་ངེས་དོན་དུ་དེ་དག་གི་དོན་རིམ་པ་བཞིན། བྱང་ཆུབ་ཀྱི་སེམས་ཀྱི་རྩལ་སྦྱོང༌། དབང་པོ་ལྔའི་རླུང་དང་རྣམ་རྟོག་དགག་རྩ་འཁོར་རྣམས་སུ་རླུང་གི་སྤྱོར་བས་ཐིག་ལེ་བཅིངས། སྟོང་གཟུགས་ལ་བརྟན་པར་བྱང་སེམས་མཉམ་པར་འཇོག་པ་རྣམས་སོ། །གཉིས་པ་རིགས་དྲུག་གི་སྤྱོད་པ་ནི་རྒྱུད་ལས། ངེས་པར་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ་རལ་གྲི་ལ་ཡང་བདེན་པ་མིན་པའི་ཚིག་རིན་ཆེན་ལ་ནི་གཞན་ནོར་དབྲོག་བྱ་མཆོག་གི་པདྨའི་རིགས་ཉིད་ལ་ཡང་གཞན་གྱི་བུད་མེད་འཕྲོག་ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ལ་ནི་བསྐྱང་བར་བྱ། །གཡུང་མོ་ལ་སོགས་མཐའ་དག་བུད་མེད་རྣམས་ནི་གྲི་གུག་ལ་ཡང་མཁའ་ཡི་པདྨ་སྨད་མི་བྱ། །སེམས་ཅན་དོན་གྱི་སླད་དུ་ནོར་དང་བཅས་པའི་ལུས་ནི་སྦྱིན་པར་བྱ་སྟེ་ཁྱོད་ཀྱིས་བསྲུང་མི་བྱ། །རིགས་ཀྱི་བུ་ཀྱེ་སངས་རྒྱས་ཉིད་དུ་འགྱུར་བ་གཞན་དུ་མཐའ་ཡས་བསྐལ་པས་མིན་པར་རྒྱལ་བས་གསུངས། །ཞེས་པ་སྟེ། དྲང་དོན་དུ་སྟོང་ཉིད་སྙིང་རྗེའི་ཏིང་ངེ་འཛིན་གྱི་གསལ་སྣང་ནི་རྒྱས། ཕྲིན་ལས་ཐོགས་མེད་དུ་འགྲུབ་པའི་ནུས་པ་ནི་རྙེད། ཐབས་གཞན་མེད་ཅིང་ཐབས་དེ་ཁོ་ནས་འགྲོ་དོན་དུ་འགྱུར་ངེས་པ་ཡིན་ན། སྲོག་གཅོད་པ་དང༌། རྫུན་སྨྲ་བ་


LT09,P155A
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། གཞན་ནོར་འཕྲོག་པ་དང༌། ཕ་རོལ་གྱི་བུད་མེད་འཕྲོག་པ་རྣམས་ཀྱང་ཚོགས་ཆེན་པོའི་ཡན་ལག་ཏུ་འགྱུར་རོ། །དེའང་ནུས་མཐུའི་སྒོ་ནས་ཡིན་གྱི། དུག་མཚོན་སོགས་ཕལ་པའི་བྱེད་པས་མ་ཡིན་ནོ། ཆང་དང༌། སྒྲོན་མ་སྟེ་ཤ་དང༌། སངས་རྒྱས་ཏེ་བདུད་རྩི་ལྔ་བསྟེན་ཚུལ་གོང་དང་འདྲ། གཟུགས་མཛེས་པ་དང་སྒྲ་སྙན་པ་སོགས་ཡུལ་ལྔ་བསྟེན། ཞུ་བདེ་འཛག་མེད་དུ་འཆིང་བར་ནུས་ན། གཡུང་མོ་ལ་སོགས་པའི་རིགས་མ་ངེས་པའི་ཕྱག་རྒྱ་སྒྲུབ་པ་སྟེ། མདོར་ན་རྨད་བྱུང་འགལ་བའི་སྤྱོད་པས་སེམས་ཅན་གྱི་དོན་བྱེད་པའང་ཡིན་ལ། ངེས་དོན་དུ་ནི་དེ་དག་རིམ་པས་ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགོག་པ་དང༌། གང་ལ་གང་འདུལ་གྱི་ཆོས་སྟོན་པ་དང༌། མི་འགྱུར་བའི་བདེ་བ་སྒྲུབ་པའི་ཐབས་ལ་བརྩོན་པ་དང༌། རྣམ་པ་ཀུན་ལྡན་གྱི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་འགྲུབ་པའི་ཐབས་ལ་བརྩོན་པ་སྟེ་བཞི་དང༌། སྔར་བཤད་པའི་ངེས་དོན་གྱི་དམ་ཚིག་བཞི་གཅིག་ཏུ་བགྲངས་པ་དང༌། སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ཉིད་ཀྱིས་དབུ་མར་ཐིག་ལེ་དགག་པའམ། འདི་ཡོད་ཕྱིན་ཕྱག་རྒྱ་གཉིས་ལྡན་དང་གསུམ་ལྡན་ཡང་སྟེ། དེ་ལྟར་ན་རིགས་དྲུག་སོ་སོའི་དམ་ཚིག་གོ །ལུས་དང་ལོངས་སྤྱོད་སེམས་ཅན་ལ་བློས་བཏང་བ་ནི། རིགས་དྲུག་ཐུན་མོང་གི་སྤྱོད་པའོ། །གསུམ་པ་ཕར་ཕྱིན་དྲུག་གི་སྤྱོད་པ་ནི། ནོར་རྣམས་སྤངས་པས་སྦྱིན་པ་ཡིད་དང་བུད་མེད་འགྲོགས་པ་ལས་ཀྱང་འཕོ་བ་མེད་པ་ཚུལ་ཁྲིམས་ཏེ། །བཟོད་པ་སྒྲ་ལ་སོགས་པ་མི་འཇུག་པ་སྟེ་རླུང་གིས་གཉིས་ཀའི་བསྒྲོད་པ་འཇིག་པ་བརྩོན་འགྲུས་ཉིད། །བསམ་གཏན་ཤེས་རབ་དག་ཀྱང་ལྷན་སྐྱེས་པ་དེ་ལ་གནས་པའི་སེམས་དང་ཀུན་ཏུ་འགྲོ་བ་ཀུན་གྱི་སྐད། །དེ་ལས་


LT09,P155B
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དོན་དང་རྫུ་འཕྲུལ་སྲིད་པ་མཐར་བྱེད་མི་སྐྱེ་ཐོབ་སྟེ་གཞན་པ་བཞི་རྣམས་སོ། །ཞེས་གསུངས་ཏེ། ལྟོས་མེད་བཞི་ལྡན་ནི་སྦྱིན་པ། རྗེས་དྲན་ནི་ཚུལ་ཁྲིམས། སོར་བསམ་ནི་བཟོད་པ། སྲོག་འཛིན་ནི་བརྩོན་འགྲུས། ཏིང་ངེ་འཛིན་ལས་ལུས་སེམས་ལྷན་སྐྱེས་མི་འགྱུར་བའི་བདེ་བ་ནི་བསམ་གཏན། ཏིང་ངེ་འཛིན་གྱི་ངག་གཞོམ་མེད་ཀྱི་སྒྲ་དབྱངས་ནི་ཤེས་རབ། དེ་ལྟར་རང་རྒྱུད་དག་པས་ཆོས་བསྟན་པ་སོགས་ལྟ་ཅི་སྨོས། མཐོང་ཐོས་དྲན་རེག་སོགས་ཐམས་ཅད་མྱུར་ཏུ་བྱང་ཆུབ་ལ་འགོད་པའི་སེམས་ཅན་གྱི་དོན་འབྱུང་བ་ནི་ཐབས། སེམས་ཅན་གང་ལ་གང་འདུལ་དུ་རྫུ་འཕྲུལ་སྣ་ཚོགས་པ་དམིགས་པ་མེད་པའི་འདུན་པ་ཙམ་ལས་འབྱུང་བའི་སྨོན་ལམ། ཟུང་འཇུག་གི་ཏིང་ངེ་འཛིན་ལས་རང་རྒྱུད་ཀྱི་སྲིད་པ་སྟེ་ཉོན་མོངས་སྤོང་ཞིང༌། གཞན་རྣམས་ཀྱི་སྡུག་བསྔལ་མཐར་འབྱིན་པའི་སྟོབས། མི་སྐྱེ་མི་འགག་པ་སྟེ་གདོད་མའི་རང་བཞིན་མངོན་དུ་གྱུར་པའི་ཡེ་ཤེས་ནི་ཡེ་ཤེས་ཀྱི་ཕར་ཕྱིན་ཏེ་དེ་རྣམས་ཅི་ནུས་སུ་སྒྲུབ་པར་བྱེད་པའོ། །བཞི་པ་ནི། ཀུན་ཀྱང་བསྐྱེད་རྫོགས་སྤྱོད་པ་གཉིས་སུ་འདུ། །སྤྱོད་པའི་རྣམ་དབྱེ་ཇི་སྙེད་པ་དེ་དག་ཀུན་ཀྱང་མདོར་བསྡུ་ན་བསྐྱེད་རིམ་གྱིས་དངོས་གྲུབ་སྒྲུབ་པ། རྫོགས་རིམ་ལ་བརྟེན་ནས་དངོས་གྲུབ་སྒྲུབ་པའི་ཕྱིར་སྤྱོད་པ་གཉིས་ཡིན་པས་བསྐྱེད་རྫོགས་ཀྱི་སྤྱོད་པ་གཉིས་སུ་འདུའོ། །བདུན་པ་ནི། ཡན་ལག་གནད་དབབ་དྲག་ཤུལ་སྦྱོར་བ་ནི། །བསྐྱེད་རྫོགས་ནང་ལ་གཞོལ་བས་མི་དགོས་ཤིང༌། །སྔགས་ལ་གཞོལ་དང་རྫོགས་རིམ་གནས་པར་ཡང༌། །གླང་པོ་རྟ་ཡི་མཐའ་བཞིན་དགོས་སྐབས་ཡོད། །སྤྱོད་པའི་ཡན་ལག་སྡིག་སྐྱོར་གྱི་ལས་སམ་ཕུར་བུས་གདབ་པའམ། དྲག་ཤུལ་གྱི་སྦྱོར་བ་ཞེས་བྱ་བ་དངོས་གྲུབ་ཀྱི་དོན་དུ་ལྷ་གནད་ལ་དབབ་པའི་སྦྱོར་བ་ནི་རྣམ་པ་གཉིས་ཡིན་ཏེ། བསྐྱེད་རིམ་དང་རྫོགས་རིམ་ལའང་སྟོང་ཉིད་ཀྱི་རྣལ་འབྱོར་


LT09,P156A
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་པ་དག་གིས་བྱ་དགོས་པའི་སྐབས་སྲིད་པའོ། དང་པོ་བསྐྱེད་རིམ་གྱི་དྲག་ཤུལ་སྦྱོར་བ་ནི། སྤྱིར་བསྐྱེད་རིམ་གྱི་རྣལ་འབྱོར་ལ་གནས་པའི་གང་ཟག་ལ་གཉིས་ཡོད་དེ། ནང་ལ་གཞོལ་བའི་རྣལ་འབྱོར་པ་དང༌། སྔགས་ལ་གཞོལ་བ་གཉིས་ཀྱི་སྔ་མས་ནི་དྲག་ཤུལ་སྦྱོར་བ་མི་དགོས་ཤིང༌། ཕྱི་མའི་ངོ་བོ་རགས་པའི་བསྐྱེད་རིམ་བརྟན་པ་སྟེ། སྔགས་ལ་གཞོལ་བ་དེས་རིལ་བུ་མིག་སྨན་སོགས་དངོས་གྲུབ་སྒྲུབ་པའི་ཕྱིར་དུ་སྤྱོད་པ་ལན་གསུམ་བསྐྱར་ནས་ཟླ་བ་དྲུག་ལ་སོགས་པའི་བར་དུ་སྤྱད་ཀྱང་མ་གྲུབ་ན། དེའི་ཚེ་ཕྱག་རྒྱའི་པདྨར་གནས་པའི་ལྷ་ལ་ཕུར་བུ་འདེབས་པ་སོགས་རྡོ་རྗེ་སེམས་དཔའ་བསད་པའི་དྲག་ཤུལ་སྒྲུབ་པས་དངོས་གྲུབ་སྟེར་བའི་དོན་དུ་ལྷ་གནད་ལ་བོར་ཞིང་བསྐུལ་བས། ལྷ་དེ་དང་འཕྲལ་དུ་མཇལ་ཞིང་མཆོག་འགྲུབ་པར་བཤད་དོ། །རྫོགས་རིམ་གྱི་རྣལ་འབྱོར་པ་ལ་སྤྱིར་དྲག་ཤུལ་སྦྱོར་བ་མི་དགོས་པར་འདོད་མོད། །རྫོགས་པའི་རིམ་པ་ལ་གནས་པས་ཀྱང༌། མཆོག་གི་དངོས་གྲུབ་ཀྱི་དོན་དུ་སྤྱོད་པ་ལན་གསུམ་བསྐྱར་བ་ཟླ་བ་དྲུག་ཏུ་སྦྱང་ཀྱང་མ་གྲུབ་ན། རྫོགས་རིམ་གྱི་འཕྲོས་རེ་ཞིག་བཞག་ནས། མཚན་མ་དང་བཅས་པའི་བསྐྱེད་རིམ་གྱི་སྤྱོད་པ་དྲག་ཤུལ་སྦྱོར་བ་དང་བཅས་པ་ལ་ཞུགས་པས་འགྲུབ་པ་ཡིན་ཏེ། དཔེར་ན་སྐྱེས་བུ་ཞིག་གིས་རི་ལ་བགྲོད་པ་ལ་བཞོན་པ་གླང་པོ་ཆེ་ལ་གནས་ནས་གཡུལ་འཐབ་པ་ལ་འཁྲུགས་པ་རྒྱལ་བར་མ་གྱུར་ན། དེ་ལས་བབས་ཏེ་རྟ་ལ་གནས་ཤིང་འཐབ་པས་རྒྱལ་བ་བཞིན་ནོ། །དེས་ན་རྫོགས་རིམ་ལ་གནས་པའི་རྣལ་འབྱོར་པ་འགའ་ཞིག་ལའང་མཚན་བཅས་ཀྱི་སྤྱོད་པ་དྲག་ཤུལ་སྦྱོར་བ་དང་བཅས་པ་ལ་འཇུག་དགོས་པའི་སྐབས་ཡོད་པ་གྲུབ་ཆེན་བདེ་ཆེན་མགོན་པོའི་ཞལ་ལུང་ངོ༌། །རྩ་བའི་གསུམ་པ་གོང་མ་སྤྱིའི་བཞེད་པ་སྨོས་པ་ནི། གོང་མ་ཕལ་ཆེར་ལས་དང་པོ་


LT09,P156B
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དུས། །དམ་སྡོམ་སྲུང་ཞིང་ཁ་ན་མ་ཐོ་སྤང༌། །ལམ་བརྩོན་ཀུན་བཟང་སྤྱོད་པས་རྫོགས་རིམ་གྱི། མཉམ་གཞག་དྲོད་ཐོབ་ཤ་རྩི་རིག་མ་སོགས། །སྦས་པའི་གསང་སྤྱོད་མཉམ་རྗེས་བརྟན་པའི་ཚེ། །རིག་མ་དང་བཅས་རྣལ་འབྱོར་ཆས་ཞུགས་ཏེ། །ཚོགས་སྤྱོད་མངོན་གྱུར་རིག་བརྟུལ་སྤྱོད་པར་གྲགས། །བོད་ཀྱི་བླ་མ་གོང་མ་ཕལ་ཆེ་བའི་བཤད་སྲོལ་དང་བསྟུན་ན། ལས་དང་པོ་པ་ཡི་དུས་སུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་ཞིང་ཁྱིམ་པ་དང་རབ་བྱུང་གང་ཡིན་ཀྱང་སོ་སོའི་ཁ་ན་མ་ཐོ་བ་མེད་པར་ལམ་བསྒོམ་པ་ལ་བརྩོན་པ་ནི་ཀུན་བཟང་སྤྱོད་པ་ཞེས་བྱ། དེས་རྫོགས་རིམ་གྱི་མཉམ་གཞག་ལ་དྲོད་རྟགས་ཐོབ་ནས་ཅུང་ཟད་ཡེ་ཤེས་ལ་དབང་བའི་དུས་སུ་དངོས་སུ་རྣལ་འབྱོར་པའི་བྱ་བ་མི་བྱ་བར་ཁ་ན་མ་ཐོ་བ་ཐམས་ཅད་སྤངས་ཤིང༌། གསང་ནས་རིག་མ་དང་ཤ་ལྔ་བདུད་རྩི་ལྔ་བསྟེན་པ་སོགས་སྔགས་ཀྱི་ཀུན་སྤྱོད་མཐའ་དག་བྱ་བ་སྦས་པའི་སྤྱོད་པའམ་གསང་སྤྱོད་ཅེས་བྱ། དེས་མཉམ་རྗེས་གཉིས་ཀའི་རྟོགས་པ་བརྟན་ནས་ཡེ་ཤེས་ལ་ཆེར་དབང་བའི་དུས་སུ་རིག་མ་དང་བཅས་ཏེ་རྣལ་འབྱོར་པའི་ཆས་སུ་ཞུགས་ནས་སྔགས་ཀྱི་བརྟུལ་ཞུགས་མཐའ་དག་ཚོགས་སུ་མངོན་གྱུར་དུ་སྤྱོད་པ་ནི་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པར་གྲགས་སོ། །ནུས་པ་མཆོག་ཐོབ་སྲིད་པའི་འཆིང་གྲོལ་ཚེ། །བསྙེངས་བྲལ་མི་མཐུན་ཕྱོགས་བརྫི་སྲིད་པ་གསུམ། །ཟིལ་གནོན་ཕྱོགས་ལས་རྣམ་པར་རྒྱལ་བ་ཉིད། །གདུལ་བྱ་གཞན་དོན་བསྒྲུབ་ཕྱིར་སྤྱོད་པར་བཞེད། །དེ་དག་ཀུན་གྱིས་དངོས་གྲུབ་མཆོག་ལ་སྦྱོར། །དེས་རྟོགས་པ་ཤིན་ཏུ་བརྟན་པ་དང་ནུས་པ་མཆོག་ཐོབ་ནས་སྲིད་པའི་འཆིང་བ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཚེ། གང་ལའང་བསྙེངས་པ་དང་བྲལ་བ་མི་མཐུན་པའི་ཕྱོགས་ཐམས་ཅད་དང་སྲིད་པ་གསུམ་ཡང་ཟིལ་


LT09,P157A
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གནོན་པའི་སྤྱོད་པ་ནི་ཕྱོགས་ལས་རྣམ་པར་རྒྱལ་བ་ཞེས་བྱ་སྟེ། འདི་ཉིད་གདུལ་བྱ་གཞན་གྱི་དོན་དུ་གཙོ་བོར་བྱེད་པ་ཡིན་ལ། སྤྱོད་པ་དེ་དག་ཀུན་གྱིས་གནས་སྐབས་ལམ་གྱི་ས་མཚམས་དང་མཐུན་པའི་བོགས་དབྱུང་ཞིང༌། མཐར་ཐུག་འདོད་པའི་དངོས་གྲུབ་མཆོག་ལ་སྦྱོང་བར་བྱེད་དོ། །ལམ་གྱི་ཡན་ལག་བོགས་འདོན་སྤྱོད་པ་རྣམ་པར་གཞག་པ་སྐབས་གསུམ་པའི་འགྲེལ་པའོ། །

༤ སྔ་འགྱུར་ཡོ་ག་རྣམ་གསུམ་གྱི་ས་ལམ་རྣམ་པར་བཞག་པའི་སྐབས།

སྐབས་བཞི་པ་སྔ་འགྱུར་ཡོ་ག་རྣམ་གསུམ་གྱི་ས་ལམ་རྣམ་པར་གཞག་པ་ལ་ལྔ། ཕྱི་ནང་སྦྱང་བཤད་སྤྱིར་བསྟན་པ། མ་ཧཱ། ཨ་ནུ། ཨ་ཏིའི་ས་ལམ་གྱི་རྣམ་གཞག་སོ་སོར་བཤད་པ། གཞན་དག་མཚོན་པ་ཙམ་སྤྲོས་པས་མཇུག་བསྡུ་བའོ། །དང་པོ་ལ་གཉིས། ལམ་དང༌། སའོ། དང་པོ་ནི། སྔ་འགྱུར་ཕྱི་ནང་སྦྱར་བའི་བཤད་སྲོལ་སྤྱིར། །ལྟེ་བར་ཚོགས་ལམ་སྙིང་གར་སྦྱོར་ལམ་བཞི། །མགྲིན་པར་མཐོང་ལམ་སྤྱི་བོར་སྒོམ་ལམ་སྟེ། །འཁོར་ལོ་བཞི་ཡི་རླུང་སེམས་ལས་རུང་ཚེ། །ལམ་བཞིའི་ཡོན་ཏན་རིམ་གྱིས་འཆར་བར་བཞེད། །གསང་སྔགས་སྔ་འགྱུར་གྱི་ལུགས་ལ་རྣམ་གྲངས་མང་ཡང་གཙོ་ཆེ་བ་ཕྱི་ནང་སྦྱར་བའི་བཤད་པའི་སྲོལ་སྤྱིར་ཀུན་ཏུ་བཟང་པོ་ཀློང་ཆེན་རབ་འབྱམས་ཀྱི་རྡོ་རྗེའི་ཚིག་ཏུ་གསུངས་པ་ལྟར་ན། སྤྱིར་ལམ་བགྲོད་བྱེད་རླུང་སེམས་ལས་སུ་རུང་བ་དང༌། འབྱོངས་པ་གཉིས་ལས། འཁོར་ལོ་སོ་སོར་ཚུད་དུས་ལས་སུ་རུང་བ་ཡིན་ལ། འབྱོངས་པ་ནི་དེ་དག་གི་རྩ་ཕྲན་དང་བཅས་པའི་མདུད་པ་གྲོལ་དགོས་སོ། །དེའང་ལྟེ་བ་ནས་སྐྱེད་པར་བྱེད་པའི་རྩ་འདབ་ཏུ་རླུང་སེམས་ལས་སུ་རུང་བས། ཚོགས་ལམ་ཆུང་འབྲིང་ཆེ་གསུམ་གྱི་དྲོད་རྟགས་འཆར་ཏེ། སངས་རྒྱས་སྤྲུལ་སྐུའི་ཞལ་མཐོང་ཞིང༌། སྤྱན་ལྔ་དང༌། མངོན་ཤེས་དང༌། རྫུ་འཕྲུལ་ཕྲ་མོ་གྲུབ་པས་སྤྲུལ་བ་དང་བསྒྱུར་བར་ནུས་པ་ཡིན་ནོ། །


LT09,P157B
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ག་ཆོས་ཀྱི་འཁོར་ལོ་རླུང་སེམས་ལས་སུ་རུང་བས་སྦྱོར་ལམ་བཞི་བགྲོད་དེ། དེའང་དྲོད་རྩེ་གཉིས་སུ་དབང་པོ་ལྔ་བསྒོམས་པས་དྲོད་སྣང་བའི་ཡེ་ཤེས་མི་རྟོག་པ་ཐེ་ཚོམ་དང་མི་ཁོམ་པ་ཟད་པ་ལ་སོགས་པའི་རྟགས་ཀྱིས་མཚོན་པ་དང༌། རྩེ་མོ་མཆེད་པའི་ཡེ་ཤེས་དགེ་རྩ་བརྟན་པ་ལ་སོགས་པ་ཐོབ་ཅིང༌། ཆོས་ཐམས་ཅད་རྨི་ལམ་འདྲ་བར་རྟོགས། བཟོད་ཆོས་གཉིས་སུ་སྟོབས་ལྔས་བཟོད་པ་དེ་ཁོ་ན་ཉིད་ཀྱི་ཕྱོགས་ལ་ཞུགས་པ་ཐོབ་པའི་ཡེ་ཤེས་ངན་སོང་ཆད་པ་དང༌། ཆོས་མཆོག་དེ་མ་ཐག་པའི་ཏིང་ངེ་འཛིན་ཉེ་བར་ཐོབ་པའི་ཡེ་ཤེས་ཐོབ་སྟེ། དགེ་རྩ་ཐར་པ་བྱང་ཆུབ་ལས་མི་འགྱུར་བ་དང༌། ཏིང་ངེ་འཛིན་རྫུ་འཕྲུལ་ལ་སོགས་པ་སྔོན་པས་ལྷག་པ་ཐོབ། མགྲིན་པའི་ལོངས་སྤྱོད་འཁོར་ལོའི་རླུང་སེམས་ལས་སུ་རུང་བས། འཕགས་པའི་ས་དང་པོ་མཐོང་ལམ་དང་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་དབང་ཐོབ། ལོངས་སྐུ་རིགས་ལྔའི་སངས་རྒྱས་ཀྱི་ཞིང་བགྲོད་ཅིང་ཆོས་ཉན་པ་རྙེད། སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རླུང་སེམས་ལས་སུ་རུང་བས་སྒོམ་ལམ་དགུའི་ས་ཐོབ་སྟེ། ཆུང་ངུའི་ཆུང་ངུས་གཉིས་པ་དྲི་མ་མེད་པ་ལ་སོགས་པ་གསུམ་ནས་ཆེན་པོའི་ཆེན་པོ་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་རོ། །ས་དེ་དག་གི་དུས་ན་འཁོར་ལོ་སོ་སོའི་རྩ་མདུད་ཕྲ་མོ་གྲོལ་བར་ཡེ་ཤེས་ཀྱི་རླུང་ཆུད་པ་དང༌། འཁོར་ལོའི་རླུང་ཉོན་མོངས་ཅན་གྱི་རྟེན་རྩ་དང་བཅས་པ་བསྐམས་པའམ་ཞ་བ་ཞེས་བྱ་བར་དུས་མཚུངས་པར་གྲུབ། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ་ས་འདི་དག་ཏུ་སྐད་ཅིག་རེ་རེ་ལ་དུས་མཉམ་པར་གོང་དུ་འཕེལ། གཞན་ཡང་ས་བརྒྱད་པར་ཡིད་ཤེས་གནས་གྱུར་པས་རྣམ་པར་མི་རྟོག་པ་ལ་དབང་ཐོབ། དགུ་པར་འཛིན་བཅས་སྒོ་ལྔའི་རྣམ་ཤེས་གནས་གྱུར་ཏེ་ཞིང་དག་པ་ལ་དབང་ཐོབ། བཅུ་པར་ཀུན་གཞིའི་རྣམ་ཤེས་གནས་གྱུར་པས་ཕྲིན་ལས་ཕུན་སུམ་ཚོགས་པ་ལ་དབང་ཐོབ་སྟེ་དེ་ནི་


LT09,P158A
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་དང་ཕྲིན་ལས་གཉིས་ཀ་ལ་དབང་སྒྱུར་བའོ། །དེ་ལྟར་འཁོར་ལོ་བཞིའི་རླུང་སེམས་རིམ་པ་བཞིན་ལས་སུ་རུང་བའི་ཚེ། ཚོགས་སྦྱོར་མཐོང་སྒོམ་གྱི་ལམ་བཞི་རྫོགས་པའི་ཡོན་ཏན་རིམ་གྱིས་འཆར་རོ། །གཉིས་པ་ནི། དབུ་མར་རོ་རྐྱང་མདུད་པ་ཉི་ཤུ་གཅིག །སྤྲུལ་འཁོར་ལས་རུང་དང་པོ་གཉིས་གྲོལ་སོགས། །གཉིས་གཉིས་གྲོལ་བས་ས་བཅུ་རེ་རེ་འཐོང༌། །ཐ་མས་གཙུག་ཏོར་རྩེ་མོའི་ས་མཆོག་འགྲུབ། །དབུ་མ་ལ་རོ་རྐྱང་གཉིས་ཀྱི་མདུད་པ་ཉི་ཤུ་རྩ་གཅིག་ཡོད་པས་འཁོར་བར་འཆིང་བར་བྱེད་ལ། ལམ་བསྒོམས་ཏེ་ལྟེ་བ་སྤྲུལ་པའི་འཁོར་ལོར་རླུང་སེམས་ལས་སུ་རུང་བ་དེའི་ཚེ་མདུད་པ་དང་པོ་གཉིས་གྲོལ་བས་ས་དང་པོ་ཐོབ་པ་སོགས། མདུད་པ་གཉིས་གཉིས་གྲོལ་བས་ས་བཅུ་པོ་ལས་རེ་རེ་ཐོབ་ཅིང་དེ་དག་གི་ཡོན་ཏན་འཆར། ཐ་མ་གཉིས་གྲོལ་བས་གཙུག་ཏོར་རྡོ་རྗེ་རྩེ་མོའི་ས་མཆོག་དྲུག་པའི་བདག་ཉིད་ཀྱི་གོ་འཕང་འགྲུབ་སྟེ། དེས་བརྗོད་རྩེ་མོ་ལས། རོ་མ་རྐྱང་མ་ཀུན་འདར་མ། །མདུད་པས་འཁོར་བའི་འཁྲུལ་སྣང་སྟེ། །གྲོལ་བས་ཡེ་ཤེས་མྱ་ངན་འདས། །ཞེས་སོ། །འདི་དག་ནི་མདོ་རྒྱུད་གསར་རྙིང་གི་དགོངས་པ་གུང་མཐུན་པར་ཀུན་མཁྱེན་ཆོས་རྗེ་ཉིད་བཞེད་དོ། །གཉིས་པ་མ་ཧཱ་ཡོ་ག་སྒྱུ་འཕྲུལ་དྲྭ་བའི་ལུགས་བཤད་པ་ལ་གསུམ། ལམ་ལ་འཇུག་པའི་ཚུལ། ལམ་དངོས་བགྲོད་ཚུལ། ལམ་གྱི་གྲོགས་སྤྱོད་པའོ། །དང་པོ་ནི། བྱེ་བྲག་ཡོ་གའི་རྩ་བ་སྒྱུ་འཕྲུལ་ལུགས། །ཤེས་རབ་གསུམ་གྱིས་གཡོ་ལྡང་སྨོན་འཇུག་དང༌། །གནས་པ་མཐར་ཕྱིན་བྱང་ཆུབ་སེམས་ལྔ་བསྐྱེད། །ངེས་འབྱུང་ཐེག་བཞི་ལས་འཕགས་ཉེ་ལམ་དུ། །སྔ་འགྱུར་རིང་ལུགས་ཡོ་ག་རྣམ་གསུམ་ཞེས་གྲགས་པའི་བྱེ་བྲག་རྒྱུད་མ་ཧཱ་ཡོ་ག་ཏནྟྲ་སྡེ་ཆེན་པོ་བཅོ་བརྒྱད་ཀྱི་རྩ་བ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་ལུགས་ལྟར་ན། རིམ་


LT09,P158B
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལས། ངོ་བོ་ཤེས་རབ་རྣམ་གསུམ་གྱིས། །སེམས་ལྔ་བསྐྱེད་པར་བསྟན་པ་ཡིན། །ཞེས་གསུངས་པ་ལྟར་སེམས་ལྔའི་སྒོ་ནས་ལམ་གྱི་ངོ་བོ་སྐྱེ་བའོ། །དེའང་སེམས་སྐྱེ་ཚུལ་ནི། གཞིའི་ས་ནས་སེམས་སྐྱེ་བ་ཞེས་པ་ཐེག་པ་གང་དུའང་མ་ཞུགས་པའི་གནས་སྐབས་ནས་སྐྱེ་བ་དང༌། ལམ་གྱི་ས་ནས་སྐྱེ་བ་ཞེས་པ་ཉན་རང་སོགས་ཀྱི་ཐེག་པར་ཞུགས་ནས་ལམ་དེ་བོར་ཏེ་ཐེག་པ་འདིར་འཇུག་པ་དང༌། འབྲས་བུའི་ས་ནས་སེམས་སྐྱེ་བ་ཞེས་པ་ཐེག་པ་འོག་མའི་འབྲས་བུའི་བར་དུ་བསླབས་ནས་སྔགས་ལམ་འདིར་འཇུག་པར་གསུངས། ཇི་ལྟར་སྐྱེ་ཚུལ་ནི། རང་བཞིན་གྱིས་མུན་པ་ཅན་སོ་སོ་སྐྱེ་བོ་དང༌། ཆེད་དུ་བྱས་པའི་མུན་པ་ཅན་མུ་སྟེགས་པ་སོགས་ཐེག་པ་འོག་མ་རྣམས་ཀྱི་ཞེ¿ ཞི¿ ་འདོད་ལས་གྲོལ་ནས་མ་ཧཱ་ཡོ་གར་སེམས་གཡོ་བ་ནི་གཡོ་ལྡང་བྱང་ཆུབ་ཀྱི་སེམས། གཞི་དེས་མ་ཧཱའི་དོན་ཁོང་དུ་ཆུད་པར་སྨོན་པ་ནི་སྨོན་པ་བྱང་ཆུབ་ཀྱི་སེམས། དེའི་དོན་ལ་འཇུག་པ་ནི་འཇུག་པ་བྱང་ཆུབ་ཀྱི་སེམས། ཞུགས་ནས་དབྱེར་མེད་ཀྱི་དོན་ཉམས་སུ་ལེན་པའི་རྩོལ་བ་ལ་གནས་པ་ནི་གནས་པ་བྱང་ཆུབ་ཀྱི་སེམས། གནས་པས་ལམ་ལྔ་མཐར་ཕྱིན་པ་ནི་མཐར་ཕྱིན་པ་བྱང་ཆུབ་ཀྱི་སེམས་ཏེ། དེ་ལྔ་བསྐྱེད་ནས། ངན་སོང་ལས་ངེས་པར་འབྱུང་བ་ལྷ་མི། འཁོར་བ་ལས་ངེས་པར་འབྱུང་བ་ཉན་ཐོས་དང་རང་རྒྱལ། མཐའ་གཉིས་ལས་ངེས་པར་འབྱུང་བ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་བཞི་ལས་ཁྱད་པར་དུ་འཕགས་པ་རྣལ་འབྱོར་བླ་ན་མེད་པའི་ཉེ་ལམ་དུ་ཞུགས་ནས་ཤེས་རབ་རྣམ་པར་གྲོལ་བའི་ལམ་དང༌། ཐབས་ཀྱིས་ངེས་པའི་ལམ་གཉིས་ཀ་སེམས་ལྔས་མཐར་ཕྱིན་པར་བྱ་སྟེ། དང་པོ་ལ་ལམ་སྤྱིར་བརྩི་ན། ལྟ་བ་རྟོགས་ནས། དེ་ཏིང་ལ་སེམས་གཡོ་ཞིང་ལྡང༌། དེ་ནས་སྒྱུ་མ་ལ་སྨོན། དེ་ཕྱག་རྒྱ་གཅིག་པ་ལ་འཇུག །སྤྲོས་


LT09,P159A
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་དང་ཚོགས་སྒྲུབ་ལ་གནས། རིག་འཛིན་བཞི་ལ་མཐར་ཕྱིན་པའོ། །ཟག་བཅས་ཁོ་ནར་བརྩི་ན། ལྟ་བ་ལ་གཡོ་སྨོན་འཇུག་གསུམ་དང༌། དེ་ཏིང་ནས་སྤྲོས་པའི་བར་བཞི་ལ་གནས་པ། ཚོགས་སྒྲུབ་ལ་མཐར་ཕྱིན་པའོ། །ལམ་རེ་རེ་ལའང་སེམས་ལྔ་ལྔའི་ལྡན་ཚུལ་ནི་དེ་དག་གིས་མཚོན་ནོ། །གཉིས་པ་ནི། རྩ་གནས་ནས་ཐིག་ལེ་མགོ་གཡོས་ཙམ་ན་བདེ་བ་མགོ་ལྡང་པའི་ཚུལ་དུ་འདུག་པ་ནི་གཡོ་ལྡང་བྱང་ཆུབ་ཀྱི་སེམས་སོ། །བདེ་བ་སྔ་མ་འཇིག་ཅིང་ཕྱི་མ་ལ་འཇུག་པ་ནི་འཇིག་འཇུག་བྱང་ཆུབ་ཀྱི་སེམས་སོ། །ལུས་ཀྱི་རྩ་ཐིག་རྣམས་རང་སར་གནས་པས་བདེ་བའང་སྐྱེས་ལ་མ་འགག་པར་གནས་པ་ནི་གནས་པ་བྱང་ཆུབ་ཀྱི་སེམས་སོ། །སྔ་མའི་བདེ་བ་ལ་དམིགས་ཤིང་ཕྱི་མའི་བདེ་བ་ལ་སྨོན་པ་ནི་སྨོན་པ་བྱང་ཆུབ་ཀྱི་སེམས་སོ། །ཐིག་ལེ་དབབ་བཟློག་གི་སྦྱོར་བས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་པདྨའི་རྩེར་འགྲོ་འོང་དུ་གནས་པ་ནི་འགྲོ་འོང་བྱང་ཆུབ་ཀྱི་སེམས་སོ། །དེ་དག་ཀྱང་སེམས་ལྔ་སྐྱེ་བའི་གཞི་མའི་ངོས་ནས་ལམ་པ་ཡིན་ལ། སྐྱེས་པ་རང་གི་ངོས་ནས་ལམ་གྱི་ངོ་བོ་ཡིན་པར་གསུངས་སོ། །གཉིས་པ་ལམ་དངོས་བགྲོད་ཚུལ་ལ་དྲུག་ཚོགས་སྦྱོར་མཐོང་སྒོམ་མཐར་ལམ་ཐུན་མོང་དང་མུ་ཚོད་བརྩི་བའོ། དང་པོ་ནི། ཟག་ལྡོག་གཉིས་ལྡན་ལམ་བཞིས་ཚོགས་ལམ་བགྲོད། །སྤྱིར་ལམ་ལ་ཟག་ལྡོག་ཡོད་མེད་ཀྱི་མུ་བཞི་ལས། །ཟག་ལྡོག་གཉིས་ཀ་དང་ལྡན་པའི་མུ་ནི། སྟོང་ཆེན། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་སྤྲོས་ཏེ་ཚོགས་ལམ་གྱི་རྣལ་འབྱོར་བཞིས་ལམ་འདི་བགྲོད། ཞར་བྱུང་ཟག་པ་ཡོད་ལ་ལྡོག་པ་མེད་པའི་མུ་ནི། འཆད་འགྱུར་སྦྱོར་ལམ་ཚོམ་བུ་ཚོགས་སྒྲུབ་སྟེ། སྤྱོད་པའི་དུས་གྲངས་ངེས་པ་ཟག་མེད་ལ་དངོས་སུ་སྦྱོར་བའི་བར་ཆད་མེད་ལམ་ཡིན་པའི་ཕྱིར།


LT09,P159B
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་པ་མེད་ལ་ལྡོག་པ་ཡོད་པའི་མུ་ནི། དམན་ལམ་སྔོན་དུ་སོང་བའི་འཕགས་པ་དགྲ་བཅོམ་པ་སྔགས་ཀྱི་ཚོགས་ལམ་ལ་གནས་པ་ལྟ་བུ་སྟེ། དེ་ནི་རང་དོན་ཡིད་བྱེད་ཀྱི་བསམ་པས་ལྡོག་པར་སྲིད་པའི་ཕྱིར་རོ། །གཉིས་ཀ་མེད་པ་ནི་འཆད་འགྱུར་ལྟར་རོ། །འདིར་ཟག་པའི་གཙོ་བོ་དང་ཡན་ལག་གཉིས་ལས། གཙོ་བོ་ནི་ཀུན་ནས་ཉོན་མོངས་པ་དང་བཅས་པའི་ལས་ཀྱིས་ཁམས་གསུམ་དུ་ཟག་ཅིང་འཕོ་བ་ཡིན་ལ། ཡན་ལག་ནི། ལུས་རང་དབང་མེད་པར་ལེན་པ་སྐྱེ་གནས་ཀྱི་ཟག་པ། ཁམས་བདེ་མི་བདེ་རང་དབང་མེད་པར་མྱོང་བ་ཁམས་ཀྱི་ཟག་པ། རང་དབང་མེད་པར་ལུས་འདོར་བ་ལུས་ཀྱི་ཟག་པ་དང་གསུམ་དུ་བཤད་དོ། །གཉིས་པ་ནི། ཟག་བཅས་ལྡོག་མེད་ཚོགས་སྒྲུབ་སྦྱོར་ལམ་འབྲས། །གཉིས་མེད་མཐོང་སྒོམ་མཐར་གསུམ་རིག་འཛིན་བཞི། །ཟག་པ་དང་བཅས་ལ་ལྡོག་པ་མེད་པ་ཚོམ་བུ་ཚོགས་སྒྲུབ་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང༌། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲངས་ཏེ་ཟླ་བ་དྲུག་སྤོགས་ཆོག་དང་བཅས་པར་བསྒྲུབས་པས་ཟག་མེད་ལ་དངོས་སུ་སྦྱོར་བའི་བར་ཆད་མེད་ལམ་བགྲོད་ནས་རིག་འཛིན་གྱི་འབྲས་བུ་འགྲུབ་སྟེ། བསྐྱེད་རིམ་པའི་ཐུན་མོང་གི་དངོས་གྲུབ་ལས་རྒྱ་དང་ལེ་རྒྱའི་ཁྱད་པར་གྱིས་འདོད་པའི་རིག་པ་འཛིན་པ་དང་གཟུགས་ཀྱི་རིག་པ་འཛིན་པ་གང་རིགས་ལ་སྦྱོར་བའོ། །རྫོགས་རིམ་སྟོང་ཆེན་སོགས་རྣལ་འབྱོར་བཞི་པོ་ཚོགས་སྒྲུབ་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་གསུམ་གང་ཡང་རུང་བས། ཟླ་བ་དྲུག་གམ། ལོ་གཅིག་དང་ཟླ་བ་གཉིས་སམ། ལོ་གཅིག་ཟླ་བ་བཞི་རྣམས་དབང་པོ་རབ་འབྲིང་ཐ་མ་དང་སྦྱར་བའི་ལམ་གྱུར་གྱི་འབྲས་བུ་ཟག་ལྡོག་གཉིས་ཀ་མེད་པའི་ལམ་མཐོང་སྒོམ་མཐར་ལམ་གསུམ་གྱིས་བསྡུས་པ་རིག་འཛིན་རྣམ་པ་


LT09,P160A
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལ་སྦྱོར་རོ། །གསུམ་པ་མཐོང་ལམ་ལ་གཉིས། རྣམ་སྨིན། ཚེ་དབང་ངོ༌། །དང་པོ་ནི། མཐོང་ལམ་བདེན་པ་རྟོགས་ཀྱང་སྙིགས་མའི་ལུས། །མ་སྦྱངས་རྣམ་སྨིན་མཚན་ཉིད་གསུམ་དང་ལྡན། །ཚོགས་གསོག་ལས་བཞིར་དབང་སྒྱུར་སྤྱན་ལ་སོགས། །ཡོན་ཏན་ལྡན་པས་གླིང་བཞིར་འགྲོ་དོན་བྱེད། །མཐོང་ལམ་པ་ལ་ཆོས་ཉིད་ཀྱི་བདེན་པ་རྟོགས་པར་མཚུངས་ཀྱང༌། བློའི་ནུས་སྟོབས་ཆེ་ཆུང་གིས་འབྱུང་བ་སྙིགས་མའི་ལུས་ཡེ་ཤེས་ཀྱིས་སྦྱོང་བར་མ་ནུས་པ་རྣམ་སྨིན་རིག་འཛིན་དང༌། སྦྱོང་བར་ནུས་པ་ཚེ་དབང་རིག་འཛིན་གཉིས་ཏེ། ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་པའི། །མཐོང་ལམ་གཉིས་སུ་གྱུར་པ་ཡིན། །ཞེས་སོ། །དེ་ལ་རྣམ་སྨིན་རིག་འཛིན་ནི། ཕྱག་རྒྱ་གཅིག་སྤྲོས་ཀྱི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པས་རབ་འབྲིང་ཐ་མའི་དུས་དང་སྦྱར་བར་ཚོགས་བསྒྲུབས་པ་ལས། ལུས་རྣམ་སྨིན་ཤ་ཁྲག་གི་ཕུང་པོ་དང་མ་བྲལ་བ། ཡིད་འོད་གསལ་གྱི་ལྷ་སྐུར་སྨིན་པ། ཇི་ལྟར་འདོད་པ་བཞིན་དུ་ལུས་རྒྱ་དང་བྲལ་མ་ཐག་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་ངེས་པ་བཅས་ཆོས་གསུམ་དང་ལྡན་པ་ཡིན་ཏེ། ལམ་རིམ་ལས། ཡིད་ཀྱིས་ལྷ་ཡི་གཟུགས་བཟུང་ཞིང༌། །ལུས་ཀྱི་རྒྱ་མདུད་གྲོལ་གྱུར་ནས། །ཕྱག་རྒྱའི་སྐུ་ཉིད་གསལ་གྱུར་བ། །རྣམ་པར་སྨིན་ཞེས་དེ་ལ་བརྗོད། །ཅེས་སོ། །མཛད་སྤྱོད་ནི། བདག་དོན་དུ་བཀོད་པ་དཀྱིལ་འཁོར་གྱི་བྱ་བ་ལ་སོགས་པས་ཚོགས་གཉིས་རྫོགས་པར་བྱེད་ལ། ཕྲིན་ལས་བཞི་ལ་རང་དབང་དུ་སྒྱུར་བའི་སྒོ་ནས་གཞན་དོན་རྫོགས་པར་བྱེད་ཅིང༌། ཟག་མེད་ལྷའི་སྤྱན་རྣམ་པར་དག་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་གླིང་བཞི་པའི་འཇིག་རྟེན་ཙམ་དུ་སྐུ་དངོས་ཀྱིས་དོན་མཛད་ཅིང་སྤྲུལ་གཟུགས་སྟོན་ཚུལ་ཚེ་དབང་དང་ཆ་འདྲ་བ་ཙམ་མོ། །གཉིས་པ་ནི། བཅུད་ལེན་དབབ་བཟུང་རླུང་གིས་


LT09,P160B
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་ལས། ཁྱད་འཕགས་ཟག་ཟད་འཇིགས་མེད་རྡོ་རྗེའི་སྐུ། །ལམ་རྫོགས་ཚེ་དབང་ཀུན་འགྲོའི་དྲི་སྦྱོང་ཞིང༌། །ཆོ་འཕྲུལ་བཞི་དང་མངོན་པར་ཤེས་པ་དྲུག །དབང་ཤེས་ཉེར་ལྔས་སྟོང་གསུམ་འགྲོ་དོན་མཛད། །སྤྱིར་ཚེ་དབང་ལ། སྨན་གྱི་བཅུད་ལེན་ལ་བརྟེན་པའི། ཐིག་ལེ་དབབ་བཟུང་ལ་བརྟེན་པའི། སྒྲོན་མ་རླུང་གི་འཁོར་ལོ་ལ་བརྟེན་པའི། ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་དང་བཞི་ལས། འདི་ནི་གྲུབ་པ་སྔ་མ་གསུམ་ལས་ཁྱད་པར་དུ་འཕགས་པ་ཤེས་རབ་གསུམ་གྱི་ལྟ་བ་དང་ཏིང་ངེ་འཛིན་ལ་རྟོགས་གོམས་ཁྱད་པར་དུ་གྱུར་པའི་བློས་ཚོགས་སྒྲུབ་ལས་ས་དང་པོའི་རྟོགས་པ་མཐར་ཕྱིན་ཏེ་ཟག་པ་ཀུན་ཟད་ནས། ལུས་སེམས་གཉིས་ཀ་འོད་གསལ་གྱི་ལྷ་སྐུར་སྨིན་ཅིང་ཕྲ་ཡང་ལ་སོགས་པའི་འཇའ་ལུས་ཀྱི་ཡོན་ཏན་ཁྱད་པར་ཅན་ལྡན་པའི་སྐྱེ་འཇིག་མེད་པ་རྡོ་རྗེའི་སྐུ་ཅན་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་རིག་འཛིན་ཏེ། ལམ་རིམ་ལས། དོན་མཐོང་འཇུག་པ་མཐར་ཕྱིན་པའི། །ཚོགས་སྤྱོད་སྒྲུབ་པའི་དངོས་གྲུབ་ཀྱིས། །ལུས་ཁམས་སྐྱེ་གནས་ཟག་པ་ཟད། །རྡོ་རྗེའི་ལུས་གྱུར་ཚེ་ཡི་རིགས། །ཞེས་སོ། །མཛད་སྤྱོད་ནི། བདག་དོན་དུ་ཀུན་འགྲོའི་དྲི་མ་སྦྱོང་ཞིང༌། གཞན་དོན་དུ་ཆོ་འཕྲུལ་བཞི་དང་ཕྲིན་ལས་བཞི་སོགས་ཀྱིས་འགྲོ་དོན་མཛད། ཆ་ལུགས་ཀྱང་གསང་སྙིང་ལས། མི་དང་ལྷ་དང་ཚངས་པ་ཡི། །སྐྱེ་བ་རྣམ་དག་འཛིན་མོད་ཀྱང༌། ཁྱད་པར་ས་ལ་གནས་གྱུར་ཡིན། །ཞེས་སོ། །དེ་དག་ཀྱང་སྤྲུལ་པའི་ཆ་ལུགས་ཏེ། ངོ་བོ་ནི་ད་ལྟའི་ལུས་འདི་རྡོ་རྗེའི་ལུས་སུ་ཁྱེར་བས་སྔོན་གྱི་རྟེན་གང་ཡིན་པའི་རྣམ་པར་གནས་ལ་སྤྱིའི་མངོན་ཤེས་དྲུག་དང༌། བྱེ་བྲག་ཏུ་འདིའི་དུས་རྣམ་ཤེས་ཀྱི་རྒྱལ་ཁམས་ལས་བརྒལ་ཏེ་ཡེ་ཤེས་ཀྱི་རྒྱལ་ཁམས་སུ་རང་སྣང་བའི་གནད་ཀྱིས། མིག་གི་རྣམ་ཤེས་གཅིག་པུས་ཀྱང་གཟུགས་མཐོང་བ། སྒྲ་ཐོས་


LT09,P161A
[མ་དཔེ་གཟིགས་ན་འདིར་གནོན།]

པ། དྲི་ཚོར་བ། རོ་མྱང་བ། རེག་བྱ་ཤེས་པ་སྟེ་དབང་པོ་ལྔ་ཀའི་བྱ་བ་བྱེད་ནུས་པ་དེ་བཞིན་གཞན་བཞི་པོ་ལའང་སྦྱར་བའི་སྒོ་ལྔའི་དབང་ཤེས་ཉི་ཤུ་རྩ་ལྔས་གླིང་བཞི་བྱེ་བ་ཕྲག་བརྒྱ་བའི་ཞིང་ཁམས་དང་མཉམ་པའི་ཡུལ་དེ་སྙེད་ཀྱི་དོན་བྱེད་ནུས་པ་སྟེ། བདག་དོན་དུ་རིམ་གྱིས་སམ་ཐོད་རྒལ་བའི་ཚུལ་གྱིས་ཕྱག་ཆེན་དང༌། ལྷུན་གྲུབ་རིག་འཛིན་གང་རིགས་སུ་སྦྱོར་ཞིང༌། བློ་ཆེན་མཐར་ཐུག་སངས་རྒྱས་ཀྱི་ས་ལ་སྦྱོར་བའང་ཡོད་དོ། །བཞི་པ་ནི། སྒོམ་ལམ་ཕྱག་ཆེན་ཡེ་ཤེས་སྒྱུ་མའི་སྐུ། །དྲི་མེད་ནས་བརྩམས་ས་བཅུའི་རྣམ་གྲོལ་ཚུན། །རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་ལས། །རིག་འཛིན་ལྔས་བསྡུས་ལྷན་གནས་དྲི་མ་སྦྱོང༌། །གང་འདུལ་ཕྲིན་ལས་ལོངས་སྐུའི་ཞིང་མཉམ་མཛད། །གཅིག་སྤྲོས་ཀྱི་ཏིང་ངེ་འཛིན་ལ་གོམས་པའི་རྒྱུན་དང༌། ཀུན་འགྲོའི་སྒྲིབ་པ་དག་ནས་བསྒོམ་བྱ་མངོན་དུ་གྱུར་པས་མི་གཡོ་བའི་ཏིང་ངེ་འཛིན་གྱིས་ལྷན་ཅིག་གནས་པའི་དྲི་མ་སྦྱངས་ནས་རང་སེམས་ཕྱག་རྒྱ་ཆེན་པོ་མངོན་དུ་བྱས་པས་སྒོམ་ལམ་ཕྱག་ཆེན་རིག་འཛིན་ཡེ་ཤེས་སྒྱུ་མའི་ལུས་ཅན་ཏེ། ལམ་རིམ་ལས། རང་སེམས་ཕྱག་རྒྱ་ཆེན་པོ་སྟེ། །སྒོམ་པས་མངོན་དུ་གྱུར་པའི་ལྷ། །ཐུན་མོང་མཆོག་གི་མཚན་དཔེར་ལྡན། །ལོངས་སྤྱོད་གཉིས་པ་ཕྱག་རྒྱའི་རིགས། །ཞེས་དང༌། ཡེ་ཤེས་སྒྱུ་མའི་ཆ་ལུགས་ཅན། །འབྱུང་བ་རྡོ་རྗེའི་ལུས་ལས་གྲོལ། །ཞེས་སོ། །དེའང་ས་གཉིས་པ་དྲི་མ་མེད་པ་ནས་བརྩམས་ས་བཅུ་པའི་རྣམ་གྲོལ་ལམ་ཚུན་རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་ལས་ཀྱི་རིགས་ཀྱི་རིག་འཛིན་ལྔས་བསྡུས་པ་སྟེ། སྔ་མ་ལས། རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རལ་གྲི་རིག་འཛིན་འགྱུར། །ཞེས་པས། ས་གཉིས་པ་ནས་ལྔ་པའི་བར་བཞི་ལ་རྡོ་རྗེའི་རིག་པ་འཛིན་པ་ཞེས་གསུངས་ཏེ། རྟོགས་པའི་ཡེ་ཤེས་རྡོ་རྗེས་རགས་པའི་སྒྲིབ་པ་


LT09,P161B
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་པའི་ཕྱིར། ས་དྲུག་པ་ཤེར་ཕྱིན་ལ་གཙོ་བོར་སྤྱོད་ཅིང་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་དང༌། ས་བདུན་པའང་ཐབས་ལ་མཁས་པ་འཁོར་ལོ་ལྟར་གྱུར་པས་དེ་གཉིས་ལ་འཁོར་ལོའི་རིག་པ་འཛིན་པ་ཞེས་བྱའོ། །ས་བརྒྱད་པར་མི་རྟོག་ཡེ་ཤེས་ལ་དབང་སྒྱུར་བས་རིན་པོ་ཆེའི་རིག་འཛིན་དང༌། དགུ་པར་ཆགས་པ་མེད་པས་ཞིང་སྦྱོང་ཞིང་འགྲོ་དོན་མཛད་པས་པདྨའི་རིག་འཛིན་དང༌། བཅུ་པར་ཕྲིན་ལས་ཕུན་སུམ་ཚོགས་པས་སེམས་ཅན་གྱི་དོན་དཔག་མེད་མཛད་པའི་ཕྱིར་རལ་གྲིའི་རིག་འཛིན་ཞེས་བྱའོ། །འདི་ལ་ས་མཚམས་ཀྱི་བཞེད་ཚུལ་ཐ་དད་པའང་ཡོད་དོ། །ཆ་བྱད་ཟུང་འཇུག་གི་ལྷ་སྐུ་མཚན་དཔེ་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་བདག་དོན་དུ་ལྷན་ཅིག་གནས་པའི་དྲི་མ་སྦྱོང་ཞིང༌། གཞན་དོན་དུ་རྔོན་པ་ནས་སྨད་འཚོང་མ་ལ་སོགས་པ་གང་འདུལ་གྱི་སྤྲུལ་གཟུགས་སུ་སྟོན་པར་བྱེད་དེ། ལམ་རིམ་ལས། མཉམ་གཞག་ངང་ལས་མ་གཡོས་བཞིན། །རྔོན་དང་སྨད་འཚོང་ལ་སོགས་པ། །སྤྲུལ་པའི་ལུས་ཀྱིས་འདུལ་བར་བྱེད། །ཅེས་སོ། །མངོན་ཤེས་ཀྱི་ཡུལ་དོན་ཀྱང༌། དབང་ཤེས་ཉི་ཤུ་རྩ་ལྔའི་ཡོན་ཏན་ཚེ་དབང་དང་འདྲ་ནའང༌། འདིར་གསལ་བརྟན་གྱིས་ཁྱད་པར་དུ་བྱས་ཤིང༌། ལོངས་སྐུའི་ཞིང་དང་མཉམ་པའི་འགྲོ་དོན་མཛད་དོ། །ལྔ་པ་ནི། མཐར་ལམ་ལྷུན་གྲུབ་དྲུག་པའི་རྒྱལ་ཚབ་ནི། །རྡོ་རྗེ་ལྟ་བུས་སྣང་གསུམ་དྲི་མ་སྦྱོང༌། །མཛད་སྤྲུལ་མཁྱེན་པ་རྒྱལ་དང་ཆ་འདྲའོ། །སྒོམ་ལམ་གྱི་རིང་ལ་མཐོང་གོམས་ཀྱི་མཐུ་རྫོགས་པས་ཤེས་རབ་གསུམ་གྱིས་ལྷན་ཅིག་གནས་པའི་དྲི་མ་དག་ནས་མཐར་ཕྱིན་གྱི་ལམ་ལ་གནས་པའི་རང་བཞིན་ཅན་རྫོགས་སངས་རྒྱས་ཀྱི་ས་ཐོབ་ལ་མ་རེག་པ་སྟེ། རྒྱུད་མཐོ་དམན་གྱི་དགོངས་པས་རིགས་གསུམ་རིགས་ལྔ་སོགས་དབྱེ་ནའང༌། འདིར་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་ཆེན་


LT09,P162A
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཆ་ལུགས་འཛིན་ཏེ་དྲུག་པའི་རྒྱལ་ཚབ་མཛད་པ་པོ་གསང་བའི་བདག་པོ་བཞིན་ནོ། །སྤྱོད་ཚུལ་ནི། བདག་དོན་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ་ནང་གི་མངོན་བྱང་གིས་ཤེས་སྒྲིབ་ཕྲ་བ་སྣང་གསུམ་གྱི་དྲི་མ་སྦྱོང་ཞིང༌། གཞན་དོན་རྗེས་ཐོབ་ལ་སངས་རྒྱས་དང་ཆ་འདྲ་བའི་འགྲོ་དོན་མཛད་དོ། །སྤྲུལ་གཟུགས་ཀྱང་མཛད་པ་བཅུ་གཉིས་སོགས་མཆོག་གི་སྤྲུལ་སྐུ་དང་ཕྱོགས་མཐུན་དུ་སྟོན། མངོན་ཤེས་ཀྱི་ཡུལ་དོན་ཇི་སྙེད་མཁྱེན་པའི་ཡུལ་རྒྱལ་བ་ཉིད་དང་ཆ་འདྲ་སྟེ་ནམ་མཁས་ཁྱབ་ཚད་ཀྱི་དོན་ཡང་ཅི་རིགས་པར་མཛད་དེ། ལམ་རིམ་ལས། དེ་ལྟར་དག་པའི་ཡེ་ཤེས་ཉིད། །སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཛིན། །ལྷུན་མཉམ་ངང་ལས་མི་གཡོ་བཞིན། །མི་རྟོག་ཉིད་དུ་བཞུགས་པ་དང༌། །བག་ལ་ཉལ་བ་འཇོམས་བྱེད་ཅིང༌། །སྐད་ཅིག་དག་ལས་རིག་འཛིན་མཐའོ། །ཞེས་གསུངས་སོ། །དྲུག་པ་ནི། ཐུན་མོང་རབ་དགའ་མི་གཡོ་ཆོས་སྤྲིན་དང༌། །མུ་ཚོད་མཉམ་ཡང་དགོངས་སྤྱོད་ཁྱད་པར་འཕགས། །རྣམ་སྨིན་རིག་འཛིན་དང་རྒྱུའི་ཐེག་པའི་མཐོང་ལམ་རབ་དགའ་ལ་གནས་པའི་སེམས་དཔའ་གཉིས་སྐལ་པ་མཉམ་ཞིང༌། གཞན་ཚེ་དབང་སོགས་ནི་རྒྱུའི་ཐེག་པའི་ས་དང་པོ་དང༌། བརྒྱད་པ་དང་བཅུ་པ་ཙམ་དུ་སྐལ་བ་མཉམ་པ་སྟེ་ལམ་གྱི་མུ་ཚོད་ལ་མཚུངས་མེད། འོན་ཀྱང་དགོངས་པ་དང༌། མཛད་སྤྱོད་ནི་དེ་ལས་ཁྱད་པར་དུ་མས་འཕགས་པ་ཡིན་ཏེ། རྒྱུའི་ཐེག་པའི་སྒོམ་ལམ་ས་བརྒྱད་པ་དང་ཚེ་དབང༌། བཅུ་པ་དང་ཕྱག་ཆེན། །མི་སློབ་པའི་ས་ཀུན་ཏུ་འོད་དང་ལྷུན་གྲུབ་རིག་འཛིན་རྣམས་མཉམ་པར་བཞེད་པའི་ཕྱིར། དེ་ལྟར་ཡང་ལམ་ཆུང་ལས། དེ་ཡང་དང་པོ་དང་པོ་དང༌། །སྐལ་མཉམ་གཉིས་པའི་རིགས་མཆོག་དེ། །བརྒྱད་པའི་སེམས་དཔར་སྐལ་བ་མཉམ། །གསུམ་པ་བཅུ་དང་སྐལ་མཉམ་མོད། །


LT09,P162B
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་སྤྱོད་རྒྱ་མཚོ་ཁྱད་པར་འཕགས། །ཞེས་འབྱུང་ངོ༌། །གསུམ་པ་ལམ་གྱི་གྲོགས་སྤྱོད་པ་ནི། མཉམ་གཞག་སོ་སོའི་ཏིང་འཛིན་རྩེ་གཅིག་པ། །རྗེས་ཐོབ་དགེ་སྦྱོང་གཞོན་ནུ་སྨྱོན་པ་དང༌། །རྒྱལ་པོ་ས་འཛིན་ལྟ་བུའི་སྤྱོད་པ་གསུམ། །ཐབས་གྲོལ་སྤྱོད་པ་བརྒྱད་ཀྱིས་ལ་བཟླའོ། །དེ་ལ་སྤྱོད་པའི་ངོ་བོ་ནི། །རིམ་གསུམ་ལས། ཏིང་འཛིན་ཁྱད་པར་འགྱུར་བའི་ཕྱིར། །རྗེས་མཐུན་སྤྱོད་པ་གཞུང་བཞིན་སྤྱད། །ཅེས་པས་ཐབས་ཁྱད་པར་ཅན་གྱི་ས་ཟིན་པ་ལམ་པའི་སྒོ་གསུམ་གྱི་བྱ་བར་གྱུར་པ་གང་ཡིན་པའོ། །དེ་ལ་སྤྱོད་པ་ལའང་མཉམ་གཞག་དང་རྗེས་ཐོབ་ཀྱི་སྤྱོད་པ་གཉིས་ལས། མཉམ་གཞག་གི་སྤྱོད་པ་ནི་ལམ་ལྔ་དང༌། རིག་འཛིན་བཞིའི་གནས་སྐབས་ཀྱི་སོ་སོའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་སྤྱོད་པར་བྱེད་པ་དེ་ཡིན་ཅིང༌། འདིར་རྗེས་ཐོབ་གཙོ་ཆེ་བའི་དབང་དུ་བྱས་ཏེ། ཇི་ལྟར་སྤྱོད་ཚུལ་ནི། ལྟ་བ་བདག་མེད་པས་ཟིན་པའི་ཤེས་རབ་དང༌། ཐབས་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་སྒོ་ནས་སྤྱད་པས་ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པར་བྱེད་པའོ། །ངེས་ཚིག་ནི། ཙརྱའི་སྒྲ་ལས་སྤྱོད་པ་སྟེ། སྒོ་གསུམ་དོན་ཡོད་པར་བྱ་བའི་ཕྱིར་སྔགས་ཀྱི་སྤྱད་པ་ལ་སྤྱོད་པའི་ལས་ཅན་ནོ། །དབྱེ་ན་སྤྱིར་ལུས་ངག་ཡིད་གསུམ་ཡོངས་སུ་དག་པར་བྱ་བ་ཡིན་ལ། དེ་ཅུང་ཟད་བཤད་ན། ལས་དང་པོ་པའི་དུས་སུ་ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་པས་དགེ་སྦྱོང་གཞོན་ནུའི་སྤྱོད་པ་ལྟར་བག་དང་ལྡན་པས་གཟབ་པ་ལྷུར་ལེན་པ་ལ་བསླབ་པ་སྟེ། རྡོ་རྗེ་རྩེ་མོ་ལས། བརྟན་པ་མ་ཐོབ་བར་དུ་ནི། ཁ་ན་མ་ཐོ་རྡུལ་མེད་ཅིང༌། །སྡོམ་པ་གསུམ་ལ་གནས་པར་བྱ། །ཞེས་སོ། །དེའང་མཉམ་གཞག་གི་རྟོགས་པ་བག་ལྡན་དུ་བསྲིང་ཞིང༌། ཐུན་མཚམས་སུ་རྗེས་ཐོབ་ཀྱི་བྱ་བ་ཆོས་སྤྱོད་བཅུ་ལ་སོགས་པ་བསྒྲུབ་པའོ། །ཏིང་ངེ་འཛིན་ལ་བརྟན་


LT09,P163A
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅུང་ཟད་ཐོབ་ནས་མཉམ་རྗེས་བསྲེ་བར་ནུས་པ་ན་རྟོགས་པ་རྐྱེན་ཐུབ་ཏུ་བྱེད་པ་སྨྱོན་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་དང༌། ཏིང་ངེ་འཛིན་ལ་བརྟན་པ་ཆེར་ཐོབ་ནས་རྟོགས་པ་ལ་བྲི་གང་མེད་པ་ན། གཞན་ཕན་ཁོ་ན་ལ་བསླབ་པ་རྒྱལ་པོ་ས་འཛིན་གྱི་སྤྱོད་པ་ལྟ་བུ་སྟེ་སྤྱོད་ཚུལ་གསུམ་མོ། །བྱེ་བྲག་ཏུ་ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་དང༌། གྲོལ་ལམ་ཟག་ཡོད་ཀྱི་སྤྱོད་པ་གཉིས་སུ་བཤད་ཅིང༌། ཕྱི་མ་ལ་དད་བརྩོན་གྱི་སྤྱོད་པ། ཤེས་རབ་དང་མཐུན་པ། ཐབས་དང་མཐུན་པ། ཕྱོགས་གཅིག་པ། སྤྲོས་པ་དང་བཅས་པ། ཚོགས་ཀྱི་སྤྱོད་པ། རྫུ་འཕྲུལ་གྱི་སྤྱོད་པ་སྟེ་རིམ་གྱིས་པའི་སྤྱོད་པ་བདུན་དང༌། བླང་དོར་མེད་པ་རྨད་དུ་བྱུང་བ་ཅིག་ཅར་བའི་སྤྱོད་པ་དང་བརྒྱད་དོ། །དེའང་དང་པོ་ལྟ་བ་གཏན་ལ་འབེབས་པའི་དུས་སུ་དད་བརྩོན་གྱི་སྤྱོད་པ་སྟེ། དང་བའི་དད་པ། འདུན་པའི་དད་པ། ཡིད་ཆེས་པའི་དད་པ་དང་གསུམ་གྱིས་ཐོས་བསམ་ལ་ཞུགས་ནས་ཐང་ལྷོད་མེད་པའི་བརྩོན་འགྲུས་མཐར་ཕྱིན་པར་བྱེད་པའོ། །གཉིས་པ་ཤེས་རབ་དང་མཐུན་པའི་སྤྱོད་པ་སྟོང་པ་ཆེན་པོའི་སྐབས་སུ་སྟེ། མཉམ་གཞག་ཏུ་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་སྐྱོང་ཞིང༌། རྗེས་ཐོབ་ཏུའང་དེའི་ངང་བསྲིང་སྟེ་སྤྱོད་པའོ། །གསུམ་པ་ཐབས་དང་མཐུན་པའི་སྤྱོད་པ་སྙིང་རྗེ་སྒྱུ་མའི་སྐབས་སུ་སྟེ། མཉམ་གཞག་ཏུ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཀུན་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་བསྒོམ་ཞིང༌། རྗེས་ཐོབ་ཏུ་སྤྱོད་ཡུལ་ཐམས་ཅད་སྒྱུ་མར་བལྟ་བའོ། །བཞི་པ་ཕྱོགས་གཅིག་པའི་སྤྱོད་པ་ནི་ཕྱག་རྒྱ་གཅིག་པའི་སྐབས་སུ་སྟེ། མཉམ་གཞག་ཏུ་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ལྷ་སྐུ་ཞི་བའི་སྐབས་སུ་ཞི་བ་དང༌། ཁྲོ་བོ་ལ་ཁྲོ་བོ་ཕྱག་རྒྱ་གཅིག་པར་བསྒོམ་ཞིང༌། རྗེས་ཐོབ་ཏུའང་དེའི་རྒྱུན་བསྐྱང་བའོ། །ལྔ་པ་སྤྲོས་པ་དང་བཅས་པའི་སྤྱོད་


LT09,P163B
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ཕྱག་རྒྱ་སྤྲོས་བཅས་ཀྱི་སྐབས་སུ་སྟེ། སྔར་གྱི་ལྷ་སྐུ་ཕྱག་རྒྱ་གཅིག་པ་དེ་ལས་ལྷ་སྣང་ཆེས་ཆེར་འཕེལ་བས་ཟུང་འཇུག་གི་ལྷ་ཚོམ་བུ་དང་གཙོ་འཁོར་གྱི་རྣམ་པར་རང་ཤར་ཁོར་ཡུག་ཏུ་རྒྱས་ཐེབ་པ་ལ་མཉམ་རྗེས་གཉིས་ཀར་བསླབ་པའོ། །དྲུག་པ་ཚོགས་ཀྱི་སྤྱོད་པ་ནི། ཚོགས་སྒྲུབ་ཀྱི་སྐབས་སུ་སྟེ། མཉམ་རྗེས་གཉིས་ཀར་སྤྱོད་ལམ་ཡོ་བྱད་ལྔ་ལ་མ་ཆགས་པར་སྤྱོད་པ་སྟེ། ལམ་རིམ་ལས། སྤྱོད་ལམ་ཡོ་བྱད་ལྔ་སྤྱོད་ཅིང༌། །དངོས་སུ་མཆོད་པ་རྣམ་གཉིས་སོ། །ཞེས་པའི་ཡོ་བྱད་ལྔ་ཡང༌། ཇི་སྐད་དུ། གོས་རྒྱན་བཟའ་བཏུང་གླུ་དང་ཚིག །བྲོ་གར་ཚོགས་ཀྱི་སྤྲིན་ཕུང་ལ། །ཧཱུྃ་དུ་ཤེས་པས་རབ་སྤྱད་ན། །ངོ་མཚར་འབྱུང་བའི་དཀྱིལ་འཁོར་མཉེས། །ཞེས་སོ། །བདུན་པ་རྫུ་འཕྲུལ་གྱི་སྤྱོད་པ་ནི། རིག་འཛིན་བཞིའི་སྐབས་སུ་སྟེ། །དེའང༌། རྣམ་སྨིན། ཚེ་དབང༌། ཕྱག་ཆེན། ལྷུན་གྲུབ་རིག་འཛིན་ཏེ་བཞི་ལས། དང་པོ་ནི། བདག་དོན་དུ་བཀོད་པ་དཀྱིལ་འཁོར་གྱི་བྱ་བས་ཚོགས་གཉིས་རྫོགས་པར་བྱེད་ཅིང༌། ཕྲིན་ལས་བཞིའི་སྒོ་ནས་གཞན་དོན་རྫོགས་པར་སྤྱོད་པའོ། །གཉིས་པ་ནི། བདག་དོན་དུ་རང་གི་ལྟ་བ་བསྒོམ་ལ་རིག་རྩལ་སྦྱངས་ཏེ་ཀུན་འགྲོའི་དྲི་མ་སྦྱོང་ཞིང༌། གཞན་དོན་དུ་ཆོ་འཕྲུལ་བཞི་དང་ཕྲིན་ལས་བཞི་སོགས་ཀྱིས་དོན་མཛད་པའོ། །གསུམ་པ་ནི། བདག་དོན་དུ་ལྷན་ཅིག་གནས་པའི་དྲི་མ་སྦྱོང་ཞིང༌། གཞན་དོན་དུ་དགོངས་པ་མི་གཡོ་བའི་ངང་ནས་སྤྲུལ་པ་སྣ་ཚོགས་པས་དག་མ་དག་ཀུན་གྱི་དོན་མཛད་པའོ། །བཞི་པ་ནི། རང་དོན་དུ་སྐུ་ལྔའི་རྒྱལ་བ་ལ་སོགས་པར་བརྟེན་ཏེ་ཤེས་སྒྲིབ་སྦྱོང་ལ། གཞན་དོན་དུ་སངས་རྒྱས་ཀྱི་ཞིང་ཁམས་མཐར་ཐུག་པ་མེད་པར་མཛད་པ་བཅུ་གཉིས་སོགས་སྤྲུལ་སྐུའི་མཛད་པ་སྣ་ཚོགས་སྟོན་ཅིང༌། གསང་བའི་རྒྱུད་ཀྱི་སྡུད་པ་པོར་མཛད་པའོ། །བརྒྱད་པ་གྲོལ་ལམ་ཅིག་ཅར་བའི་


LT09,P164A
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ནི། རྗེས་ཤེས་སུ་ཇི་ལྟར་སྤྱོད་ཀྱང༌། མི་དམིགས། མ་ཆགས། བྱ་རྩོལ་འཛིན་རྟོག་དང་བྲལ་བ་རྨད་དུ་བྱུང་བའི་སྤྱོད་པ་སྟེ། ཀུན་འདུས་ལས། མི་དམིགས་པ་ལ་རྣལ་འབྱོར་སྤྱོད། །དེ་ལྟར་སྤྱོད་པ་ཀུན་སྤྱོད་ཀྱང༌། །དམ་པའི་དོན་དེ་སྤྱོད་མཆོག་ཡིན། །ཅེས་གསུངས་པ་ལྟར་སྤྱོད་པ་དེ་དག་གིས་ལ་བཟླའོ། །གསུམ་པ་ལུང་ཨ་ནུ་ཡོ་གའི་ལུགས་བཤད་པ་ལ་གཉིས། སྤྱིར་དབང་པོ་དང་སྦྱར་བའི་ཚུལ། བྱེ་བྲག་ས་དང་རྣལ་འབྱོར་ལྔ་སྦྱར་བའི་རྣམ་གཞག་སོ་སོར་བཤད་པའོ། །དང་པོ་ནི། ཨ་ནུ་བློ་རབ་ས་ལམ་ཆིག་ཆོད་དེ། །འབྲིང་ཐས་རིམ་མམ་ཐོད་རྒལ་བགྲོད་པ་ཡང༌། །ཨ་ནུ་ཡོ་གའི་ལུགས་སྤྱིར་བློ་རབ་སྟོབས་ཆེ་བ་རྣམས་རྟོགས་གོམས་ཐམས་ཅད་ཆིག་ཆོད་དུ་བྱེད་པས་མཐར་ཕྱིན་པས་ས་ལམ་རིམ་བགྲོད་ཀྱི་རྩོལ་བ་དང་བྲལ་ཞིང༌། བློ་འབྲིང་ཐ་གཉིས་ཀྱིས་ནི། ས་བཅུ་པའི་སློབ་ལམ་བཞི་རིམ་གྱིས་སམ་ཐོད་རྒལ་གང་རུང་གིས་བགྲོད་ནས་མི་སློབ་པའི་ལམ་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བར་བྱེད་དོ། །ཡང་སྒྲ་ནི་ཚིག་འོག་མ་ལ་སྦྱོར་བའི་དོན་ཏོ། །གཉིས་པ་ལ་ལྔ། ཚོགས་སྦྱོར་མཐོང་སྒོམ་མཐར་ལམ་མོ། །དང་པོ་ནི། འགྱུར་བ་མ་ངེས་བརྟེན་གཞིའི་ས་གཉིས་ནི། །ཚོགས་ལམ་འདུན་སེམས་མོས་སྤྱོད་ལྷ་ཡི་སྐུ། །ཐུན་མོང་སྤྱན་དང་མངོན་ཤེས་ལ་སོགས་འགྲུབ། །ལུགས་འདིའི་ས་བཅུ་དང་རྣལ་འབྱོར་ལྔ་སྦྱོར་ཚུལ་མདོ་ཙམ་བརྗོད་ན། དང་པོ་འགྱུར་བ་མ་ངེས་པའི་ས་དང༌། བརྟེན་པ་གཞིའི་ས་གཉིས་ནི་ཚོགས་ལམ་འདུན་པ་སེམས་པའི་རྣལ་འབྱོར་གྱིས་བསྡུས་ཤིང་མོས་སྤྱོད་ཀྱི་ལྷ་སྐུ། འདིས་ཐུན་མོང་གི་དངོས་གྲུབ་སྤྱན་དང་མངོན་ཤེས་ལ་སོགས་པ་འགྲུབ་བོ། །གཉིས་པ་ནི། གལ་སྦྱོང་རྒྱུན་དང་བསོད་ནམས་རྟེན་གྱིས། །སྦྱོར་ལམ་རིགས་འབྱེད་རླུང་སེམས་ལྷ་ཡི་སྐུ། །གསུམ་པ་གལ་ཆེན་སྦྱོང་བ་དང༌། །


LT09,P164B
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་བསླབ་པ་རྒྱུན་གྱི་ས་དང༌། ལྔ་པ་བསོད་ནམས་རྟེན་གྱི་ས་གསུམ་ནི། །སྦྱོར་ལམ་རིགས་ཆེན་འབྱེད་པའི་རྣལ་འབྱོར་ཏེ་རླུང་སེམས་ཀྱི་ལྷ་སྐུ་འགྲུབ་བོ། །གསུམ་པ་ནི། ཉེ་རྒྱུས་འགྱུར་བདེ་བཅོམ་ནས་ཟག་པ་ཟད། ཁྱད་འགྲོ་མཐོང་ལམ་དབུགས་འབྱིན་བདེ་སྟོང་སྐུ། །དེར་ཚོགས་ཀྱི་སྦྱོང་བའི་ཉེ་རྒྱུ་ལ་བརྟེན་པས་འགྱུར་བདེ་རགས་པ་བཅོམ་སྟེ་ཟག་པ་ཐམས་ཅད་ཟད་ནས། དྲུག་པ་བརྟན་པ་ཁྱད་པར་དུ་འགྲོ་བའི་ས་ནི་མཐོང་ལམ་དབུགས་ཆེན་འབྱིན་པའི་རྣལ་འབྱོར་ཏེ་བདེ་སྟོང་འོད་གསལ་གྱི་ལྷ་སྐུ་འགྲུབ་བོ། །བཞི་པ་ནི། དམིགས་པ་འབྲས་སྐྱེ་སྒོམ་ལམ་ལུང་ཆེན་ཐོབ། །སློབ་པའི་ཟུང་འཇུག་ལྷ་སྐུ་རྒྱུན་མི་འཆད། །མཐོང་ལམ་འོད་གསལ་ལས་ལངས་པའི་རྗེས་ལ་བདུན་པ་དམིགས་པ་འབྲས་བུ་སྐྱེ་བའི་ས་སྒོམ་ལམ་ལུང་ཆེན་ཐོབ་བའི་རྣལ་འབྱོར་ཏེ་ཆོས་ཉིད་རྟོགས་པའི་ཡེ་ཤེས་དང་དག་པ་ལྷ་སྐུའི་སྣང་བ་རྒྱུན་མི་འཆད་པ་སློབ་པའི་ཟུང་འཇུག་གི་སྐུ་འགྲུབ་བོ། །ལྔ་པ་ནི། མི་འགྱུར་གདལ་བ་རྫོགས་པ་སྤྱིར་ཆིབས་གསུམ། །མཐར་ལམ་རྩལ་ཆེན་རྫོགས་ཏེ་རྒྱུན་མཐའ་ཡི། །བར་ཆད་མེད་ལམ་ཆགས་ཆེན་འབྲས་དབང་གིས། །ཕྲ་བའི་དྲི་སྦྱོང་མི་སློབ་ཟུང་འཇུག་གོ །དེ་ནས་བརྒྱད་པ་གནས་པ་མི་འགྱུར་བ་དང༌། དགུ་པ་གདལ་བ་ཆོས་ཉིད་ཀྱི་ས་དང༌། བཅུ་པ་རྫོགས་པ་སྤྱིར་ཆིབས་ཀྱི་ས་གསུམ་པོ་མཐར་ལམ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་གྱིས་བསྡུས་པ་སྟེ། དེའི་མཐར་མི་སློབ་པའི་ལམ་རྒྱུན་མཐའི་བར་ཆད་མེད་ལམ་ལ་བརྟེན་ནས་འདོད་ཆགས་ཆེན་པོའི་ལམ་གྱིས་འབྲས་བུའི་དབང་བསྐུར་བས་སྣང་གསུམ་འཕོ་བའི་བག་ཆགས་ཕྲ་བ་སྦྱངས་ཏེ་མི་སློབ་པའི་ཟུང་འཇུག་འབྲས་བུའི་ཆོས་ཉེར་ལྔ་པོ་དབྱེར་མེད་ལྷུན་གྲུབ་ཀྱི་ངོ་བོ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་མངའ་


LT09,P165A
[མ་དཔེ་གཟིགས་ན་འདིར་གནོན།]

དབང་འབྱོར་བས་རྟག་ཁྱབ་ལྷུན་གྱིས་གྲུབ་བའི་ཕྲིན་ལས་ཀྱིས་གདུལ་བྱའི་དོན་མཛད་པ་སྟེ། དོན་བསྡུས་ལས། འབྲས་བུ་ཉིད་ནི་རྫོགས་སངས་རྒྱས། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །ཉི་ཤུ་རྩ་ལྔས་བསྡུས་མཐའ་ཡས། །ལྷུན་རྫོགས་རྣམ་ཀུན་མཁྱེན་པའོ། །ཞེས་གསུངས་སོ། །དེ་ལ་འདུན་པ་སྐྱེ་བའི་སྐབས་སོགས་ས་བཅུ་པོ་རེ་རེ་དང་སྦྱར་བའི་གནས་སྐབས་བཅུར། ཆོས་ཉིད་སྙིང་པོ་ཇི་བཞིན་པའི་རྗེས་སུ་འཇུག་པའི་རང་སའི་ལམ་ན་འབར་བའི་རིམ་པ་ལྟར་བསྒོམས་པས། ས་བཅུ་རང་རང་གི་སྤྱད་བྱ། རྐྱེན་འགྱུར་ལས་ཀྱི་བག་ཆགས་རགས་ཕྲ་གཉིས་དང༌། མངོན་དུ་རྒྱུ་བའི་བག་ཆགས་རགས་འབྲིང་ཕྲ་གསུམ་དང༌། ཀུན་འགྲོ་དང༌། ལྷན་ཅིག་གནས་པ་དང༌། བག་ལ་ཉལ་རགས་འབྲིང་ཕྲ་གསུམ་གྱི་སྒྲིབ་པ་རྣམས་རིམ་པར་དག་ནས་ས་གོང་མ་གོང་མ་ལ་སྦྱོར་བའི་གཡོ་བ་བྱང་ཆུབ་ཀྱི་སེམས་ལ་སོགས་ཏེ་སེམས་བཅུ་པོ། དཔེ་སྐར་མ་ཕྲ་མོ་ལྟ་བུ་ལ་སོགས་པ་བཅུ་དང་སྦྱར་ནས་བགྲོད་པར་རྩ་རྒྱུད་ཀུན་འདུས་ཀྱི་ལེའུ་གཉིས་པ་སོགས་མདོའི་ཆ་བཤད་ཀྱི་རྒྱུད་དང་མན་ངག་རྣམས་ལས་རྒྱ་ཆེར་གསུངས་སོ། །བཞི་པ་མན་ངག་ཨ་ཏི་ཡོ་གའི་ལུགས་ལྟར་བཤད་པ་ལ་བཞི། དབང་བཞིའི་དག་པ་དང་སྦྱར་བ། སྣང་བཞིའི་འཆར་ཚུལ་དང་སྦྱར་བ། དེ་དག་གི་ཡོན་ཏན་མདོར་བསྟན་པ། སྤྱོད་པ་རྒྱུན་གྱི་རྣལ་འབྱོར་བྱ་བའི་ཚུལ་ལོ། །དང་པོ་ལ་གཉིས། དབང་དང་སྦྱར་བའི་ལམ་གྱི་ཚུལ་སྤྱིར་བསྟན། རིག་འཛིན་གྱི་ས་བཞིའི་ཐོབ་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཨ་ཏི་ས་ལམ་རིམ་རྩོལ་ལས་འདས་ཀྱང༌། །མངོན་རྟོགས་རྣམ་གཞག་གསང་སྐོར་ཐུན་མིན་གྱི། །དབང་བཞི་ལ་ཡང་ནང་གསེས་བཅུ་དྲུག་དབྱེ། །མོས་འཇུག་སྒྱུར་དང་ཆོད་པའི་ས་དེ་བཞིན། །བསྡམས་པས་སོ་གཉིས་ཡེ་ཤེས་གནས་དང་སྐྱེ། །ཐོབ་དང་འཆར་བཞི་


LT09,P165B
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བས་དྲུག་ཅུ་བཞི། །རྡོ་རྗེ་འཆང་གི་ས་མཆོག་རྫོགས་པའོ། །རྩོལ་མེད་ཨ་ཏི་ཡོ་གའི་ཐེག་པ་འདིར་འོད་གསལ་མངོན་སུམ་ལམ་དུ་བྱེད་པ་ས་འོག་མ་ནས་གདོད་ཞུགས་ཏེ་ས་ལམ་རིམ་སྦྱང་རིམ་བགྲོད་ཀྱི་བྱ་རྩོལ་ལས་འདས་ཤིང༌། གོང་མ་རྫོགས་པས་འོག་མ་ཞར་ལ་རྫོགས་པར་འགྱུར་བ་ལ་དགོངས་ནས་རྫོགས་པ་ཆེན་པོ་ས་གཅིག་པ་ལ་སྦྱང་བགྲོད་མི་དགོས་པར་གསུངས་སོ། །ས་གཅིག་ནི་རིག་པ་ལྷུན་གྲུབ་སྟེ། ཀུན་བྱེད་ལས། མ་བསྒྱུར་མ་སྦྱང་རིག་པ་ལྷུན་རྫོགས་ས། །ཞེས་གསུངས་པ་བཞིན་ནོ། །འོན་ཀྱང་རང་ལམ་དུ་སྒོ་གསུམ་གྱི་དྲི་མ་དང༌། གདོས་བཅས་ཀྱི་ཕུང་པོ་དང༌། འགྱུ་བའི་རྟོག་པ་དང༌། རགས་པའི་རླུང་སེམས་རྣམས་དག་དགོས་ལ། དེ་རྣམས་དག་པའི་ཚེ་འོག་མའི་ས་ལམ་ཞར་བྱུང་དུ་རྫོགས་པར་འགྱུར་བའི་ཕྱིར་ཐེག་པ་འོག་མ་དང་སྒོ་བསྟུན་པ་ལས་ཀྱང་ཁྱད་པར་འཕགས་པ་ས་གཅིག་ལ་ཡེ་ཤེས་དང་ཡོན་ཏན་གྱི་ཆར་དབྱེ་བའི་མངོན་རྟོགས་ཀྱི་རྣམ་གཞག་གསང་སྐོར་ཐུན་མིན་གྱི་རྒྱུད་ལས་གསུངས་པ་ལྟར་ན། སྤྱིར་ལམ་རྫོགས་པའི་རྟེན་ནི་སྤྲོས་བཅས་ལ་སོགས་པའི་དབང་བཞི་ཡིན་ལ། དབང་བཞི་ལའང་སྤྲོས་བཅས་ཀྱི་སྤྲོས་བཅས་སོགས་ནང་གསེས་བཅུ་དྲུག་ཏུ་དབྱེ་བ་ནི་འཆད་འགྱུར་རྒྱུའམ་ཐུན་མོང་ས་བཅུ་དྲུག་གི་ཡོན་ཏན་རྫོགས་པའི་རྟེན་དུ་གྱུར་པ་དང༌། མོས་པའི་ས། འཇུག་པའི་ས། སྒྱུར་བའི་ས། ཆོད་པའི་ས་བཞི་ལའང་དེ་བཞིན་དུ་མོས་པའི་མོས་པ་སོགས་དབྱེ་བས་བཅུ་དྲུག་ཏུ་འགྱུར་ལ། སྔ་ཕྱི་བསྡམས་པས་སུམ་ཅུ་རྩ་གཉིས་ནི་རྡོ་རྗེ་འཆང་གི་མཚན་མཆོག་ཁྱད་པར་ཅན་སོ་གཉིས་འགྲུབ་པའི་རྒྱུ་བྱེད་པར་གསུངས་པ་དང༌། ས་བཅུ་དྲུག་ལ་ཡེ་ཤེས་གནས་པ། སྐྱེ་བ། ཐོབ་པ། འཆར་བ་བཞི་བཞིར་དབྱེ་བས་དྲུག་ཅུ་རྩ་བཞི་ནི་རྡོ་རྗེ་འཆང་གིས་མཆོག་རྫོགས་པར་བྱེད་པའོ། །དེ་ལ་སྤྱིར་དབང་བཞིས་


LT09,P166A
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་རྫོགས་པའི་ཚུལ་ནི། སྤྲོས་བཅས་ཀྱིས་ཚོགས་ལམ་བཅུ་གཉིས་རྫོགས་པའི་ཡོན་ཏན་ཐོབ་པའི་རྟེན་བྱེད། སྤྲོས་མེད་ཀྱིས་སྦྱོར་ལམ་ངེས་འབྱེད་ཆ་བཞི་རྫོགས་པའི་རྟེན་བྱེད། ཤིན་ཏུ་སྤྲོས་མེད་ཀྱིས་མཐོང་ལམ་རྫོགས་པའི་རྟེན་བྱེད། རབ་ཏུ་སྤྲོས་མེད་ཀྱིས་སྒོམ་ལམ་ས་དགུ་རྫོགས་པའི་རྟེན་བྱེད་པའོ། །དབང་གི་རང་ངོའི་དབྱེ་བ་བཅུ་དྲུག་གིས་ཕྱིར་འབྱུང་བའི་ལས་བཅུ་དྲུག་ནང་དུ་སེམས་ཀྱི་རྟོག་པ་བཅུ་དྲུག་གསང་བར་ཐིག་ལེ་འཕེན་སྡུད་བཅུ་དྲུག་དག་པར་བྱེད་ལ། བླ་ན་མེད་པ་ས་བཅུ་དྲུག་ལ་གནས་པའི་ངེས་པ་ཐོབ་བར་བྱེད་པས་དབང་བཅུ་དྲུག་ཏུ་བསྟན་པའོ། །དབང་བཅུ་དྲུག་ས་བཞི་དང་ཇི་ལྟར་འབྲེལ་ན། སྤྲོས་བཅས་ཀྱི་སྤྲོས་བཅས་མོས་པ་དང་ལྡན་པའི་ས་སྟེ་གདུང་བ་དང་བསོད་ནམས་ཀྱི་ཁྱད་པར་རོ། །དེའི་སྤྲོས་མེད་འཇུག་པ་དག་པའི་ས་སྟེ་དད་པས་ངེས་པ་ལ་བརྟེན་ནས་རང་དབང་ཅན་དུ་འཇུག་པའོ། །དེའི་ཤིན་ཏུ་སྤྲོས་མེད་དངོས་པོ་དག་པར་བསྒྱུར་བའི་ས་སྟེ་ལུས་ངག་གི་བཅིངས་པ་ལ་མི་གནས་པའོ། །དེའི་རབ་ཏུ་སྤྲོས་མེད་ལས་ཀྱི་མཐའ་ཆོད་པའི་ས་སྟེ། སྤྲོས་པ་དང་འཁོར་བ་ལ་མི་གནས་པའོ། །དེ་བཞིན་དུ་དབང་ལྷག་མ་གསུམ་ལའང་སྦྱར་རོ། །ས་བཅུ་དྲུག་གི་རབ་དབྱེ་དང་ངོ་བོ་ནི། མོས་པའི་མོས་པ་དད་པས་ངེས་པ། མོས་པའི་འཇུག་པ་སྙིང་རྗེ་ངེས་པ། མོས་པའི་སྒྱུར་བ་ཐབས་ཀྱིས་ཟིན་པ། མོས་པའི་ཆོད་པ་ཤེས་རབ་ཀྱིས་དོན་ཆོད་པའོ། །འཇུག་པའི་མོས་པ་ཞི་གནས་ལ་མོས་པ། དེའི་འཇུག་པ་ལྷག་མཐོང་ལ་འཇུག་པ། དེའི་སྒྱུར་བ་མཉམ་གཞག་གི་རྟོགས་པ་ཐ་དད་དུ་སྒྱུར་བ། དེའི་ཆོད་པ་རྗེས་ཐོབ་ཀྱི་འགྱུ་བ་ཆོད་པའོ། །སྒྱུར་བའི་མོས་པ་གོས་ཀྱི་ཞེན་པ་གྲོལ་བ། དེའི་འཇུག་པ་ཟས་ཀྱི་ཞེན་པ་གྲོལ་བ། དེའི་


LT09,P166B
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར་བ་རྨི་ལམ་འོད་གསལ་དུ་གྲོལ་བ། དེའི་ཆོད་པ་བག་ཆགས་དང་ཉོན་མོངས་གྲོལ་བའོ། །ཆོད་པའི་མོས་པ་སྤྱོད་པས་འཁོར་བ་ལ་མི་གནས་པ། དེའི་འཇུག་པ་བསྒོམས་པས་བསམ་གཏན་ལ་གནས་པ། དེའི་སྒྱུར་བ་ལྟ་བས་འཁྲུལ་སྣང་ལ་མི་གནས་པར་ཁམས་གསུམ་སྐུ་གསུམ་དུ་སྒྱུར་པ། དེའི་ཆོད་པ་འབྲས་བུ་འཁོར་འདས་གཉིས་དུས་གཅིག་ལ་ཆོད་པའོ། །གཉིས་པ་ནི། རྣལ་འབྱོར་རྣལ་འབྱོར་ཆེ་དང་འབྱེད་རྟོགས་ལ། །ནང་གསེས་བཞིར་དབྱེ་རིག་འཛིན་ས་བཅུ་དྲུག །དབང་བཞི་རྗེས་དྲན་ལས་ཐོབ་རྒྱུ་ཡི་ས། །རྣལ་འབྱོར་གྱི་ས་དང༌། རྣལ་འབྱོར་ཆེན་པོའི་ས་དང༌། འབྱེད་པའི་རྣལ་འབྱོར་གྱི་ས་དང༌། རྟོགས་པའི་རྣལ་འབྱོར་གྱི་ས་དང་བཞི་ལ། སྤྱིར་དབང་དུ་སྒྱུར་བ་དང་མ་སྒྱུར་བ་གཉིས་གཉིས་ཏེ་བརྒྱད་དུ་ཡོད་ཀྱང༌། བྱེ་བྲག་ནང་གསེས་བཞི་བཞིར་དབྱེ་ན། དང་པོ་ལ་རྣལ་འབྱོར་དང༌། བྱ་བའི་རྣལ་འབྱོར་དང༌། སྤྱོད་པའི་རྣལ་འབྱོར་དང༌། སྒྱུར་བའི་རྣལ་འབྱོར་དང་བཞིའོ། །གཉིས་པ་ལ་ཤིན་ཏུ་རྣལ་འབྱོར་གྱི་ས་དང༌། རང་ས་ངེས་པའི་རྣལ་འབྱོར་གྱི་ས་དང༌། སྤྲོས་པའི་རྣལ་འབྱོར་གྱི་ས་དང༌། བྱ་བྲལ་རྫོགས་པའི་རྣལ་འབྱོར་གྱི་ས་སྟེ་བཞིའོ། །གསུམ་པ་ལ། བརྡའི་ས་དང༌། དོན་གྱི་ས་དང༌། བརྡ་དོན་དབྱེར་མེད་ཀྱི་ས་དང༌། མ་འདྲེས་པའི་ས་སྟེ་བཞིའོ། །བཞི་པ་ལ། རྫུ་འཕྲུལ་འཕྲུལ་བའི་ས་དང༌། ཁྱད་པར་རྟོགས་པའི་ས་དང༌། མངོན་པར་འབྱུང་བའི་ས་དང༌། དཔའ་བོ་རིགས་འབྱེད་ཀྱི་ས་དང་བཞི་སྟེ་བསྡམས་པས་ས་བཅུ་དྲུག་གོ །དེ་ལྟར་ས་བཅུ་དྲུག་ལས། ས་དང་པོ་ལ་ཤེས་བྱེད་ཀྱི་རྫུ་འཕྲུལ་བདུན་ནས། བཅོ་ལྔའི་བར་དུ་རྫུ་འཕྲུལ་བདུན་བདུན་དང༌། བཅུ་དྲུག་པས་ཆོ་འཕྲུལ་བཅུ་དགུ་སྟོན་ནུས་པས་ས་བཅུ་དྲུག་ལ་རྫུ་འཕྲུལ་བརྒྱ་ཕྲག་ལ་དབང་སྒྱུར་བ་ནི་


LT09,P167A
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་གྱི་ས་ཞེས་བྱ་བ་དབང་བཞིའི་འཇུག་པ་རྗེས་སུ་དྲན་པ་ལས་ཐོབ་པ་ཁྱད་པར་གྱི་རྒྱུའི་ས་རྣམས་སོ། །གཉིས་པ་སྣང་བའི་འཆར་ཚུལ་དང་སྦྱར་བ་ལ་གཉིས། སྣང་བ་བཅུ་དྲུག་བཤད་པ། ས་བཅུ་དྲུག་བཤད་པའོ། །དང་པོ་ནི། སྣང་བ་བཞི་ལ་སྣང་མཆེད་ཐོབ་པ་དང༌། །ཉེར་ཐོབ་རེ་རེ་ཞུགས་པས་སྣང་བའི་ས། །ཡེ་ཤེས་ཚོད་འཛིན་བཅུ་དྲུག་འབྲས་བུའོ། །ཆོས་ཉིད་མངོན་སུམ་སོགས་སྣང་བ་བཞི་པོ་ལ། སྣང་བ། མཆེད་པ། ཐོབ་པ། ཉེ་བར་ཐོབ་པ་བཞི་ཚན་རེ་རེར་ཞུགས་པས་སྣང་བའི་ས་བཅུ་དྲུག་ནི་རང་རྒྱུད་ཡེ་ཤེས་སུ་སྨིན་པའི་ཚོད་འཛིན་ཏེ་མགོན་པོ་རྡོ་རྗེ་འཆང་གི་འབྲས་བུའི་ས་ཞེས་བྱའོ། །དེ་ལ་སྣང་བའི་ས་བཅུ་དྲུག་གི་ངོ་བོ་ནི། ཆོས་ཉིད་མངོན་སུམ་གྱི་སྣང་བ་མཆེད་པ་མིག་ཉེ་བར་མཆེད་པ་མིག་གི་དེ་ཁོ་ན་ཉིད། ཐོབ་པ་ལུ་གུ་རྒྱུད་མཐོང་བ། ཉེ་བར་ཐོབ་པ་དེ་ལ་གོམས་པ་རྙེད་པ། ཉམས་གོང་འཕེལ་གྱི་སྣང་བ་མཆེད་པ་འོད། ཉེ་བར་མཆེད་པ་ཐིག་ལེ། ཐོབ་པ་ཐིག་ལེ་ཁ་དོག་ལྔར་གསལ་བ། ཉེ་བར་ཐོབ་པ་འགུལ་དང་འཕྲིག་པ་ལས་ཟེར་སྣ་ཚོགས་སུ་འཕྲོ་བ། ཚད་ཕེབ་ཀྱི་སྣང་བ་མཆེད་པ་སྐུ། ཉེ་བར་མཆེད་པ་ཡབ་ཡུམ་དུ་སྣང་བ། ཐོབ་པ་ཚོམ་བུ་ལྔ་ལྔ་དང་ལྡན་པ། ཉེ་བར་ཐོབ་པ་དཀྱིལ་འཁོར་རྫོགས་པ། ཟད་པ་ལ་སྣང་བ་མཆེད་པ་སྐུ་དང་ཡེ་ཤེས་ལ་མི་གནས་པ། ཉེ་བར་མཆེད་པ་སྟོང་པ་གཏད་མེད། ཐོབ་པ་བརྗོད་དུ་མེད་པ། ཉེ་བར་ཐོབ་པ་བལྟར་མེད་པའི་ཆོས་ཉིད་གང་དུའང་མ་གྲུབ་པ་དང་བཅུ་དྲུག་གོ །གཉིས་པ་ནི། བདེན་མཐོང་ཤེས་གོམས་འོད་སྣང་ཡེ་ཤེས་སྐུ། །མངོན་གྱུར་མཐར་ཕྱིན་མི་གཡོ་ཡོན་ཏན་རྫོགས། །སྣང་བ་ལྷུག་པ་ཚོམ་བུར་ཆགས་པ་མེད། །འཁོར་ལོ་སྣང་གནས་ངེས་རྙེད་ཀ་དག་སར། །ཡེ་ཤེས་ལྷུག་པའི་གོང་ན་གཞན་མེད་པ། །རབ་དགའ་ནས་བརྩམས་


LT09,P167B
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འོད་པདྨ་ཅན། །ཡི་གེ་འཁོར་ལོ་ཏིང་འཛིན་རྡོ་རྗེ་འཛིན། །ཡེ་ཤེས་བླ་མའི་ས་སྟེ་དེ་དག་རྣམས། །ཆ་མཚུངས་སྦྱོར་ཡང་འོད་གསལ་གཅིག་ཉིད་ཀྱི། །སྣང་བ་ཡིན་གྱི་ཐུན་མོང་ས་བཅུ་མིན། །དེ་ལྟར་རྒྱུ་དང་འབྲས་བུའི་སར་བཏགས་པའི་རིམ་པ་བཅུ་དྲུག་ཀྱང་ཚེ་འདིར་འོད་ལུས་སུ་གྲོལ་བ་དང༌། བར་དོར་གྲོལ་བ་གཉིས་ལ་ཚང་སྟེ། རིག་པ་རང་ཤར་ལས། །ས་ཞེས་བྱ་བ་གུད་ན་ཡོད་པ་མ་ཡིན་ནོ། །བདེན་པ་མཐོང་བའི་གང་ཟག་གཅིག་ལས་རྣམས་རྫོགས་ནས་ཡོད་དོ། །དེའང་ངོ་སྤྲོད་བསྟན་པའི་གང་ཟག་དེ། དང་པོ་བདེན་པ་མཐོང་བའི་དུས་ན་དེ་ལ་དགའ་བ་སྐྱེས་པ་ནི་ས་དང་པོ་རབ་ཏུ་དགའ་བའོ། །དེ་ལ་རང་གི་སྣང་བ་ཡིན་པར་ངོ་ཤེས་པ་ནི། ས་གཉིས་པ་དྲི་མ་མེད་པ་ཐོབ་པའོ། །དེ་ནས་དེ་ལ་གོམས་པ་ནི། ས་གསུམ་པ་འོད་བྱེད་པའི་ས་ནོན་པའོ། །དེ་ནས་དེ་ལ་གོམས་ནས་འོད་ཀྱི་སྣང་བ་མཐོང་བ་ནི་བཞི་པ་འོད་འཕྲོ་བའི་ས་ནོན་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་མཐོང་བ་དེ་ལ་གོམས་ནས་ཉོན་མོངས་པ་ཐམས་ཅད་རང་བཞིན་གྱིས་སྦྱངས་ནས་ཡེ་ཤེས་མཐོང་བ་ནི་ལྔ་པ་སྦྱང་དཀའི་ས་ནོན་པའོ། །དེ་ནས་འོད་ལས་ཐལ་བའི་སྐུ་མངོན་དུ་གྱུར་པ་དེ་ནི་ས་དྲུག་པ་མངོན་དུ་གྱུར་པའི་ས་ནོན་པའོ། །དེ་ནས་གོམས་པ་མཐར་ཕྱིན་ནས་ཉོན་མོངས་པ་རིང་དུ་སོང་བ་ནི་ས་བདུན་པ་རིང་དུ་སོང་བའི་ས་ནོན་པའོ། །དེ་ནས་དེའི་ངང་ལས་མི་གཡོ་བ་ནི་བརྒྱད་པ་མི་གཡོ་བའི་ས་ནོན་པའོ། །དེ་ནས་ཡོན་ཏན་རྫོགས་པ་ནི་དགུ་པ་ལེགས་པའི་བློ་གྲོས་ཀྱི་ས་ནོན་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་ལ་རང་གི་ཤེས་པ་ཟིན་ནས་སྣང་བ་ལྷུག་པར་ཤར་བ་ན་ཆོས་ཐམས་ཅད་སྤྲིན་ལྟ་བུར་མཐོང་ནས་གོམས་པ་ནི་བཅུ་པ་ཆོས་ཀྱི་སྤྲིན་ལྟ་བུའི་ས་ནོན་པའོ། །དེ་ནི་གང་ཟག་བདེན་པ་མཐོང་བའི་སྦུབས་འདི་ཉིད་མ་བོར་བ་ལས་ནོན་པའོ། །གང་ཟག་སྦུབས་བོར་བ་རྣམས་ཀྱིས་ནི་འདི་ལྟར་ནོན་པ་མིན་ནོ། །


LT09,P168A
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་སྣང་འགགས་ནས་ཚོམ་བུའི་སྣང་བར་ཤར་བ་ན་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནོན་པ་ཡིན་ནོ། །དེ་ནས་སྣང་བ་དེ་ལའང་མ་ཆགས་པར་ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་མ་གོས་པ་ནི་བཅུ་གཉིས་མ་ཆགས་པདྨ་ཅན་གྱི་ས་ནོན་པ་ཡིན་ནོ། །དེ་ནས་རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཟེར་ཐག་ཤར་ནས་ནམ་མཁའི་མཐོང་ནས་འོད་ཀྱི་ཚོམ་བུ་ལྔ་འཁོར་ལོའི་ཚུལ་དུ་གནས་པ་ནི་བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་ལ་གནས་པ་ནི་ས་བཅུ་བཞི་པ་ཏིང་ངེ་འཛིན་ཆེན་པོའི་ས་ནོན་པ་ཡིན་ནོ། །དེ་ནས་ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་པ་ནི་བཅོ་ལྔ་པ་རྡོ་རྗེ་འཛིན་གྱི་ས་ཐོབ་པའོ། །དེ་ནས་ཀ་དག་གི་ས་ལ་ཡེ་ཤེས་ལྷུག་པར་ཤེས་ནས་དེའི་གོང་ན་གཞན་མེད་པ་ནི་བཅུ་དྲུག་ཡེ་ཤེས་བླ་མའི་ས་ཐོབ་པའོ། །ཞེས་གསུངས་པ་ལྟར་མངོན་སུམ་ལམ་གྱི་བདེན་པ་མཐོང་བ་སོགས་དང་པོ་རབ་ཏུ་དགའ་བ་ནས་ཀུན་འོད་བར་བཅུ་གཅིག་དང༌། ཁྱད་པར་གྱི་ས་པདྨ་ཅན་སོགས་ལ་རིམ་གྱིས་སྦྱོར་བ་སྟེ། འོན་ཀྱང་དེ་དག་སྣང་ཚུལ་གྱིས་ཆ་མཚུངས་རེ་སྦྱོར་བ་ཡིན་ཀྱང༌། ས་དེ་དག་རྩ་བ་རིག་པ་འོད་གསལ་སྦྱང་བགྲོད་མེད་པའི་ས་གཅིག་གི་སྣང་ཆ་ལས་དབྱེ་བ་སྟེ། དོན་ལ་རིག་པའི་ས་གཅིག་ཡིན་གྱི། སངས་རྒྱས་རྡོ་རྗེ་འཆང་ཐོབ་པ་ལ་རྒྱུའི་ས་སྒོས་སུ་སྦྱོང་མི་དགོས་ཏེ། ལམ་གྱི་གནད་ཐ་དད་པའི་འཇུག་སྒོ་ལ་དེ་ལྟར་སྦྱར་བའི་ཕྱིར་ཐུན་མོང་བྱང་ཆུབ་སེམས་དཔའི་ས་བཅུ་དངོས་ནི་མ་ཡིན་ནོ། །དེས་ན་ཐུན་མོང་བ་ལྟར་རྒྱུ་འབྲས་ཀྱི་རིམ་པས་ས་རེའི་ཐོབ་ཚུལ་དང༌། སྔགས་ཕྱི་ནང་ལྟར་བསྐྱེད་རྫོགས་རྩོལ་སྒྲུབ་ཀྱིས་ཐོབ་ཅིང་སྦྱང་དུ་མེད་དེ། དེ་ཉིད་ལས། དེ་བས་ན་སེམས་ཅན་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་ཡེ་ཤེས་ཀྱི་ངོ་བོ་གཅིག་ལས་མེད་དོ། །ས་དང་ལམ་ཞེས་བྱ་བ་གུད་ན་ཡོད་པ་མ་ཡིན་ནོ། །ས་དང་ལམ་


LT09,P168B
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྦྱང་ཞིང་བགྲོད་མི་དགོས་པ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ནི། འོན་ཀྱང་དབུ་མའི་འོད་རྩ་འཕེལ་བ་ལས། །རྩ་མདུད་དང་གཉིས་འོད་དུ་ཡལ་བ་ན། །བརྒྱ་ཕྲག་བཅུ་གཉིས་ཡོན་ཏན་འཆར་ལ་སོགས། །གོང་འཕེལ་མངོན་རྟོགས་རང་སྣང་རྩོལ་མེད་ཤར། །འོན་ཀྱང་འདིར་གདམས་ངག་ཁྱད་པར་དུ་འཕགས་པའི་གནད་ཀྱིས་རླུང་རང་ཞིར་འཇོག་པ་ལས་རྩ་འདབ་སོ་སོའི་རླུང་རང་དག་ལ་སོང་དུས་འོད་ཀྱི་རྩའི་ཡེ་ཤེས་ཀྱི་རླུང་རང་ས་ན་རང་གསལ་བས་དག་པ་ཡེ་ཤེས་ཀྱི་སྣང་བ་སྐུ་དང༌། ཞིང་ཁམས་དང་འོད་ཀྱི་རང་བཞིན་ལས་མ་དག་པའི་འཁྲུལ་སྣང་འཆར་བའི་སྐབས་མེད་ཅིང་དབུ་མའི་འོད་ཀྱི་རྩ་རྣམས་འཕེལ་བས། རྩ་མདུད་ཀྱི་རྣམ་པ་རྣམས་རིམ་གྱིས་འོད་དུ་ཡལ་བའི་ཡོན་ཏན་ལས་སའི་མངོན་རྟོགས་རྣམས་རང་སྣང་དུ་འཆར་རོ། །དེའང་རྩ་མདུད་དང་པོ་གཉིས་འོད་དུ་ཡལ་བས། ཕྱིར་སྣང་འོད་ཀྱི་ནང་དུ་སངས་རྒྱས་ཀྱི་ཞིང་ཁམས་བརྒྱ་ཕྲག་འཆར་ལ། དེ་དག་ཏུ་འོད་ཟེར་འགྱེད་པ་དང༌། རང་སྣང་དུ་འདུས་པས་བགྲོད་པ་དང༌། ལུས་འགུལ་བས་ཞིང་བརྒྱ་གཡོ་བ་དང༌། ནང་དུ་ཆོས་ཉིད་མི་རྟོག་པའི་ཏིང་ངེ་འཛིན་བརྒྱ་ལ་འཇུག་ཅིང་ལྡང་བས་མཚོན་བརྒྱ་ཕྲག་བཅུ་གཉིས་ཀྱི་ཡོན་ཏན་ཁྱད་པར་ཅན་འཆར་བ་ལ་སོགས་པ། ཐུན་མོང་མ་ཡིན་པའི་ཉམས་རྟགས་གོང་དུ་འཕེལ་བའི་མངོན་རྟོགས་ཁྱད་པར་འཕགས་པ་རང་སྣང་ལ་རྩོལ་མེད་དུ་ཤར་བར་འགྱུར་རོ། །བཞི་པ་ནི། སྤྱོད་པ་རྒྱུན་གྱི་རྣལ་འབྱོར་ལས་དང་པོ། །རུ་ཤན་འབྱེད་དང་བརྟུལ་ཞུགས་ལམ་སློང་ནི། །ཉི་ཤུ་གཅིག་ལས་བུང་བ་ལྟར་སོགས་བདུན། །གཙོ་ཆེར་སྤྱད་ལ་སྣང་བ་དབང་དུ་སྒྱུར། །རྒྱུད་རང་ཤར་ལས་མཚན་མ་ཚིག་གི་རྣལ་འབྱོར་སོགས་རྣམ་གྲངས་བཅུ་གཉིས་ལས། དང་པོ་བརྒྱད་ཀྱིས་གདོད་མའི་གྲོལ་སར་མི་ཕྱིན་


LT09,P169A
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང༌། མཐར་ཕྱིན་འབྲས་བུ། ཡང་དག་དོན། མཐར་ཕྱིན་གྲོལ་བ། བྱས་པ་རྫོགས་པའི་རྣལ་འབྱོར་བཞིས་གྲོལ་ས་སྙོགས་པར་གསུངས་པས། དེ་ལྟ་བུའི་རྣལ་འབྱོར་པས་ཉམས་སུ་བླང་བའི་དོན་ལྟ་སྒོམ་སྤྱོད་འབྲས་རྒྱུན་དུ་བྱེད་པའི་རྣལ་འབྱོར་བཞི་ལ་དོན་ཉི་ཤུས་ཉམས་སུ་ལེན་པའི་ཚུལ་ནོར་བུ་ཕྲ་བཀོད་དང༌། རིན་ཆེན་སྤུངས་པའི་རྒྱུད་དུ་གསུངས་པ་ལས། འདིར་སྤྱོད་པ་རྒྱུན་གྱི་རྣལ་འབྱོར་མདོ་ཙམ་སྨོས་ན། གོ་རིམ་ངེས་པའི་སྤྱོད་པས་དུས་ཚོད་བཟུང་བ་ལ་གསུམ་སྟེ། ལས་དང་པོ་པའི་སྤྱོད་པ་ཆོས་སྤྱོད་བཅུ་ལ་རིམ་གྱིས་བསླབ་པ་དང༌། འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་གདམས་ངག་ཟབ་མོ་ཉམས་སུ་ལེན་པ་དང་དབང་གསུམ་པའི་སྔོན་འགྲོར་ལུས་ངག་ཡིད་གསུམ་གྱི་སྤྱོད་པས་འཁོར་འདས་ཕྱེ་ནས་རིག་པ་རྣལ་ཕེབ་ཀྱི་སྤྱོད་པས་སོར་ཆུད་པར་བྱེད་པ་དང༌། བརྟུལ་ཞུགས་ལམ་སློང་གི་སྤྱོད་པ་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས་ཉི་ཤུ་རྩ་གཅིག་ཏུ་བཤད་པ་ལས། སྐབས་འདིར་བུང་བ་ལྟ་བུ་སོགས་དང་པོ་བདུན་གཙོ་ཆེར་སྤྱོད་པའོ། །དེའང་དང་པོ་ཆོས་ཀྱི་སྒོ་མོ་ཀུན་བསྡུར་ནས་རྒྱུད་ཐོག་ཏུ་ཕྱོགས་གཅིག་ཉམས་སུ་ལེན་པའི་དོན་ཚོལ་བ་བུང་བ་ཚང་འཚོལ་བ་ལྟ་བུ་སྟེ། ཐོས་པས་ཆོས་དང་ཆོས་མ་ཡིན་པ་འབྱེད། བསམ་པས་དེའི་དོན་རྟོགས་ནས་ཉོན་མོངས་པ་མགོ་གནོན། བསྒོམ་པས་རྟོགས་ཐོག་ཏུ་བཞག་པས་ཉོན་མོངས་པ་རྩ་བ་ནས་ངེས་པར་འབྱིན། དེའི་གྲོགས་སུ་ཐེ་ཚོམ་མེད་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་སྤྱོད་པ་ནི་བྱ་དེ་ཚང་དུ་འཇུག་པའི་སྔོན་དུ་མིའི་སྒྲོ་འདོགས་བཅད་ཟིན་པས་འཛལ་འཛོལ་མེད་པར་འོང་བ་ལྟར། ཐོས་བསམ་གྱི་སྒྲོ་འདོགས་བཅད་ཟིན་པས་རང་ཡིད་ཆེས་པའི་མན་ངག་ལ་ཉམས་སུ་ལེན་པའོ། །དེའི་གྲོགས་སུ་ཀུན་གྱི་སྤྱོད་ཡུལ་མ་ཡིན་པ་རི་དྭགས་ལྟ་བུའི་


LT09,P169B
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ནི། རྣལ་འབྱོར་པ་དེའང་འཁོར་བར་ལྟུང་གིས་དོགས་པའི་གནོང་གིས་མི་མི་རྒྱུ་བའི་རི་ལ་གཅིག་པུར་གནས་པས་ཉམས་སུ་ལེན་པ་ནི་རི་དྭགས་རྨའི་གནོང་གིས་གཅིག་པུར་ཡན་གར་གནས་པ་ལྟ་བུའོ། །དེའི་གྲོགས་སུ་ལྐུགས་པ་ལྟ་བུའི་སྤྱོད་པ་ནི། ངག་སྨྲ་བ་བཅད་དེ་སུ་དང་ཡང་མི་སྨྲའོ། །དེ་ལྟར་བྱས་དུས་དྲན་པ་རེངས་པས་སྨྱོན་པ་ལྟ་བུའི་སྤྱོད་པ་ནི། ལུས་ངག་སེམས་ཀྱི་སྤྱོད་པ་ལ་གཟའ་གཏད་མེད་པ་སྨྱོན་པ་ལྟ་བུར་ཤུགས་ལས་འབྱུང་ངོ༌། །འདིའི་དུས་སུ་གཙང་དམེ་མེད་པ་ཁྱི་ཕག་ལྟ་བུའི་སྤྱོད་པའང་ཞར་ལས་འབྱུང་སྟེ། ཟས་གོས་ལ་གང་ཡང་འདེམ་ཁ་མེད་པར་ལོངས་སྤྱོད་དོ། །དེ་ལྟར་དྲུག་རྫོགས་དུས་གཞན་གྱིས་ཚུར་ལ་ཟིལ་གྱིས་མི་གནོན་ཞིང་ཐམས་ཅད་ཕར་གནོན་པ་སེང་གེ་ལྟ་བུའི་སྤྱོད་པ་འབྱུང་སྟེ། སེང་གེ་གང་ལའང་འཇིགས་པ་དང་བག་ཚ་བ་མེད་པ་ལྟར། རྣལ་འབྱོར་པ་འདི་ཡང་སྣང་བ་དང་མི་དང་མི་མ་ཡིན་ཐམས་ཅད་ཀྱི་གནོད་པ་དང་བྲལ་ནས་གང་ལའང་དབང་སྒྱུར་ནུས་པ་འབྱུང་ངོ༌། །སྤྱོད་པ་དེ་དག་ལ་མིང་དུ་བཏགས་ན་སྣང་བ་དབང་སྒྱུར་གྱི་སྤྱོད་པ་ཞེས་བྱའོ། །དེའང་གཞན་གྱི་མ་དད་པ་སྒྱུར་ནུས་ཤིང༌། །བསད་པ་སླར་གསོ་ནུས་པ་དང༌། །རྫུ་འཕྲུལ་གྲུབ་ཅིང་ཆོས་ཉིད་ཀྱི་ཉམས་འཕར་བས་ཆང་གིས་མྱོས་པ་ལྟར་ཕྱོགས་ཡན་རེ་དོགས་དང་བྲལ་ནས་འབྱུང་བཞི་ལ་དབང་སྒྱུར་ནུས་པ་འབྱུང་བས་སོ། །རྩ་བའི་ལྔ་པ་ནི། གདམས་ངག་སོ་སོས་ས་ལམ་བགྲོད་པའི་ཚུལ། །བརྗོད་པར་མི་ལོངས་རྩ་བ་འདིར་འདུས་སོ། །རྒྱ་བོད་དུ་གྲགས་པའི་གདམས་ངག་སོ་སོའི་ལམ་གྱི་རིམ་པ་དང་སྦྱར་བའི་ཕྱི་ནང་གི་ས་ལམ་བགྲོད་པའི་བཤད་ཚུལ་མང་དུ་འབྱུང་བ་ནི། འདིར་ཕྱོགས་གཅིག་ཏུ་བསྡུ་ཞིང་བརྗོད་པར་མི་ལོངས་ཀྱང་རྩ་བ་གོང་སྨོས་བཞི་པོ་འདི་དག་ཏུ་འདུས་སོ། །སྔ་འགྱུར་


LT09,P170A
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་ག་རྣམ་གསུམ་གྱི་ས་ལམ་རྣམ་པར་བཞག་པ་སྐབས་བཞི་པའི་འགྲེལ་པའོ། །ཐེག་པའི་སྒོ་ཀུན་ལས་བཏུས་པ་གསུང་རབ་རིན་པོ་ཆེའི་མཛོད་བསླབ་པ་གསུམ་ལེགས་པར་སྟོན་པའི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ་ཅེས་བྱ་བ་ལས་བགྲོད་བྱ་ས་དང་ལམ་གྱི་རིམ་པར་ཕྱེ་བ་སྟེ་གནས་དགུ་པའི་འགྲེལ་པའོ།། །།


previousདགུ་པ། བགྲོད་བྱ་ས་དང་ལམ་གྱི་རིམ་པར་ཕྱེ་བ།next