Nitartha Digital Library
Tibetan
 
previousབཅུ་པ། མཐར་ཕྱིན་འབྲས་བུའི་རང་བཞིན་རིམ་པར་ཕྱེ་བ།no next

བཅུ་པ། མཐར་ཕྱིན་འབྲས་བུའི་རང་བཞིན་རིམ་པར་ཕྱེ་བ།

༡ མཚན་ཉིད་ཀྱི་ཐེག་པའི་འབྲས་བུ་གཏན་ལ་དབབ་པའི་སྐབས།

དེ་ལྟར་ལམ་ལྔ་དང་ས་བཅུ་ལ་སོགས་པའི་མངོན་རྟོགས་གོང་ནས་གོང་དུ་ཡོངས་སུ་རྫོགས་པ་ལ་བརྟེན་ནས། ཐེག་གསུམ་རང་རང་གི་མྱང་འདས་དང༌། ཁྱད་པར་མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཆེན་པོ་མངོན་དུ་བྱེད་པར་འགྱུར་བས་གནས་བཅུ་པ་མཐར་ཕྱིན་འབྲས་བུའི་རིམ་པར་ཕྱེ་བ་ལ་སྐབས་བཞི། མཚན་ཉིད་ཐེག་པའི་འབྲས་བུ་གཏན་ལ་དབབ་པ། སྔགས་ཀྱི་ཐུན་མོང་གི་དངོས་གྲུབ་གཏན་ལ་དབབ་པ། རྡོ་རྗེ་ཐེག་པའི་མཐར་ཐུག་གི་འབྲས་བུ་གཏན་ལ་དབབ་པ། གསང་སྔགས་སྔ་འགྱུར་ལུགས་ཀྱི་འབྲས་བུ་བྱེ་བྲག་ཏུ་གཏན་ལ་དབབ་པའོ། །དང་པོ་ལ་གཉིས། ཐེག་གསུམ་འབྲས་བུ་མྱང་འདས་སྤྱིར་བཤད་པ། །ཐེག་ཆེན་འབྲས་བུ་སངས་རྒྱས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཐེག་གསུམ་ཐོབ་བྱའི་འབྲས་བུ་མྱང་འདས་ཏེ། །རང་བཞིན་མྱང་འདས་ཆོས་རྣམས་དེ་བཞིན་ཉིད། །འགོག་པའི་མྱང་འདས་བཏགས་པ་མོས་སྤྱོད་དུ། །དོན་དམ་མཐོང་སྒོམ་ལས་ཐོབ་སློབ་པ་ཡི། །མ་རྫོགས་མི་སློབ་པ་ཡི་རྫོགས་པའོ། །མི་གནས་མྱང་འདས་སྲིད་ཞིའི་མཐར་མ་ལྷུངས། །ཐེག་པ་གསུམ་གའི་ཐོབ་བྱའི་འབྲས་བུ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེ་ཉིད་ཀྱང་སྤྱིར་བཏང་དུ་བཤད་ན་གསུམ་སྟེ། རང་བཞིན་མྱང་འདས། འགོག་པའི་མྱང་འདས། མི་གནས་མྱང་འདས་སོ། །དང་པོ་ནི། རྩ་ཤེ་ལས།


LT09,P170B
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པར་བྱ་བ་ལོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལོག་པས་སོ། །མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་གསུངས་པ་ལྟར། ཆོས་རྣམས་ཀྱི་དེ་བཞིན་ཉིད་རང་བཞིན་གྱིས་རྣམ་པར་དག་པའོ། །གཉིས་པ་འགོག་པའི་མྱང་འདས་ལ་གཉིས་ཏེ། བཏགས་པ་ནི། ཀུན་ལས་བཏུས་ལས། བརྡས་ཇི་ལྟ་བུ་ཞེ་ན། འཇིག་རྟེན་པའི་ལམ་གྱིས་ས་བོན་ཉམས་སྨད་པས་འགོག་པ་གང་ཡིན་པ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་དེའི་རྣམ་གྲངས་སུ་དེའི་ཡན་ལག་གིས་མྱ་ངན་ལས་འདས་པར་གསུངས་སོ། །ཞེས་པ་ལྟར་མོས་སྤྱོད་དུ་ཐོབ་པའི་འགོག་པ་བཏགས་པ་བ་རྣམས་སོ། །དོན་དམ་པའི་འགོག་པ་ནི། མཐོང་སྒོམ་ལམ་གྱི་ས་ཐོབ་པའི་འགོག་པ་སྟེ། དེ་ཉིད་ལས། དོན་དམ་པས་ཇི་ལྟ་བུ་ཞེ་ན། འཕགས་པའི་ཤེས་རབ་ཀྱིས་ས་བོན་ཀུན་ཏུ་བཅོམ་པས་འགོག་པ་གང་ཡིན་པའོ། །ཞེས་སོ། །དེ་ལའང་ཡོངས་སུ་མ་རྫོགས་པ་དང་རྫོགས་པ་གཉིས་ལས། སྔ་མ་ནི། དེ་ཉིད་ལས། ཡོངས་སུ་མ་རྫོགས་པ་ཇི་ལྟ་བུ་ཞེ་ན། རྒྱུན་དུ་ཞུགས་པའི་འབྲས་བུར་བསྡུས་པའམ་ཕྱིར་མི་འོང་བའི་འབྲས་བུར་བསྡུས་པའང་རུང་སྟེ་སློབ་པ་རྣམས་ཀྱི་འགོག་པ་གང་ཡིན་པའོ། །ཞེས་པ་ལྟར་སློབ་པའི་འགོག་པ་ཐམས་ཅད་དོ། །ཡོངས་སུ་རྫོགས་པ་ནི། དེ་ཉིད་ལས། ཡོངས་སུ་རྫོགས་པ་ཇི་ལྟ་བུ་ཞེ་ན། དགྲ་བཅོམ་པའི་འབྲས་བུར་བསྡུས་པ་མི་སློབ་བ་རྣམས་ཀྱི་འགོག་པ་གང་ཡིན་པའོ། །ཞེས་པ་ལྟར་མི་སློབ་པའི་འགོག་པ་ཐམས་ཅད་དོ། །འདི་ལའང་ཐེག་པ་སོ་སོའི་གོ་རིམ་དང་བསྟུན་པའི་ལྷག་བཅས་ལྷག་མེད་གཉིས་སུ་ཡོད་དོ། །གསུམ་པ་མི་གནས་མྱང་འདས་ནི། སངས་རྒྱས་བྱང་སེམས་རྣམས་ཀྱི་ཤེས་རབ་དང་སྙིང་


LT09,P171A
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་སྟོབས་ཀྱིས་སྲིད་དང་ཞི་བ་གཉིས་ཀྱི་མཐར་མ་ལྷུང་བའི་མྱང་འདས་སོ། །རྩ་བའི་གཉིས་པ་ལ་གསུམ། སངས་རྒྱས་ཀྱི་རང་བཞིན་མཚན་གྱི་སྒྲ་དོན། སྐུ་ཡི་ཕྲིན་ལས་ཇི་ལྟར་འགྲུབ་པའི་ཚུལ་ལོ། །དང་པོ་ནི། ཆེན་པོ་གསུམ་ལྡན། ཅེས་པ་སྟེ། མཐར་ཐུག་གི་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ངོ་བོ་ནི་ཆེན་པོ་གསུམ་གྱི་མཚན་ཉིད་ཅན་ཏེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཡོངས་སུ་དག་པའི་སྐུ་ནི་སྤངས་པ་ཆེན་པོ། ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་ས་ལེར་གཟིགས་པའི་ཡེ་ཤེས་ནི་རྟོགས་པ་ཆེན་པོ། དེའི་མཐུས་འགྲོ་བ་མཐའ་དག་གི་དོན་རྟག་ཁྱབ་ལྷུན་གྲུབ་ཏུ་མཛད་པ་ནི་སེམས་ཆེན་པོ་སྟེ། མངོན་རྟོགས་རྒྱན་ལས། སེམས་ཅན་ཀུན་མཆོག་ཉིད་སེམས་དང༌། །སྤང་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་བྱུང་གི །ཆེད་དུ་བྱ་བ་འདི་ཤེས་བྱ། །ཞེས་སོ། །གཉིས་པ་ནི། པདྨ་ལྟར་སངས་རྒྱས། །ཞེས་པ་སྟེ། ཅིའི་ཕྱིར་སངས་རྒྱས་ཞེས་བྱ་ཞེ་ན། མ་རིག་པ་གཉིད་དང་འདྲ་བ་ལས་སངས་ནས་ཤེས་བྱ་གཉིས་ལ་བློ་རྒྱས་པས་ན་སངས་རྒྱས་ཞེས་བྱ་སྟེ། ཇི་སྐད་དུ། མ་རིག་གཉིད་ལས་སངས་ཕྱིར་དང༌། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨ་ལྟར་སངས་རྒྱས། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ལ་གསུམ། རྒྱུ་གང་ལས་གང་ཞིག་འགྲུབ་པའི་འབྲེལ་བསྟན། གནས་གང་དུ་གང་ལྟར་འགྲུབ་པའི་ཁྱད་པར་བཤད། གང་ཞིག་གྲུབ་པའི་འབྲས་བུ་རྒྱས་པར་བཤད་པའོ། །དང་པོ་ནི། བྱང་ཆུབ་སེམས་ཀྱིས་བསོད་ནམས་ཚོགས་བསགས་པས། །རྣམ་སྨིན་འབྲས་བུ་གཟུགས་ཀྱི་སྐུ་འགྲུབ་ཅིང༌། །ཡེ་ཤེས་ཚོགས་ཀྱིས་བྲལ་འབྲས་ཆོས་སྐུའོ། །བསམ་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་


LT09,P171B
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བསྡུས་པའི་ཚོགས་གཉིས་རྒྱ་ཆེན་པོ་རྫོགས་པ་ལས་སྐུ་གཉིས་འཐོབ་པ་སྟེ། དེའང་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་སེམས་ཅན་ལ་ཕན་པ་བསྒྲུབས་པ་ལས་རྣམ་པར་སྨིན་པའི་འབྲས་བུ་གཟུགས་ཀྱི་སྐུ་འགྲུབ་ཅིང༌། ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་མི་རྟོག་པའི་ཏིང་ངེ་འཛིན་བསྒོམས་པ་ལས་དྲི་མ་དང་བྲལ་བའི་འབྲས་བུ་ཆོས་ཀྱི་སྐུ་འགྲུབ་སྟེ། རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་དེ་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། དེ་ཡང་འོག་མིན་ཆེན་པོར་ལོངས་སྐུ་ཡི། །རྟེན་ལས་ཆོས་སྐུ་མངོན་མཛད་སྟོང་གསུམ་དུ། །སྤྲུལ་སྐུས་ཅིག་ཅར་བྱང་ཆུབ་ཚུལ་ཡང་སྟོན། །དོན་གཉིས་མཐར་ཕྱིན་སྐུ་གཉིས་རྟེན་བརྟེན་པ། །དོན་ལ་མེད་པ་མི་སྣང་ཡོད་པའི་ཕྱིར། །སྣང་བས་འདོད་དགུར་སྤྱོད་ཕྱིར་ཐར་པ་ཡིན། །སངས་རྒྱས་དེའང་གནས་གང་དུ་འགྲུབ་ན། ཁམས་གསུམ་ལས་ཡང་དག་པར་འདས་པའི་འོག་མིན་ཆེན་པོར་ལོངས་སྐུའི་རྟེན་ལ་ཆོས་ཀྱི་སྐུ་མངོན་དུ་མཛད་ཅིང༌། སྟོང་གསུམ་གྱི་འཇིག་རྟེན་གླིང་བཞི་བྱེ་བ་ཕྲག་བརྒྱར་སྤྲུལ་པའི་སྐུས་ཅིག་ཅར་མངོན་པར་བྱང་ཆུབ་པའི་ཚུལ་ཡང་སྟོན་པར་མཛད་པ་སྟེ། ལངྐར་གཤེགས་པ་ལས། གཙང་མའི་གནས་རྣམས་སྤངས་པ་ཡི། །འོག་མིན་གནས་ནི་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་སངས་རྒྱས། །ཞེས་སོ། །སྐུ་གསུམ་དུ་བཞག་པའང་དགོས་པ་གཟིགས་པའི་གྲངས་ངེས་ཏེ། གཟུགས་སྐུ་གཉིས་ནི་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡིན་ལ། ཆོས་སྐུ་ནི་དེའི་རྟེན་ཡིན་ཏེ། བྱམས་པས། སྐུ་གསུམ་དག་གིས་རང་གཞན་གྱི། །དོན་


LT09,P172A
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རྟེན་དང་བཅས་པར་བསྟན། །ཞེས་གསུངས་ཤིང༌། ཡང་གཞན་དང་གཞན་དུ་ཆོས་སྐུ་རང་དོན་དོན་དམ་གྱི་དང༌། གཟུགས་སྐུ་གཉིས་ཅར་གཞན་དོན་ཀུན་རྫོབ་པར་ཡང་བཤད་དོ། །ཕྱི་མའང་དག་པའི་གདུལ་བྱའི་སྣང་ངོར་ལོངས་སྐུ་དང༌། མ་དག་པའི་གདུལ་བྱའི་སྣང་ངོར་སྤྲུལ་པའི་སྐུར་སྣང་བ་སྟེ། དེ་དག་གི་དང་པོ་ནི་ཕྱི་མ་གཉིས་ཀྱི་རྟེན་ཡིན་ཅིང༌། གཉིས་པོའང་རིམ་པ་ལྟར་རྟེན་བརྟེན་པ་ཡིན་ནོ། །དེ་དག་ཀྱང་དོན་ལ་མེད་པ་གློ་བུར་གྱི་དྲི་མ་སྒྲིབ་པ་མཐའ་དག་སྤངས་པས་མི་སྣང་ཞིང༌། རྟག་ཏུ་མི་འགྱུར་བར་ཡོད་པ་ཆོས་ཀྱི་དབྱིངས་མཐའ་དག་མངོན་སུམ་དུ་སྣང་བས་ཇི་ལྟར་བཞེད་པ་བཞིན་ཟག་མེད་ཀྱི་འབྱོར་པ་ལ་སྤྱོད་པ་སྟེ། མདོ་སྡེ་རྒྱན་ལས། དོན་མེད་པ་དང་དོན་ཡོད་དག །མི་སྣང་སྣང་བ་ཡིན་ཞེས་བྱ། །དེ་ནི་གནས་གཞན་གྱུར་པ་སྟེ། །འདོད་དགུར་སྤྱོད་ཕྱིར་ཐར་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ལ་བཞི། རྟེན་སྐུ། བརྟེན་པ་ཡེ་ཤེས། བྲལ་སྨིན་ཡོན་ཏན། མཛད་པ་ཕྲིན་ལས་བཤད་པའོ། །དང་པོ་ལ་གཉིས། མཚན་ཉིད་སོགས་དང༌། ཁྱད་པར་རོ། །དེའི་དང་པོ་ལའང་བཞི། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། རྒྱུད་བླའི་དགོངས་པ་འཕྲོས་དོན་དུ་བསྟན་པའོ། །དང་པོ་ལ་གཉིས། སྒྲ་དོན་མཚན་ཉིད། ཁྱད་པར་གྱི་སྐུའི་དབྱེ་བའོ། །དང་པོ་ནི། ཟག་མེད་ཡོན་ཏན་ཀུན་ལྡན་ཆོས་ཀྱི་དབྱིངས། །དག་པ་གཉིས་ལྡན་ཆོས་ཉིད་རྟེན་གྱི་སྐུ། །མཉམ་ཟབ་རྟག་པ་གཅིག་བུ་ཡང་དག་གཙང༌། །འོད་གསལ་རྫོགས་འབྲེལ་མཚན་ཉིད་བརྒྱད་དང་ལྡན། །དེ་ལ་ཆོས་སྐུའི་ངེས་ཚིག་ནི། །འདུས་བྱས་དང་འདུས་མ་བྱས་རྣམ་ངེས་སུ་རྒྱལ་པོ་ལ་གདམས་པའི་རྣམ་འགྲེལ་གྱི་ལུང་དྲངས་པར་ཆོས་ཉིད་ཀྱི་སྐུ་ནི་ཆོས་སྐུའོ། །དེ་ནི་ཆོས་ཐམས་ཅད་ཀྱི་ལུས་ཡིན་པས་འགྲོ་


LT09,P172B
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་རང་བཞིན་ལས་མ་འདས་པའི་ཕྱིར་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཡིན་པ་ཉིད་ཀྱིས་སྐུའོ། །ཞེས་དྷརྨ་ཏཱ་ཀཱ་ཡ་ལ་ཏཱ་ཕྱིས་པའི་སྒྲ་བཤད་ཀྱི་ཚུལ་འབྱུང་བ་ལྟར་རོ། །མཚན་ཉིད་ནི། ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་དང་ལྡན་པའི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཉིད་གློ་བུར་གྱི་དྲི་མ་ཐམས་ཅད་དང་ཡང་བྲལ་ནས་དག་པ་གཉིས་ལྡན་གྱི་ངོ་བོ་ཉིད་དུ་གྱུར་པ་ནི་ངོ་བོ་ཉིད་སྐུའམ་ཆོས་ཀྱི་སྐུ་སྟེ། མངོན་རྟོགས་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་དང༌། ཐེག་བསྡུས་ལས། དེ་ལ་ངོ་བོ་ཉིད་ཀྱི་སྐུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་སྟེ་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་གནས་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །དེ་ལ་ལྡོག་པས་ཕྱེ་ན། མཉམ་པ་དང༌། ཟབ་པ་དང༌། རྟག་པ་དང༌། གཅིག་པ་དང༌། ཡང་དག་པ་དང༌། གཙང་བ་དང༌། འོད་གསལ་བ་དང༌། ལོངས་སྤྱོད་རྫོགས་པ་དང་འབྲེལ་བ་སྟེ་མཚན་ཉིད་བརྒྱད་དང་ལྡན་པའོ། །དེའང་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ལ་ཁྱད་པར་མེད་པའི་ཕྱིར་མཉམ་པའོ། །སྤྲོས་པ་ཐམས་ཅད་དང་བྲལ་བས་རྟོགས་པར་དཀའ་བའི་ཕྱིར་ཟབ་པའོ། །འདུས་མ་བྱས་པས་དུས་གསུམ་དང་སྐྱེ་འགག་མེད་པའི་ཕྱིར་རྟག་པའོ། །དབྱིངས་དང་ཡེ་ཤེས་ཐ་མི་དད་པས་དབྱེར་མེད་པའི་ཕྱིར་གཅིག་པའོ། །སྒྲོ་སྐུར་གྱི་མཐའ་ལས་འདས་པས་ཕྱིན་ཅི་མ་ལོག་པའི་ཕྱིར་ཡང་དག་པའོ། །སྒྲིབ་པ་གསུམ་གྱི་དྲི་མ་དང་བྲལ་བའི་ཕྱིར་གཙང་བའོ། །རྣམ་པར་མི་རྟོག་པས་མི་རྟོག་པ་དེ་ཉིད་དུ་དམིགས་པའི་ཕྱིར་འོད་གསལ་བའོ། །ཡོན་ཏན་རྒྱ་ཆེན་པོའི་བདག་ཉིད་ཀྱི་ལོངས་སྤྱོད་རྫོགས་པའི་རྟེན་དུ་གྱུར་པའི་


LT09,P173A
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ལོངས་སྤྱོད་རྫོགས་པ་དང་འབྲེལ་བའོ། །གཉིས་པ་ནི། འགའ་ཞིག་སྤངས་པ་ཕུན་ཚོགས་ངོ་བོ་ཉིད། །རྟོགས་པ་ཕུན་ཚོགས་ཆོས་སྐུར་རྣམ་པར་གཞག །ངོ་བོ་ལ་དབྱེར་མེད་ཀྱང་འཆད་ཚུལ་འགའ་ཞིག་ཏུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལམ་རྣམས་སུ་སུན་ཕྱུང་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཐོགས་སུ་མ་ལུས་པ་བཅོམ་པ་སྤངས་པ་ཕུན་ཚོགས་ནི་ངོ་བོ་ཉིད་ཀྱི་སྐུ་དང༌། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་མངོན་སུམ་དུ་གཟིགས་ཤིང་ཐུགས་སུ་ཆུད་པ་རྟོགས་པ་ཕུན་ཚོགས་ནི་ཆོས་ཀྱི་སྐུའོ་ཞེས་རྣམ་པར་གཞག་པའང་ཡོད་དོ། །དེའང་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་རང་བཞིན་རྣམ་དག་གི་མཚན་ཉིད་ཅན་ངོ་བོ་ཉིད་སྐུ་དང༌། དེ་ལྟར་གཟིགས་པའི་ཡེ་ཤེས་རྣམ་དག་གི་མཚན་ཉིད་ཅན་ཆོས་ཀྱི་སྐུ་དག་ཡུལ་དང་ཡུལ་ཅན་ཡིན་པས་སོ། །གཉིས་པ་ལ་གཉིས། སྒྲ་དོན་མཚན་ཉིད། །དབྱེ་བའོ། །དང་པོ་ནི། ལོངས་སྐུ་སྟུག་པོ་བཀོད་པར་མཚན་དཔེས་བརྒྱན། །འཕགས་དང་ཐེག་ཆེན་ལོངས་སྤྱོད་རྒྱུན་མི་འཆད། །འཁོར་དང་ཞིང་སྐུ་མཚན་ཆོས་མཛད་པ་དང༌། །ལྷུན་གྲུབ་རང་བཞིན་མེད་པའི་མཚན་ཉིད་བརྒྱད། །ལོངས་སྐུའི་སྒྲ་དོན་ནི། མངོན་རྟོགས་རྒྱན་ལས། ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་གསུངས་པ་ལྟར། ཐེག་པ་ཆེན་པོའི་རྟོགས་པའི་ཆོས་རྫོགས་པར་ལོངས་སྤྱོད་པའི་རྟེན་ཡིན་པས་སམ། རྫོགས་པར་ལོངས་སྤྱོད་པའི་ཕྱིར་ཐེག་ཆེན་གྱི་ཆོས་སྟོན་པས་སོ། །མཚན་ཉིད་ནི། འོག་མིན་ཆེན་པོ་རྒྱན་སྟུག་པོ་བཀོད་པར་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུས་རྒྱལ་སྲས་འཕགས་པ་


LT09,P173B
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་ལྷན་ཅིག་ཏུ་ཐེག་པ་ཆེན་པོའི་ཆོས་ཁོ་ན་ལ་རྒྱུན་མི་འཆད་པར་ཉེ་བར་ལོངས་སྤྱོད་པ་སྟེ། མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་སོ། །དེ་ལའང་ལྡོག་པས་དབྱེ་ན་འཁོར་དང༌། ཞིང་དང༌། སྐུ་དང༌། མཚན་དང༌། ཆོས་དང༌། མཛད་པ་དང༌། ལྷུན་གྱིས་གྲུབ་པ་དང༌། རང་བཞིན་མེད་པའོ། །དེ་ལ་གང་དང་ལྷན་ཅིག་སྤྱོད་པའི་འཁོར་ནི་ས་བཅུ་ལ་གནས་པའི་བྱང་སེམས་ཤ་སྟག་གོ །གང་དུ་ལོངས་སྤྱོད་པའི་ཞིང་ནི་འོག་མིན་སྟུག་པོ་བཀོད་པའོ། །གང་གིས་ལོངས་སྤྱོད་པའི་སྐུ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །གང་དང་ལྡན་པའི་མཚན་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུའོ། །གང་ལ་རྫོགས་པར་ལོངས་སྤྱོད་པའི་ཆོས་ནི་ཐེག་པ་ཆེན་པོ་འབའ་ཞིག་གོ །གང་མཛད་པའི་ཕྲིན་ལས་ནི་རྒྱལ་བའི་སྲས་པོ་ལུང་སྟོན་པ་སོགས་སོ། །ལྷུན་གྱིས་གྲུབ་པ་ནི་མཛད་པ་སོགས་དེ་ཐམས་ཅད་ཡིད་བཞིན་གྱི་ནོར་བུ་ལྟར་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའོ། །རང་བཞིན་མེད་པ་ནི་སྐུ་ལ་སོགས་པ་སྣ་ཚོགས་སུ་སྣང་ཡང་འཇའ་ཚོན་ལྟར་ངོས་བཟུང་མེད་པའོ། །ངེས་པ་ལྔར་བཤད་པ་ལྟར་ན། གནས་ངེས་པ་འོག་མིན། ངོ་བོ་ངེས་པ་མཚན་དཔེས་བརྒྱན་པ། དུས་ངེས་པ་འཁོར་བ་མ་སྟོང་བར་དུ་སྟེ་རྟག་ཏུ་གནས་པ། འཁོར་ངེས་པ་ས་བཅུའི་བྱང་ཆུབ་སེམས་དཔའ། ཆོས་ངེས་པ་ཐེག་པ་ཆེན་པོའི་ཆོས་འབའ་ཞིག་གསུང་པ་སྟེ་མཚན་ཉིད་བརྒྱད་དང་ལྡན་པའོ། །གཉིས་པ་ནི། ཆེ་ཆུང་གཉིས་སམ་དངོས་དང་བཏགས་པར་དབྱེ། །གཅིག་དང་ཐ་དད་ཆེ་ཆུང་བཞེད་པ་གསུམ། །ཐ་སྙད་ཙམ་དུ་དབྱེ་ན། སྟུག་པོ་བཀོད་པར་སྣང་བ་ལོངས་སྐུ་


LT09,P174A
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དང༌། གནས་གཙང་གི་འོག་མིན་དུ་བཞུགས་པ་ཆུང་ངུ་གཉིས་སམ། དངོས་གནས་ཚུལ་དང༌། བཏགས་པ་བ་སྣང་ཚུལ་གཉིས་སུ་དབྱེ་བ་ཡོད་ཅིང༌། སྤྱིར་མཁས་པ་ཁ་ཅིག་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་ལོངས་སྐུ་གཅིག་པ་འབའ་ཞིག་ལས་གཉིས་པ་གཏན་མེད་པར་བཞེད་པ་དང༌། ཁ་ཅིག་དེ་མུ་སྟེགས་ཀྱི་འདོད་པ་དང་མཚུངས་པར་བྱས་ནས་སངས་རྒྱས་རྣམས་ཀྱི་ལོངས་སྐུ་ཐ་དད་ཁོ་ནར་སྨྲ་བ་དང༌། ལོངས་སྐུ་ཆེ་ཆུང་གཉིས་ཡོད་པར་སྨྲ་བ་གསུམ་དུ་མཆིས་པ་ལས་ཕྱོགས་སྔ་ཕྱི་གཉིས་ཀྱི་བཤད་སྲོལ་བཟང་བ་ཡིན་ཏེ། མདོ་སྡེ་རྒྱན་ལས་ཀྱང༌། ཟག་མེད་དབྱིངས་ལ་སངས་རྒྱས་རྣམས། །སྔོན་གྱི་ལུས་རྗེས་འབྲང་ཕྱིར་དང༌། །མཁའ་ལྟར་ལུས་ནི་མེད་པའི་ཕྱིར། །སངས་རྒྱས་གཅིག་མིན་དུ་མ་མིན། །ཞེས་ལུས་རང་མཚན་པ་ཞིག་མེད་པར་བཤད་པས་གདོས་བཅས་ཀྱི་རིགས་འགྲེ་སྦྱོར་མི་དགོས་པས་སོ། །སྐུ་དེའང་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པའི་ཚུལ་གྱིས་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་ཞིང་ཆོས་ཀྱི་སྐུའི་རྟེན་དུ་གྱུར་པའོ། །དེ་ནི་ཤེས་པའི་རང་སྣང་ཡིན་པས་སྤྱན་ནས་སྐུ་ལུས་ཀྱི་བར་དུ་སྣང་བ་རྣམས་མིག་གི་སྐྱེ་མཆེད་ནས་ལུས་ཀྱི་སྐྱེ་མཆེད་ཀྱི་བར་མ་ཡིན་ལ། ཐོགས་བཅས་ལ་རྒྱུན་གྱིས་རྟག་པའང་མི་སྲིད་པས་ཐོགས་བཅས་ལས་འདས་པའོ། །ཨིནྡྲ་བྷཱུ་ཏིའི་ཞབས་ཀྱིས་དཔལ་ཡེ་ཤེས་གྲུབ་པ་ལས་ཀྱང་ཡེ་ཤེས་མིན་པའི་སྐུ་འདོད་ན་ལུས་འཇིག་པའི་ཆོས་ཅན་ཡིན་པས་ཡེ་ཤེས་ཀྱང་དེར་ཐལ་བར་གསུངས་ཏེ། དེ་སྐད་དུའང༌། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི། །སྐུ་དང་ཡན་ལག་ལྡན་ཞེས་ན། །མྱ་ངན་འདས་པ་དེ་ཡང་འཇིག །ལུས་ནི་འཇིག་པའི་ཆོས་ཅན་པས། །ཡེ་ཤེས་ཀྱང་ནི་འཇིག་པར་འགྱུར། །དེ་བས་སངས་


LT09,P174B
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཡེ་ཤེས་སྐུ། །འཇིག་པར་རིགས་པ་མ་ཡིན་ནོ། །ཞེས་གསུངས་ཏེ། སངས་རྒྱས་རང་སྣང་དང་བྱང་ཆུབ་སེམས་དཔའི་སྣང་བས་བསྡུས་པ་གཉིས་ལ་འཇོག་གོ །གསུམ་པ་ལ་གཉིས། སྒྲ་དོན་མཚན་ཉིད། དབྱེ་བའོ། །དང་པོ་ནི། སྤྲུལ་སྐུ་འཁོར་བ་ཇི་སྲིད་འགྲོ་བའི་དོན། །སྣ་ཚོགས་སྤྲུལ་པས་དོན་མཛད་རྟེན་དང་རྒྱུ། །ཞིང་དུས་རང་བཞིན་འཇུག་སྨིན་གྲོལ་བྱེད་བརྒྱད། །སྤྲུལ་སྐུའི་སྒྲ་དོན་ནི། ངེས་པར་གཞན་དུ་སྒྱུར་ཏེ་སྤྲུལ་པའི་རང་བཞིན་གྱི་ལུས་ཡིན་པའི་ཕྱིར་ཏེ། སློབ་དཔོན་སྟོབས་བཅུ་དཔལ་བཤེས་ཀྱིས། །སྤྲུལ་པ་ནི་སྤྲུལ་པ་ཉིད་དེ་ས་གྲུབ་པའི་སྐུ་སྟེ་སྤྲུལ་པའི་སྐུའོ། །ཞེས་བཤད་པའི་ཕྱིར་རོ། །མཚན་ཉིད་ནི། འདི་ལའང་ལྡོག་པས་ཕྱེ་ན། རྟེན་དང༌། རྒྱུ་དང༌། ཞིང་དང༌། དུས་དང༌། རང་བཞིན་དང༌། འཇུག་པར་བྱེད་པ་དང༌། སྨིན་པར་བྱེད་པ་དང༌། གྲོལ་བར་བྱེད་པའོ། །དེ་ལ་རྟེན་ནི་ཆོས་ཀྱི་སྐུ་སྟེ་གཡོ་བ་མེད་བཞིན་དུའོ། །རྒྱུ་ནི་འགྲོ་བ་མཐའ་དག་ལ་ཕན་པར་བཞེད་པའི་སྙིང་རྗེ་ཆེན་པོ་ལས་བྱུང་བའོ། །ཞིང་ནི་ཡོངས་སུ་དག་མ་དག་སྣ་ཚོགས་པའོ། །དུས་ནི་འཁོར་བ་ཇི་སྲིད་ཀྱི་བར་དུའོ། །རང་བཞིན་ནི་བཟོ་དང་སྐྱེ་བ་དང་བྱང་ཆུབ་སྟེ་སྤྲུལ་པ་གསུམ་གྱི་གཟུགས་སོ། །འཇུག་པར་བྱེད་པ་ནི་འཇིག་རྟེན་ཐ་མལ་པ་དག་ཅི་རིགས་པར་མྱ་ངན་ལས་འདས་པ་རྣམ་པ་གསུམ་ལ་འདུན་ཞིང་འཇུག་པར་བྱེད་པའོ། །སྨིན་པར་བྱེད་པ་ནི་ལམ་ལ་ཞུགས་པ་རྣམས་ཚོགས་ཡོངས་སུ་སྨིན་པར་བྱེད་པའོ། །གྲོལ་བར་བྱེད་པ་ནི་དགེ་བས་ཡོངས་སུ་སྨིན་པ་དག་སྲིད་པའི་འཆིང་བ་ལས་གྲོལ་བར་བྱེད་པ་སྟེ་མཚན་ཉིད་བརྒྱད་དང་ལྡན་པའོ། །གཉིས་པ་ནི། བཟོ་སྐྱེ་མཆོག་གི་སྤྲུལ་སྐུས་མཛད་པ་སྟོན། །སྤྲུལ་པའི་སྐུ་དེ་དག་ལའང་དབྱེ་ན། བཟོ་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ། མཆོག་གི་སྤྲུལ་སྐུ་དང༌།


LT09,P175A
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་འགྱུར་ཞིང༌། དེ་དག་དུས་ལ་བབ་ན་མྱ་ངན་ལས་འདས་པར་ཡང་སྟོན་པས་གདུལ་བྱ་རྣམས་རྣམ་གྲོལ་ལ་སྦྱོར་བར་མཛད་པ་སྟེ། མདོ་སྡེ་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་གསུངས་པས་སོ། །དེ་དག་ཀྱང་དྲི་ཟ་གདུལ་བའི་དོན་དུ་རྒྱུད་མང་སྤྲེང་བ་ལ་སོགས་པར་སྟོན་པ་བཟོ་སྤྲུལ་སྐུ་དང༌། རི་བོང་དང་རུ་རུ་ལ་སོགས་པར་སྟོན་པ་སྐྱེ་བ་སྤྲུལ་སྐུ་དང༌། ཐུབ་པ་ལ་སོགས་པར་སྟོན་པ་བྱང་ཆུབ་ཆེན་པོ་མཆོག་གི་སྤྲུལ་པའི་སྐུས་མཛད་པ་བཅུ་གཉིས་ལ་སོགས་པ་སྟོན་པ་སྟེ། སྔ་མ་གཉིས་རྣམ་སྨིན་མ་ཡིན་པའི་སྤྲུལ་པའི་སྐུ་དང༌། ཕྱི་མ་ནི་རྣམ་པར་སྨིན་པའི་སྤྲུལ་པའི་སྐུ་སྟེ། རྣམ་སྨིན་ཡིན་མིན་གྱི་ཁྱད་ཀྱང་རབ་ཏུ་བྱས་པས་འདྲ་བ་མིན་པར་སྨིན་པ་ཡིན་མིན་དུ་བཤད་ཀྱི་རྣམ་སྨིན་ཙམ་གྱིས་ནི་མ་ཡིན་ནོ། །བཞི་པ་ནི། རྒྱུད་བླང་ངོ་བོ་གཙང་བདག་བདེ་དང་རྟག །སྐུ་གསུམ་མཚན་ཉིད་ལྔ་ལྔ་ལྡན་པར་གསུངས། །ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། སྐུ་དེ་དག་གི་ངོ་བོ་གཙང་བདག་བདེ་བ་རྟག་པ་དམ་པའི་ཕ་རོལ་ཏུ་སོན་པ་དང༌། སྐུ་གསུམ་ཀའང་མཚན་ཉིད་ལྔ་ལྔ་ལྡན་པར་གསུངས་ཏེ། དེའང་སེམས་ཉིད་རང་བཞིན་རྣམ་དག་དེ་སྔར་བག་ཆགས་ཀྱི་རྟེན་ཡིན་པ་ལས་སངས་རྒྱས་པའི་ཚེ་བག་ཆགས་ཀྱི་རྟེན་མི་བྱེད་པས་དག་པ་གཉིས་ལྡན་ནི་གཙང་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ་དང༌། རྣམ་རྟོག་ཡིན་ཕྱིན་ཆད་བག་ཆགས་ཀྱིས་གོས་པའི་རང་བཞིན་ཡིན་པ་ལ་རྣམ་རྟོག་གི་གཞན་དབང་དུ་མ་སོང་བས་བདག་དམ་པ་སྟེ། བདག་དང་བདག་མེད་ཀྱི་སྤྲོས་པའི་རྣམ་རྟོག་ཐམས་ཅད་ཞི་བས་བདག་དམ་པའི་ཕ་རོལ་ཏུ་ཕྱིན་པ་དང༌། སྒྲ་དོན་དུ་སྣང་བའི་རྣམ་རྟོག་ས་བརྒྱད་པ་ནས་འགག་ཀྱང༌། རྟོག་མེད་ཀྱི་སྣང་


LT09,P175B
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སྣོད་བཅུད་ཀྱི་སྣང་བ་འཆར་བ་དེ་སྡུག་བསྔལ་ཕྲ་ཤོས་ཡིད་ཀྱི་རང་བཞིན་གྱི་ཕུང་པོ་ཡིན་ལ། དེ་དེའི་རྒྱུ་མ་རིག་བག་ཆགས་ཀྱི་ས་དང་བཅས་པ་འགགས་པས་སྡུག་བསྔལ་རྒྱུ་བཅས་ཐམས་ཅད་འགགས་པའི་ཕྱིར་བདེ་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ་དང༌། འཁོར་འདས་ཀྱི་འཕེལ་འགྲིབ་མེད་པ་སྲིད་ཞི་མཉམ་ཉིད་ཀྱི་སྒོམ་པ་མཐར་ཐུག་པས་འཁོར་འདས་མཉམ་ཉིད་ཀྱི་རང་བཞིན་བརྙེས་པ་ནི་ནམ་མཁའ་སྲིད་ཀྱི་བར་འགྱུར་བ་ཡི་མི་སྲིད་པས་རྟག་པ་དམ་པའི་ཕ་རོལ་ཏུ་ཕྱིན་པའོ། །ཕར་ཕྱིན་དེ་བཞི་གང་ལ་ཚང་བ་ནི་སངས་རྒྱས་ཀྱི་སྐུ་སྟེ་གནས་ཚུལ་གྱི་སྐུ་གང་ལའང་འདི་ཚང་ངོ༌། །ཆོས་སྐུ་ནི་འདུས་མ་བྱས་པ་དང༌། གཉིས་སུ་དཔྱད་དུ་མེད་པ་དང༌། ཕྱིན་ཅི་མ་ལོག་པ་དང༌། སྒྲིབ་པ་དག་པ་དང༌། རང་བཞིན་གྱིས་འོད་གསལ་བ་སྟེ་ལྔ། ལོངས་སྐུ་གསུང་བརྗོད་པ་དང༌། སྐུ་སྣང་བ་དང༌། མཛད་པ་རྒྱུན་མི་འཆད་པ་དང༌། ལྷུན་གྱིས་གྲུབ་པར་མཛད་པ་དང༌། སྐུ་གསུམ་གྱི་མཛད་པ་དུ་མར་སྟོན་ཀྱང་དེའི་རང་བཞིན་དང་བྲལ་བ་སྟེ་མཚན་ཉིད་ལྔ། སྤྲུལ་སྐུ་ཞི་བའི་ལམ་སྟོན་པ་དང༌། གདུལ་བྱ་སྨིན་པར་བྱེད་པ་དང༌། ལུང་སྟོན་པར་བྱེད་པ་དང༌། ཕྲིན་ལས་སྣ་ཚོགས་པའི་རྒྱུན་གང་འདུལ་བའི་གཟུགས་སྟོན་པ་དང༌། གཞན་གྱི་རྣམ་རིག་ལ་སྣང་བ་སྟེ་མཚན་ཉིད་ལྔ་ལྔ་དང་ལྡན་པའོ། །གཟུགས་སྐུ་གཉིས་སངས་རྒྱས་སུ་བཤད་པ་དང༌། གསེར་འོད་དམ་པ་ནས་མ་ཡིན་པར་བཤད་པ་དང༌། འགའ་ཞིག་ནས་སངས་རྒྱས་མེད་དོ་ཞེས་གསུངས་པ་རྣམས་དྲང་དོན་དང་ངེས་དོན་དང་མཐར་ཐུག་གི་ངེས་དོན་ཡིན་པར་གནད་མཁྱེན་པའི་མཁས་པ་རྣམས་བཞེད་དོ། །གཉིས་པ་སྐུ་གསུམ་གྱི་ཁྱད་ཆོས་བཤད་པ་ལ་གསུམ། མཉམ་པའི་ཁྱད་པར། རྟག་པའི་ཁྱད་པར། སྣང་བའི་ཁྱད་པར་རོ། །དང་པོ་ནི། རྟེན་དང་དགོངས་པ་ཕྲིན་ལས་མཉམ་པ་ཉིད། །སྐུ་གསུམ་


LT09,P176A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྱད་པར་གསུམ་ལས། མཉམ་པའི་ཁྱད་པར་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ནི་རྟེན་ཆོས་ཀྱི་དབྱིངས་ཐ་དད་མེད་པས་མཉམ་པའོ། །སངས་རྒྱས་ཐམས་ཅད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ནི་དགོངས་པ་ཐ་དད་མེད་པས་མཉམ་པའོ། །སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་སྐུ་ནི་ཕྲིན་ལས་ཐུན་མོང་དུ་གྱུར་པས་མཉམ་པའོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། དེ་དག་རྟེན་དང་དགོངས་པ་དང༌། །ཕྲིན་ལས་ཀྱིས་ནི་མཉམ་པ་ཉིད། །ཅེས་གསུངས་སོ། །གཉིས་པ་ནི། རང་བཞིན་ཉམས་པ་མེད་དང་རྒྱུན་གྱིས་རྟག །རྟག་པའི་ཁྱད་པར་ནི་ཆོས་ཀྱི་སྐུ་ནི་དོན་དམ་པར་སྐྱེ་འགག་དང་བྲལ་བའི་བདག་ཉིད་ཡིན་པས་རང་བཞིན་གྱིས་རྟག་པའོ། །ལོངས་སྐུ་ནི་ཆོས་ཀྱི་ལོངས་སྤྱོད་རྒྱུན་ཆད་པ་མེད་པའི་ཕྱིར་ཉམས་པ་མེད་པའི་རྒྱུན་གྱིས་རྟག་པའོ། །སྤྲུལ་སྐུ་ནི་མི་སྣང་བར་གྱུར་ནས་ཀྱང་ཡང་དང་ཡང་དུ་སྟོན་པ་སྟེ་རིགས་འདྲ་རྒྱུན་ཆད་ཀྱང་དུས་ལས་མི་ཡོལ་བར་འབྱུང་བའི་ཕྱིར་བྱ་བ་བྱེད་པའི་རྒྱུན་གྱིས་རྟག་པའོ། །དེ་ལྟར་ཡང༌། དེ་ཉིད་ལས། རང་བཞིན་དང་ནི་རྒྱུན་མི་འཆད། །རྒྱུན་གྱིས་དེ་དག་རྟག་པ་ཉིད། །ཅེས་གསུངས་སོ། །གསུམ་པ་ནི། ཤེས་བྱ་ཉོན་མོངས་ལས་སྒྲིབ་དག་པས་སྣང༌། །སྣང་བའི་ཁྱད་པར་ནི་ཆོས་ཀྱི་དབྱིངས་ལ་ཤེས་བྱའི་སྒྲིབ་པ་དག་པས་ནི་ཆོས་ཀྱི་སྐུ་སྣང་ངོ༌། །ཉོན་མོངས་པའི་སྒྲིབ་པ་དག་པས་ནི་ལོངས་སྐུ་སྣང་ངོ༌། །ལས་ཀྱི་སྒྲིབ་པ་དག་པས་ནི་སྤྲུལ་སྐུ་སྣང་བའོ། །གཞན་ཡང་གཟུགས་སྐུ་གཉིས་ནི་ཆོས་ཀྱི་སྐུའི་བྱིན་རླབས་དང༌། གདུལ་བྱའི་སྣང་བ་དང༌། སྔོན་གྱི་སྨོན་ལམ་ལས་གྲུབ་པའི་སྐུ་སྟེ་དེ་གསུམ་འཛོམ་པ་ལས་བྱུང་བར་ཤེས་པར་བྱའོ། །གཉིས་པ་བརྟེན་པ་ཡེ་ཤེས་བཤད་པ་ལ་ལྔ། རྣམ་པར་དབྱེ་བ། སྒྲ་དོན་ངོ་བོ། །འགྲུབ་བྱེད་ཀྱི་རྒྱུ། གནས་འགྱུར་གྱི་ཚུལ། སྐུ་དང་སྦྱོར་བའི་མཁྱེན་


LT09,P176B
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དང་བཅས་པའོ། །དང་པོ་ནི། བརྟེན་པ་ཡེ་ཤེས་ཟག་མེད་མཁྱེན་ཚུལ་ལྔ། །སྐུ་དེ་དག་དང་བརྟེན་པའི་ཚུལ་དུ་འབྲེལ་བ་ཡེ་ཤེས་ལ་ཟག་པ་མེད་པའི་མཁྱེན་ཚུལ་གྱིས་དབྱེ་ན་ལྔ་སྟེ། དེ་བཞིན་ཉིད་དག་པ་གཉིས་ལྡན་ནི་ཆོས་དབྱིངས་ཡེ་ཤེས་ཞེས་བྱ་སྟེ་ཡེ་ཤེས་ཐམས་ཅད་ཀྱི་གཞི་རྟེན་ཡིན་ལ། ཆོས་ཐམས་ཅད་མ་ལུས་པར་ཡེ་ཤེས་གཅིག་གིས་མཁྱེན་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། ཤེས་བྱ་ཐམས་ཅད་རང་བཞིན་མེད་པར་མཉམ་པ་ཉིད་དུ་མཁྱེན་པ་མཉམ་ཉིད་ཡེ་ཤེས་དང༌། ཇི་སྙེད་པའི་ཆོས་ཐམས་ཅད་མ་འདྲེས་པར་མཁྱེན་པ་སོར་རྟོག་ཡེ་ཤེས་དང༌། གདུལ་བྱ་འདུལ་བའི་བྱ་བ་མཁྱེན་པ་བྱ་གྲུབ་ཡེ་ཤེས་ཏེ་ལྔའོ། །གཉིས་པ་ལ། ཆོས་དབྱིངས། མེ་ལོང༌། མཉམ་ཉིད། སོར་རྟོག་བྱ་གྲུབ་ཀྱི་དོན་བཤད་པའོ། །དང་པོ་ནི། གཉིས་མེད་གསུམ་བྲལ་རྟོག་མེད་ཆོས་དབྱིངས་ཏེ། །དེའི་སྒྲ་དོན་ནི། སྒྲ་སྦྱོར་བ་མ་གཉིས་མ་ལས། དྷརྨ་དྷཱ་ཏུ་བི་ཤུདྡྷ་ཞེས་བྱ་བ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡིན་ཏེ། སྟོབས་དང་མི་འཇིགས་པ་ལ་སོགས་པ་འཕགས་པའི་ཆོས་རྣམས་སྐྱེ་ཞིང་འབྱུང་བ་དང་དབྱིངས་སུ་གྱུར་པས་ན་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལ་གློ་བུར་གྱི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་སྤྲིན་དང་འདྲ་བ་དྭངས་ཤིང་བྱང་སྟེ། ནམ་མཁའི་དབྱིངས་དག་པ་དང་འདྲ་བས་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཞེས་བྱའོ། །ཞེས་པ་ལྟར་རོ། །ངོ་བོ་ནི་ཐོག་མར་སྐྱེ་བ་དབུས་སུ་གནས་པ་ཐ་མར་འགག་པ་མེད་ཅིང་དབྱིངས་རིག་ཐ་དད་དུ་རྣམ་པར་དབྱེ་བ་མེད་པ། སྒྲོ་སྐུར་གྱི་མཐའ་གཉིས་ཀྱི་ཡུལ་དུ་མེད་ཅིང་སྒྲིབ་པ་གསུམ་དང་བྲལ་བ། རང་བཞིན་གྱིས་ཉེས་པའི་དྲི་མ་བྲལ་ཞིང་རྣམ་པར་རྟོག་པའི་ཡུལ་དུ་མེད་པ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཕྱིན་ཅི་མ་ལོག་པའི་རང་བཞིན། འཕགས་པའི་ཆོས་ཐམས་


LT09,P177A
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཉེ་བར་སྐྱེད་པའི་རྒྱུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པ་སྟེ། རྒྱུད་བླ་མ་ལས། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་གཞག་པའི་རྣལ་འབྱོར་པ་ཡིས་མཐོང༌། །ཞེས་གསུངས་སོ། །གཉིས་པ་ནི། འཛིན་མེད་ཤེས་བྱ་ཀུན་སྣང་མེ་ལོང་ལྟར། །དེའི་སྒྲ་དོན་ནི། སྒྲ་སྦྱོར་ལས། ཨཱ་དརྴ་ཛྙཱ་ན་ཞེས་བྱ་བ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ནོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་མི་དམིགས་པས་གཟུང་བ་དང་འཛིན་པའི་རྟོག་པ་ཐམས་ཅད་དང་བྲལ་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་པས་མེ་ལོང་ཕྱིས་པའི་ནང་དུ་ཅི་ཡང་སྣང་བ་བཞིན་དུ་ཆོས་ཐམས་ཅད་ཀྱི་གཟུགས་བརྙན་སྣང་བ་ལ་བྱ་སྟེ། ཞེས་པ་ལྟར་རོ། །ངོ་བོ་ནི་ང་ཡིར་འཛིན་པ་མེད་པའི་སྒོ་ནས་ཡུལ་མཐའ་དག་དུས་རྟག་ཏུ་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བར་མཁྱེན་པས་ཤེས་བྱ་ཐམས་ཅད་ལ་མ་རྨོངས་ཤིང༌། ཡུལ་གྱི་རྣམ་པ་འཆར་བ་ལ་ལྟོས་པའང་མ་ཡིན་པ་སྟེ། མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་ང་ཡིར་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་ཤིང༌། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། སྒོམ་པ་དག་པ་སྲིད་ཞི་མཉམ་པ་ཉིད། །དེའི་སྒྲ་དོན་སྔ་མ་ལས། ས་མ་ཏཱ་ཛྙཱ་ན་ཞེས་བྱ་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། །ཐོག་མར་ས་དང་པོ་ལ་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་པ་ཡོངས་སུ་དག་པ་མངོན་པར་རྟོགས་པའི་ཚེ་བདག་དང་གཞན་དུ་མི་འབྱེད་ཅིང་མཉམ་པ་ཉིད་དུ་རྟོགས་པ། ས་གོང་ནས་གོང་དུ་སྦྱངས་པས། སངས་རྒྱས་ཀྱི་ས་ལ་མི་གནས་པའི་མྱ་ངན་ལས་འདས་པར་གྱུར་པའི་ཚེ་ཉོན་མོངས་པ་ཅན་གྱི་ཡིད་ནས་འཕོས་ཏེ་


LT09,P177B
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སུ་གནས་གྱུར་པ་ལ་མཉམ་པ་ཉིད་ཅེས་བྱའོ། །ཞེས་སོ། །ངོ་བོ་ནི་སློབ་ལམ་དུ་བདག་གཞན་མཉམ་པ་ཉིད་དུ་བསྒོམས་པ་གོམས་ཤིང་དག་པ་ལས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་ན་སྲིད་ཞི་མཉམ་པ་ཉིད་དུ་མཁྱེན་པ་སྟེ། དེ་ཉིད་ལས། མཉམ་ཉིད་ཡེ་ཤེས་སེམས་ཅན་ལ། །སྒོམ་པ་དག་པ་ལ་འདོད་དེ། །མི་གནས་ཞི་བར་ཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །ཅེས་གསུངས་པ་ལྟར་རོ། །བཞི་པ་ནི། ཇི་སྙེད་སོར་རྟོག་ཏིང་འཛིན་གཟུངས་ཀྱི་སྒོ། །དེའི་སྒྲ་དོན་སྔ་མ་ལས། པྲ་ཏྱ་བེཀྵ་ཛྙཱ་ན་ཞེས་བྱ་བ་སོ་སོར་རྟོག་པའི་ཡེ་ཤེས་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པས། གཟུངས་དང་ཏིང་ངེ་འཛིན་དང་བསམ་གཏན་དང་སྙོམས་པར་འཇུག་པ་ཐམས་ཅད་ཀྱི་གཞིར་གྱུར་པ། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་འཇུག་པས་ཆོས་ཀྱི་ཆར་ཆེན་པོ་འབེབས་ཤིང༌། ཐེ་ཚོམ་སྣ་ཚོགས་གཅོད་པ་དང༌། བཻཌཱུརྻ་ལ་སོགས་པ་རིན་པོ་ཆེའི་མདོག་ཏུ་སྟོན་པའི་རྒྱུར་གྱུར་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཞེས་བྱའོ། །ཞེས་སོ། །ངོ་བོ་ནི། ཇི་སྙེད་པའི་ཤེས་བྱ་རང་དང་སྤྱིའི་མཚན་ཉིད་མ་འཁྲུལ་བར་སོ་སོར་འབྱེད་ཅིང་རྟོག་པ་ལ་རྩོལ་མེད་དུ་འཇུག་ཅིང་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་མཐའ་ཡས་པ་དང་ལྡན་པ་སྟེ། དེ་ཉིད་ལས། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །ཅེས་གསུངས་པ་ལྟར་རོ། །ལྔ་པ་ནི། དཔག་མེད་ཐབས་མཁས་རྣམ་རོལ་བྱ་བ་གྲུབ། དེའི་སྒྲ་དོན་སྒྲ་མ་ལས། ཀྲྀ་ཏྱ་ནུཥྛཱ་ན་ཞེས་པ་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། མིག་ལ་སོགས་པ་དབང་པོ་ལྔའི་རྣམ་པར་ཤེས་པ་གནས་གྱུར་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐབས་སྣ་ཚོགས་པ་དཔག་ཏུ་མེད་པས་སེམས་ཅན་མང་པོའི་


LT09,P178A
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཛད་པའི་གཞིར་གྱུར་པ་ཡིན་ཏེ་བྱ་བ་གྲུབ་པའི་ཡེ་ཤེས་ཞེས་བྱའོ། །ཞེས་འབྱུང་བ་ལྟར་རོ། །ངོ་བོ་ནི། འཇིག་རྟེན་གྱི་ཁམས་མཐའ་ཡས་པར་གདུལ་བྱ་རྣམས་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་ཐབས་ལ་མཁས་པའི་རྣམ་པར་རོལ་པ་སྣ་ཚོགས་པས་སེམས་ཅན་གྱི་དོན་སྒྲུབ་པར་མཁྱེན་པ་སྟེ། དེ་ཉིད་ལས། བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཞིང་ཁམས་ཀུན་ཏུ་སྣ་ཚོགས་ཤིང༌། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་དོན་སྒྲུབ་པའོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་སྒྲུབ་བྱེད་ཀྱི་རྒྱུ་ནི། ཐོས་སོགས་སྤངས་པ་ཆོས་འཛིན་མཉམ་ཉིད་བསྒོམས། །ཆོས་སྟོན་དོན་བསྒྲུབས་པ་ལས་དེ་དག་འབྱུང༌། །ཐོས་པའི་བག་ཆགས་སྨིན་པ་སོགས་སྤོང་བ་རྒྱ་ཆེན་པོའི་རྣམ་པ་ཐམས་ཅད་པས་ཆོས་དབྱིངས་ཡེ་ཤེས་འགྲུབ་སྟེ། ཐེག་བསྡུས་ལས། ཐོས་པའི་བག་ཆགས་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་ནི་ཆོས་ཀྱི་སྐུའི་ས་བོན་དུ་ལྟ་སྟེ། ཞེས་དང༌། མདོ་སྡེ་རྒྱན་ལས། གང་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པའི་ས་བོན་དུས་རིང་རྟག་ལྡན་པ། །སྤང་བ་ཤིན་ཏུ་རྒྱ་ཆེན་རྣམ་པ་ཀུན་གྱིས་རབ་ཏུ་བཅོམ་གྱུར་ཅིང༌། །གནས་གྱུར་ཆོས་དཀར་ཡོན་ཏན་ལྡན་པ་ཐོབ་པས་རྫོགས་པའི་སངས་རྒྱས་ཉིད། །དེ་ནི་མི་རྟོག་རབ་དག་ཤིན་ཏུ་ཡུལ་ཅན་ཡེ་ཤེས་ལམ་གྱིས་འཐོབ། །ཅེས་གསུངས་པ་ལྟར་རོ། །དེ་བཞིན་དུ་དམ་པའི་ཆོས་མང་དུ་ཐོས་ཤིང་འཛིན་པ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། བདག་གཞན་མཉམ་པ་ཉིད་དུ་བསྒོམས་པ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། ཡང་དག་པའི་ཆོས་གསལ་བར་བསྟན་པ་ལས་སོ་སོར་རྟོག་པའི་ཡེ་ཤེས་དང༌། གཞན་གྱི་དོན་བསྒྲུབས་པ་ལས་བྱ་བ་གྲུབ་པའི་ཡེ་ཤེས་རྣམས་འབྱུང་སྟེ། མདོ་སྡེ་རྒྱན་ལས། འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། །ཡང་དག་ཆོས་རབ་སྟོན་ཕྱིར་དང༌།


LT09,P178B
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་གྲུབ་པ་ཉིད་ཀྱི་ཕྱིར། །ཡེ་ཤེས་བཞི་པོ་ཡང་དག་འབྱུང༌། །ཞེས་གསུངས་པ་ལྟར་རོ། །བཞི་པ་ནི། ཀུན་གཞིའི་སྟོང་གསལ་ཉོན་ཡིད་ཡིད་ཤེས་དང༌། །སྒོ་ལྔ་གནས་འགྱུར་ཟག་མེད་ངོ་བོ་ཉིད། །ཀུན་གཞིའི་རྣམ་ཤེས་སྟོང་ཉིད་ཀྱི་ཆ་གནས་གྱུར་པ་ཆོས་དབྱིངས་ཡེ་ཤེས་དང༌། གསལ་བའི་ཆ་གནས་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། ཉོན་མོངས་ཅན་ཡིད་གནས་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། ཡིད་ཀྱི་རྣམ་ཤེས་གནས་གྱུར་པ་སོ་སོར་རྟོག་པའི་ཡེ་ཤེས་དང༌། སྒོ་ལྔའི་རྣམ་ཤེས་གནས་གྱུར་པ་བྱ་བ་གྲུབ་པའི་ཡེ་ཤེས་ཞེས་བྱ་སྟེ། སློབ་དཔོན་ཙནྡྲ་གོ་མིས། གང་ཡང་ཀུན་གཞིའི་རྣམ་པར་ཤེས། །མེ་ལོང་ཡེ་ཤེས་ཉིད་གྱུར་པ། །དེ་ཡང་ཆོས་ཀྱི་དབྱིངས་ཀྱི་ནི། །ངོ་བོ་ཉིད་དུ་འགའ་ཞིག་འདོད། །ཉོན་མོངས་ཅན་ཡིད་གནས་གྱུར་པ། །མཉམ་ཉིད་ཡེ་ཤེས་བརྗོད་པར་བྱ། །སོ་སོར་རྟོག་པའི་ཡེ་ཤེས་ནི། །ཡིད་ཀྱི་རྣམ་ཤེས་ཉིད་དེའོ། །དབང་པོ་ལྔ་ཡི་རྣམ་ཤེས་གང༌། །དེ་ནི་དོན་ཀུན་ཡོངས་འཛིན་ཕྱིར། །སེམས་ཅན་ཀུན་གྱི་དོན་དུ་ནི། །བྱ་བ་གྲུབ་པ་ཙམ་ཉིད་འཐོབ། །ཅེས་གསུངས་པ་ལྟར་རོ། །དེ་ལ་གནས་གྱུར་པའི་དོན་ནི། སྲིད་པའི་ས་བོན་རྣམ་ཤེས་ཏེ། །ཞེས་པ་ལྟར་རམ། རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད། ཟག་དང་བཅས་པའི་རྣམ་ཤེས་ནི། །རྣམ་ཤེས་ཁམས་ཡིན་སྐྱེ་བའི་རྟེན། །ཞེས་གསུངས་པ་དེ་བཏང་ནས་ཤེས་པ་དེའི་རིགས་རྒྱུན་ཟག་མེད་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་འཕོས་པར་གྱུར་པ་གསེར་འགྱུར་ལས་ལྕགས་གསེར་དུ་འགྱུར་བ་ལྟ་བུ་ཡིན་ནོ། །ལྔ་པ་ནི། གཉིས་རེ་སྐུ་གཉིས་བྱ་གྲུབ་སྤྲུལ་སྐུས་བསྡུས། །བློ་ལས་འདས་ཕྱིར་ཡོད་མེད་སྤྲོས་ལས་གྲོལ། །ཆོས་ཉིད་སྣང་མེད་རྟེན་འབྲེལ་སྣང་ཚུལ་ཙམ། །མཁྱེན་པའི་ཚུལ་ཡང་བསམ་གྱིས་མི་ཁྱབ་བོ། །ཡེ་ཤེས་ལྔ་ལས་


LT09,P179A
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དབྱིངས་མེ་ལོང་གཉིས་ཆོས་སྐུ། མཉམ་ཉིད་སོར་རྟོག་གཉིས་ལོངས་སྐུ། བྱ་གྲུབ་སྤྲུལ་སྐུ་སྟེ་སྐུ་གསུམ་ཡེ་ཤེས་ལྔས་བསྡུས་པ་སངས་རྒྱས་ཀྱི་སའི་མདོ་ལས་གསུངས་སོ། །སངས་རྒྱས་ཀྱི་ས་ན་ཡེ་ཤེས་ཡོད་མེད་དང༌། ཡེ་ཤེས་ཀྱིས་མཁྱེན་ཚུལ་ལ་རྒྱ་བོད་ཕལ་ཆེར་རྟོག་པས་བརྟགས་པའི་སྨྲ་བ་ཇི་སྙེད་པ་བྱུང་ཡང༌། དོན་དམ་པའི་དབང་དུ་བྱས་ན་སངས་རྒྱས་ཀྱི་ཡེ་ཤེས་དེ་ཉིད་བློའི་སྤྱོད་ཡུལ་ལས་འདས་པའི་ཕྱིར་ཡོད་མེད་ཡིན་མིན་སོགས་སྤྲོས་པའི་མཐའ་ཐམས་ཅད་ལས་གྲོལ་བ་སྟེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པའི་མདོ་ལས་ཀྱང་ཡེ་ཤེས་ཡོད་མེད་གཉིས་ཀ་ལས་གྲོལ་བར་གསུངས་སོ། །ཡེ་ཤེས་དེས་ཤེས་བྱ་མཁྱེན་ཚུལ་ནི། ཆོས་ཉིད་དོན་དམ་པ་སྣང་བ་མེད་པའི་ཚུལ་གྱིས་མཁྱེན་ལ། བརྟགས་པའི་དོན་གྱི་བདེན་འགྱུར་བ། །བརྟེན་ནས་སྐྱེས་པ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་སུམ་གཟིགས། །ཞེས་དབུ་མ་བདེན་གཉིས་ལས་གསུངས་པ་ལྟར། གྲུབ་མཐའ་སྨྲ་བ་རྣམས་ཀྱིས་རྟོག་པས་བརྟགས་པ་མ་ཡིན་པའི་ཀུན་རྫོབ་རྒྱུ་འབྲས་རྟེན་འབྲེལ་སྣང་ཙམ་ནི་སྣང་བའི་ཚུལ་གྱིས་མཁྱེན་པ་དང༌། རང་རང་གི་སྒྲོ་བཏགས་པའི་ཆ་ཡང་རང་རང་གི་བློ་ལ་སྣང་བར་མཁྱེན་ཏེ་གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་རྨི་ལམ་བྱུང་བའི་མིའི་སྣང་ངོ་ན་རྨི་ལམ་བྱུང་བར་ཤེས་པ་བཞིན་ནོ། །དེས་ན་ཤེས་བྱ་ཇི་ལྟར་མཁྱེན་པའི་ཚུལ་ཡང་རྟོག་གེའི་སྤྱོད་ཡུལ་ལས་འདས་པའི་ཕྱིར་འཇིག་རྟེན་ཕལ་པས་བསམ་གྱིས་མི་ཁྱབ་སྟེ། ལང་གཤེགས་ལས། སོ་སོ་རང་རིག་ཡེ་ཤེས་ནི། །རྟོག་གེ་རྣམས་ཀྱི་སྤྱོད་ཡུལ་མིན། །ཞེས་དང༌། རྣམ་འགྲེལ་ལས། གཟུགས་སོགས་དང་ནི་སེམས་དེ་ལྟར། །གཟུང་བའི་མཚན་ཉིད་བསམ་པ་འདི། །མ་དག་བློ་ཅན་ལ་ཡིན་གྱི། །རྣལ་འབྱོར་རྟོགས་པ་


LT09,P1779B
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་མི་ཁྱབ། །ཅེས་གསུངས་པ་ལྟར་རོ། །ཀུན་རྫོབ་ཀྱི་དབང་དུ་བྱས་པ་དེའི་ཚེ་སེམས་དང་སེམས་ལས་བྱུང་བ་ལ་ཡེ་ཤེས་སུ་འདོགས་ན་ནི་དེ་འདྲ་བའི་ཡེ་ཤེས་མེད་དེ་འཁྲུལ་པ་ཐམས་ཅད་ཟད་པའི་ཕྱིར་རོ། །ཤེས་བྱ་མ་ལུས་པ་མཁྱེན་པ་ལ་ལྟོས་ནས་ནི་ཡོད་དེ་གནས་གྱུར་གྱི་སྐུ་བརྙེས་པའི་ཕྱིར་རོ། །བཞི་པ་བྲལ་སྨིན་གྱི་ཡོན་ཏན་བཤད་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ཡོན་ཏན་མཐའ་ཡས་བསྡུ་ན་བྲལ་སྨིན་གཉིས། །རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་མཐའ་ཡས་ཤིང་ཚད་བཟུང་མེད་པ་ཐམས་ཅད་ཀྱང་མདོར་བསྡུ་ན། རང་དོན་མཐར་ཕྱིན་པ་དོན་དམ་ཆོས་ཀྱི་སྐུ་ལ་གདོད་མ་ནས་དབྱེར་མེད་དུ་ཡོད་པའི་དྲི་མ་དང་བྲལ་བ་ཙམ་གྱི་འབྲས་བུས་ཕྱེ་བའི་ཡོན་ཏན་སུམ་ཅུ་རྩ་གཉིས་དང༌། གཞན་དོན་མཐར་ཕྱིན་པ་ཀུན་རྫོབ་གཟུགས་ཀྱི་སྐུ་ལ་ཡོད་པ་རིམ་གྱིས་བསྐྱེད་པ་ལས་གྲུབ་པ་རྣམ་པར་སྨིན་པའི་ཡོན་ཏན་སུམ་ཅུ་རྩ་གཉིས་ཞེས་བྱ་བ་སྡེ་ཚན་གཉིས་སུ་འདུ་བ་ཡིན་ཏེ། རྒྱུད་བླ་མ་ལས། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པ་ལས་བྱུང་བའི། །ཡོན་ཏན་བྱེ་བ་དྲུག་ཅུ་བཞི་འདི་དག །ཅེས་སོགས་གསུངས་སོ། །གཉིས་པ་ལ་གཉིས། བྲལ་བའི་ཡོན་ཏན། རྣམ་སྨིན་ཡོན་ཏན་ནོ། །དེའི་དང་པོ་ལ་རྒྱུད་བླའི་དགོངས་པས་སུམ་ཅུ་རྩ་གཉིས་དང༌། མངོན་རྒྱན་གྱི་དགོངས་པས་ཟག་མེད་ཉེར་གཅིག་གོ །དང་པོ་ལའང་གཉིས། མདོར་བསྟན་གྱིས་མཚམས་སྦྱར། དེ་དོན་རྒྱས་པར་བཀྲོལ་བའོ། །དང་པོ་ནི། དོན་དམ་བྲལ་བའི་ཡོན་ཏན་སུམ་ཅུ་གཉིས། །ཞེས་སོ། །གཉིས་པ་ལ་གསུམ། སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད་དོ། །དང་པོ་ནི། གནས་དང་རྣམ་སྨིན་དབང་ཁམས་མོས་ཀུན་འགྲོ། །ཀུན་


LT09,P180A
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་རྗེས་དྲན་སྐྱེ་འཆི་ཟག་པ་ཟད། །མཁྱེན་པའི་སྟོབས་བཅུ་སྒྲིབ་འཇོམས་རྡོ་རྗེ་བཞིན། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྟོབས་གཅིག་ཉིད་མཁྱེན་ཡུལ་གྱི་སྒོ་ནས་དབྱེ་བ་ས་བཅུ་སྟེ། དེའང་སྔོན་གྱི་སེམས་བསྐྱེད་དང་སྡོམ་པའི་དམ་བཅའ་བརྟན་པས་དགེ་བའི་རྣམ་སྨིན་ཡིད་དུ་འོང་བ་ཐོབ་པ་ལྟ་བུའི་གནས་དང་རྣམ་སྨིན་ཡིད་དུ་མི་འོང་བ་ཐོབ་པ་ལྟ་བུའི་གནས་མིན་མཁྱེན་པའི་སྟོབས། དེ་བཞིན་དུ་ལས་འབྲས་བསྟན་པས་རང་རང་གིས་བྱས་པའི་ལས་འབྲས་རང་རང་གིས་མྱོང་བའི་ལས་རྣམས་ཀྱི་རྣམ་སྨིན་མཁྱེན་པ་དང༌། དབང་པོ་དང་མཐུན་པར་ཆོས་བསྟན་པས་དད་པ་ལ་སོགས་པའི་དབང་པོ་མཆོག་དམན་མཁྱེན་པ་དང༌། ཁམས་རྣམས་དང་མཐུན་པར་ཞུགས་པས་ཐེག་པ་གསུམ་གྱི་རིགས་ཐ་དད་པ་སོགས་ཁམས་སྣ་ཚོགས་མཁྱེན་པ་དང༌། མོས་པ་དང་མཐུན་པར་ཞུགས་པས་ཟག་བཅས་དང་ཟག་མེད་ལ་མོས་པ་སོགས་ཀྱི་མོས་པ་སྣ་ཚོགས་མཁྱེན་པ་དང༌། ཐེག་པ་ཐམས་ཅད་ལ་གོམས་པ་ལས་འཁོར་འདས་ཀུན་ཏུ་འགྲོ་བའི་ལམ་མཁྱེན་པ་དང༌། ཏིང་ངེ་འཛིན་ལྷུར་བླངས་པས་བསམ་གཏན་དང་རྣམ་ཐར་སོགས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཚུལ་མཁྱེན་པ་དང༌། དགེ་བ་ཆུད་མ་གསན་པས་སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། སེམས་ཅན་ལ་ལྷག་པའི་བསམ་པ་སོགས་ལས་ལྷའི་མིག་གིས་འཆི་འཕོ་དང་སྐྱེ་བ་མཁྱེན་པ་དང༌། ཟག་པ་ཟད་པའི་དོན་དུ་ཆོས་སྟོན་པས་ཞི་བ་ཟག་ཟད་མཁྱེན་པའི་སྟོབས་གྲུབ་པ་སྟེ། དེ་ལྟར་སྟོབས་བཅུ་པོས་མ་རིག་པ་ལ་སོགས་པའི་སྒྲིབ་པ་རྣམས་འཇོམས་ཤིང་སླར་སྒྲིབ་པས་མི་ཕྱེད་པའི་ཕྱིར་རྡོ་རྗེ་བཞིན་ནོ། །གཉིས་པ་ནི། བྱང་ཆུབ་ཟག་ཟད་ལུང་དང་ངེས་འབྱུང་ལམ། །དོན་གཉིས་སྟོན་ལ་མི་འཇིགས་སེང་གེ་འདྲ། །དེའང་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པ་ལ་མི་


LT09,P180B
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པ་ནི། ཆོས་ཐམས་ཅད་མཁྱེན་ཅིང་ཐུགས་སུ་ཆུད་པ་ཡིན་པས་དེ་ལ་འཇིག་རྟེན་ན་མཐུ་ཆེ་བ་སུས་ཀྱང་དེ་ལྟར་མ་ཡིན་ཞེས་རྒོལ་བའི་གནས་མེད་པ་སྟེ། འདི་ནི་རྟོགས་པ་ཕུན་སུམ་ཚོགས་པའོ། །ཟག་པ་ཟད་པ་ལ་མི་འཇིགས་པ་ནི། འདོད་ཆགས་ལ་སོགས་པ་ཟག་པ་ཐམས་ཅད་ཟད་པ་ཡིན་པའི་ཕྱིར། དེ་ལྟར་ཞལ་གྱིས་བཞེས་པ་རྣམས་ལ་རྒོལ་བའི་གནས་མེད་པ་སྟེ་སྤངས་པ་ཕུན་སུམ་ཚོགས་པའོ། །བར་དུ་གཅོད་པའི་ཆོས་ལུང་སྟོན་པ་ལ་མི་འཇིགས་པ་ནི། འདོད་ཡོན་དང་ཐར་པ་ལ་ཆགས་སོགས་བར་དུ་གཅོད་པ་མངོན་སུམ་དུ་གཟིགས་པས་དེ་ལྟར་སྟོན་པ་ལ་རྒོལ་བའི་གནས་མེད་པའོ། །ངེས་པར་འབྱུང་བའི་ལམ་སྟོན་པ་ལ་མི་འཇིགས་པ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་རྣམ་པར་གྲོལ་བ་ཐོབ་ཅིང་གཞན་གྱིས་ནམ་ཡང་མ་ཡིན་པར་མངོན་སུམ་དུ་གཟིགས་པའི་ཕྱིར་དེ་ལྟར་སྟོན་པ་ལ་སུས་ཀྱང་རྒོལ་བའི་གནས་མེད་པའོ། །དེའང་དང་པོ་གཉིས་རང་དོན་དང་ཕྱི་མ་གཉིས་གཞན་དོན་ཕུན་སུམ་ཚོགས་པ་སྟེ། དེ་བཞིས་འཁོར་གྱི་ནང་དུ་ཆོས་སྟོན་པ་ལ་འཇིགས་པ་དང་བག་ཚ་བ་མེད་པ་སེང་གེ་དང་འདྲ་བའོ། །གསུམ་པ་ནི། སྤྱོད་དང་རྟོགས་པས་བསྡུས་དུག་མཛད་མཁྱེན་གསུམ། །གཞན་དང་མ་འདྲེས་བཅོ་བརྒྱད་མཁའ་དང་མཚུངས། །སངས་རྒྱས་ཁོ་ནའི་ཁྱད་ཆོས་སྤྱོད་པས་བསྡུས་པ་དྲུག་རྟོགས་པས་བསྡུས་པ་དྲུག་མཛད་པས་བསྡུས་པ་གསུམ། མཁྱེན་པས་བསྡུས་པ་གསུམ། ཉན་རང་ལ་སོགས་པ་གཞན་དང་མ་འདྲེས་པའི་ཆོས་བཅོ་བརྒྱད་དེ། གཞན་ལ་མངོན་དུ་གྱུར་པའི་གཟུགས་ཅན་མེད་པའི་འདུས་མ་བྱས་ཀྱི་ཁམས་ནམ་མཁའ་འབྱུང་བ་བཞི་དང་མ་འདྲེས་པ་དང་མཚུངས་སོ། །དེའང་དང་པོ་སྤྱོད་པས་བསྡུས་པ་ནི་དགྲ་བཅོམ་པ་རྣམས་ལ་གླང་པོ་ཆེ་གཏུམ་པོ་དང་ལྷན་ཅིག་འགྲོ་བ་སོགས་ཀྱི་འཁྲུལ་པ་དང༌། གད་མོ་དང་


LT09,P181A
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱ་བ་སོགས་ཀྱི་ཅ་ཅོ་དང༌། དྲན་པ་ཐོབ་ཟིན་ཉམས་པ་དང༌། རྗེས་ཐོབ་མཉམ་པར་མ་གཞག་པ་དང༌། སྲིད་ཞིའི་རང་བཞིན་ལ་ཐ་དད་པའི་འདུ་ཤེས་དང༌། གདུལ་བྱ་མ་བརྟགས་པར་བཏང་སྙོམས་སུ་འཇོག་པ་རྣམས་ཡོད་ཀྱང༌། དེ་བཞིན་གཤེགས་པའི་སྐུའི་སྤྱོད་པ་ལ་སྦྲུལ་རྡོག་པས་རྫི་བ་སོགས་ཀྱི་འཁྲུལ་པ་མེད་པ་དང༌། གསུང་གི་སྤྱོད་པ་དོན་དུ་མི་འགྱུར་བའི་ཚིག་སྨྲ་བ་སོགས་ཀྱི་ཅ་ཅོ་མི་མངའ་བ་དང༌། ཐུགས་ཀྱི་སྤྱོད་པ་ལ་ཉོན་མོངས་པ་མེད་པར་ཡུན་རིང་པོ་ནས་མཛད་པ་དང་གསུངས་པ་རྗེས་སུ་དྲན་པས་དྲན་པ་ཉམས་པ་མི་མངའ་བ་དང༌། མཉམ་རྗེས་ཐམས་ཅད་ལ་མཁྱེན་བཞིན་དུ་འཇུག་པས་རྟག་ཏུ་མཉམ་པར་མ་གཞག་པ་མི་མངའ་བ་དང༌། སྲིད་ཞི་མཉམ་ཉིད་ཀྱི་རྟོགས་པ་མཐར་ཕྱིན་པས་འཁོར་འདས་ཐ་དད་ཀྱི་འདུ་ཤེས་མི་མངའ་བ་དང༌། གདུལ་བྱ་བརྟགས་ནས་དོན་དུ་མི་འགྱུར་ན་ཡལ་བར་འདོར་བ་སྲིད་ཀྱི་མ་བརྟགས་པར་བཏང་སྙོམས་སུ་འཇོག་པ་མི་མངའ་བ་སྟེ་སྤྱོད་པ་མ་འདྲེས་པ་དྲུག་གོ །གཉིས་པ་རྟོགས་པས་བསྡུས་པ་དྲུག་ནི། དགྲ་བཅོམ་པ་རྣམས་ལ་ཤེས་སྒྲིབ་ལྷག་མ་ཡོད་པས་འདུན་པ་ལ་སོགས་དྲུག་མ་ཐོབ་པའི་ཉམས་པ་ཡོད་ཀྱང༌། དེ་བཞིན་གཤེགས་པས་ཤེས་སྒྲིབ་མཐའ་དག་སྤངས་པའི་ཕྱིར། བརྩོན་འགྲུས་དང༌། དྲན་པ་དང༌། ཤེས་རབ་ཀྱི་དབང་པོ་གསུམ་དང༌། དེ་དག་གི་གནས་འདུན་པ་དང༌། འབྲས་བུ་རྣམ་གྲོལ་དང༌། རྣམ་གྲོལ་གྱི་ཡེ་ཤེས་གཟིགས་པ་རྣམས་མ་ཐོབ་པའི་ཡོངས་སུ་ཉམས་པ་མེད་པ་སྟེ་རྟོགས་པ་མ་འདྲེས་པ་དྲུག་གོ །འདི་དག་གི་འདྲེན་ལུགས་ལ་མདོ་ཐ་དད་ཀྱི་དགོངས་པས་ཤེར་ཕྱོགས་སུ་ཏིང་འཛིན་དང་རྣམ་གྲོལ་གཉིས་སྨོས། གཞན་དག་ཏུ་ཏིང་འཛིན་དང་རྣམ་གྲོལ་གཟིགས་པ་སྨོས་ལ། རྒྱུད་བླར་བུམ་རིན་ཆེན་གྱི་མདོ་ལ་བརྟེན་ནས་རྣམ་གྲོལ་དང་རྣམ་


LT09,P181B
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་གཟིགས་པ་གཉིས་སྨོས། ཏིང་འཛིན་མ་བགྲངས་པ་ནི་མཉམ་པར་མ་གཞག་པའི་ཐུགས་མི་མངའ་བར་འདུས་པར་དགོངས་སོ། །གསུམ་པ་མཛད་པས་བསྡུས་པ་གསུམ་ནི། རྒྱུད་བླ་ལས། ལས་རྣམས་ཡེ་ཤེས་སྔོན་འགྲོ་དང༌། །ཞེས་གསུངས་པ་ལྟར་ཏེ། དེའང་དགྲ་བཅོམ་པའི་སྒོ་གསུམ་གྱི་ལས་ལ་རེས་དགེ་བ་རེས་ལུང་མ་བསྟན་ཡོད་ཀྱང༌། དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་མཛད་པ་ཕྲིན་ལས་ཐམས་ཅད་ཡེ་ཤེས་ཀྱིས་ཀུན་ནས་བསླང་བས་རྒྱུའི་ཀུན་སློང་ཡེ་ཤེས་སྔོན་་འགྲོ་ཞིང༌། ཡེ་ཤེས་དང་ལྷན་ཅིག་རྒྱུ་བས་དུས་ཀྱི་ཀུན་སློང་ཡེ་ཤེས་ཀྱི་རྗེས་སུ་འཇུག་པའི་ཕྱིར་དགེ་བ་ཁོ་ན་སྟེ་ཕྲིན་ལས་མ་འདྲེས་པ་གསུམ་མོ། །བཞི་པ་མཁྱེན་པས་བསྡུས་པ་གསུམ་ནི། དགྲ་བཅོམ་པའི་ཡེ་ཤེས་ནི་རྩོལ་བ་ཙམ་གྱིས་མི་རྟོགས་པས་ཆགས་པ་དང་བཅས་ཤིང་ཐམས་ཅད་མི་རྟོགས་པས་ཐོགས་པ་དང་བཅས་པ་ཡིན་ལ། དེ་བཞིན་གཤེགས་པས་རྩོལ་བ་ཙམ་གྱིས་ཤེས་བྱ་ཐམས་ཅད་རྟོགས་པས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དངོས་པོ་རྣམས་ལ་མ་ཆགས་མ་ཐོགས་ཤིང་སྨོན་པ་མེད་པའི་ཡེ་ཤེས་ཀྱི་གཟིགས་པ་སྒྲིབ་པ་མེད་པ་ཐོབ་པ་སྟེ་ཡེ་ཤེས་མ་འདྲེས་པའོ། །མ་འདྲེས་པ་བཅོ་བརྒྱད་ལ་ཅ་ཅོ་མི་མངའ་བ་སོགས་བགྲང་བ་ནི་གྲུབ་མཐའ་བཞི་ལས་མདོ་སྡེ་པ་ཡན་གྱི་ལུགས་ཏེ། མཛོད་ལས། སངས་རྒྱས་ཆོས་ནི་མ་འདྲེས་པ། །སྟོབས་ལ་སོགས་པ་བཅོ་བརྒྱད་དོ། །ཞེས་སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ། ཐུགས་རྗེ་ཆེན་པོ་སྟེ་བཅོ་བརྒྱད་འདྲེན་པ་བྱེ་བྲག་སྨྲ་བའི་ལུགས་སུ་འགྲེལ་བས་བཤད་དོ། །གཉིས་པ་ཟག་མེད་ཀྱི་སྡེ་ཚན་བཤད་པ་ནི། རྒྱས་པར་ཟག་མེད་སྡེ་ཚན་ཉེར་གཅིག་སྟེ། །བྱང་ཆུབ་ཕྱོགས་མཐུན་ཚད་མེད་རྣམ་པར་ཐར། །


LT09,P182A
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་འཇུག་ཟད་པར་ཟིལ་གནོན་ཉོན་མོངས་མེད། །སྨོན་མཁྱེན་མངོན་ཤེས་སོ་ས་ཡང་དག་རིག །ཐམས་ཅད་ངག་བཞི་དབང་སྟོབས་མི་འཇིགས་བཞི། །སྲུང་མེད་དྲན་ཉེ་བསྙེལ་མེད་བག་ཆགས་བཅོམ། །ཐུགས་རྗེ་ཆེ་དང་མ་འདྲེས་ཀུན་མཁྱེན་ནོ། །དོན་དམ་ཆོས་སྐུའི་ཡོན་ཏན་རྒྱས་པར་མངོན་རྟོགས་རྒྱན་འབྲས་བུ་ཆོས་སྐུ་བསྟན་པའི་སྐབས་སུ་ཟག་མེད་སྡེ་ཚན་ཉེར་གཅིག་ཏུ་གསུངས་ཏེ། དེ་ལ་སྡེ་ཚན་དང་པོ་དེ་བཞིན་གཤེགས་པ་རང་ཉིད་ཀྱི་སྐུས་བསྡུས་པའི་དྲན་པ་ཉེ་བར་གཞག་པ་ནས་བཟུང་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱི་བྱང་ཆུབ་ཀྱི་ཕྱོགས་རྣམས་སེམས་ཅན་གྱི་དུས་བྲལ་སྟོབས་ཀྱི་ཆ་ཤས་ཡོངས་སུ་མ་རྫོགས་པས་མི་གསལ་བ་ལྟ་བུ་མིན་པ། ཡོངས་སུ་རྫོགས་པ་དྲི་མ་དང་བྲལ་བ། ཟག་པ་མེད་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ཀྱིས་བསྡུས་པ་ཡིན་ནོ། །ཟག་མེད་ཡེ་ཤེས་ཀྱི་སྡེ་ཚན་ཐམས་ཅད་ལ་འདི་བཞིན་དུ་སྦྱར་རོ། །གཉིས་པ་བྱམས་པ་ལ་སོགས་པ་ཚད་མེད་པ་སྐྱེ་བོ་གཞན་རྣམས་ཚངས་པའི་གནས་བཞིར་སྐྱེ་བར་བྱེད་པ་རྣམས་དང༌། གསུམ་པ་ནི། ནང་ཤེས་པ་གཟུགས་ཅན་དུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ལ་བལྟ་བ་དང༌། ནང་གཟུགས་ཅན་མ་ཡིན་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ལ་ལྟ་བ་ནི་གཟུགས་ཅན་མིན་པ་གཟུགས་ལ་ལྟ་བའི་རྣམ་ཐར་ཞེས་བྱ་བ་གཉིས་དང༌། སྡུག་པའི་རྣམ་ཐར་ཏེ་ཡིད་དུ་འོང་བའི་རང་བཞིན་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་གནས་པ་ཞེས་བྱ་བ་གཅིག་དང༌། ནམ་མཁའ་དང་རྣམ་ཤེས་དང་ཅི་ཡང་མེད་པ་དང་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཅེས་བྱ་བ་བཞི་དང༌། འདུ་ཤེས་དང་ཚོར་བ་འགོག་པ་ཞེས་བྱ་བ་གཅིག་སྟེ། དེ་ལྟར་རྣམ་པར་ཐར་པ་བརྒྱད་དང༌། སྡེ་ཚན་བཞི་པ་


LT09,P182B
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞིའི་སྙོམས་པར་འཇུག་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། ལྔ་པ་ཟད་པར་ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། ནམ་མཁའ་མཐའ་ཡས་དང༌། རྣམ་པར་ཤེས་པ་མཐའ་ཡས་ཞེས་བྱ་བ་ཟད་པར་རྣམ་པ་བཅུ་དང༌། སྡེ་ཚན་དྲུག་པ་ནང་ཤེས་པ་གཟུགས་ཅན་དུ་འདུ་ཤེས་ནས་ཕྱི་རོལ་གྱི་རྣམ་པ་ཐམས་ཅད་སོ་སོར་ཆུང་ངུ་དང་ཆེན་པོའི་རྣམ་པ་དག་ཏུ་ཕྱི་རོལ་གྱི་གཟུགས་རྣམས་ལ་བལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཞེས་བྱ་བ་གཉིས་དང༌། ནང་གཟུགས་མེད་པར་འདུ་ཤེས་པ་དག་གིས་སོ་སོར་ཆུང་ངུ་དང་ཆེན་པོའི་རྣམ་པ་དག་ཏུ་ཕྱི་རོལ་གྱི་གཟུགས་རྣམས་ལ་བལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཞེས་བྱ་བ་གཉིས་ཏེ་བཞི་དང༌། ནང་གཟུགས་མེད་པར་འདུ་ཤེས་པ་དག་ཁོ་ནས་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དག་ཟིལ་གྱིས་མནན་ནས་མཐོང་བ་ཞེས་བྱ་བ་རྣམ་པ་བཞི་སྟེ། མདོར་ན་སྐལ་པ་མཉམ་པ་ལ་འབྱུང་བ་བཞི་ཁ་དོག་བཞིར་སྣང་བའི་སྣང་བ་དེ་དག་འགོག་པ་ལ་མཐུ་ཐོབ་སྟེ་མི་སྣང་བར་བྱས་ནས། ཡུལ་ཐམས་ཅད་གསེར་ལྟ་བུ་ཁོ་ནའམ་འབའ་ཞིག་གམ་ཟད་པར་སྣང་བར་བྱེད་པའི་ཏིང་ངེ་འཛིན་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམ་པ་བརྒྱད་དང༌། བདུན་པ་ཕ་རོལ་གྱི་རྒྱུད་དུ་གཏོགས་པའི་ཉོན་མོངས་པའི་དགྲའི་རྒྱུན་དྲུང་འབྱིན་པའི་ཏིང་ངེ་འཛིན་ཞེས་བྱ་བ་གང་ཡིན་པ་ཉོན་མོངས་པ་མེད་པ་དང༌། བརྒྱད་པ་ཡང་དག་པ་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་ཞིང་དེ་ལྟ་བུའི་རང་བཞིན་ལས་མ་འདས་ཀྱང༌། གདུལ་བྱ་སྤྲོས་མཚན་དུ་ལྟ་བ་དག་གི་འདོད་ཆགས་


LT09,P183A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་བཅོམ་པར་བྱེད་ཅིང་ཐེ་ཚོམ་སེལ་བར་མཛད་པའི་སྨོན་ལམ་གྲུབ་པས་དེ་བཞིན་གཤེགས་པའི་ཡེ་ཤེས་འཁོར་བ་ཇི་སྲིད་པའི་གནས་སྐབས་སུ་འགྲོ་བའི་དོན་ལ་འཇུག་པ་དང༌། རྣམ་པར་གྲོལ་བ་ཇི་སྲིད་པའི་གནས་སྐབས་སུའང་མཁྱེན་པ་དེ་སེམས་ཅན་ལ་འཇུག་པ་ཞེས་བྱ་བ་སྨོན་ནས་མཁྱེན་པ། དགུ་པ་ད་ལྟར་གྱི་ལུས་ཉེ་རིང་ཇི་སྙེད་པ་ཤི་ནས་གར་སྐྱེས་པའི་གཟུགས་ཐམས་ཅད་མཐོང་བ་ལྷའི་མིག་དང༌། སྒྲ་དང་སྐད་དང་བརྡ་སྣ་ཚོགས་ཐོས་ཤིང་གོ་བ་ལྷའི་རྣ་བ་དང༌། སེམས་ཅན་གྱི་བསམ་པ་དང་བག་ལ་ཉལ་ཤས་ཆེ་ཆུང་ཀུན་ཤེས་པ་སེམས་ཀྱི་རྣམ་གྲངས་ཤེས་པ་དང༌། འབར་བ་དང༌། འཕུར་བ་དང༌། མང་ཉུང་དང༌། བཟང་ངན་དང༌། ཆུ་ལ་འགྲོ་ཞིང་ས་ལ་བྱིང་བ་དག་ཤེས་པ་ལུས་ཀྱི་རྫུ་འཕྲུལ་ཤེས་པ་དང༌། ད་ལྟར་གྱི་ལུས་ནས་བཟུང་སྟེ། ཚེ་རབས་སྔ་མ་ལ་གནས་གང་ན་གནས། ལས་ཅི་བྱེད་པའི་ལོ་རྒྱུས་དྲན་པ་ནི། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། མཐོང་བ་དང་སྒོམ་པས་སྤང་བའི་ཉོན་མོངས་པ་གང་ཞིག་སྤངས། གང་ཞིག་མ་སྤངས་པའི་རིམ་པ་ཤེས་བཞིན་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པ་ཤེས་པ་དག་ཟག་པ་ཟད་པ་ཤེས་པ་སྟེ་མངོན་པར་ཤེས་པ་དྲུག་དང༌། བཅུ་པ་སེམས་ཅན་བསམ་པ་ཐ་དད་དང་འཚམས་པར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ནི་གཉེན་པོའི་ཐབས་སྣ་ཚོགས་སུ་སྟོན་པ་ཆོས་སོ་སོ་ཡང་དག་པར་རིག་པ། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་སྟེ་ཆོས་སྤྱིའི་མཚན་ཉིད་དང༌། སྐྱེ་འགག་མེད་པ་དོན་གྱི་མཚན་ཉིད་དེ་མིང་ཚག་གི་བརྗོད་དོན་ཤེས་པ་དོན་སོ་སོ་ཡང་དག་པར་རིག་པ། འགྲོ་བ་ཐམས་ཅད་ཀྱི་བརྡ་དང་སྐད་དང་དེ་དག་གི་དོན་ལ་མ་རྨོངས་པ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ། ཆོས་སྟོན་ཅིང་ཐེ་ཚོམ་གཅོད་པ་ལ་ཐོགས་པ་མེད་པ་སྤོབས་པ་སོ་སོ་ཡང་དག་པར་རིག་པ་བཞི་དང༌། བཅུ་


LT09,P183B
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པ་རྟེན་དང༌། དམིགས་པ་དང༌། ཐུགས་དང༌། ཡེ་ཤེས་ཡོངས་སུ་དག་པ་ཞེས་བྱ་བ་དག་པ་བཞི་དང༌། བཅུ་གཉིས་པ། སྔར་བཤད་པ་ལྟར། ཚེ་དང་སེམས་དང་ཡོ་བྱད་ལས། །སྐྱེ་བ་མོས་པ་སྨོན་ལམ་དང༌། །རྫུ་འཕྲུལ་ཡེ་ཤེས་ཆོས་ལ་དབང༌། །ཞེས་པའི་དབང་བཅུ་དང་པོ་གསུམ་ནི་སྦྱིན་པའི་འབྲས་བུ་དང༌། ལས་དང་སྐྱེ་བ་ནི་ཚུལ་ཁྲིམས་ཀྱི་དང༌། མོས་པ་ནི་བཟོད་པའི་དང༌། སྨོན་ལམ་ནི་བརྩོན་འགྲུས་ཀྱི་དང༌། རྫུ་འཕྲུལ་ནི་བསམ་གཏན་གྱི་དང༌། ཐ་མ་གཉིས་ནི་ཤེས་རབ་ཀྱི་སྟེ་སློབ་པའི་གནས་སྐབས་སུ་ཆ་མཐུན་དང༌། དངོས་ནི་སངས་རྒྱས་ཀྱི་ས་ཁོ་ནའོ། །བཅུ་གསུམ་པ་སྟོབས་བཅུ་དང༌། བཅུ་བཞི་པ་མི་འཇིགས་པ་བཞི་དང༌། བཅོ་ལྔ་པ་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང༌། ཐུགས་ཀྱི་སྤྱོད་པ་ལ་འཁྲུལ་པ་ཡོངས་སུ་དག་པ་སྟེ། སངས་རྒྱས་ཀྱི་རང་བཞིན་འདི་ལ་ཕྱིན་ཅི་ལོག་གི་ཀུན་ཏུ་སྤྱོད་པ་གཞན་གྱིས་ཡོངས་སུ་ཤེས་པར་དོགས་པའི་ངོ་ཚའམ་བག་ཚ་བས་མི་གསལ་བར་བཅབ་པར་བྱའོ་སྙམ་པའི་དགོངས་པ་མི་མངའ་བ་བསྲུང་བ་མེད་པ་རྣམ་པ་གསུམ་དང༌། བཅུ་དྲུག་པ་དེ་བཞིན་གཤེགས་པས་ཆོས་སྟོན་པ་ན་གུས་པས་ཉན་པར་འདོད་པ་དང༌། ཉན་པར་མི་འདོད་པ་དང༌། རེས་གུས། རེས་མི་གུས་པ་གཉིས་ཀ་དག་ལ་གོ་རིམ་བཞིན་དུ་རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བ་དང་ཆགས་སྡང་གཉིས་ཀ་ཆ་མཉམ་པར་སྐྱེ་བ་གཉིས་ཀས་དབེན་པ་ཁོ་ནར་བཏང་སྙོམས་སུ་དྲན་པ་དང་ལྡན་པར་གནས་པ་ཞེས་བྱ་བ་དྲན་པ་ཉེ་བར་གཞག་པ་རྣམ་པ་གསུམ། བཅུ་བདུན་པ་སེམས་ཅན་གྱི་དོན་མཛད་པའི་དུས་ལས་མི་འདའ་བར་གང་ལ་གང་འདུལ་དུ་སྟོན་པས་སྐབས་དེར་མཛད་པ་ཡོལ་མི་སྲིད་པའི་མཚན་ཉིད་ཅེས་བྱ་བ་བསྙེལ་བ་སྟེ་བརྗེད་པ་མི་མངའ་བའི་ཆོས་ཉིད་དང༌། བཅོ་བརྒྱད་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ལ་ཉལ་གྱི་ངོ་བོའི་ས་


LT09,P184A
[མ་དཔེ་གཟིགས་ན་འདིར་གནོན།]

བོན་སྤངས་པས་བག་ཆགས་ཡང་དག་པར་བཅོམ་པ་དང༌། བཅུ་དགུ་པ་སྐྱེ་བོ་མཐའ་དག་ལ་ཕན་པའི་བསམ་པ་ཉིད་ཅེས་བྱ་བ་སྐྱེ་བོ་ལ་ཐུགས་རྗེ་ཆེན་པོ་ཉིད་དང༌། ཉི་ཤུ་པ་འཕགས་ཆུང་འོག་མ་རྣམས་དང་མ་འདྲེས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། ཉེར་གཅིག་པ་རྣམ་མཁྱེན་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་འབྲས་བུའི་རྣམ་མཁྱེན་རྣམས་སྤང་བྱའི་གནས་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཆོས་ཀྱི་སྐུའི་རང་བཞིན་དུ་བཤད་དོ། །གཉིས་པ་རྣམ་སྨིན་གྱི་ཡོན་ཏན་བཤད་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། གཟུགས་སྐུ་རྣམ་གཉིས་མཁའ་དང་ཆུ་ཟླ་ལྟར། །སྣང་ལ་མ་གྲུབ་རྣམ་སྨིན་ཡོན་ཏན་ནི། །གཟུགས་སྐུ་གཉིས་ལས་ལོངས་སྐུ་ནམ་མཁར་ཤར་བའི་ཟླ་བ་དང་སྤྲུལ་སྐུ་ཆུ་ཟླའི་ཟླ་བ་ལྟ་བུར་གདུལ་བྱའི་དབང་གིས་སྣ་ཚོགས་སུ་སྣང་ཡང་དེའི་ངོ་བོར་མ་གྲུབ་པ་རྣམ་པར་སྨིན་པའི་ཡོན་ཏན་ནི་དངོས་མཚན་བཟང་སོ་གཉིས་དང༌། ཞར་བྱུང་དཔེ་བྱད་བརྒྱད་ཅུ། གསུང་དབྱངས་དང་བཅས་པའོ། །གཉིས་པ་ནི། ལེགས་གནས་འཁོར་ལོས་མཚན་སོགས་སོ་གཉིས་དང༌། །ཟངས་མདོག་སྣུམ་མཐོ་ལ་སོགས་བརྒྱད་ཅུ་སྟེ། །སྐྱེས་བུ་ཆེན་པོའི་མཚན་དཔེ་རྣམས་ཀྱིས་སྤྲས། །ཚངས་པའི་གསུང་དབྱངས་ཡན་ལག་དྲུག་ཅུར་ལྡན། དེ་བཞིན་གཤེགས་པས་སྔོན་དམ་བཅའ་བརྟན་པར་བྱས་པས་ཞབས་ཀྱི་མཐིལ་ལེགས་པར་མཉམ་པར་གནས་པ་དང༌། སྦྱིན་པ་བཏང་བས་ཕྱག་ཞབས་ཀྱི་མཐིལ་འཁོར་ལོས་མཚན་པ་དང༌། གཞན་ཁྱད་དུ་མ་བསད་པས་རྟིང་པ་ཡངས་ཤིང་ལོང་བུ་མི་མངོན་པ་དང༌། སེམས་ཅན་གཞན་འཇིགས་པ་ལས་བསྐྱབས་པས་སོར་མོ་རིང་བ་དང༌། གཞན་གྱི་འཁོར་ཕྲ་མས་མ་ཕྱེ་བས་ཕྱག་ཞབས་ཀྱི་སོར་མོ་རྣམས་དྲྭ་བས་འབྲེལ་བ་དང༌། གོས་སྣ་ཚོགས་བྱིན་པས་ཕྱག་ཞབས་ཀྱི་


LT09,P184B
[མ་དཔེ་གཟིགས་ན་འདིར་གནོན།]

པགས་པ་འཇམ་ཞིང་གཞོན་ཤ་ཆགས་པ་དང༌། བཟའ་བཏུང་རྒྱ་ཆེན་པོ་བྱིན་པས་ཕྱག་ཞབས་ཀྱི་མཐིལ་བཞི་དང་ཕྲག་གོང་གཉིས་དང་ལྟག་པའི་ཆ་སྟེ་སྐུའི་གནས་བདུན་དག་མཐོ་བ་དང༌། སངས་རྒྱས་ཀྱིས་གསུངས་པའི་ཆོས་བཟུང་བས་བྱིན་པ་ཨེ་ན་ཡ་ཞེས་པ་ཤ་ར་བྷའམ་བསེ་ཁ་སྒོའམ་ཤ་བའི་བྱིན་པ་དང་འདྲ་བར་ཤ་རྒྱས་ཤིང་བྱིན་གྱིས་ཕྲ་བ་དང༌། གསང་ཚིག་བསྲུངས་ཤིང་འཁྲིག་པ་སྤངས་པས་གླང་པོ་ཆེ་ལྟར་གསང་བ་སྦུབས་སུ་ནུབ་པ་དང༌། དགེ་བ་རྒྱ་ཆེན་པོ་རིམ་གྱིས་སྤྱད་པས་རོ་སྟོད་འཕེལ་ཀ་ཆེ་བ་སེང་གེ་འདྲ་བ་དང༌། དགེ་བ་ཡང་དག་པར་སྤྱོད་པས་ཐལ་གོང་མ་ཁེངས་པའི་བར་མེད་པར་རྒྱས་པ་དང༌། གཞན་ལ་མི་འཇིགས་པ་བྱིན་པས་དཔུང་མགོ་ལེགས་པར་ཟླུམ་པ་དང༌། གཞན་གྱི་བྱ་བ་བྱེད་པ་ལ་སྤྲོ་བས་ཕྱག་མཐིལ་འཇམ་ཞིང་ཟླུམ་ལ་མཐོ་དམའ་མེད་པར་མཉམ་པ་དང༌། སེམས་ཅན་གྱི་དོན་ལ་བརྩོན་པས་མ་བཏུད་པར་པུས་མོར་སླེབ་པའི་ཕྱག་རིང་བ་དང༌། དགེ་བཅུ་མི་ངོམས་པར་སྤྱད་པས་སྐུ་དྲི་མས་ཡོངས་སུ་དག་ཅིང་འོད་ཀྱི་དཀྱིལ་འཁོར་འདོམ་གང་དང་ལྡན་པ་དང༌། ནད་པ་ལ་སྨན་སོགས་བྱིན་པས་མགྲིན་པ་ཁ་དོག་དྲི་མ་མེད་ཅིང་དབྱིབས་དུང་དང་འདྲ་བར་འཁྱིལ་པ་དང༌། དང་པོར་དགེ་བ་ལ་སྦྱོར་ཞིང་ཕྱིས་རྫོགས་པར་བྱས་པས་འགྲམ་པ་རི་དྭགས་ཀྱི་རྒྱལ་པོ་འདྲ་བ་དང༌། སེམས་ཅན་ལ་བསམ་པ་མཉམ་པར་བྱས་པས་ཚེམས་བཞི་བཅུ་སྟེང་འོག་གཉིས་སུ་ཉི་ཤུ་རེར་གྲངས་མཉམ་ཞིང་ཐགས་བཟང་ལ་དྲི་མས་རྣམ་པར་དག་ཅིང་མཐོ་དམན་མཉམ་པ་ཉིད་དང༌། སྒོ་གསུམ་གྱི་ལས་བསྲུངས་པས་མཆེ་བ་རབ་མཆོག་དགར་བ་དང༌། བདེན་པར་གསུངས་པས་ལྗགས་རིང་ཞིང་མཐའ་མེད་ལ་བསམ་དུ་མེད་པ་དང༌། རོ་བྲོ་བ་མང་པོ་བྱིན་པས་ལྗགས་ཁ་ཟས་ཀྱི་རོ་བྲོ་བའི་མཆོག་དང་ལྡན་པ་དང༌། འཇམ་ཞིང་དགའ་བའི་ཚིག་སྨྲས་པས་རང་བྱུང་གི་གསུང་ཀ་


LT09,P185A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་པིངྐའི་སྒྲ་དང་ཚངས་པའི་དབྱངས་ལྟར་སྙན་པ་དང༌། བྱམས་པ་དང་ལྡན་ཞིང་ཐམས་ཅད་བསྲུངས་པས་སྤྱན་བཟང་པོ་ཨུཏྤལ་སྔོན་པོ་འདྲ་བ་དང༌། བསམ་པ་གཡོ་སྒྱུ་མེད་པས་རྫི་མ་ཁྱུ་མཆོག་འདྲ་བར་སྣུམ་ཞིང་མ་འཛིངས་པ་དང༌། བསྔགས་འོས་ལ་བསྔགས་པས་ཞལ་མཛེས་དྲི་མ་མེད་པའི་སྨིན་མཚམས་ན་མཛོད་སྤུ་དཀར་པོ་ཉག་སུམ་ཅུ་རྩ་གཉིས་དང་ལྡན་པ་དང༌། བླ་མ་ལ་གུས་པས་གཙུག་ཏོར་དབུར་ལྡན་པ་སྟེ་ལུས་དྲང་པོར་མི་གཡོ་བ་དང༌། ཆོས་འཚོལ་བ་ལ་ལས་སུ་རུང་བས་པགས་པ་དག་ཅིང་སྲབ་ལ་གསེར་གྱི་མདོག་འདྲ་བ་དང༌། འདུ་འཛི་སྤངས་པས་བ་སྤུ་ཕྲ་ཞིང་འཇམ་ལ་ཁུང་བུ་རེ་ནས་རེ་རེ་སྐྱེས་པ་དང༌། གདམས་ངག་ལ་མཐུན་པར་འཛིན་པས་བ་སྤུའི་རྩེ་མོ་གྱེན་དུ་ཕྱོགས་ཤིང་གཡས་ཕྱོགས་སུ་འཁྱིལ་བ་དང༌། ཀུན་ལ་བརྩེ་ཞིང་མཚོན་ཆ་སྤངས་པས་དབུ་སྐྲ་དྲི་མ་མེད་ཅིང་རིན་པོ་ཆེ་མཐོན་མཐིང་ལྟར་སྔོ་བ་དང༌། རང་གཞན་ཐམས་ཅད་ཏིང་ངེ་འཛིན་ལ་སྦྱར་བས་ནྱ་གྲོ་དྷ་རྫོགས་པའི་ལྗོན་ཤིང་གི་དཀྱིལ་འཁོར་དང་འདྲ་བར་སྐུ་ཆུ་ཞེང་གབ་པ་དང༌། སངས་རྒྱས་ཀུན་ཏུ་བཟང་པོ་དཔེ་མེད་པ་དྲང་སྲོང་ཆེན་པོ་དེ་སྲེད་མེད་ཀྱི་བུའི་སྟོབས་མངའ་ཞིང་མཁྲེགས་པའི་སྐུ་དང་ལྡན་པ་སྟེ་སུམ་ཅུ་རྩ་གཉིས་སོ། །དཔེ་བྱད་ནི། མངོན་རྟོགས་རྒྱན་ལས། ཐུབ་པའི་སེན་མོ་ཟངས་མདོག་དང༌། །མདོག་སྣུམ་མཐོ་དང་སེན་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང༌། །རྩ་མི་མངོན་དང་མདུད་པ་མེད། །ཁོང་བུ་མི་མངོན་ཞབས་མཉམ་དང༌། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང༌། །མཛེས་གཤེགས་དྲང་དང་འཁྲིལ་བག་དང༌། །བྱི་དོར་བྱས་འདྲ་རིམ་པར་འཚམས། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང༌། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང༌། །


LT09,P185B
[མ་དཔེ་གཟིགས་ན་འདིར་གནོན།]

གོམ་སྙོམས་སྤྱན་གཉིས་དག་པ་དང༌། །ཤིན་ཏུ་གཞོན་ཤ་ཅན་ཉིད་དང༌། །སྐུ་ཞུམ་མེད་དང་རྒྱས་པ་དང༌། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང༌། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང༌། །གཟིགས་པ་སྒྲིབ་མེད་དག་པ་དང༌། །དཀུ་ཟླུམ་སྐབས་ཕྱིན་མ་རྙོག་དང༌། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་པ་དང༌། །ཀུན་ནས་ལྟ་ན་སྡུག་པ་དང༌། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང༌། །ཕྱག་ནི་ཤིང་བལ་ལྟར་འཇམ་དང༌། །ཕྱག་རིས་མདངས་ཡོད་ཟབ་རིང་དང༌། །ཞལ་ནི་ཧ་ཅང་མི་རིང་དང༌། །མཆུ་ནི་བིམྦ་ལྟར་དམར་དང༌། །ལྗགས་མཉེན་པ་དང་སབ་པ་དང༌། །དམར་དང་འབྲུག་གི་སྒྲ་ཉིད་དང༌། །གསུང་མཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང༌། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང༌། །མཆོག་ཏུ་དག་པ་དག་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདབ་མ་འདྲ་བ་དང༌། །སྨིན་ཚུགས་རིང་དང་འཇམ་པ་དང༌། །སྣུམ་དང་སྤུ་ནི་མཉམ་པ་དང༌། །ཕྱག་རིང་རྒྱས་དང་སྙན་མཉམ་དང༌། །ཉམས་པ་རྣམ་པར་སྤངས་པ་དང༌། །དཔྲལ་བ་ལེགས་པར་འབྱེས་པ་དང༌། །དབྱེས་ཆེ་བ་དང་དབུ་རྒྱས་དང༌། །དབུ་སྐྲ་བུང་བ་ལྟར་གནག་དང༌། །སྟུག་དང་འཇམ་དང་མི་འཛིངས་དང༌། །མི་གཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང༌། །དཔལ་གྱི་བེའུ་དང་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་པས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་གསུངས་པ་ལྟར་རོ། །འདི་དག་ལས་སེན་མོ་མཐོ་པ་ནི་མ་ཞོམ་པ་དང༌། ལོང་བུའི་ཚིག་སྤོམ་པར་མི་མངོན་པ་དང༌། ཞབས་གཉིས་རིང་ཐུང་ཕྲ་སྦོམ་མཉམ་པ་དང༌། མི་ལ་སོགས་པ་ས་སྟེང་གི་འགྲོ་བ་ཟིལ་གྱིས་གནོན་པས་སེང་གེའི་སྟབས་དང༌། ཀླུ་ལ་སོགས་པ་ས་འོག་གི་འགྲོ་


LT09,P186A
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཟིལ་གྱིས་གནོན་པས་གླང་པོ་ཆེའི་སྟབས་དང༌། མཁའ་ལ་རྒྱུ་བའི་སེམས་ཅན་དང་སྟེང་གི་འགྲོ་བ་རྣམས་ཟིལ་གྱིས་གནོན་པས་བྱ་ངང་པའམ་མཁའ་ལྡིང་གི་སྟབས་དང༌། འཁོར་རྣམས་ཀྱི་སྣ་འདྲེན་པས་ཁྱུ་མཆོག་གི་སྟབས་སུ་གཤེགས་པ་དང༌། མཚན་ཐམས་ཅད་དོད་ཅིང་གསལ་བས་ཡོངས་སུ་རྫོགས་པ་དང༌། ཕྱལ་གྱི་དབྱིབས་ཡངས་ཤིང་མཛེས་པས་ཕྱང་ངེ་བ་དང༌། ལྟེ་བའི་ཁུང་ཟབ་ཅིང་རི་མོ་གཡས་སུ་འཁྱིལ་པ་དང༌། ཞལ་གྱི་སྒོ་ཧ་ཅང་ཆེས་པའི་སྐྱོན་དང་གསུང་ཐག་ཧ་ཅང་རིང་བ་མེད་པ་དང༌། སྨིན་མ་གཉིས་འབྲེལ་བས་ཚུགས་རིང་བ་དང༌། དཔྲལ་བ་ལེགས་པར་རྒྱས་ཤིང་འབུར་དུ་མ་དོད་པས་དབྱེས་པ་དང༌། སྐྲ་མཚམས་མཉམ་པར་ཕྱེད་པ་དང༌། །ཕྱག་ཞབས་ལ་དཔལ་གྱི་བེའུ་དང༌། འཁོར་ལོའི་མུ་ཁྱུད་ལ་བཀྲ་ཤིས་པའི་རི་མོ་བར་མ་ཆད་བདུན་རིམ་དང༌། གཡུང་དྲུང་འཁྱིལ་པའི་དབྱིབས་ཅན་རི་མོ་གྲུ་བཞིས་བསྐོར་བའོ། །གཞན་རྣམས་ནི་གོ་སླའོ། །འདི་རྣམས་ཀྱི་ངོ་བོ་ཉིད་ནི་གང་གི་དངོས་པོ་ཡིན་ཞེ་ན། དེ་ལ་འདོད་ཚུལ་ཐ་དད་པ་ལས་ཉན་ཐོས་སྡེ་པ་དག་གི་ལྟར་ན། རྡུལ་ཕྲ་རབ་ཀྱི་ཆོས་ཅན་ཕྱི་དོན་གྱི་བེམས་པོའི་ངོ་བོ་ཉིད་དེ་གཟུགས་ཀྱི་སྐྱེ་མཆེད་དོ། །རྣམ་རིག་པ་ལྟར་ན། ངོ་བོ་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་དང༌། བྱེད་ལས་གདུལ་བྱ་ལ་སྣང་བ་སྐྱེད་པར་གསུངས་པས་གཞན་སྣང་གི་གདུལ་བྱའི་རྣམ་པར་རིག་པ་ཙམ་མོ། །འོན་ཀྱང་འདིར་ཐ་སྙད་དུ་སྐྱེ་མཆེད་པའི་གཟུགས་ཅན་ལྟ་བུའི་རྣམ་གཞག་ནི་དགོས་སོ། །དེ་བཞིན་དུ་རྣལ་འབྱོར་སྤྱོད་པ་དང་མཐུན་པའི་དབུ་མ་ལའང༌། ཡང་དག་པའི་ཀུན་རྫོབ་ཏུ་སྣང་བ་ཇི་ལྟར་མོས་པས་རབ་ཏུ་ཕྱེ་བ་སྟེ། འདི་དག་རང་སེམས་སྣང་བ་ཞེས། །སོ་སོ་སྐྱེ་བོས་མི་ཤེས་མོད། །དེ་ལྟར་ན་ཡང་གཟུགས་མཐོང་དེ། །དེ་


LT09,P186B
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་ནི་དོན་ཡོད་འགྱུར། །ཞེས་སོགས་བཤད་པ་ལྟར་ཡིན་ནོ། །ཚངས་པའི་གསུང་དབྱངས་ཡན་ལག་དྲུག་ཅུ་ནི། དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་འབྱུང་བ་སློབ་དཔོན་ཨ་བྷ་ཡས་བསྟན་བཅོས་ཐུབ་པ་དགོངས་རྒྱན་དུ་རྒྱས་པར་བཤད་པའི་དོན་སྡོམ་དུ་བསྡུ་ན། མཉེན་འཇམ་ཡིད་འོང་ཡིད་དུ་འཐད། །དག་པ་དྲི་མེད་རབ་ཏུ་གསལ། །སྙན་ཅིང་འཇེབས་ལ་མཉན་པར་འོས། །མི་ཚུགས་སྙན་པ་དུལ་མི་རྩུབ། །མི་རླངས་རབ་དུལ་རྣ་བར་སྙན། །ལུས་ཚིམ་བྱེད་དང་སེམས་ཚིམ་བྱེད། །སྙིང་དགར་བྱེད་དང་དགའ་བདེ་སྐྱེད། །ཡོངས་སུ་གདུང་མེད་ཀུན་ཤེས་བྱ། །རྣམ་པར་རིག་བྱ་རྣམ་གསལ་བ། །དགའ་བར་བྱེད་དང་མངོན་དགར་བྱེད། །ཀུན་ཤེས་བྱེད་དང་རྣམ་རིག་བྱེད། །རིགས་པ་འབྲེལ་བ་ཟློས་སྐྱོན་མེད། །སེང་གེའི་སྒྲ་ཡི་ཤུགས་ཅན་དང༌། །གླང་ཆེན་སྒྲ་སྐད་འབྲུག་སྒྲའི་དབྱངས། །ཀླུ་དབང་སྒྲ་དང་དྲི་ཟའི་གླུ། །ཀ་ལ་པིངྐའི་སྒྲ་དབྱངས་དང༌། །ཚངས་པའི་སྒྲ་དབྱངས་བསྒྲགས་པ་དང༌། །ཤང་ཤང་ཏེའུའི་སྒྲ་དབྱངས་གྲགས། །ལྷ་ཡི་དབང་པོའི་དབྱངས་ལྟར་སྙན། །རྔ་སྒྲ་མ་ཁེངས་མི་དམའ་དང༌། །སྒྲ་ཀུན་གྱི་ནི་རྗེས་སུ་ཞུགས། །ཚིག་ཟུར་མ་ཆག་མ་ཚང་མེད། །མ་ཞུམ་མི་ཞན་རབ་དགའ་ཁྱབ། །ཆུབ་དང་རྒྱུན་ཆགས་འབྲེལ་བ་དང༌། །སྒྲ་ཀུན་རྫོགས་པར་བྱེད་པ་དང༌། །དབང་ཀུན་ཚིམ་བྱེད་མ་སྨད་པ། །མི་འགྱུར་མ་བརྟབས་ཁོར་ཡུག་གྲགས། །རྣམ་པ་ཀུན་གྱི་མཆོག་ལྡན་ནོ། །བཞི་པ་མཛད་པ་ཕྲིན་ལས་བཤད་པ་ལ་གཉིས། མཛད་པའི་དོན་བདུན་རྒྱས་པར་བཤད། གཉིས་ཀྱིས་དོན་བསྡུ་བའོ། །དང་པོ་ནི། ཕྲིན་ལས་ལྷུན་གྱིས་གྲུབ་ཅིང་ཕྱོགས་རིས་མེད། །གཅིག་འདྲེས་རྒྱུན་མི་འཆད་དང་སྣ་ཚོགས་ཐབས། །སྐལ་པར་འཚམས་ཤིང་ཡོངས་སུ་སྐྱོབ་པ་སྟེ། །


LT09,P187A
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་སངས་རྒྱས་རྣམས་ཀྱི་ཕྲིན་ལས་ནི་འདི་དང་འདི་ལྟ་བུ་བྱའོ་སྙམ་པའི་རྣམ་པར་རྟོག་པ་དང་འབད་རྩོལ་གྱི་མཚན་མ་ཅུང་ཟད་ཀྱང་མི་མངའ་བཞིན་དུ་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་རྒྱ་ཆེན་པོའི་མཐུས་ཡིད་བཞིན་གྱི་ནོར་བུས་འབད་རྩོལ་མེད་བཞིན་དུ་འོད་ཟེར་སྤྲོ་བ་དང༌། ལྷའི་རྔ་བོ་ཆེས་རྟོག་པ་མེད་བཞིན་དུ་ཆོས་ཀྱི་སྡོམ་བཞི་སྟོན་པ་དང་མཐུན་པར། རང་རང་གི་ཁམས་དང་བསམ་པ་དང་དབང་པོ་དང་བག་ལ་ཉལ་ཇི་ལྟ་བ་བཞིན་དུ་སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་མཐའ་ཡས་པས་གདུལ་བྱ་བསམ་གྱིས་མི་ཁྱབ་པའི་དོན་འབད་མེད་ལྷུན་གྱིས་གྲུབ་པར་འབྱུང་བ་དང༌། ཉི་མའི་དཀྱིལ་འཁོར་ལ་འཆར་དང་མི་འཆར་གྱི་ཕྱོགས་རིས་མེད་པར་ཆུའི་སྣོད་དྭངས་པ་དང་མི་དྭངས་པ་ཐམས་ཅད་དུ་རང་རང་དང་འཚམས་པར་ཅིག་ཅར་དུ་འཆར་བ་བཞིན་དུ། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པའང་འདི་ལ་སྣང་འདི་ལ་མི་སྣང་ཞེས་ཕྱོགས་རིས་ཅུང་ཟད་ཀྱང་མེད་པར་གདུལ་བྱ་རྣམས་རང་རང་གི་སྐལ་པ་མཆོག་དམན་དང་འཚམས་པར་ཅིག་ཅར་དུ་སྣང་བ་དང༌། ཉི་མའི་འོད་ཟེར་དཔག་ཏུ་མེད་པའང་འདྲེས་ནས་པདྨ་ཁ་འབྱེད་པ་ལྟ་བུའི་བྱ་བ་གཅིག་ལ་འཇུག་པ་བཞིན་དུ། སེམས་ཅན་རེ་རེ་འདུལ་བ་ལའང་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དང་ཕྲིན་ལས་གཅིག་ཏུ་འདྲེས་ནས་འཇུག་པ་དང༌། འདུས་མ་བྱས་ཀྱི་ནམ་མཁའི་དབྱིངས་སུ་འདུས་བྱས་ཀྱི་དངོས་པོ་སྐྱེ་བ་དང་འཇིག་པ་རྒྱུན་མི་འཆད་པ་བཞིན་དུ་ཟག་པ་མེད་པའི་དབྱིངས་སུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང༌། གདུལ་བྱ་དུས་ལ་བབ་པ་ན་ཕྲིན་ལས་འཇུག་ཅིང་མ་བབ་ན་མི་འཇུག་པའི་ཚུལ་གྱིས་སངས་རྒྱས་ཀྱི་མཛད་པ་ནམ་ཡང་རྒྱུན་མི་འཆད་པ་དང༌། ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་པར་འཁོར་བ་ཇི་སྲིད་ཀྱི་བར་དུ་ལ་ལར་


LT09,P187B
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་བྱང་ཆུབ་པ་དང༌། ལ་ལར་ཆོས་འཁོར་བསྐོར་བ་དང༌། ལ་ལར་མྱ་ངན་ལས་འདའ་བར་སྟོན་པ་སོགས་ཐབས་སྣ་ཚོགས་པའི་སྒོ་ནས་ཇི་ལྟར་རིགས་པར་གདུལ་བྱའི་དོན་མཛད་པ་དང༌། རི་མཐོ་དམན་གྱི་ཁྱད་པར་ལས་ཉི་མའི་འོད་ཟེར་རིམ་གྱིས་འཆར་བ་བཞིན་དུ་གདུལ་བྱ་སྐལ་པ་མཆོག་དང་བར་མ་དང་དམན་པ་རྣམས་ལའང་སངས་རྒྱས་ཀྱི་ཕྲིན་ལས་རང་རང་དང་འཚམས་པར་རིམ་གྱིས་འཇུག་པ་དང༌། སངས་རྒྱས་མཐོང་བ་ཙམ་གྱིས་འཚེ་བ་དང༌། ངན་སོང་དང༌། །ཐབས་མ་ཡིན་པ་དང༌། ཁམས་གསུམ་གྱི་སྡུག་བསྔལ་དང༌། ཐེག་པ་དམན་པ་ལས་སྐྱོབ་པ་སྟེ་ཡོངས་སུ་སྐྱོབ་པ་རྣམ་པ་ལྔས་སེམས་ཅན་གྱི་དོན་མཛད་པའོ། །གཉིས་པ་ནི། གདུལ་བྱ་ལམ་རྟེན་མཐོ་རིས་ལམ་དངོས་དང༌། །མཐར་ཕྱིན་དག་ལ་འགོད་ཕྱིར་མདོར་བསྡུ་ན། །ལྷུན་གྲུབ་རྒྱུན་མི་འཆད་པ་གཉིས་སུ་འདུ། །རྒྱལ་བའི་ཕྲིན་ལས་ཀྱི་ངོ་བོ་རྒྱུན་མི་འཆད་པར་གང་ལ་གང་འདུལ་གྱི་བཀོད་པ་ནམ་མཁའ་དང་མཉམ་པ་དང༌། བྱེད་ལས་གདུལ་བྱ་མཐའ་ཡས་པ་ཆོ་འཕྲུལ་གསུམ་གྱིས་ལམ་གྱི་རྟེན་མཐོ་རིས་ལྷ་དང་ཚངས་པའི་ཐེག་པ། ལམ་དངོས་ཚོགས་སྦྱོར་ལ་སོགས་པ། མཐར་ཕྱིན་ཐེག་པ་གསུམ་གྱི་འབྲས་བུ་ལ་འགོད་པར་མཛད་པའི་ཕྱིར་མདོར་བསྡུ་ན་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་འཆད་པ་གཉིས་སུ་འདུ་བའི་སྔ་མ་ནི། རྒྱུད་བླ་མ་ལས། གང་ཞིག་གང་གིས་གདུལ་བ་ཡི། །བྱ་གང་གང་དུ་གང་གི་ཚེ། །དེ་ཡི་རྣམ་རྟོག་སྐྱེ་མེད་ཕྱིར། །ཐུབ་པ་རྟག་ཏུ་ལྷུན་གྱིས་གྲུབ། །ཅེས་དང༌། ཕྱི་མ་ནི། དེ་ཉིད་ལས། གཞན་གྱི་དབང་གིས་ངེས་འབྱུང་དང༌། །བདག་དང་སེམས་ཅན་མཚུངས་གཟིགས་དང༌། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་འཆད། །ཅེས་གསུངས་པ་ལྟར་རོ། །


LT09,P188A
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཐེག་པའི་འབྲས་བུ་གཏན་ལ་དབབ་པ་སྐབས་དང་པོའི་འགྲེལ་བའོ།། །།

༢ སྔགས་ཀྱི་ཐུན་མོང་གི་དངོས་གྲུབ་གཏན་ལ་དབབ་པའི་སྐབས།

སྐབས་གཉིས་པ་སྔགས་ཀྱི་ཐུན་མོང་གི་དངོས་གྲུབ་གཏན་ལ་དབབ་པ་ལ་གཉིས། སྤྱིར་བཏང་གིས་མདོར་བསྟན། བྱེ་བྲག་ཐུན་མོང་དངོས་གྲུབ་ཞིབ་མོར་བཤད་པའོ། །དང་པོ་ནི། སྔགས་ཀྱི་རིམ་གཉིས་འབྲས་བུ་ཐུན་མོང་མཆོག །འདུས་པར་སྔགས་དང་ཡེ་ཤེས་གྲུབ་པ་གཉིས། །དུས་ཀྱི་འཁོར་ལོར་དབང་བདུན་གྲུབ་པ་གཅིག །གོང་མའི་ལམ་གནས་གྲུབ་པ་གསུམ་དུ་གསུངས། །གསང་སྔགས་ཀྱི་ལམ་རིམ་པ་གཉིས་བསྒོམས་པའི་འབྲས་བུ་སྔ་མས་གཙོ་བོར་ཐུན་མོང་དང་ཕྱི་མས་གཙོ་བོར་མཆོག་གྲུབ་པར་བྱེད་པས་ཐུན་མཆོག་གཉིས་སུ་འདུ་ཞིང༌། དེ་དག་ལ་འདུས་པར་སྔགས་དང་ཡེ་ཤེས་ཀྱི་གྲུབ་པ་གཉིས་སུ་གསུངས་ཏེ། རྒྱུད་ཕྱི་མ་ལས། མི་སྣང་ལ་སོགས་དངོས་གྲུབ་ནི། །ཐ་མལ་པ་ཞེས་བཤད་པ་ཡིན། །སངས་རྒྱས་ཉིད་གྲུབ་སངས་རྒྱས་ཀྱིས། །དངོས་གྲུབ་མཆོག་ཅེས་གསུངས་པ་ཡིན། །ཅེས་སོ། །ཡང་དངོས་གྲུབ་དམན་པ་ཕྲིན་ལས་བཞི་དང་འབྲིང་གྲུབ་ཆེན་བརྒྱད་དང་མཆོག་སངས་རྒྱས་འགྲུབ་པར་ཡང་བཤད་དེ། སྒྲོན་གསལ་ལས། དགོས་པ་ཡང་ནི་བཤད་བྱ་སྟེ། །ཞི་སོགས་བྱ་བའི་ཆོ་ག་དང༌། །དེ་བཞིན་གྲུབ་པ་བརྒྱད་དང་ནི། །སངས་རྒྱས་ཀྱང་ནི་མཆོག་ཡིན་ནོ། །ཞེས་སོ། །དངོས་གྲུབ་དེ་གཉིས་རིམ་གཉིས་ཀྱིས་འགྲུབ་པའི་ཚུལ་ཡང་འདུས་པའི་རྒྱུད་ཕྱི་མར། ཐུན་མོང་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་སུ་འདོད། །ཐུན་མོང་བ་ནི་རྡོ་རྗེ་བཞི། །མཆོག་ནི་ཡན་ལག་དྲུག་གིས་སོ། །ཞེས་འབྱུང་བ་ལྟར་རོ། །དུས་ཀྱི་འཁོར་ལོ་ལས་དབང་བདུན་གྱི་ལམ་ལ་གནས་པས་གྲུབ་པ་གཅིག་དང༌། དབང་གོང་མའི་ལམ་ལ་གནས་པས་ལས་དང་ཡེ་ཤེས་དང་ཕྱག་རྒྱ་ཆེན་


LT09,P188B
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གྲུབ་པ་གསུམ་དུ་གསུངས་ཏེ། དེའང་དང་པོར་དབང་བདུན་གྱི་ལམ་ལ་གནས་པས་རལ་གྲི་དང་རིལ་བུ་ལ་སོགས་པའི་གྲུབ་པ་ཐོབ་པ་དེས། ལུས་དེ་ཉིད་ཀྱིས་ལྷ་དང་མིའི་གནས་རྣམས་སུ་ཐོགས་མེད་དུ་རྒྱུ་ཞིང་ནམ་མཁའ་ལ་འགྲོ་བ་དང༌། རིག་སྔགས་ཀྱིས་སེམས་ཅན་ལ་ཕན་འདོགས་ཤིང་ཚར་གཅོད་པའང་ནུས་ལ། ལུས་དེ་མི་རྣམས་ཀྱི་ནང་དུ་བསྟན་ན་དེ་དག་གིས་མངོན་སུམ་དུའང་མཐོང་བ་སྟེ། དེ་ཉིད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་རྣམས་མཉེས་པར་བྱས་པའི་མཐུས་དེ་རྣམས་ཀྱིས་རྗེས་སུ་བཟུང་ཞིང༌། དབང་གོང་མའི་ལམ་ལ་གནས་པས་རིམ་གྱིས་སངས་རྒྱས་ཉིད་དུའང་འགྱུར་རོ། །འདི་ནི་རྫས་ལ་བརྟེན་པའི་རིག་པ་འཛིན་པ་ཡིན་པས་རལ་གྲི་སོགས་ཀྱི་རྫས་དང་བྲལ་ན་ནམ་མཁར་འགྲོ་བར་མི་ནུས་ཏེ། དཔེར་ན་ཡིད་འཕྲོག་མ་གཙུག་རྒྱན་གྱི་ནོར་བུ་མེད་པ་ན་ནམ་མཁའ་ལ་འགྲོ་བར་མི་ནུས་པ་བཞིན་ནོ། །དེ་ནས་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་མཁའ་ལ་སྤྱོད་པ་སོགས་གྲུབ་པ་དེ་ནི། རིག་སྔགས་ཀྱི་སྟོབས་ཀྱིས་གཞན་ལ་ཕན་འདོགས་པ་དང་ཚར་གཅོད་པ་སོགས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་ཡང་བྱེད་ལ། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་སོགས་མཉེས་པར་བྱས་ནས་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་བསྒོམས་ཏེ་རིམ་གྱིས་སངས་རྒྱས་ཉིད་ལའང་སྦྱོར་བར་བྱེད་དོ། །ལས་ཀྱི་ཕྱག་རྒྱ་ལས་གྲུབ་པ་ཐོབ་པ་འདིས་ནི་མི་རྣམས་ཀྱི་ནང་དུ་འོངས་ཤིང་རང་གི་ལུས་བསྟན་དུ་ཟིན་ཀྱང་དེ་དག་གིས་མངོན་སུམ་དུ་མི་མཐོང་སྟེ། ཕྲ་བ་དང་ཡང་བ་ལ་སོགས་པའི་དབང་ཕྱུག་གི་ཡོན་ཏན་དང་ལྡན་པ་ཡིན་པའི་ཕྱིར་རོ། །འོན་ཀྱང་སྤྲུལ་པའི་ལུས་དུ་མ་ཞིག་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པ་ནི་ཡོད་དོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་གཟུགས་ཀྱི་དངོས་གྲུབ་གྲུབ་པ་དེ་ནི་


LT09,P189A
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཁམས་ཀྱི་ལྷ་རྣམས་དང་སྐལ་པ་མཉམ་པར་འགྱུར་བ་ཡིན་པས། མི་རྣམས་ཀྱི་ནང་དུ་མི་འོང་ཞིང་ལུས་ཀྱང་དེ་དག་གི་སྤྱོད་ཡུལ་མ་ཡིན་མོད། །འོན་ཀྱང་བསམ་གཏན་གྱི་དངོས་གཞིའི་སྟོབས་ཀྱིས་འདོད་པའི་ཁམས་སུ་སྤྲུལ་པ་དུ་མས་སེམས་ཅན་གྱི་དོན་བྱེད་དོ། །བསམ་གཏན་དེའང་ཉེར་བསྡོགས་སྔོན་དུ་མ་སོང་བའི་དངོས་གཞིའི་སེམས་ལ་བརྟེན་པ་ཡིན་ཞེས་པ་ཀུན་ལས་བཏུས་ཀྱི་འགྲེལ་བར་སློབ་དཔོན་རྒྱལ་པོའི་སྲས་ཀྱིས་བཤད། མཐར་བདག་ཉིད་ཀྱང་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་གྱིས་སངས་རྒྱས་ཉིད་ལ་རིམ་གྱིས་སྦྱོར་རོ། །དབང་པོ་རྣོན་པོ་ནི། སེམས་ནི་བཅིངས་པར་གྱུར་པ་ལས། །རླུང་ནི་འཆིང་བར་འགྱུར་བ་ཡིན། །ཞེས་པའི་ཚུལ་གྱིས་ཕྱག་རྒྱ་ཆེན་པོ་འབའ་ཞིག་གི་ངང་དུ་སེམས་ཀྱི་བྱེད་པ་བཅིངས་པས། རྟེན་གྱི་བྱེད་པ་ཆིངས་པ་ནོར་བུ་དང་རྡོ་བའི་དཔེས་སངས་རྒྱས་མངོན་དུ་བྱེད་པ་རང་བྱུང་ཞབས་རྗེས་འབྲང་རྣམས་བཞེད་དོ། །གཉིས་པ་ལ་གཉིས། མདོར་བསྟན་གྱིས་མཚམས་སྦྱར། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། བསྐྱེད་རིམ་རྒྱུད་ཀྱི་སྦྱོར་བ་གནས་སྐབས་ཀྱི། །ལས་དང་དངོས་གྲུབ་ཆུང་འབྲིང་ཆེན་པོ་རྣམས། །གཙོ་བོར་འགྲུབ་སྟེ། །ཞེས་པ་ནི། དབང་བདུན་དང་འབྲེལ་བ་མི་ཟབ་པ་དང་ཟབ་མོ་བསྐྱེད་པའི་རིམ་པ་གང་ལ་བརྟེན་ནས་བསྒྲུབས་ཀྱང༌། རྒྱུད་ཀྱི་སྦྱོར་བ་གནས་སྐབས་ཐུན་མོང་གི་ཕྲིན་ལས་བཞི་ལ་སོགས་པ་དང༌། དངོས་གྲུབ་ཆུང་འབྲིང་ཆེན་པོ་རྣམས་ཇི་ལྟར་རིགས་པ་གཙོ་བོར་འགྲུབ་པ་ཡིན་ཏེ། བརྒྱུད་ནས་མཆོག་ལའང་སྦྱོར་བར་འགྱུར་རོ། །ཞེས་པའོ། །གཉིས་པ་རྒྱས་བཤད་ལ་གཉིས། ལས་དང་དངོས་གྲུབ་བོ། །དང་པོ་ནི། ཞི་རྒྱས་དབང་མངོན་སྤྱོད། །རྩ་བའི་ལས་བཞི་ཡན་ལག་རབ་འབྱམས་དང༌། །ཞི་རྒྱས་དབང་


LT09,P189B
[མ་དཔེ་གཟིགས་ན་འདིར་གནོན།]

དགུག་བསད་སྐྲད་རྨོངས་རེངས་ཏེ། །ལས་ཆེན་བརྒྱད་དང་བཅུ་གཉིས་གྲགས་རྣམས་སོ། །དེ་ལ་ལས་ནི། རྡོ་རྗེ་གུར་ལས། ཕན་པ་ཉིད་ཀྱིས་ཞི་བ་སྟེ། །རྡོ་རྗེ་ཉི་མ་རྒྱས་པའོ། །རྡོ་རྗེ་ཆོས་ནི་དབང་ཞེས་བྱ། །རྡོ་རྗེ་སེམས་དཔས་བསད་པར་བྱ། །ཞེས་ལྷའི་རྣལ་འབྱོར་བཞི་དང༌། ཞི་བའི་སེམས་ཀྱིས་ཞི་བ་སྟེ། །ཞེས་སོགས་བསམ་པ་བཞི་དང༌། མཐར་ནི་སྭཱ་ཧཱ་ཞི་བ་སྟེ། །ཞེས་སོགས་སྔགས་ཀྱི་མཐའ་རྟེན་བཞི་གསུངས་པ་ལྟ་བུའི་རྩ་བའི་ལས་བཞི་དང༌། དེ་དག་གི་ཡན་ལག་ཞི་བ་ལའང་ནད་དང་གདོན་ཞི་བ་སོགས་མང་པོ་དང༌། རྒྱས་པ་ལའང་ཚེ་དང་བསོད་ནམས་དང་ལོངས་སྤྱོད་རྒྱས་པ་སོགས་མང་པོ་དང༌། དབང་ལའང་རྒྱལ་པོ་དང་དམངས་དབང་དུ་བྱ་བ་དང་དགུག་པ་སོགས་མང་པོ་དང༌། མངོན་སྤྱོད་ལའང་བསད་སྐྲད་དབྱེ་རེངས་སོགས་དྲག་པོའི་ལས་རབ་འབྱམས་རྣམས་སོ། །ཡང་ན་ལས་ཆེན་པོ་ཞི་རྒྱས་དང༌། དབང་དགུག་དང༌། བསད་སྐྲད་དང༌། རྨོངས་རེངས་ཏེ་བརྒྱད་པོ་རྣམས་སོ། །ཀྱཻ་རྡོར་བརྟག་པ་ཕྱི་མའི་ལེའུ་བཞི་པ་ལས། དབང་དང༌། མངོན་སྤྱོད་དང༌། དགྲའི་སྡེ་འཇིག་པ་དང༌། བསྐྲད་པ་དང༌། བསད་པ་དང༌། དགུག་པ་དང༌། ཞི་བ་དང༌། རྒྱས་པར་ཡང་འགྱུར་རོ། །ཞེས་གསུངས་པའི་བརྒྱད་པོའམ། ལས་ཆེན་བཅུ་གཉིས་ཞེས་བྱ་བ་ནི། བདེ་མཆོག་རྩ་རྒྱུད་ལས། དབང་དང་དགུག་དང་དབྱེ་བ་དང༌། །བསད་དང་བསྐྲད་པ་ལ་སོགས་དང༌། །རྨུགས་དང་རེངས་པར་བྱ་བ་དང༌། །རྨོངས་དང་དེ་བཞིན་ཕུར་བུས་གདབ། །ཚིག་འཕྲོག་ལྐུགས་པར་གྱུར་པ་དང༌། །འོན་དང་དེ་བཞིན་ལོང་བ་དང༌། །མ་ནིང་ཉིད་དུ་བྱ་བ་དང༌། །གཟུགས་ནི་ཡོངས་སུ་བརྗེ་བ་སྟེ། །ལས་ཆེན་བཅུ་གཉིས་འདི་དག་ནི། །ཞེས་གསུངས་ཏེ། ཚིག་འཕྲོག་སོགས་དབང་པོ་ཉམས་


LT09,P190A
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བའི་ལས་ཞེས་གཅིག་ཏུ་བསྡོམས། འདིར་ཞི་བའི་ལས་ཀྱི་གསལ་ཁ་མ་བྱུང་ཡང་སྔ་ཕྱི་མང་དུ་གསུངས་ཏེ་དེ་བསྣན་པས་བཅུ་གཉིས་སོ། །འདི་ནི་མཚོན་པ་ཙམ་སྟེ་རྡོ་རྗེ་མཁའ་འགྲོར་ལས་རིམ་བརྒྱ་རྩ་གསུངས་པ་སོགས་ལས་རབ་འབྱམས་རྣམས་སོ། །གཉིས་པ་དངོས་གྲུབ་ལ་གསུམ། ཆུང་ངུ༌། འབྲིང༌། ཆེན་པོ། ཞར་བྱུང་མཁའ་སྤྱོད་ཀྱི་རྣམ་དབྱེ་བཤད་པའོ། །དང་པོ་ནི། ཆུང་ངུ་རིལ་བུ་མིག་སྨན་ས་འོག་གྲི། །མཁའ་སྤྱོད་མི་སྣང་འཆི་མེད་ནད་འཇོམས་སམ། །རལ་གྲི་མིག་སྨན་རིལ་བུ་རྐང་བྱུག་དང༌། །བཅུད་ལེན་མཆིལ་ལྷྭམ་དངུལ་ཆུ་ས་འོག་བརྒྱད། །སྔགས་ཀྱི་ཚོགས་ལམ་ཆེན་པོར་སླེབ་པ་དེས་ཐུན་མོང་གི་དངོས་གྲུབ་ཆུང་ངུ་འཕྲལ་དོན་དུ་གཉེར་ན་འདིའི་དྲོད་ཐོབ་ནས་སྤྱོད་པ་སྤྱད་པས། མངོན་ཤེས་ལྔ་དང༌། དངོས་གྲུབ་བརྒྱད་སོགས་རྫས་ཀྱི་རིག་པ་འཛིན་པ་དཀའ་བ་མེད་པར་འགྲུབ་པ་སྟེ། གྲུབ་པ་བརྒྱད་ཀྱང་ལྷ་མོ་བཞིས་ཞུས་ལས། །རྫས་བརྒྱད་ཡན་ལག་སྒྲུབ་པ་བཤད། །རིལ་བུ་མིག་སྨན་དངོས་གྲུབ་དང༌། །ས་འོག་རལ་གྲིའི་དངོས་གྲུབ་དང༌། །མཁའ་ལ་འཕུར་དང་མི་སྣང་དང༌། །ཤི་བ་མེད་དང་ནད་འཇོམས་སོ། །ཞེས་སམ། མཁའ་འགྲོ་རྒྱ་མཚོ་ལས། རལ་གྲི་མིག་སྨན་རིལ་བུ་དང༌། །རྐང་པ་བྱུག་དང་བཅུད་ལེན་དང༌། །མཆིལ་ལྷྭམ་དངུལ་ཆུ་ས་འོག་གི །དངོས་གྲུབ་སྒྲུབ་པ་མཁས་པས་བྱ། །ཞེས་པ་ལྟར་རམ། རྡོ་རྗེ་གུར་ལས། མིག་སྨན་དང་ནི་རྐང་བྱུག་དང༌། །རལ་གྲི་ས་འོག་སྒྲུབ་པ་དང༌། །རིལ་བུ་དང་ནི་མཁའ་སྤྱོད་ཉིད། །མི་སྣང་བ་དང་བཅུད་ཀྱིས་ལེན། །རིག་འཛིན་འཁོར་ལོ་སྒྱུར་བ་དང༌། །བུ་མོ་དམ་པ་དགུག་པ་ཉིད། །བདག་ཉིད་མཉེས་པར་སྒྲུབ་པ་པོས། །དངོས་གྲུབ་རྡོ་རྗེ་རྣམ་ཐོབ་བོ། །ཞེས་གསུངས་པ་ལྟར་རོ། །གུར་ལས་


LT09,P190B
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་འདིའི་དགོངས་པ་ནི་མིག་སྨན་མིག་ལ་བྱུག་པས་འཇིག་རྟེན་གསུམ་མཐོང་བ་དང༌། རྐང་པ་ལ་རྫས་བྱུག་པས་རྐང་མགྱོགས་དང༌། རལ་གྲི་ལག་ཏུ་བཟུང་བས་ནམ་མཁར་འགྲོ་བ་དང༌། ས་འོག་གི་གཏེར་རམ་བུམ་པ་བཟང་པོ་བཏོན་ནས་སེམས་ཅན་རྣམས་ལ་ཅི་འདོད་སྟེར་བ་དང༌། རིལ་བུ་ཁར་བཅུག་པས་སུས་ཀྱང་མི་མཐོང་ཞིང་གནོད་སྦྱིན་ལྟར་འདོད་པའི་གཟུགས་ཅན་དུ་འགྱུར་བ་སྟེ། འདིའི་ཁོངས་སུ་གཟུགས་སྒྱུར་པའང་འདུའོ། །རྫས་ཀྱི་ཐིག་ལེ་དཔྲལ་བར་བྱུག་པས་ལུས་མི་སྣང་ཞིང་སུས་ཀྱང་མི་མཐོང་བ་དང༌། ཚེ་ཉི་ཟླ་དང་མཉམ་པ་དང༌། ལུས་ལོ་བཅུ་དྲུག་ལོན་པ་ལྟར་གྱུར་པ་དང༌། ལྕགས་ཟངས་སོགས་གསེར་དུ་སྒྱུར་བ་སྟེ་གསུམ་པོ་ལ་བཅུད་ལེན་ཞེས་བྱ་ཞིང༌། འདི་གསུམ་ལའང་ཚེ་དང་ལུས་དང་ལོངས་སྤྱོད་ཀྱི་བཅུད་ལེན་ཞེས་བྱའོ། །བུ་མོ་དམ་པ་དགུག་པ་ནི་གནོད་སྦྱིན་མོ་བསྒྲུབས་པས་དེས་གྲུབ་ཆེན་བརྒྱད་ཅི་འདོད་སྟེར་བའོ། །དེ་ལ་གནོད་སྦྱིན་མོ་གྲུབ་ཆེན་གྱི་སྤྱི་སྒྲུབ་ཏུ་བྱས་ན་རིལ་བུ་དང་མི་སྣང་བ་གཅིག་ཏུ་བྱས། བཅུད་ལེན་ལ་གསུམ་དུ་ཕྱེ་ནས་བརྒྱད་དུ་བྱའོ། །གནོད་སྦྱིན་མོ་གྲུབ་ཆེན་བརྒྱད་ཀྱི་བྱེ་བྲག་ཏུ་བགྲང་ན། རིལ་བུ་དང་མི་སྣང་བ་གཅིག་ཏུ་བྱས། ཚེ་དང་ལུས་ཀྱི་བཅུད་ལེན་གཅིག་ཏུ་བྱས་ཤིང༌། ལོངས་སྤྱོད་ཀྱི་བཅུད་ལེན་གསེར་འགྱུར་གུད་དུ་བྱས་ལ་བརྒྱད་དུ་བརྩིའོ། །འདིའི་རིག་འཛིན་དང་འཁོར་ལོས་སྒྱུར་བ་དང་མཁའ་སྤྱོད་རྣམས་ནི་དངོས་གྲུབ་མཆོག་གི་ཁོང་དུ་བསྡུའོ། །བསྡུས་པའི་རྒྱུད་དུ་རལ་གྲི་རེག་པ་བཅུད། །བདུད་རྩི་རིལ་བུ་རོ་ཙ་སྨན་རྐང་མགྱོགས། །གཞན་དུ་འཁོར་ལོས་སྒྱུར་སོགས་མང་གསུངས་ཀྱང༌། །རྫས་ལུས་ལོངས་སྤྱོད་རིག་པ་འཛིན་པར་འདུ། །དུས་འཁོར་བསྡུས་རྒྱུད་སྒྲུབ་ལེ་ལས། རལ་གྲི་རེག་པ་བཅུད་ཀྱི་དབང་པོ་བདུད་རྩིའི་འབྲས་བུ་རིལ་བུ་རོ་ཙ་


LT09,P191A
[མ་དཔེ་གཟིགས་ན་འདིར་གནོན།]

ན་དང་མིག་སྨན་དང༌། །རྐང་པ་བྱུག་དང་ཤིང་ལྷྭམ་དག་དང་འཇིག་རྟེན་པ་ཡི་དངོས་གྲུབ་བརྒྱད་པོ་ཁྱོད་ཀྱིས་བདག་ལ་སྩོལ། །ཞེས་དང༌། ཡེ་ལེ་ལས། ལྷུན་པོའི་ཕྱི་རོལ་ཏུ་ནི་འོག་གི་ས་གཞིའི་གནས་ལ་གྲུབ་པ་བརྒྱད་པོ་ཡང་དག་གནས་པ་སྟེ། །ཤར་དུ་རལ་གྲིར་འགྱུར་ཏེ་རོ་ཡི་དབང་པོ་བདུད་རྩིའི་འབྲས་བུ་རིལ་བུ་མིག་སྨན་རོ་ཙ་ན། །ལྷོ་རུ་དཔལ་ལྡན་རྐང་མགྱོགས་མི་ཟད་མཐའ་དག་གཏེར་ནི་དཀྱིལ་འཁོར་དག་གི་མི་ཡི་ཟུར་དུའོ། །ཞེས་གསུངས་པའི་གྲུབ་པ་ཆེན་པོ་བརྒྱད་པོ་རྣམས་སོ། །དེ་རྣམས་ཀྱང་སོ་སོར་ངོས་བཟུང་ན། གྲུབ་པའི་རལ་གྲི་ནི་དེ་གང་གིས་ཁྱེར་བ་དེས་མཁའ་སྤྱོད་སོགས་སུ་བགྲོད་ནུས་པའོ། །རེག་པ་ནི་དེས་གང་ལ་རེག་པའི་རྡོ་བ་སོགས་གསེར་སོགས་སུ་སྒྱུར་ནུས་པའི་རྫས་ཁྱད་པར་ཅན་ཞིག་གོ །བཅུད་ཀྱི་དབང་པོ་ནི་གྲུབ་པའི་བཅུད་ལེན་ཏེ་གང་གིས་ཟོས་ན་ཚེ་ཉི་ཟླ་དང་མཉམ་པ་སོགས་སུ་འགྱུར་བའོ། །བདུད་རྩིའི་འབྲས་བུའང་གྲུབ་པའི་བཅུད་ལེན་བཞིན་ནོ། །རིལ་བུ་ནི་གང་གིས་བཟུང་ན་མཁའ་སྤྱོད་སོགས་སུ་བགྲོད་ནུས་པའོ། །རོ་ཙ་ན་ནི་གིའུ་ཝཾ་སྟེ་དེ་གྲུབ་ན་མི་སྣང་བ་སོགས་སུ་ནུས་པའོ། །མིག་སྨན་ནི་གང་གི་མིག་ལ་བསྐུས་པས་ས་འོག་གི་གཏེར་མཐོང་བའོ། །རྐང་བྱུག་དང་ཤིང་ལྷྭམ་གཉིས་ཀས་རྐང་མགྱོགས་གྲུབ་པའོ། །གཞན་ཡང་བདེ་མཆོག་རྩ་རྒྱུད་ལས། ས་འོག་སྟེང་འགྲོ་རལ་གྲི་དང༌། །ཚར་གཅོད་ཕན་འདོགས་ཉིད་དང་ནི། །རིལ་བུ་མིག་སྨན་གཏེར་རྣམས་སོ། །རྐང་མགྱོགས་དག་གམ་བཅུད་ཀྱི་ལེན། །ཅེས་པ་ལྟར་བརྒྱད་དུ་བཤད་ལ། འདི་ནི་ཕྱོགས་མཚོན་པ་ཙམ་སྟེ་རིགས་ལྔ་དང༌། འཇིག་རྟེན་གྱི་མཚོན་ཆ་སོགས་ཕྱག་མཚན་གྱི་རིག་པ་འཛིན་པ་དང༌། ངང་པ་མཁའ་ལྡིང་ཁྱུ་མཆོག་སོགས་བཞོན་པའི་རིག་པ་


LT09,P191B
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་དང༌། རྒྱལ་སྲིད་སྣ་བདུན་ལ་སོགས་པ་ལོངས་སྤྱོད་ཀྱི་རིག་པ་འཛིན་པ་དང༌། མཆོག་ཏུ་གྱུར་པ་རོ་ལངས་སྒྲུབ་པ་དང༌། ལྷ་དང་ལྷ་མིན་དང་ཀླུ་དང་གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་མངག་གཞུག་ཏུ་སྒྲུབ་པ་དང༌། གོང་སྨོས་འཁོར་ལོས་སྒྱུར་རྒྱལ་ཚངས་པའི་བུ་མོ་མངག་གཞུག་ཏུ་སྒྲུབ་པ་དང༌། ཡི་གེ་དང་མིང་གི་སྔགས་ཀྱི་རིག་པ་འཛིན་པ་སོགས་གཞན་ལ་བརྟེན་པའི་དངོས་གྲུབ་མཐའ་ཡས་པར་གསུངས་ཀྱང༌། མདོར་བསྡུ་ན། རྫས་དང༌། ལུས་དང༌། ལོངས་སྤྱོད་ཀྱི་རིག་པ་འཛིན་པ་གསུམ་དུ་འདུ་བ་ཡིན་ནོ། །གཉིས་པ་ནི། འབྲིང་པོ་ཐུན་མོང་དྲོད་ཐོབ་སྤྱོད་པ་ཡིས། །འདོད་པའི་རིག་འཛིན་འདོད་ལྷར་སྐལ་པ་མཉམ། །རིག་སྔགས་དངོས་གྲུབ་ཀུན་བྱེད་ཚེ་ལ་དབང༌། །ཕྲ་ཡང་བདག་པོར་གྱུར་དང་གར་ཡང་ཕྱིན། །མཆོད་འོས་འདོད་དགུར་སྒྱུར་ཅིང་དགའ་མགུར་གནས། །དབང་གྱུར་འཇིག་རྟེན་དབང་ཕྱུག་བརྒྱད་དང་ལྡན། ཁམས་འདིར་འོང་ཡང་ཕལ་པས་མཐོང་བ་མིན། །ཐུན་མོང་གི་དངོས་གྲུབ་འབྲིང་པོ་ནི། ཚོགས་ལམ་ཆེན་པོ་པ་དེས། ལས་ཀྱི་ཕྱག་རྒྱའི་བདེ་སྟོང་རྩེ་གཅིག་ཏུ་བསྒོམ་ཞིང་ཐུན་མོང་གི་དྲོད་ཐོབ་པ་ན་སྤྱོད་པ་སྤྱད་དེ་བསྒྲུབས་པས་འདོད་པའི་རིག་འཛིན་ཞེས་ལུས་འདོད་ཁམས་ཀྱི་ལྷ་དང་སྐལ་པ་མཉམ་པ། རིག་སྔགས་དང་དངོས་གྲུབ་སྣ་ཚོགས་བྱེད་པ། ཚེ་ལ་དབང་བར་འགྱུར་རོ། །འདི་ནི་ལུས་ཀྱི་རིག་པ་འཛིན་པ་ཞེས་ལུས་ཕྲ་ཡང་སོགས་ཡོན་ཏན་བརྒྱད་དང་ལྡན་པ་ཡིན་ཏེ། དེ་ལ་གཟུགས་ཕྲ་བ་ནི་རྩི་ཤིང་ནགས་ཚལ་ལ་སོགས་པ་སྣོད་ཀྱི་ཆོས་ཇི་སྙེད་སྤྲུལ་ཞིང་བསྡུ་བར་བྱེད་པས་ཕྲ་བ་དང༌། སེམས་ཅན་སྣ་ཚོགས་པ་སྤྲུལ་བསྡུ་བྱེད་པས་ཡང་བ་དང༌། གཉིས་ཀ་སྤྲུལ་བསྡུ་བྱེད་པས་ཡང་དག་པར་ཐོབ་པའམ་བདག་པོར་གྱུར་པ་དང༌། ཡིད་ཀྱིས་བསམ་པ་ཙམ་


LT09,P192A
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གར་ཡང་ཕྱིན་པ་དང༌། འབྱུང་པོ་ཀུན་གྱིས་མཆོད་པར་བྱེད་པའི་འོས་སུ་རབ་ཏུ་གསལ་བ་དང༌། ཇི་ཙམ་འདོད་པ་ཐམས་ཅད་འབྱུང་བ་ནི་འདོད་དགུར་སྒྱུར་བ་དང༌། གང་ཐོབ་པས་འདོད་པ་དེ་ཐོབ་ནུས་པས་དགའ་མགུར་གནས་པ་སྟེ་དེ་ཉིད་བརྟེན་པ་དང༌། ཚར་བཅད་རྗེས་འཛིན་གྱི་དབང་ཡོད་པ་ནི་དབང་དུ་གྱུར་པའོ། །ཡང་ན་ཕྲ་བ་ནི་འཇའ་ལུས་སུ་གྱུར་བ་དང༌། ཡང་བ་ནི་རྡུལ་རགས་པའི་ཁམས་མེད་པའི་རྒྱུ་མཚན་གྱིས་ཐོགས་བཅས་ཀྱི་ལུས་མ་ཡིན་པས་ན་ས་ཆུ་མེ་རླུང་ནམ་མཁའ་ཐམས་ཅད་ལ་ཅི་དགར་སྤྱོད་པ་སྟེ། གཞན་རྣམས་འདྲའོ། །དེ་ལྟར་ན་འཇིག་རྟེན་གྱི་དབང་ཕྱུག་ཡོན་ཏན་བརྒྱད་དང་ལྡན་པས་འདོད་ཁམས་འོག་མ་འདིར་མིའི་ནང་དུ་འོང་ཡང་ཕལ་པས་མཐོང་བ་མེད་པ་ཡིན་ལ། སྤྲུལ་པ་སྣ་ཚོགས་ཀྱིས་དོན་མཛད་པར་གསུངས་སོ། །གསུམ་པ་ནི། ཆེན་པོ་འདོད་ཁམས་རིག་འཛིན་མཆོག་རྣམས་དང༌། །སྤྲོས་མེད་སྤྱོད་ལས་གཟུགས་ཀྱི་རིག་པ་འཛིན། །གཟུགས་ཁམས་སྐལ་མཉམ་ཡོན་ཏན་གོང་ལས་འཕགས། །ལུས་དངོས་མི་འབྱུང་སྤྲུལ་པས་འགྲོ་དོན་མཛད། །རིག་འཛིན་ལམ་གྱིས་ཚེ་ལ་དབང་བ་ཐོབ། །རིག་འཛིན་ཚེ་ཡིས་སངས་རྒྱས་སྒྲུབ་པ་ཡིན། །ཐུན་མོང་གི་དངོས་གྲུབ་ཆེན་པོ་འདོད་ཁམས་ཀྱི་རིག་འཛིན་མཆོག་རྫུ་འཕྲུལ་གྱི་སྟོབས་ཀྱིས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་སྤྲུལ་པའི་སྐུ་ལ་ཆོས་ཉན་པ་སྟེ་ས་དང་པོ་ཐོབ་ཏུ་ཉེ་བའམ་དང་པོ་ལ་གནས་པ་དང་འདྲ་བ་རྣམས་དང༌། སྤྱོད་པའི་ཚེ་སྤྲོས་མེད་ཀྱི་སྤྱོད་པ་འབའ་ཞིག་སྤྱད་པས། གཟུགས་ཀྱི་རིག་འཛིན་ཅེས་བྱ་བ་ལུས་ཚངས་རིས་ནས་འོག་མིན་གྱི་བར་གྱི་གཟུགས་ཁམས་ཀྱི་ལྷ་དང་སྐལ་པ་མཉམ་ཞིང་དབང་ཕྱུག་གི་ཡོན་ཏན་ཤིན་ཏུ་ཕྲ་བས་གོང་དུ་བཤད་པ་ལས་ཁྱད་པར་འཕགས་པ་


LT09,P192B
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དུ་འགྱུར་ལ། དེའི་ལུས་དངོས་འདོད་ཁམས་སུ་མི་འབྱུང་ཡང་སྤྲུལ་པ་སྣ་ཚོགས་པས་འགྲོ་བའི་དོན་མཛད་པ་ཡིན་ནོ། །དེ་ལྟར་རྫས་ལུས་ཀྱི་རིག་པ་འཛིན་པ་རྣམས་སྒྲུབ་པར་བྱེད་པ་ཐུན་མོང་གི་དངོས་གྲུབ་ལ་འདུན་པའི་སྤྱོད་པ་དེས་འཕྲལ་དུ་མཆོག་གི་དངོས་གྲུབ་ཐོབ་པ་ལ་གེགས་སུ་འགྲོ་བས། ད་ལྟར་གྱི་མིའི་ཚེ་ཚད་ཙམ་ལ་ནི་མཆོག་གི་དངོས་གྲུབ་མི་ཐོབ་ཀྱང་ཚེ་ལ་དབང་བ་ཐོབ་པ་ཡིན་པས་རིམ་གྱིས་ལུས་རྟེན་དེ་ཉིད་ལ་འཚང་རྒྱ་བ་ཡིན་ནོ། །དེ་ལ་དགོངས་ནས་དཔལ་དབྱངས་སོགས་བསྐྱེད་རིམ་གཙོ་བོར་མཛད་པའི་སྔོན་གྱི་སློབ་དཔོན་དག་གིས་ཀྱང༌། རིག་པ་འཛིན་པའི་ལམ་ཉིད་ཀྱིས། །ཚེ་ལ་དབང་བའི་རིག་འཛིན་ཐོབ། །རིག་པ་འཛིན་པའི་ཚེ་ཉིད་ཀྱིས། །སངས་རྒྱས་སྒྲུབ་པར་བཞེད་པ་ཡིན། །ཅེས་ཀྱང་གསུངས་པ་ཡིན་ནོ། །དངོས་གྲུབ་དེ་དག་རིམ་པ་དང་པོའི་སྒོ་ནས་བསྒྲུབ་པ་ལ། སྔགས་ལ་གཞོལ་བའི་བསྐྱེད་རིམ་པས་ནི་བཟླས་པ་དང་སྦྱིན་སྲེག་དང་རྫས་དང་འཁྲུལ་འཁོར་ལ་སོགས་པ་ལ་ལྟོས་ནས་སྒྲུབ་དགོས་ལ། ནང་ལ་མཆོག་ཏུ་གཞོལ་བས་ནི་རྫས་ལ་སོགས་པ་ལ་མ་བརྟེན་པར་བསམ་གཏན་ཙམ་གྱིས་ཀྱང་དེ་དག་འགྲུབ་པར་བཤད་དོ། །ཞི་རྒྱས་སོགས་ཀྱི་ལས་ཕྲན་ཚེགས་ནི་ལྷའི་རྣལ་འབྱོར་བརྟན་ཞིང་བཟླས་བརྗོད་ཚད་དུ་བྱས་པས་འཕྲལ་དུའང་འགྲུབ་པ་ཡོད་ལ། གྲུབ་ཆེན་རྣམས་ནི་སྔགས་ལ་གཞོལ་བས་དང་པོར་ཐུན་མོང་དང་ཁྱད་པར་བའི་སྒྲུབ་པ་ཚུལ་བཞིན་བྱས་ལ་ཟླ་བ་དྲུག་སྤྱོད་པ་སྤྱད་པས་མ་གྲུབ་ན། སླར་ཡང་ཇི་སྐད་བཤད་པའི་སྒྲུབ་པ་དང་ཟླ་བ་དྲུག་གི་སྤྱོད་པ་ལན་གཉིས་སམ་གསུམ་བསྐྱར་བས་འགྲུབ་ལ། དེས་ཀྱང་མ་གྲུབ་ན་ཇི་སྐད་གསུངས་པའི་དྲག་ཤུལ་གྱི་སྦྱོར་བ་བྱས་པས་ངེས་པར་འགྲུབ་བར་བཤད་དོ། །བཞི་པ་ལ་གཉིས། མཁའ་སྤྱོད་ཆེན་པོ་དང༌། ཆུང་


LT09,P193A
[མ་དཔེ་གཟིགས་ན་འདིར་གནོན།]

ངུའོ། །དང་པོ་ནི། དངོས་གྲུབ་དེ་འབྲེལ་མཁའ་སྤྱོད་ཆེན་པོ་ནི། །ཕྲ་མོའི་གཟུགས་སོགས་ཡོན་ཏན་བརྒྱད་དང་ལྡན། །རྟོགས་པ་མངོན་གྱུར་རང་སྣང་རྣམ་དག་ཞིང༌། །སྤྱིར་མཁའ་སྤྱོད་ཅེས་པའི་དོན་ནི། སྔགས་ཀྱི་རིག་པ་བཟུང་བ་དང༌། སྐྱེ་བདུན་གྱི་ཤ་ཟོས་པ་དང༌། ལས་སྟོབས་ཀྱི་སྐྱེ་བས་ལུས་ནམ་མཁའ་ལ་འགྲོ་བ་ཙམ་ལ་འཇུག་པ་ཡིན་ཀྱང༌། བསྐྱེད་རིམ་ལ་བརྟེན་པའི་དངོས་གྲུབ་མཆོག་དང་ཆེན་པོ་སོགས་དང་འབྲེལ་བའི་མཁའ་སྤྱོད་ཅེས་པ་འདི་ཡང་བྱེ་བྲག་ཏུ་བཤད་ན་རྣམ་པར་དབྱེ་བ་གཉིས་སུ་འགྱུར་ཏེ། མཁའ་སྤྱོད་ཆེན་པོ་དང༌། དེ་ཉིད་ཆུང་ངུའོ། །དང་པོ་ནི། ཡོན་ཏན་བརྒྱད་དང་ལྡན་པའི་མཁའ་སྤྱོད་དེ། །དེའི་ཡོན་ཏན་བརྒྱད་ཀྱང༌། མན་ངག་སྙེ་མ་ལས། རྡུལ་ཕྲ་རབ་ཀྱི་ངོ་བོ་ཉིད་དང༌། ལུས་ཡང་བ་ཉིད་དང༌། འཇིག་རྟེན་གསུམ་པོ་མཐའ་དག་ཁྱབ་པར་བྱེད་པ་ཉིད་དང༌། སངས་རྒྱས་ཀྱི་ཡོན་ཏན་འཐོབ་པ་དང༌། ཡེ་ཤེས་ཀྱི་སྣང་བ་དང༌། དེ་ལ་བརྟན་པར་གྱུར་པ་དང༌། སྐྱེ་བོ་ཐམས་ཅད་བདག་ཉིད་ཀྱི་དབང་དུ་གྱུར་པ་དང༌། འདོད་དགུར་སྒྱུར་བ་མཐར་སྐྱེ་བའོ། །དེ་སྐད་དུའང་གསུངས་པ། ཕྲ་མོའི་གཟུགས་དང་རེག་ཡང་བ། ཁྱབ་དང་ཡང་དག་ཐོབ་པ་ཉིད། །རབ་ཏུ་གསལ་དང་བརྟན་པ་ཉིད། །དབང་ལྡན་འདོད་དགུར་སྒྱུར་མཐའ་ཅན། །ཞེས་སོ། །གཟུགས་ཕྲ་བ་ཉིད་ལ་སོགས་པ་ཤིན་ཏུ་ཕྲ་བ་དང༌། ཡང་བ་དང༌། ཤིན་ཏུ་ཆེ་བ་དང༌། གར་ཡང་ཕྱིན་པ་དང༌། གསལ་བར་འོས་པ་དང༌། དབང་པོ་ཉིད་དང༌། དབང་སྒྱུར་བ་ཉིད་དང༌། གང་དུ་འདོད་སར་གནས་པ་ཞེས་པ་དབང་ཕྱུག་ཉིད་རྣམ་པ་བརྒྱད་དུ་བརྗོད་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །འདིའི་ཡོན་ཏན་བརྒྱད་དང་གོང་དུ་བསྟན་པའི་འཇིག་རྟེན་པའི་དབང་ཕྱུག་བརྒྱད་ནི་མིང་ཐ་དད་པ་ཙམ་ལས་དོན་


LT09,P193B
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པ་ཉིད་དེ། དཔེར་ན་ཕྲ་ཡང་གཉིས་ནི་མང་དོན་གཉིས་ཀ་གཅིག་ལ། གོང་གི་བདག་པོར་གྱུར་བ་དང་འདིའི་ཁྱབ་པའམ་ཆེ་བ་གཅིག་སྟེ་འཇིག་རྟེན་གསུམ་པོ་ཁྱབ་པ་ལ་དེ་གསུམ་ཀའི་དོན་གནས་པའི་ཕྱིར་རོ། །དེས་མཚོན་ཏེ་གཞན་རྣམས་ལའང་ཤེས་པར་བྱའོ། །འདི་ནི་དོན་ལ་བསྐྱེད་རིམ་གྱི་འབྲས་བུ་མཐར་ཕྱིན། རྫོགས་རིམ་གྱི་རྟོགས་པ་མངོན་དུ་གྱུར་པས་རང་སྣང་རྣམ་པར་དག་པའི་ཞིང་དུ་ལམ་གྱི་རྟོགས་པའི་འཕྲོས་སྦྱོང་བ་ཡིན་ནོ། །གཉིས་པ་ནི། ཆུང་ངུ་གཟུགས་ཁམས་བཅུ་བདུན་འདོད་ལྷ་དྲུག །མི་ཡུལ་ངེས་མེད་རྣལ་འབྱོར་དག་པས་མཐོང༌། །ལུས་མ་སྤངས་དང་སྤངས་པས་སོང་བ་སྟེ། །གནོད་སྦྱིན་གྲུབ་པས་ཁྲིད་སོགས་འཕྲལ་སྣང་དང༌། །སྒོམ་པས་བགྲོད་རྣམས་འཇའ་ལུས་ཏིང་འཛིན་ལ། །སྤྱོད་ཕྱིར་ས་ལམ་གོང་འཕེལ་བཙན་ས་ཟིན། །མཁའ་སྤྱོད་ཆུང་ངུ་ལ་རྣམ་གྲངས་ཤིན་ཏུ་མང་ཡང་རིགས་བསྡུ་ན་གཟུགས་ཁམས་བཅུ་བདུན། འདོད་ལྷ་རིགས་དྲུག་མི་ཡུལ་གྱི་ནམ་མཁར་སྤྱོད་པ་ཕྱོགས་གཅིག་ཏུ་ངེས་པ་མེད་པ་རྣམས་སོ། །དེ་ལ་མི་ཡུལ་གྱི་མཁའ་སྤྱོད་ནི་མིའི་ཡུལ་དུ་གནས་ཀྱང་ཡང་དག་པའི་གང་ཟག་རེ་རེ་ཙམ་གྱིས་མཐོང་བ་དང་ཕྲད་པ་སྲིད་ཀྱི། གཞན་ཕལ་པ་རྣམས་ཀྱིས་མཐོང་བར་མི་ནུས་པའོ། །ལྷ་ཡུལ་གྱི་མཁའ་སྤྱོད་ལའང་འདོད་ལྷ་རིགས་དྲུག་གང་དང་གང་དུ་སྤྱོད་ནུས་པ་དེར་དེ་དང་དེའི་ལོངས་སྤྱོད་ལ་སྤྱོད་ཅིང༌། དེ་དང་དེའི་ཚེ་ཚད་དང་མཉམ་པའམ་ལྷག་པར་སྤྱོད་པའི་དབྱེ་བས་མཁའ་སྤྱོད་དྲུག་དང༌། དེ་བཞིན་དུ་གཟུགས་ཁམས་ལའང་སྦྱར་བས་མཁའ་སྤྱོད་བཅུ་དྲུག་གམ་བཅུ་བདུན་དུ་འགྱུར་རོ། །དེ་དག་ལའང་ལུས་མ་སྤངས་པ་དང༌། སྤངས་ནས་མཁའ་སྤྱོད་དུ་སོང་བ་གཉིས་གཉིས་ཡོད་ཅིང༌། ལུས་མ་སྤངས་པ་ལའང་ལམ་བསྒོམས་པའི་


LT09,P194A
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཀྱིས་མཁའ་སྤྱོད་ཐོབ་བ་དང༌། གནོད་སྦྱིན་མོ་དང་གྲུབ་པ་སྟེ་རིག་འཛིན་ལ་སོགས་པ་བསྒྲུབས་པའི་སྟོབས་ཀྱིས་མཁའ་སྤྱོད་དུ་འཁྲིད་པ་གཉིས་ལས། ཕྱི་མ་ནི་འཕྲལ་སྣང་ཙམ་སྟེ་མཐོ་དམན་གང་དུ་སྤྱོད་ཅིང་ཡུན་ཇི་ཙམ་སྤྱོད་ཀྱང་ཕུགས་ཀྱི་བཙན་ས་ཟིན་པ་མེད་དོ། །ལམ་ཟབ་མོ་བསྒོམས་པའི་སྟོབས་ཀྱིས་བགྲོད་པའི་མཁའ་སྤྱོད་ནི་ལུས་སྤངས་མ་སྤངས་གང་ཡིན་ཡང་རུང་སྟེ། ལུས་འཇའ་ལུས་འོད་ཀྱི་རང་བཞིན་དུ་དྭངས་ཤིང་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་ལ་ལོངས་སྤྱོད་པའི་ཕྱིར་ས་ལམ་གྱི་དམ་པ་གོང་ནས་གོང་དུ་འཕེལ་ཞིང་བགྲོད་པས་བཙན་ས་ཟིན་པའི་མཁའ་སྤྱོད་ཅེས་བྱའོ། །སྔགས་ཀྱི་ཐུན་མོང་གི་དངོས་གྲུབ་གཏན་ལ་དབབ་པ་སྐབས་གཉིས་པའི་འགྲེལ་བའོ།། །།

༣ རྡོ་རྗེ་ཐེག་པའི་མཐར་ཐུག་གི་འབྲས་བུ་གཏན་ལ་དབབ་པའི་སྐབས།

སྐབས་གསུམ་པ་རྡོ་རྗེ་ཐེག་པའི་མཐར་ཐུག་གི་འབྲས་བུ་གཏན་ལ་དབབ་པ་ལ་གཉིས། འབྲས་བུའི་རྒྱུད་ཀྱི་དོན་མདོར་བསྟན། །དེའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། ཟག་མེད་ཚོགས་གསུམ་གྱིས་བསྒྲུབ་འབྲས་བུའི་རྒྱུད། །མཐར་ཐུག་མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེ། །དེའང་སྒྲུབ་པར་བྱེད་པའི་ལམ་བསོད་ནམས་དང་ཚུལ་ཁྲིམས་དང་ཡེ་ཤེས་ཀྱི་ཚོགས་ཏེ་གསུམ་ཀའང་ཟག་མེད་ཡེ་ཤེས་ཀྱིས་ཟིན་ཅིང་རིས་དང་མཐའ་དང་ཚད་མེད་པས་བསྒྲུབ་པས་འབྲས་བུ་སངས་རྒྱས་ཉིད་དུ་འགྱུར་བ་ནི་འབྲས་བུའི་རྒྱུད་དང༌། དེ་ལའང་དངོས་དང་བཏགས་པ་བ་གཉིས་ལས། དངོས་དེ་ཉིད་ལ་འབྲས་བུ་མཐར་ཐུག་གམ་མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ་སྟེ། འདི་ལྟར་མཆོག་ཏུ་མི་འགྱུར་བའི་བདེ་བ་དང༌། དེ་ལ་རྒྱས་འདེབས་པའི་རྣམ་པ་ཐམས་ཅད་པའི་གཟུགས་སྐད་ཅིག་དང་པོར་ཇི་ལྟར་ཐོབ་པ་དེ་ལས་བྲི་བ་དང་གང་བ་མེད་པར། ཡེ་ཇི་བཞིན་པའི་ངོ་བོ་ཉིད་


LT09,P194B
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནམ་མཁའ་ཇི་སྲིད་པ་དེ་སྲིད་དུ་རྟག་ཏུ་གནས་ཤིང་གཞར་ཡང་དེ་ལས་འདར་མི་སྤྱོད་པ་ཉིད་ཀྱིས་ཕྱག་རྒྱ་ཡིན་ལ། སྤོང་བ་དང་རྟོགས་པ་དང་སེམས་ཏེ་ཆེན་པོ་གསུམ་དང་ལྡན་པས་ན་ཆེན་པོ་སྟེ་ཕྱག་རྒྱ་ཆེན་པོ་ཞེས་བྱ་ཞིང༌། མཆོག་ལས་ཀྱང་མཆོག་ཏུ་གྱུར་པའི་འབྲས་བུ་མཐར་ཐུག་པ་དོན་དུ་གཉེར་བ་རྣམས་དེ་ཙམ་གྱིས་བསམ་པ་ཡོངས་སུ་རྫོགས་པར་འགྱུར་བས་འབྲས་བུ་ཞེས་བྱ་ལ། ནམ་ཡང་རྒྱུན་མི་འཆད་པར་འགྱུར་བའི་ཕྱིར་རྒྱུད་ཀྱང་ཡིན་ཏེ། དེ་ལྟར་ན་འབྲས་བུའི་རྒྱུད་ཕྱག་རྒྱ་ཆེན་པོ་ཞེས་བརྗོད་པའོ། །གཉིས་པ་ལ་ལྔ། ངོ་བོ། མཚན་གྱི་རྣམ་གྲངས། དངོས་བཏགས་ཀྱི་ཁྱད་པར། རྒྱུ་མངོན་བྱང༌། འབྲས་བུ་ཟུང་འཇུག་བཤད་པའོ། །དང་པོ་ནི། ངོ་བོ་དབུགས་འགག་ཁུ་རྡུལ་བརྟན་པ་ལས། །ཟླ་ཉི་སྒྲ་གཅན་སྒྲིབ་བྲལ་རྡོ་རྗེ་གསུམ། །ཨེ་ཝཾ་རོ་མཉམ་ཟུང་འཇུག་སྐུ་གཉིས་སོ། །འབྲས་རྒྱུད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་ངོ་བོ་གང་ཞེ་ན། རྡོ་རྗེའི་རྣལ་འབྱོར་མཐར་ཕྱིན་པས་དབུགས་ཏེ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རྒྱུ་བ་འགགས། ཁུ་བ་སྟེ་ཟླ་བ་ཐུར་དུ་རྒྱུ་བ་འགགས་ནས་གཙུག་ཏོར་དུ་བརྟན། རྡུལ་ཏེ་ཉི་མ་གྱེན་དུ་འགྲོ་བ་འགགས་ནས་ནོར་བུར་བརྟན་པའི་ཚེ་རྣམ་པར་ཤེས་པ་རང་བཞིན་གྱིས་འོད་གསལ་བའི་སེམས་ལ་ཡེ་ཤེས་ཏེ་སྙིང་གའི་སྒྲ་ཙམ་ཐིམ་ནས་གཅིག་ཏུ་གྱུར་པ་ན། ཟླ་བ་སྒྲིབ་བྲལ་ཐིག་ལེ་སྐུ་རྡོ་རྗེ། ཉི་མ་སྒྲིབ་བྲལ་ཚེགས་དྲག་ཅེས་པ་རྡུལ་གསུང་རྡོ་རྗེ། སྒྲ་གཅན་སྒྲིབ་བྲལ་སེམས་ཐུགས་རྡོ་རྗེ། དེ་གསུམ་དབྱེར་མེད་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ཝཾ་གྱི་ཡི་གེ་དེ་མི་ཤིགས་པའི་ཐིག་ལེ་སྒྲ་ཙམ་འགགས་པ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་ཨེའི་ཡི་གེ་ལ་མི་འགྱུར་བ་རོ་མཉམ་པའི་ཚུལ་གྱིས་གནས་པ་སྟེ། སྐུའི་ཆོས་དང༌། ཐུགས་མི་


LT09,P195A
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་བདེ་བའི་རྣམ་པས་མཆོག་དང་ལྡན་པ། དབྱེར་མེད་པས་ཟུང་དུ་འཇུག་པ་སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་རང་དོན་ཐུགས་དོན་དམ་གྱི་སྐུ་དང༌། གཞན་དོན་སྐུ་ཀུན་རྫོབ་ཀྱི་སྐུ་གཉིས་ཏེ། དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་ལས། ཨེ་ཡིག་མཁའ་ཁམས་དབུས་སུ་ནི། །སངས་རྒྱས་ཀུན་གྱི་བདེ་བ་ལེན། །ཝཾ་ཡིག་རྡོ་རྗེ་སེམས་དཔའ་འདི། །སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་ལས། །ཐིག་ལེ་ཟླ་བ་ཁུ་བ་སྐུ། །རྣམ་པར་བཅད་པ་རྡུལ་ཉི་གསུང༌། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། །མཁའ་ཁམས་ཨེ་ལ་རྣམ་པར་གནས། །སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་གྱིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ། །སྐུ་གསུང་ཐུགས་དང་ཆགས་པ་ཡིས། །སྲིད་གསུམ་བདག་ཉིད་དག་ལ་གནས། །ཞེས་དང༌། གཞན་ཡང་གསང་འདུས་བཤད་རྒྱུད་རྡོ་རྗེ་ཕྲེང་བ་སོགས་ལས་རྒྱས་པར་འབྱུང་ངོ༌། །གཉིས་པ་ནི། མཚན་གྱི་རྣམ་གྲངས་གཙོ་བོ་ཉི་ཤུ་སྟེ། །གཞན་ཡང་སྟོང་ཕྲག་བཅུ་ལ་སོགས་པས་བསྟན། །འབྲས་རྒྱུད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་འདིའི་མཚན་གྱི་རྣམ་གྲངས་དྲི་མེད་འོད་ཀྱི་མདོར་བསྡུས་དང་པོ་ལས། གཉིས་མེད་གཡོ་བ་མེད་དང་རིས་མེད་དང༌། །འདོད་དང་མཆོག་ཏུ་མི་འགྱུར་འདོད་ཆགས་ཆེ། །དངོས་དང་དངོས་པོ་མེད་པ་མེད་པ་དང༌། །ཡེ་ཤེས་དང་ནི་སེམས་དཔའ་ཀུན་ཏུ་བཟང༌། །ཉོན་མོངས་མེད་དང་ཉོན་མོངས་ཆེན་པོ་དང༌། །ལྷན་སྐྱེས་དཔལ་ལྡན་བྱང་སེམས་ཐིག་ལེ་འཛིན། །དཔལ་ལྡན་དུས་ཀྱི་འཁོར་ལོ་རྡོ་རྗེ་དང༌། །ཐབས་དང་ཤེས་རབ་བདག་ཉིད་རྣལ་འབྱོར་རོ། །ཞེས་གཙོ་བོ་ཉི་ཤུར་བསྟན་ལ། གཞན་ཡང་རྡོ་རྗེ་འཛིན་པ་དང༌། དུས་ཀྱི་འཁོར་ལོ་དང༌། ཀྱཻ་རྡོ་རྗེ་དང༌། འཁོར་ལོ་སྡོམ་


LT09,P195B
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། གསང་བ་འདུས་པ་སོགས་མདོར་ན་དོན་དམ་པའི་ལྷ་དང་དཀྱིལ་འཁོར་དང་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་དང་ཡེ་ཤེས་སོགས་ཇི་སྙེད་པས་བསྟན་ལ། མཚན་ཡང་དག་པར་བརྗོད་པ་ལས་ཟུང་འཇུག་གི་སྐུ་དེ་མིང་གི་རྣམ་གྲངས་སྟོང་ཕྲག་བཅུ་ལ་སོགས་པས་བསྟན་པ་ཡིན་ནོ། །གསུམ་པ་ནི། དངོས་ཉིད་རྡོ་རྗེ་འཆང་ཆེན་བཏགས་པ་བ། །སྒྱུ་མའི་སྐུ་དང་ཟུང་འཇུག་སེམས་ཅན་ཏེ། །དྲི་མ་ཅན་དང་དྲི་མེད་ཡེ་ཤེས་སྐུ། །འབྲས་རྒྱུད་དེ་ལ་དངོས་བཏགས་གཉིས་སུ་དབྱེར་ཡོད་པ་ལས། དངོས་ནི་རིགས་ཐམས་ཅད་ཀྱི་དབང་ཕྱུག་རྡོ་རྗེ་འཆང་ཆེན་པོ་ཉིད་ཡིན་ལ། བཏགས་པ་བ་ནི་སྒྱུ་མའི་སྐུ་དང་ཟུང་འཇུག་གི་སེམས་ཅན་ནོ། །དེ་ལ་ཕྱི་མ་ནི་དྲི་མ་ཅན་གྱི་སྐུ་སློབ་པའི་ས་ལ་གནས་པ་དང༌། སྔ་མ་ནི་དྲི་མ་མེད་པའི་ཡེ་ཤེས་ཀྱི་སྐུ་མི་སློབ་པའི་ས་ལ་བཞུགས་པ་སྟེ། སྒྱུ་མའི་སྐུ་ལ་རིག་པ་འཛིན་པ་དང་འཇའ་ལུས་ཞེས་བརྗོད་ཀྱང་ཁམས་གསུམ་ལས་རྣམ་པར་འདས་པ་ཉིད་དོ། །བཞི་པ་རྒྱུ་མངོན་བྱང་བཤད་པ་ལ་ལྔ། རྟེན། ངོ་བོ། འཇུག་ཚུལ། དམིགས་བསལ། བཤད་པའི་གྲུབ་དོན་ནོ། །དང་པོ་ནི། དེ་རྒྱུ་མངོན་བྱང་མ་དག་སྒྱུ་ལུས་རྟེན། །མི་སློབ་པའི་ཟུང་འཇུག་དེའི་རྒྱུ་མངོན་པར་བྱང་ཆུབ་པའི་རིམ་པ་ཡིན་ལ་དེའི་རྟེན་ནི་མ་དག་པའི་སྒྱུ་ལུས་ཏེ། དེའང་སྒྲུབ་གཞི་རླུང་སེམས་གཉུག་མའི་ལུས་ལ། སྒྲུབ་བྱེད་སེམས་དབེན་དཔེའི་འོད་གསལ་མཐར་ཐུག་པས། རྣམ་ཤེས་གསུམ་གྱི་བདེ་བས་འགྱུར་བ་བརྟན་པ་སེམས་ཀྱི་ཁྱད་པར་ལྷའི་སྣང་བར་ཤར་བས་རྟེན་རླུང་ཡང་ལྷའི་གཟུགས་སུ་གྱུར་བས་དེ་གཉིས་ཚོགས་པ་སྟེ་ཉོན་སྒྲིབ་མ་སྤངས་བས་མ་དག་པའི་སྒྱུ་ལུས་ཞེས་བྱ་བ་དེའོ། །གཉིས་པ་ནི། ངོ་བོ་རང་བཞིན་བརྒྱད་ཅུ་སྤངས་པ་ཡི། །མཐོང་ལམ་ཡེ་ཤེས། ཞེས་པ་སྟེ།


LT09,P196A
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ངོ་བོ་རང་བཞིན་བརྒྱད་ཅུའི་ས་བོན་སྤངས་པའི་ཡེ་ཤེས་མཐོང་བའི་ལམ་གྱི་བདག་ཉིད་མ་མཐོང་བ་གསར་དུ་མཐོང་བ་གཉིས་སྣང་འགགས་པའི་ཡེ་ཤེས་ཏེ། འདིའི་ཕྱོགས་མཐུན་ནི་དཔེའི་འོད་གསལ་གཉིས་སྣང་རགས་པ་ཅི་རིགས་ནུབ་པ་ཐམས་ཅད་དོ། །གསུམ་པ་ལ་གཉིས། ཕྱིའི་མངོན་བྱང༌། ནང་གི་མངོན་བྱང་ངོ༌། །དང་པོ་ནི། འཇུག་ཚུལ་ཟླ་ཉི་ལ། །སྣང་མཆེད་ཉི་ནུབ་ཐོབ་པའི་ཡེ་ཤེས་བསྒོམ། །སྐྱ་རེངས་དུས་སུ་བྱང་ཆུབ་ཕྱིའི་མངོན་བྱང༌། །མངོན་བྱང་གི་རིམ་པ་ལ་འཇུག་པའི་ཚུལ་ཡང༌། ནུབ་སྔ་མ་ཟླ་འོད་སྣང་བའི་ཚེ་སྣང་བའི་ཡེ་ཤེས་ཉིད་གཙོ་བོར་བསྒོམ། དེ་ནས་ཉིན་མོར་བབས་པ་ན་མཆེད་པ་ཉིད་བསྒོམ། ཉི་མ་ནུབ་པ་ན་ཐོབ་པ་བསྒོམ་པས་སྐྱ་རེངས་འཆར་བའི་དུས་སུ་དོན་གྱི་འོད་གསལ་མངོན་པར་བྱང་ཆུབ་པ་མངོན་དུ་བྱེད་དོ། །ནང་གི་ཏིང་ངེ་འཛིན་དང་རྣམ་པ་འདྲ་བའི་ཕྱིའི་དུས་ཀྱི་ཁྱད་པར་ཡིན་ཏེ། དེས་ན་ཕྱིའི་མངོན་བྱང་ཞེས་བྱའོ། །གཉིས་པ་ནི། དམར་ཐག་ཆད་དུས་ཚོགས་དང་ཤེར་དབང་གི །ཡེ་ཤེས་རྒྱུན་གོམས་ཐོ་རངས་དོན་དམ་མཐོང༌། །ནང་གི་མངོན་བྱང་ཐིག་ལེ་འབྱུང་བའི་ཁམས། །འཚང་རྒྱའི་དུས་སུ་ཡེ་ཤེས་རང་འོད་ཁྱབ། །དུས་ཀྱི་ཁྱད་པར་སྔ་མ་དེ་ཉིད་ཀྱི་ཉི་མ་དམར་ཐག་ཆད་པ་ན་ཚོགས་ཀྱི་མཆོད་པ་སོགས་སྔོན་དུ་འགྲོ་བས་རིག་མ་དང་ལྷན་ཅིག་སློབ་དཔོན་ལ་གསོལ་བ་འདེབས་པས་གནས་པ་ལ། སློབ་དཔོན་གྱིས་ཤེས་རབ་ཡེ་ཤེས་ཀྱིས་དབང་བསྐུར་བ་སྦྱིན་ཏེ་དཔེའི་ཡེ་ཤེས་ལ་མངོན་པར་བྱང་ཆུབ་པའི་རིམ་པར་ངོ་སྤྲོད་པའི་གདམས་ངག་སྟོན་པ་ནི་དབང་བཞི་པ་སྟེ། དེ་ཉིད་ཀྱི་རྒྱུན་གོམས་པས་ཐོ་རངས་ཀྱི་དུས་སུ་མངོན་པར་བྱང་ཆུབ་པ་མཐོང་ལམ་མངོན་དུ་བྱེད་དེ། འདི་ནི་རྣལ་འབྱོར་ཕ་མའི་རྒྱུད་གཉིས་ཅར་ལས་བཤད། མ་


LT09,P196B
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལ་མཁས་པའི་གྲུབ་ཆེན་རྣམས་ཀྱིས་བཤད་པ་ལྟར་ན། དབང་བསྐུར་བ་དེའི་ཚེ་ཤེས་རབ་མ་དང་སྦྱར་བས། དཀར་ཆ་ཞུ་བའི་བདེ་ཆེན་གྱི་སྟོང་ཉིད་གཟིགས་པ་མཐར་ཐུག་པ་ཟླ་བ་ལས་བྱང་ཆུབ་པ། ཤེས་རབ་མའི་དམར་ཆ་དང་ལྷན་ཅིག་དྲངས་པས་རྟེན་ཐིག་ལེ་ལྷག་པའི་ཁྱད་པར་གྱི་བདེ་སྟོང་དབྱེར་མེད་མཐར་ཐུག་པ་ཉི་མ་ལས་བྱང་ཆུབ་པ། དེ་ཡི་སྤྱི་བོ་ནས་ཐིམ་སྐུ་ཐམས་ཅད་གང་བའི་བདེ་སྟོང་གིས་དྲི་མ་གདོད་ནས་སྟོང་པར་མཁྱེན་པ་མཐར་ཐུག་པ་ཕྱག་མཚན་ལས་བྱང་ཆུབ་པ། དེ་ལས་ཆོས་ཐམས་ཅད་ཡུལ་ཡུལ་ཅན་དབྱེར་མེད་གཟིགས་པ་མཐར་ཐུག་པ་གཅིག་ཏུ་གྱུར་པ་སྟོང་པ་ཉིད་ལས་བྱང་ཆུབ་པ། དེ་ཉིད་ལས་ཐུགས་ཆོས་སྐུ་དང་སྐུ་ལོངས་སྐུ་སོགས་སུ་གྱུར་པ་སྐུ་ཡོངས་རྫོགས་ལས་བྱང་ཆུབ་པའོ། །འདིར་རྒྱུའི་མངོན་བྱང་མཐོང་ལམ་ཐོབ་པའི་སྐབས་དང་སྦྱར་ན་གཟིགས་པ་རྣམ་དག་མཐར་ཐུག་མ་ཡིན་པའི་སྐབས་དང༌། སྐུ་གཉིས་ཐོབ་པའི་དོད་དུ་སློབ་པའི་ཟུང་འཇུག་འགྲུབ་པ་སྟེ། ཕྱི་མ་འདི་ལ་ནང་གི་མངོན་བྱང་ཞེས་བྱ་བ་ནི་ཕྱི་རོལ་དུས་ཀྱི་ཁྱད་པར་ལ་མི་སྦྱོར་བར་ནང་བདེ་སྟོང་གི་རིམ་པ་ལ་སྦྱོར་བས་སོ། །བྱང་སེམས་དཀར་དམར་གྱི་ཐིག་ལེའང་མཐོང་ལམ་པའི་སྐབས་དེར་ཕལ་ཆེར་འབྱུང་བའི་ཁམས་ཡིན་ལ། འཚང་རྒྱ་བའི་དུས་སུ་ཡེ་ཤེས་ཀྱི་རང་འོད་ཡིན་པའི་ཁྱད་པར་ཡོད་པ་དང༌། དེའང་སྔར་གྱི་རྒྱུན་གནས་འགྱུར་བ་ཡིན་ཅིང༌། ཕྱི་མ་འདི་འདུས་པ་ལས་མི་གསལ་ཡང་མ་རྒྱུད་ཀྱི་ལུགས་ཏེ། འཚང་རྒྱ་ཁའི་སྐབས་ཀྱི་ཉེ་རྒྱུའི་སྤྱོད་པ་ལ་གནས་པའི་ཐ་མར་ཡང་འདི་ལྟ་བུ་ལ་བརྟེན་ནས་འཚང་རྒྱ་བ་ཡིན་ནོ། །དེར་མིའི་རྟེན་ཅན་གྱི་བླ་མ་མི་བཞུགས་ཀྱང༌། མངོན་པར་བྱང་ཆུབ་པའི་སྐབས་འདིར་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བར་མཛད་པས་ངེས་པར་དབང་ལ་ལྟོས་པའོ། །བཞི་པ་ནི། ཕར་ཕྱིན་ལམ་


LT09,P197A
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མཐར་ཐུག་འདི་ལ་ལྟོས། །རྣལ་འབྱོར་རྒྱུད་ལས་ཕ་རོལ་ཏུ་ཕྱིན་པའི་ལམ་གྱིས་ས་བཅུ་སྐྱེ་བ་ཐ་མ་པ་ཚུན་ཚད་བགྲོད་ཀྱང༌། མཐར་སྔགས་ཀྱི་མངོན་བྱང་ལྔའི་ལམ་འདི་ལངས་པར་ལྟོས་དགོས་པར་གསུངས་ཏེ། དེའང་ས་བཅུ་མན་ཆད་ཕ་རོལ་ཏུ་ཕྱིན་པའི་ལམ་གྱིས་བགྲོད་པ་ལ། སངས་རྒྱས་རྣམས་ཀྱིས་དཀྱིལ་འཁོར་ཐམས་ཅད་དུ་དབང་ཐམས་ཅད་ཅིག་ཅར་བསྐུར་ཏེ་བསྐྱེད་རིམ་ནས་སྒྱུ་ལུས་ཀྱི་བར་གྱི་རྟོགས་པ་ཅིག་ཅར་དུ་སྐྱེས་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་འོད་གསལ་མངོན་ཏུ་བྱས་ནས། འོད་གསལ་དེ་ཉིད་ལ་མངོན་བྱང་དང་པོ་བཞིའི་རིམ་པ་ནི་རྒྱུན་མཐའི་ཡེ་ཤེས་ཡིན་ལ། དེ་ལས་ལངས་པ་ན་ཟུང་འཇུག་གི་སྐུ་འགྲུབ་པ་ནི་མངོན་བྱང་ལྔ་པ་སྟེ་སངས་རྒྱས་ཐོབ་པའོ། །འོད་གསལ་མངོན་པར་བྱང་ཆུབ་པ་ལ་སྤྱོད་བསྡུས་སུ་མིང་གི་རྣམ་གྲངས་དགུ་བཅུ་གོ་དྲུག་ཙམ་བཤད་ཅིང་ཟུང་འཇུག་གི་དངོས་ཀྱི་རྒྱུའོ། །ལྔ་པ་ནི། མདོར་ན་སྒྱུ་ལུས་གྲུབ་ནས་སྤྱོད་པ་ལ། །བརྟེན་ཏེ་བསམ་གཏན་གཉིས་ཀྱི་འོད་གསལ་ལ། །མངོན་བྱང་གཉིས་ཚད་དོན་གྱི་འོད་གསལ་མཐོང༌། །བཤད་དོན་མདོར་བསྡུ་ན་མ་དག་པའི་སྒྱུ་ལུས་གྲུབ་ནས་སྤྱོད་པ་གསུམ་གང་རུང་ལ་བརྟེན་ཏེ་རིག་འཛིན་དང་རྗེས་གཞིག་སྟེ་བསམ་གཏན་གཉིས་ཀྱི་དབྱེ་བས་ཆོས་ཐམས་ཅད་སྟོང་པར་བཅུག་སྟེ་འོད་གསལ་ཡང་ཡང་བསྒོམས་པས། གོང་དུ་བཤད་པའི་མངོན་བྱང་གཉིས་ཚང་བར་བྱས་ཏེ་མཐོང་བའི་ལམ་རྒྱུད་ལ་སྐྱེས་པ་ན་དོན་གྱི་འོད་གསལ་མཐོང་བར་འགྱུར་རོ། །ལྔ་པ་འབྲས་བུ་ཟུང་འཇུག་བཤད་པ་ལ་གཉིས། སློབ་པའི་ཟུང་འཇུག་དང༌། མི་སློབ་པའི་ཟུང་འཇུག་གོ །དང་པོ་ལ་ལྔ། ཟུང་འཇུག་འགྲུབ་ཚུལ་ལྡང་འཇུག་གི་ས་མཚམས་དང་བཅས་པ། ཟུང་འཇུག་སྤྱིའི་མཚན་ཉིད། འཚང་


LT09,P197B
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་བའི་ས་མཚམས། རྡོ་རྗེའི་སྐུའི་མཚོན་དཔེ། སྐུའི་དབྱེ་བ་ཁྱད་པར་དང་བཅས་པའོ། །དང་པོ་ནི། གཉིས་སྣང་དག་པའི་ངང་ལས་སྣང་བ་གསུམ། །ལུགས་ལྡོག་ཤར་བས་སློབ་པའི་ཟུང་འཇུག་འགྲུབ། །ལྡང་འཇུག་ཡོད་ཅིང་ས་བདུན་རྫོགས་ནས་སྤངས། །དོན་གྱི་འོད་གསལ་ཐོབ་ནས་གཉིས་སྣང་ཅན་གྱི་སྐུ་དེ་སྟོང་པར་དངོས་སུ་དག་དེའི་ངང་ལས་ལྡངས་མ་ཐག་ཏུ་སྣང་བ་ཐོབ་པ་དང༌། སྣང་བ་མཆེད་པ་དང༌། སྣང་བ་རྣམས་ལུགས་ལྡོག་ཏུ་འབྱུང་སྟེ། དེའི་མཐར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་ཅིང་སློབ་པའི་ཟུང་འཇུག་ཐོབ་པ་ཡིན་ལ། སླར་ཡང་སྤྱོད་པ་ལ་བརྟེན་ཏེ། ཐུགས་འོད་གསལ་དུ་འཇུག་ལྡངས་ཡང་ཡང་བྱེད་པའི་མཉམ་རྗེས་ཐ་དད་ཙམ་ཡོད་མོད། རྣམ་པ་ཐམས་ཅད་དུ་ཐུགས་བདེ་སྟོང་གི་ཡེ་ཤེས་དང་མ་བྲལ་བ་དང༌། སྐུ་རྒྱུན་མི་འཆད་པར་ཡོད་པས་སམ། ཡང་ན་ཟུང་འཇུག་གི་དོན་གཉིས་མེད་ཡིན་པས་གཟུང་འཛིན་གཉིས་སྣང་རགས་པའི་རྣམ་རྟོག་འགགས་པས་ཀྱང་ཟུང་འཇུག་ཅེས་བྱའོ། །རྒྱུ་མཐོང་ལམ་གྱི་དུས་སུ་ས་ཆུ་ལ་ཐིམ་པའི་རྟགས་སྨིག་རྒྱུ་ནས། ཐོབ་པ་འོད་གསལ་ལ་ཐིམ་པའི་རྟགས་ནམ་མཁའ་སྤྲིན་མེད་པ་ལ་སྐྱ་རེངས་ཤར་བ་དང་འདྲ་བར་སྟོང་གསལ་གཉིས་སུ་མེད་པའི་བར་དུ་ལུགས་འབྱུང་གི་རིམ་པས་འཆར་ལ། ལངས་པ་ནའང་ལུགས་ལྡོག་གི་རིམ་པས་འཆར་སྣང་རྣམས་འབྱུང་སྟེ་ཟུང་འཇུག་ཐོབ་ནས་ཀྱང༌། འོད་གསལ་དུ་ལྡངས་འཇུག་ལ་འདི་རྣམས་འབྱུང་ངོ༌། །དཔེའི་འོད་གསལ་ཉེར་ཐོབ་བཞི་པའི་སྐབས་སུ་ནམ་མཁའ་དྭངས་པ་ལྟ་བུའི་མཐོང་སྣང་ཡང་འབྱུང་མོད། དོན་གྱི་འོད་གསལ་ཐོབ་ཕན་ཆད་གསལ་འགྲིབ་དང་གཡོ་འགྱུར་མེད་པ་སྤྲོས་བྲལ་གསལ་སྟོང་གི་དཔེར་སྦྱར་བ་མ་གཏོགས་ནམ་མཁའི་མཐོང་སྣང་རང་ལ་ཆེད་ཀྱིས་མི་


LT09,P198A
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ཏེ། ཡེ་ཤེས་ཀྱི་སྣང་བ་འགགས་པ་མེད་པ་ནི་མཐའ་ཡས་པ་འབྱུང་བས་སོ། །ས་བདུན་པའི་ཐ་མར་འོད་གསལ་དུ་ཞུགས་ནས་བརྒྱད་པར་འགྱུར་ཏེ། དེ་ནས་འོད་གསལ་ལས་ལྡངས་པ་མི་སྲིད་དོ། །གཉིས་པ་ལ་གསུམ། ཟུང་འཇུག་ཉེར་གསུམ། ཡན་ལག་སོ་གཅིག་རྗེས་འབྲང་དང་བཅས་པ། དེའི་དོན་མདོར་བསྡུ་བའོ། །དང་པོ་ནི། འཁོར་འདས་ཀུན་བྱང་རྣམ་བཅས་རྣམ་མེད་དང༌། །གཟུང་འཛིན་རྟག་ཆད་སྟོང་ཉིད་སྙིང་རྗེ་སྟེ། །ཐབས་ཤེས་ལྷག་བཅས་ལྷག་མེད་བདག་མེད་གཉིས། །སྒྱུ་ལུས་འོད་གསལ་རིལ་རྗེས་བདེན་གཉིས་དམིགས། །གཉིད་སད་མཉམ་རྗེས་དངོས་དང་དངོས་པོ་མེད། །དྲན་པ་དྲན་མིན་བདེ་སྟོང་བྱ་དང་བྱེད། །བསྐྱེད་རྫོགས་དག་དང་མ་དག་གཟུགས་གཟུགས་མེད། །ཟུང་འཇུག་ཉེར་གསུམ། ཞེས་པ་སྟེ། རིམ་ལྔ་ལས་ཟུང་འཇུག་ཉེར་གསུམ་དང༌། སྤྱོད་བསྡུས་ལས་བདུན་ཅུ་ལྷག་ཅིག་གསུངས་པ་རྣམས་ཟུང་འཇུག་གི་རིམ་པའི་ཡེ་ཤེས་གཅིག་ལ་མཚན་ཉིད་དེ་ཐམས་ཅད་ཚང་བའི་དོན་ཏེ། མཚན་ཉིད་ཟུར་མགོའི་རྣམ་གྲངས་ཡིན་པས་མི་སློབ་པའི་ཡེ་ཤེས་ལ་ལྟ་ཅི་སྨོས། སློབ་པ་ལའང་ཚང་བས་ཟུང་འཇུག་སྤྱིའི་མཚན་ཉིད་དེ། དེའང་འཁོར་འདས་ལ་སྤང་བླང་མེད་པར་རྟོགས་པ་འཁོར་འདས་ཟུང་འཇུག་གོ །ཀུན་ནས་ཉོན་མོངས་ཀྱི་ཆོས་དང་རྣམ་བྱང་གི་ཆོས་གཉིས་ཀྱི་རང་བཞིན་བདེ་སྟོང་དུ་གཅིག་པར་ཤེས་པ་ཀུན་བྱང་ཟུང་འཇུག་གཟུགས་སྒྲ་སོགས་རྣམ་བཅས་དང་ནམ་མཁའ་སོགས་རྣམ་པར་མེད་པར་རྟོག་པ་གཉིས་གདོད་ནས་སྟོང་པ་གཅིག་ཏུ་རྟོགས་པ་རྣམ་བཅས་རྣམ་མེད་ཟུང་འཇུག་གཟུང་འཛིན་གཉིས་ཀ་སྟོང་པ་མཉམ་ཉིད་དུ་རྟོགས་པས་མཉམ་གཞག་ཏུ་གཉིས་སྣང་འགགས་པ་གཟུང་འཛིན་གཉིས་མེད་ཟུང་འཇུག་རྟག་ཆད་ཀྱི་མཐར་འཛིན་


LT09,P198B
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་སྐྱེས་དང་ཀུན་བརྟགས་ཐམས་ཅད་སྤངས་པ་ནི་རྟག་ཆད་གཉིས་མེད་ཟུང་འཇུག་སྙིང་རྗེ་ཐམས་ཅད་སྟོང་ཉིད་སྟོང་ཉིད་ཐམས་ཅད་སྙིང་རྗེར་ངོ་བོ་གཅིག་ཏུ་འཆར་བ་ནི་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཡབ་ཡུམ་སྙོམས་འཇུག་གི་བདེ་ཆེན་ལ་གནས་པ་ནི་ཡབ་ཡུམ་ཐབས་ཤེས་ཟུང་འཇུག་རྡོ་རྗེའི་སྐུ་འགྲུབ་པས་སྐྱེ་འཆི་དང་བྲལ་བས་ན་ལྷག་བཅས་ལྷག་མེད་གཉིས་མེད་པ་ནི་ལྷག་བཅས་ལྷག་མེད་ཟུང་འཇུག་ཆོས་ཉིད་ཐམས་ཅད་རང་བཞིན་སྣང་སྟོང་ཟུང་འཇུག་ཏུ་དབྱེར་མེད་པར་གཟིགས་པས་ཆོས་དང་གང་ཟག་བདག་མེད་སོ་སོའི་ངོ་བོར་མ་གྲུབ་པར་མཁྱེན་ནས་དེར་འཛིན་པ་མེད་པ་ནི་བདག་མེད་གཉིས་ཟུང་འཇུག་དང་པོར་བདག་བྱིན་རླབས་པའི་རིམ་པ་སྒྱུ་ལུས་རྐྱང་པ་ཐོབ། དེ་ནས་འོད་གསལ་གྱི་རིམ་པ་རྣམ་མེད་ཤེས་མཐར་དེ་གཉིས་ངོ་བོ་གཅིག་ལ་འདུས་པ་ཐོབ་པ་ནི་སྒྱུ་ལུས་དང་འོད་གསལ་ཟུང་འཇུག་བདག་ཉིད་བདེ་བ་ཆེན་པོའི་ངོ་བོར་གྱུར་པ་རིལ་པོར་འཛིན་པ་དང༌། སྣང་བ་ཐམས་ཅད་བདེ་ཆེན་དུ་གྱུར་པ་ལ་རང་ཉིད་ཐིམ་པར་བྱེད་པ་རྗེས་སུ་གཞིག་པ་སྟེ། རིམ་པ་དེས་སྟོང་ཉིད་འཇུག་པ་དང་གནས་པ་དང་དེ་ལས་ལྡང་བ་གསུམ་གྱི་རང་བཞིན་ཁྱད་པར་མེད་པར་རྟོགས་པའམ། སྐུ་དང་བདེ་སྟོང་ཆབ་གཅིག་ཏུ་འཆར་བ་རིག་འཛིན་དང་རྗེས་གཞིག་དབྱེར་མེད་ཟུང་འཇུག་སྟེ། འདི་གཉིས་གཅིག་ཏུ་བགྲང་ན་ཟུང་འཇུག་ཉེར་གཉིས་དང༌། ཐ་དད་དུ་བྱེད་ན་ཉེར་གསུམ་མོ། །བདེན་གཉིས་ངོ་བོ་མཉམ་ཉིད་དུ་གཟིགས་པ་བདེན་གཉིས་ཟུང་འཇུག་དེ་བཞིན་ཉིད་ལ་དམིགས་པ་དང་ཇི་སྙེད་པ་ལ་དམིགས་པ་གཉིས་ཆར་ལ་དེ་གཉིས་མཐོང་བའི་ཡེ་ཤེས་ཅིག་ཅར་འཇུག་པ་དམིགས་པ་ཟུང་འཇུག་འོད་གསལ་གྱི་གཉིད་མ་གཏོགས་གཉིད་ཕལ་པ་གཞན་གཏན་ནས་སྤངས་པས་གཉིད་ལོག་མ་ལོག་ལ་ཚོགས་གསོག་པ་དང་འགྲོ་དོན་དང་ཡེ་ཤེས་འཇུག་ཚུལ་


LT09,P199A
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལའང་ཁྱད་མེད་པ་ནི་གཉིད་སད་ཟུང་འཇུག་མཉམ་པར་གཞག་པ་དང་མ་གཞག་པ་ལ་ཡེ་ཤེས་སྤྱོད་ཡུལ་རྒྱ་ཆེ་ཆུང་མེད་པ་དང་བདེ་སྟོང་ལའང་ཁྱད་པར་མེད་པ་མཉམ་རྗེས་ཟུང་འཇུག་དངོས་པོ་དང་དངོས་མེད་ཐམས་ཅད་རང་བཞིན་མེད་པར་གཟིགས་པ་དངོས་པོ་དང་དངོས་མེད་དབྱེར་མེད་དུ་གཟིགས་པའི་ཟུང་འཇུག་སྔར་གྱི་རྣམ་བཅས་རྣམ་མེད་དང་འདི་གཉིས་གཅིག་ཏུ་བསྡམས་ནས་ཟུང་འཇུག་ཉེར་གཅིག་མཛད་པའང་བྱུང་ངོ༌། །དྲན་མིན་བརྗེད་ངས་ལས་གྲལ་བས་རྩོལ་བ་དང་བཅས་མ་བཅས་ལ་ཡེ་ཤེས་ཀྱི་ཁྱད་པར་མེད་པ་ནི་དྲན་པ་དྲན་མིན་ཟུང་འཇུག་ཞེན་པ་མེད་པས་འདོད་ཆགས་ལས་གྲོལ། བདེ་ཆེན་སྒྲུབ་པ་མི་འབྲལ་བས་ཆགས་བྲལ་ལས་གྲོལ་བ་རྟག་ཏུ་ལྷན་སྐྱེས་བདེ་ཆེན་ལ་གནས་པ་ནི་ཆགས་དང་ཆགས་བྲལ་ལམ་བདེ་སྟོང་ཟུང་འཇུག་བྱ་བྱེད་ལས་གསུམ་ལ་རྣམ་པར་མི་རྟོག་པ་བྱ་བྱེད་ཟུང་འཇུག་བསྙེན་སྒྲུབ་ཡན་ལག་བཞི་སོགས་གང་བསྒོམས་ཀྱང་བདེ་སྟོང་ལས་མ་གཡོས་ཤིང་མི་རྟོག་པ་འབའ་ཞིག་ལས་ལྷ་སྐུར་འཆར་བ་ནི་བསྐྱེད་རྫོགས་ཟུང་འཇུག་སྒྲིབ་པ་ཐམས་ཅད་གཏན་ནས་ཟད་པར་མཐོང་བས་མ་དག་པ་དང་དག་པའི་སྐུའི་དབྱེ་བ་གཟིགས་པས་དག་མ་དག་ཟུང་འཇུག་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་ཐམས་ཅད་སེམས་སུ་གཟིགས་ཤིང༌། དེའང་རང་བཞིན་མེད་པར་གཟིགས་པ་གཟུགས་ཅན་དང་གཟུགས་མེད་ཟུང་འཇུག་གོ །གཉིས་པ་ནི། ཡན་ལག་སོ་གཅིག་ཚང༌། །ཞེས་པ་སྟེ། དབང་ཕྱུག་བརྒྱད། རོ་མྱང་བརྒྱད། ཡན་ལག་བདུན། ཡོན་ཏན་བརྒྱད་བསྡམས་པས་སུམ་ཅུ་རྩ་གཅིག་སྟེ་འདི་དག་གི་དོན་འཆད་པར་འགྱུར་རོ། །གཞན་ཡང་དབང་དང་གཟུངས་ཀྱི་སྒོ་སོགས་བརྙེས། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པ་དེའི་ཚེ་ཡོན་ཏན་གྱི་ཁྱད་


LT09,P199B
[མ་དཔེ་གཟིགས་ན་འདིར་གནོན།]

པར་གཞན་ཡང༌། ཚེ་དང་ཡོ་བྱད་ལ་དབང་བ་སོགས་དབང་བཅུ་དང༌། གཟུངས་ཀྱི་སྒོ་བཞི་དང༌། སོགས་ཁོངས་ནས་རྣམ་པར་ཐར་པ་བརྒྱད་ཤིན་ཏུ་ཟབ་ཅིང་དྲི་མ་མེད་པ་དང༌། སོ་སོ་ཡང་དག་པར་རིག་པ་བཞི་ལ་སོགས་པའང་བརྙེས་པར་འགྱུར་ཏེ། དེ་ལ་གཞན་རྣམས་ཀྱི་དོན་ནི་སྔོན་དུ་བཤད་ཟིན་པ་རྣམས་དང་ཁྱད་པར་མེད་ལ། གཟུངས་ཀྱི་སྒོ་བཞི་ལས། བཟོད་པའི་གཟུངས་ནི་ཨ་ལ་སོགས་པ་གཟུངས་ཀྱི་ཡི་གེ་རེ་རེ་ལ་བརྟེན། ཡི་གེ་དེ་ཉིད་སྐྱེ་བ་མེད་པར་རྟོགས་པས་རྐྱེན་བྱས་ཏེ་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་བཟོད་པ་ཐོབ་པར་འགྱུར་བའོ། །སྔགས་ཀྱི་གཟུངས་ནི་བདེན་ཚིག་འགྲུབ་ཅིང་རིག་སྔགས་གསར་དུ་བྱེད་ནུས་པའོ། །ཚིག་གི་གཟུངས་ནི་ཚིག་ཇི་ཙམ་ཐོས་པ་དེ་ཐམས་ཅད་མི་བརྗེད་པར་འཛིན་ནུས་པའི། །དོན་གྱི་གཟུངས་ནི་ཚིག་དེ་རྣམས་ཀྱི་དོན་ཇི་ལྟ་བ་མི་བརྗེད་པར་གཟུང་བའོ། །གསུམ་པ་ནི། མདོར་ན་སྣང་སྟོང་ངོ་བོ་གཅིག་གྱུར་པ། །སྐུ་དང་ཡེ་ཤེས་དབྱེར་མེད་ཟུང་འཇུག་གོ །འབྲས་བུའི་ཟུང་འཇུག་ཐམས་ཅད་ཀྱང་མདོར་བསྡུ་ན། གོང་དུ་བཤད་པའི་སྣང་ཕྱོགས་དང་སྟོང་ཕྱོགས་ཀྱི་རྫོགས་རིམ་ངོ་བོ་གཅིག་ཏུ་གྱུར་པ་སྐུ་དང་ཡེ་ཤེས་དབྱེར་མེད་པ་ནི་རྫོགས་པའི་རིམ་པ་ཐམས་ཅད་ཀྱི་མཐར་ཐུག་པའི་ཟུང་འཇུག་ཅེས་བྱ་བ་སྟེ། བདེ་སྟོང་འོད་གསལ་བའི་དབྱིངས་ལས་མ་གཡོས་པར་ཡན་ལག་བདུན་ལྡན་གྱི་གཟུགས་སྐུའི་སྣང་བ་རྒྱུན་མི་འཆད་ཅིང༌། ཕྱོགས་དང་རིས་སུ་མ་ཆད་པར་འཆར་བའོ། །དེ་ལྟར་ཟུང་འཇུག་གི་ཡོན་ཏན་གང་ལ་གནས་པའི་རྣལ་འབྱོར་པ་དེ་ནི་སློབ་བའི་ཟུང་འཇུག་གི་རིམ་པ་ལ་གནས་པ་ཡིན་ཏེ། དེས་ཟུང་འཇུག་གི་རིག་པའི་བརྟུལ་ཞུགས་སྤྱད་པས་ཡོན་ཏན་གོང་ནས་གོང་དུ་འཕེལ་ཏེ་མི་སློབ་པའི་ཟུང་འཇུག་ལ་སྦྱོར་བ་རིམ་ལྔའི་དགོངས་པའོ། །གསུམ་པ་འཚང་རྒྱ་བའི་ས་


LT09,P200A
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ནི། དེ་ཐོབ་འཆི་མེད་ཡེ་ཤེས་སྐུ་ལ་བརྟེན། །ངེས་པར་འཆང་རྒྱ་གཞན་ཡང་ས་མཚམས་མང༌། །དཔེ་ཡི་འོད་གསལ་མཐོང་ནས་བར་དོ་ཚུན། །དོན་གྱི་འོད་གསལ་ཚེ་འདིར་འདའ་བ་སྟེ། །བསྐྱེད་རིམ་མཐར་ཕྱིན་སྣང་མཆེད་རྟོགས་པ་སྐྱེས། །སྐྱེ་བ་རྟིང་མར་ངེས་པར་འཚང་རྒྱའོ། །སློབ་པའི་ཟུང་འཇུག་དེ་ཐོབ་ནས་འཆི་བ་འབྱུང་མི་སྲིད་པས་འཆི་མེད་ཡེ་ཤེས་ཀྱི་སྐུ་དེ་ལ་བརྟེན་ནས་ངེས་པར་འཚང་རྒྱ་ཞིང༌། གཞན་ཡང་འདི་ལ་རྟོགས་པའི་རིམ་པས་ས་མཚམས་རང་ངོ༌། །གལ་ཏེ་སྒྱུ་ལུས་མཚན་ཉིད་རྫོགས་པ་གྲུབ་ཀྱང་སྤྱོད་པ་གསུམ་སྤྱོད་རྒྱུ་མ་བྱུང་ན་ནི་འཆི་བ་འབྱུང་སྟེ། འོན་ཀྱང་འཆི་བ་དེ་འོད་གསལ་དོན་དམ་པ་དང་བར་དོ་འབྱུང་བའི་དོད་དུ་ཟུང་འཇུག་གི་སྐུ་འགྲུབ་པས། བར་སྲིད་རང་གི་རྟེན་ལ་མ་བརྟེན་ཀྱང་བར་དོར་སངས་རྒྱས་ཐོབ་པའི་ཐ་སྙད་འཇོག་གོ །འདི་ལ་དཔེའི་འོད་གསལ་མཐར་ཐུག་ཐོབ་པ་ལ་བདེན་པ་མཐོང་བའི་ཐ་སྙད་སྤྱོད་བསྡུས་སུ་འབྱུང་སྟེ། བདེན་པ་མཐོང་ཡང་ལས་མཐའ་ལ་ཆགས་པ་སོགས་གསུངས་སོ། །སྤྱིར་ཉན་ཐོས་རྣམས་བདེན་པ་མངོན་སུམ་དུ་མཐོང་ཡང་ལས་ཉོན་གྱིས་སྐྱེ་འཆི་འབྱུང་བ་ཡོད་ལ་ཐེག་ཆེན་གྱི་ལུགས་ལ་དེ་མི་འབྱུང་ངོ༌། །ཐེག་ཆེན་གྱི་མདོ་ལས་བདེན་པ་མཐོང་བ་ལ་བསྐལ་པ་གྲངས་མེད་སོགས་འགོར་བར་གསུངས་པ་ནི་ཉན་ཐོས་བཞིན་དུ་ཆོས་ཉིད་མཐོང་བ་ཙམ་གྱིས་བྱེད་ན་འཕྲལ་དུ་འགྲུབ་མོད། གཞན་དོན་ལ་གཙོ་བོར་དམིགས་པས་བདེན་པ་མཐོང་བའི་ཡོན་ཏན་གྱི་ཁྱད་པར་མཐའ་ཡས་པ་ཞིག་སྐད་ཅིག་རེ་རེར་ཐོབ་ནུས་པ་དགོས་པར་ཤེས་ནས་ཚོགས་གཉིས་རྒྱ་ཆེན་པོ་གསོག་པ་ལ་རིང་དུ་ཐོགས་པ་སྟེ། བདེན་པ་མཐོང་ཚུལ་རང་ལའང་ཁྱད་པར་རྨིག་རྗེས་ཀྱི་ཆུ་དང་རྒྱ་མཚོ་བཞིན་ནོ། །དེར་དེ་ཙམ་ཐོགས་པ་འདིར་ཡུད་ཙམ་གྱིས་འགྲུབ་པ་ནི་ཐབས་


LT09,P200B
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཁས་པའི་ཁྱད་པར་ཉིད་དོ། །དེས་ན་དཔེའི་འོད་གསལ་མཐར་ཐུག་ཐོབ་ནས་བདེན་པ་མཐོང་བ་ངེས་པར་བར་དོ་ཚུན་ལ་འདའ་བ་ཡིན། དོན་གྱི་འོད་གསལ་ཐོབ་ནས་བདེན་པ་མངོན་སུམ་དུ་མཐོང་བ་དེ་ཚེ་འདི་ལ་འདའ་ངེས་པ་ཡིན། བསྐྱེད་རིམ་ཤིན་ཏུ་མཐར་ཕྱིན་ནས་སྣང་མཆེད་ཀྱི་རྟོགས་པ་ཙམ་སྐྱེས་པ་ལ་སྐྱེ་བ་གཅིག་གིས་ཐོགས་པ་ཟེར་ཏེ་སྐྱེ་བ་རྟིང་མ་ལ་ངེས་པར་འཚང་རྒྱ་བ་ཡིན་ནོ། །བཞི་པ་ནི། སྒྱུ་མ་ཆུ་ཟླ་མིག་ཡོར་སྨིག་རྒྱུ་དང༌། །རྨི་ལམ་བྲག་ཅ་མིག་འཕྲུལ་དྲི་ཟའི་གྲོང༌། །འཇའ་ཚོན་གློག་དང་ཆུ་བུར་མེ་ལོང་གཟུགས། །རྡོ་རྗེའི་སྐུ་ཡི་མཚོན་དཔེ་བཅུ་གཉིས་སོ། །དཔེའི་འོད་གསལ་མཐར་ཐུག་ལས་སྐྱེས་པ་སྒྱུ་མའི་ལུས་སམ་རྡོ་རྗེའི་སྐུ་རླུང་སེམས་ཙམ་ལས་གྲུབ་པའི་ལྷ་སྐུ་དེ་མཚོན་བྱེད་ཀྱི་དཔེ་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་ལུང་ལྟར་ན། ངོ་བོས་མ་གྲུབ་ཀྱང་རྒྱུ་རྐྱེན་ཚོགས་པ་ལྟར་ལས་སྣང་བས་སྒྱུ་མ་ལྟ་བུ་དང༌། གར་ཡང་ཁྱབ་པ་ཆུ་ཟླ་ལྟ་བུ་དང༌། ཤ་རུས་སོགས་བྲལ་ཡང་ལུས་སུ་སྣང་བའི་གཟུགས་བརྙན་མིག་ཡོར་རམ་གྲིབ་མ་ལྟ་བུ་དང༌། སྤྲུལ་པ་སྤྲོ་བསྡུ་མང་པོ་བྱེད་པ་སྨིག་རྒྱུ་ལྟ་བུ་དང༌། རླུང་སེམས་ཙམ་ལས་གྲུབ་པ་རྨི་ལམ་ལྟ་བུ་དང༌། རྣམ་སྨིན་གྱི་ལུས་དང་རྒྱུད་གཅིག་ཀྱང་ཐ་དད་ལྟར་སྣང་བ་བྲག་ཅ་ལྟ་བུ་དང༌། རྟེན་བརྟེན་པའི་དཀྱིལ་འཁོར་དུ་སྣང་བ་དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། གཅིག་ཡིན་ཀྱང་དུ་མ་སྟོན་པ་མིག་འཕྲུལ་ལྟ་བུ་དང༌། ཁམས་ལྔའི་དྭངས་མ་ལས་གྲུབ་པའམ་ཁ་དོག་གསལ་ལ་མ་འདྲེས་པ་འཇའ་ཚོན་ལྟ་བུ་དང༌། རགས་པའི་ལུས་སྤྲིན་དང་འདྲ་བའི་གསེབ་ན་ཞིང་ཁམས་སྣང་བར་བྱེད་པའི་འོད་གློག་འགྱུ་བ་དང་འདྲ་བས་གློག་ལྟ་བུ་དང༌། སྟོང་པའི་ངང་ལས་རྣམ་རྟོག་མེད་བཞིན་ཐོལ་གྱིས་རང་ཤར་དུ་བསྐྱེད་པ་ཆུ་ལས་ཆུ་བུར་རྡོལ་བ་ལྟ་བུ་དང༌། ཡན་ལག་དང་ཉིང་ལག་ཅིག་ཅར་


LT09,P201A
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་སྟེ་རྡོ་རྗེའི་སྐུའི་མཚོན་དཔེ་དེ་རེ་རེས་ཀྱང་མཚན་ཉིད་ཀྱི་ཟུར་རེ་རེ་བསྟན་ཏེ་མཚན་ཉིད་བཅུ་གཉིས་ཚང་པའོ། །ལྔ་པ་ནི། ཕུང་པོ་མ་ཉམས་ཡེ་ཤེས་སྐུ་ཙམ་སྟེ། །ཉམས་པ་རིག་པ་འཛིན་པའི་ཡེ་ཤེས་སྐུ། །ཏིང་འཛིན་མངོན་ཤེས་སྣ་ཚོགས་འགྲོ་དོན་སྤྱོད། །འདོད་མེད་བདེ་བ་ཆེར་སྤྱོད་ཚེ་ཚད་བརྒལ། །ཡིད་ཀྱི་ལུས་ཏེ་ཁྱད་པར་བདུན་དང་ལྡན། །རིག་པ་འཛིན་པ་དང་ཡེ་ཤེས་ཀྱི་སྐུ་ལ་ཁྱད་པར་གང་ཞེ་ན། ཕུང་པོའི་ཟ་མ་ཏོག་མ་ཉམས་པ་ནི་ཡེ་ཤེས་ཀྱི་སྐུ་ཙམ་དང༌། ལས་སམ་ཏིང་ངེ་འཛིན་གྱིས་ཉམས་པ་སྟེ་རྣམ་སྨིན་གྱི་ཕུང་པོའི་རྒྱུན་ཟད་པ་ནི་རིག་པ་འཛིན་པའི་ཡེ་ཤེས་ཀྱི་སྐུ་ཞེས་བྱ་བ་ཡིན་ནོ། །རིག་པ་འཛིན་པ་དེའང་ཏིང་ངེ་འཛིན་ལ་རྟག་ཏུ་གནས་པ་དང༌། མངོན་པར་ཤེས་པ་ལྔ་དང་ལྡན་པ་དང༌། ཞིང་སྣ་ཚོགས་སུ་འགྲོ་བའི་དོན་སྤྱོད་པ་དང༌། འདོད་ཅིང་འཆུམས་པ་མེད་པ་དང༌། འདོད་པ་མཐའ་ཡས་པ་ལ་བདེ་བ་ཆེན་པོར་སྤྱོད་པ་དང༌། ཚེའི་ཚད་ལས་བརྒལ་བ་སྟེ་འཆི་བ་མེད་པ་དང༌། ཡིད་ཀྱི་ལས་ཏ་ཏེ་རླུང་སེམས་ཙམ་ལས་གྲུབ་པ་བཅས་ཡོན་ཏན་གྱི་ཁྱད་པར་བདུན་དང་ལྡན་པར་བཤད་དོ། །གཉིས་པ་མི་སློབ་པའི་ཟུང་འཇུག་བཤད་པ་ལ་བདུན། རྟེན་གང་ལ་མངོན་དུ་བྱེད་པ། དུས་གང་གི་ཚེ་ཇི་ལྟར་འགྲུབ་པ། སློབ་པའི་ཡེ་ཤེས་ཀྱི་ངོ་བོ། དེའི་མཚན་ཉིད། ངོ་བོའི་ཡན་ལག་དེའི་ཁྱད་ཆོས་ཡོན་ཏན་ཕྲིན་ལས་མདོར་སྨོས་པའོ། །དང་པོ་ནི། རྣམ་པ་ཐམས་ཅད་ལོངས་སྐུ་ཆ་མཚུངས་ཀྱི། །རྟེན་ལ་མི་སློབ་ཟུང་འཇུག་མངོན་དུ་བྱེད། །ས་དང་པོའི་རྗེས་ཐོག་ཏུ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ། ཐ་མལ་པའི་ལུས་རྩ་ཁམས། ངག་རླུང་སེམས་རྣམ་རྟོག་རྣམས་ནི་སྔར་ནས་འགགས་ཏེ། དེས་ན་ཡེ་ཤེས་ཀྱི་སྐུ་དེའང་


LT09,P201B
[མ་དཔེ་གཟིགས་ན་འདིར་གནོན།]

ཇེ་བཟང་དུ་སོང་ནས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ལུས་རྣམ་པ་ཐམས་ཅད་པ་ལོངས་སྤྱོད་རྫོགས་སྐུ་དང་ཕྱོགས་མཚུངས་པ་ཞིག་གི་རྟེན་ལ་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་དེ་འཚང་རྒྱ་བ་ཡིན་ནོ། །འོན་ཀྱང་མ་དག་པའི་ཕུང་པོ་དེ་དབྱིངས་སུ་ཟད་པ་མ་གཏོགས་བཽར་བ་མ་ཡིན་པས། ཚེ་གཅིག་དང་སྐྱེ་བ་གཅིག་ལ་སངས་རྒྱས་མ་ཐོབ་པ་ནི་མ་ཡིན་ནོ། །གཉིས་པ་ནི། དུས་ཚོད་ཕྱི་ནང་མངོན་བྱང་མཐར་ཐུག་སྐབས། །མཆོད་པ་ལྟས་བཅས་རིག་མའི་སྐྱེས་བུ་གྲུབ། །དུས་ཚོད་ནི་གོང་དུ་བཤད་པ་ལྟ་བུའི་ཕྱི་ནང་གཉིས་ཀྱི་མངོན་བྱང་མཐར་ཐུག་པའི་སྐབས་སུ་ཆོ་འཕྲུལ་དང་མཆོད་པའི་བཀོད་པ་མཐའ་ཡས་ཤིང་ལྟས་ཕུན་སུམ་ཚོགས་པ་དང་བཅས་མ་རྒྱུད་ལས་རིག་མའི་སྐྱེས་བུ་གྲུབ་པ་ཞེས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་སྟེ། འདི་ལ་བཤད་ཚུལ་གྱི་ཁྱད་པར་དུས་འཁོར་ལེའུ་ལས། ཟླ་བ་ཉི་མའི་གཟུགས་ནི་ཟོས་ན་མཁའ་ལ་ཉིན་མོ་དང་ནི་མཚན་མོ་ནམ་ཡང་མིན་པ་ཉིད། །ཐུན་མཚམས་དེ་ནི་ལུས་ཀྱི་དབུས་སུ་རྣལ་འབྱོར་རྣམས་ཀྱི་དུས་ཀུན་བདུད་རྩིའི་གོ་འཕང་ལ་གནས་པའོ། །ཕྱོགས་ཟད་ཟླ་བ་མཁའ་ལ་གནས་པ་ཉི་མའི་གཟུགས་ལ་རོ་ནི་མཉམ་པར་འགྱུར་བ་ཇི་ལྟ་བར། །སྲོག་དང་ཐུར་སེལ་ཟད་པར་གྱུར་ན་གསལ་བར་ཡང་ནི་ལུས་ལ་དངོས་གྲུབ་དུས་སུ་དེ་འགག་གོ །ཞེས་གསུངས་པས། ཕྱི་རོལ་ཏུ་ཟླ་བ་ཞེས་པ་མཚན་མོའི་ཆ་ཟོས་པ་དེ་འགགས། ཉི་མའི་གཟུགས་ཏེ་ཉིན་མོའི་ཆར་མ་ཞུགས་པ་ནམ་མཁའ་ལ་ཉིན་མོ་དང་མཚན་མོའི་ཆ་གང་ཡང་མིན་པ་ཐོ་རངས་ཀྱི་ཐུན་མཚམས་དེ་ནི་འཚང་རྒྱ་བའི་དུས་ཡིན་ལ། ནང་ལུས་ཀྱི་དབུས་སུ་རྣལ་འབྱོར་པ་རྣམས་ཀྱི་ཆགས་པ་དཀར་པོའི་ཕྱོགས་ཀྱི་ཆ་ཟད་ཆགས་བྲལ་ནག་པོའི་ཆ་ལམ་ཞུགས་པ་དུས་ཀུན་ཏུ་བདུད་རྩི་


LT09,P202A
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་གོ་འཕང་ཆ་བཅུ་དྲུག་པ་ལ་གནས་པའི་དུས་སུ་འཚང་རྒྱའོ། །དཔེར་ན་དཀར་ནག་གི་ཆ་གཉིས་ཀ་ཟད་པའི་མཐའ་གནམ་སྟོང་གི་ཆ་ཟད་དཀར་པོའི་ཚེས་གཅིག་ལ་མ་ཞུགས་པའི་དུས་སུ་ཟླ་བ་ནམ་མཁའ་ལ་གནས་པ་ཉི་མའི་གཟུགས་ལ་རོ་མཉམ་པར་འགྱུར་བ་ཇི་ལྟ་བར་སྟེང་སྲོག་ཉི་མ་དང༌། འོག་ཐུར་སེལ་ཟླ་བ་གཉིས་རོ་མཉམ་པར་གྱུར་ནས་འགགས་པའི་དུས་ཕྱི་ནང་གི་ཆ་བཅུ་དྲུག་པའི་སྐབས་དེར་འཚང་རྒྱ་བར་གསུངས་སོ། །ཇི་ལྟར་འགྲུབ་པའི་ཚུལ་ཡང་དེ་ཉིད་ལས་རྒྱས་པར་གསུངས་ཤིང༌། དེ་དང་ཕྱོགས་མཐུན་པར་རྒྱུད་སྡེ་གཞན་ལས་ཀྱང་མང་དུ་བཤད་དེ། སམྦུ་ཊིའི་བརྟག་པ་བཅུ་པ་ལས། །དེ་ནས་གང་དུ་རིག་མའི་སྐྱེས་བུ་གྲུབ་པ་དེར་འདི་ལྟ་བུའི་ཕུན་སུམ་ཚོགས་པ་འབྱུང་སྟེ། ས་འདི་དག་དགའ་ཞིང་མགུ་ལ་རངས་པས་རྣམ་པ་དྲུག་ཏུ་གཡོས་ནས་བདུད་ཀྱི་གནས་སུ་ཆ་ལང་ལྟ་བུའི་སྒྲ་གྲགས་པ་དང༌། ཕྱོགས་བཅུར་བསྐལ་པའི་མེ་ལྟ་བུའི་སྐར་མདའ་ལྟུང་བ་དང༌། རྒྱ་མཚོ་ཆེན་པོ་འཁྲུགས་པའི་སྒྲ་དང༌། ཐམས་ཅད་དུ་གནམ་རྡོ་ལྷུང་བ་དང༌། དེ་ཉིད་བསྐལ་པའི་མེའི་གཟུགས་ལྟ་བུའི་ཡེ་ཤེས་ཀྱི་མེའི་སྣང་བ་འབར་བ་དང༌། ཕྱག་རྒྱའི་སྐྱེ་གནས་ཀྱི་སྙིང་པོར་ཁམས་གསུམ་ཐམས་ཅད་དུ་སྣང་བ་དང༌། ཚངས་པ་དང༌། ཁྱབ་འཇུག་དང༌། ཆུ་བདག་དང༌། བརྒྱ་བྱིན་དང༌། དྲག་པོ་དང༌། མེ་དང༌། སྟོབས་བཟང་པོ་དང༌། ཉི་མ་དང༌། ཟླ་བ་དང༌། གནོད་སྦྱིན་དང༌། གྲུབ་པ་དང༌། དྲི་ཟ་དང༌། མིའམ་ཅི་དང༌། ལྟོ་འཕྱེ་དང༌། ལྷའི་མཆོག་དང༌། རིག་པ་འཛིན་པ་དང༌། ཆུས་བྱུང་བ་ལ་སོགས་པ་གང་ཞིག་གཞན་ཡང་སུམ་ཅུ་རྩ་གསུམ་དུ་གནས་པའི་ལྷ་རྣམས་དེར་འོང་ནས་ཡང་དག་པར་དགའ་བས་མེ་ཏོག་གིས་མཆོད་པར་བྱེད། པི་ཝཾ་དང༌། གླིང་བུ་དང༌།


LT09,P202B
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཀུནྡ¿ ཀུནྡ་མུ¿ ་དང༌། དུང་དང༌། ཟངས་དུང་དང༌། གཎྜཱི་དང༌། པ་ཊ་ཧ་དང༌། རྫ་རྔས་ནམ་མཁར་གནས་ཏེ་དེར་རྟག་ཏུ་མཆོད་པར་བྱེད་དོ། །ལྷའི་བུ་མོ་དང་རིག་པ་འཛིན་པའི་རྒྱལ་པོའི་བུ་མོ་ཐམས་ཅད་ཀྱིས་གར་བྱེད་པ་དང༌། སིལ་སྙན་དུ་མ་བྱེད་པ་དང༌། མིའམ་ཅི་དང་གནོད་སྦྱིན་གྱིས་གླུ་ལེན་པར་བྱེད་ཅིང་གར་བྱེད་པ་དང༌། དེ་ལ་དགའ་བ་དང་བཅས་པས་རྒྱལ་བ་རྒྱལ་བ་ཞེས་བྱ་བའི་སྒྲས་རྟག་ཏུ་རོལ་པར་བྱེད་པ་དང༌། གང་ཞིག་གྲུབ་པ་ནམ་མཁར་གནས་པའི་ལྷ་རྣམས་ཀྱིས་ནི་ལེགས་སོའི་རྣམ་པ་རབ་ཏུ་གསོལ་བར་མཛད་དོ། །གང་ཞིག་དགའ་ལྡན་དུ་གནས་པའི་ལྷ་རབ་མཆོག་དང༌། གང་ཞིག་ལྷའི་བུ་དང༌། རིག་པ་འཛིན་པ་དང༌། འོག་མིན་གྱི་བར་དུ་སོང་ནས་ཕྱག་འཚལ་ཞིང་མེ་ཏོག་སྣ་ཚོགས་ཀྱི་རྣམ་པ་དང༌། དྲི་སྣ་ཚོགས་ཀྱི་ཆར་དང༌། བདུག་པ་སྣ་ཚོགས་ཀྱི་ཁྱད་པར་གྱིས་གུས་པའི་ཚུལ་གྱིས་མཆོད་པར་བྱེད་དོ། །གཞན་ཡང་ཁྱོད་ལ་རྒྱས་པར་བཤད་པའི་ཚུལ་གྱིས་ཅི་ཞིག་དགོས་ཏེ། བསྒྲུབ་པར་བྱ་བའི་བསོད་ནམས་ཀྱིས་ཁམས་གསུམ་དུ་སྐྱེས་པའི་མཆོད་པ་དེ་རྣམས་ཀྱིས་མཆོད་པར་བྱེད་དོ། །ཞེས་གསུངས་པ་སོགས་མང་དུ་འབྱུང་བ་ལྟར་རོ། །གསུམ་པ་ནི། ངོ་བོ་ཁྱབ་རྟག །ཅེས་པ་སྟེ། ལུགས་འདིར་སྐུ་དང་ཡེ་ཤེས་གཉིས་ཀའི་ངོ་བོ་ཁྱབ་ཅིང་རྟག་པ་སྟེ་དེ་གཉིས་ཀའང་ཆོས་ཐམས་ཅད་ལ་ཉེ་རིང་མེད་ཅིང་གནས་འདི་ན་ཡོད་ཀྱི་གཞན་ན་མེད་དོ་ཞེས་སོགས་དབྱེ་བ་མེད་པས་དངོས་པོ་ཐམས་ཅད་ལ་ཁྱབ་པ་དང༌། ངོ་བོ་རིགས་མི་འདྲར་འགྱུར་བ་དང་རྒྱུན་ཆད་པ་གཏན་མི་སྲིད་པས་རྟག་པའོ། །དེའང་སྐུ་དང་ཡེ་ཤེས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཡིན་པ་དང༌། ཡན་ལག་བདུན་གྱི་ཡེ་ཤེས་ཀྱི་སྐུའནག་ཤེས་པ་ཁོ་ནར་བཞེད་པ་འདི་ནི་ཐུན་མོང་མ་ཡིན་པའོ།། །ཁ་ཅིག་སྟོང་པ་ཉིད་ཙམ་ཁྱབ་པ་དང་རྟག་པར་འདོད་ཀྱི་སྐུ་ཁྱབ་རྟག་ཏུ་མི་འདོད།


LT09,P203A
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་གིས་ཁྱབ་པའི་དོན་སྤྲུལ་པ་གང་དགོས་སུ་འབྱུང་བ་ལ་འཆད་དེ། གཉིས་ཀས་ཀྱང་ལོངས་སྤྱོད་རྫོགས་སྐུ་འབྱུང་གྱུར་གྱི་ལུས་ཕྲ་བ་ཞིག་ཏུ་འདོད་པར་སྣང་ངོ༌། །འབྱུང་བ་དང་འབྱུང་གྱུར་ལ་རྒྱུན་གྱིས་རྟག་པ་གཏན་མི་སྲིད། མེད་པར་དགག་པའི་མཚན་ཉིད་ཅན་ཙམ་ཆོས་སྐུའི་ཆ་ཤས་སུ་འཇོག་པའི་སྐབས་སུ་ཡོད་མོད་ཀྱི། ཡན་ལག་བདུན་ལྡན་གྱི་སྐུ་ཁྱབ་རྟག་ཏུ་བཞག་པས་དེའང་མ་ཡིན་ཏེ། མེད་དགག་ལ་ཡན་ལག་བདུན་བརྩི་རྒྱུ་མེད་པའི་ཕྱིར། དེས་ན་ལུགས་དེ་གཉིས་ནི་ཁྱབ་རྟག་གི་མིང་ཙམ་ཐོས་ཀྱང་དོན་མ་ཤེས་པའོ། །བཞི་པ་ནི། མཚན་ཉིད་སྤངས་རྟོགས་ཆེ། །ཞེས་པ་སྟེ། དེའི་མཚན་ཉིད་ནི་ཟུང་འཇུག་ཆེན་པོ་སྟེ། སྤངས་རྟོགས་ཆེན་པོ་དང་ལྡན་པའོ། །དེ་ལ་སྤངས་པ་ཆེན་པོ་ནི་བག་ཆགས་དང་བཅས་པའི་སྒྲིབ་པ་མཐའ་དག་གདོད་ནས་འགགས་པར་གཟིགས་པ་སྟེ། གཟུངས་ཀྱི་དབང་ཕྱུག་གིས་ཞུས་པའི་མདོར། བྲལ་བ་བློ་ཡི་ཟད་པ་མ་ཡིན་ཏེ། །གདོད་ནས་ཟད་པ་དེ་ཕྱིར་ཟད་ཅེས་བྱ། །ཞེས་སོ། །རྟོགས་པ་ཆེན་པོ་ནི་པྲ་ཕབ་པའི་སྣང་བརྙན་ལ་སོགས་པ་ལྟར་འཁོར་འདས་གཞི་ལམ་སོགས་ཆོས་ཐམས་ཅད་མ་བརྟགས་པར་མཁྱེན་པའོ། །ལྔ་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ཟུང་འཇུག་ཡན་ལག་སུམ་ཅུ་རྩ་དགུ་སྟེ། །ཟུང་འཇུག་གི་ཡན་ལག་གམ་ཡོན་ཏན་གྱི་མཚན་ཉིད་རྣམ་གྲངས་དུ་མར་གསུངས་ཀྱང་བསྡུ་ན་སུམ་ཅུ་རྩ་དགུར་འདུའོ། །གཉིས་པ་ལ་ལྔ། ཡན་ལག་བདུན། ཡོན་ཏན་བརྒྱད། རོ་མྱོང་བརྒྱད། དབང་ཕྱུག་བརྒྱད། ཕྲ་ཡང་ལ་སོགས་བརྒྱད་དོ། །དང་པོ་ནི། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་བ་ཆེ། །རང་བཞིན་མེད་དང་སྙིང་རྗེ་རྒྱུན་མི་འཆད། །འགོགས་མེད་ཡན་ལག་དབང་གི་ཡེ་ཤེས་ཉིད། །ལམ་དུས་གོམས་པས་སྐུ་ཡང་


LT09,P203B
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ལྡན་འཐོབ། །དེའང་སློབ་དཔོན་ཆེན་པོ་ངག་དབང་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཅེས་གསུངས་པ་ལྟར་བདུན་གྱི་དང་པོ་ནི། ལོངས་སྤྱོད་རྫོགས་པ་སྟེ། མཚན་དཔེ་ཡོངས་སུ་རྫོགས་པའོ། །གཉིས་པ་ནི། ཁ་སྦྱོར་ཏེ་རང་སྣང་གི་རིག་མ་དང་མཉམ་པར་སྦྱོར་བའོ། །གསུམ་པ་ནི། བདེ་ཆེན་ཏེ་རང་བཞིན་ལྷན་སྐྱེས་ཀྱི་བདེ་བའི་ངོ་བོར་གནས་པའོ། །བཞི་པ་ནི། རང་བཞིན་མེད་པ་སྟེ་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་པའོ། །ལྔ་པ་ནི། སེམས་ཅན་རྣམས་ལ་དམིགས་པ་མེད་པའི་སྙིང་རྗེ་དང་རྟག་ཏུ་ལྡན་པའོ། །དྲུག་པ་ནི། རྒྱུན་མི་འཆད་པ་སྟེ་སྐུ་དང་ཡེ་ཤེས་གཉིས་ཅར་རྒྱུན་གྱིས་རྟག་པའོ། །བདུན་པ་ནི། འགོག་པ་མེད་པ་སྟེ་ཐུགས་སྣང་མེད་ཀྱི་འགོག་པ་ལ་འཇུག་པ་དང༌། གཟུགས་སྐུ་རེ་ཞིག་རྒྱུན་ཆད་པའི་འགོགས་པ་མེད་པའོ། །དེའང་དབང་དུས་སུ་དབང་གི་ཡེ་ཤེས་ཀྱང་ཡན་ལག་བདུན་ལྡན་དང༌། ལམ་གྱི་དུས་སུ་བསྐྱེད་རྫོགས་གཉིས་ལའང་དེ་ལྟར་བསྒོམས་པས་སངས་རྒྱས་ཀྱི་སྐུའནག་ཡན་ལག་བདུན་ལྡན་དུ་ཐོབ་ཅེས་པ་ནི། སྤྱིར་རྒྱུད་གཞུང་ཐམས་ཅད་ཀྱི་དགོངས་པ་དང༌། ཁྱད་པར་སློབ་དཔོན་ཆེན་པོ་ཡེ་ཤེས་ཞབས་རྗེས་འབྲང་དང་བཅས་པས་རྩལ་དུ་བཏོན་པའོ། །གཉིས་པ་ནི། ཁམས་དྲུག་ཉི་ཟླ་དག་པའི་ཡོན་ཏན་བརྒྱད། ཁམས་དྲུག་ཉི་ཟླ་བཅས་དག་པས་ཡོན་ཏན་བརྒྱད་དེ། སའི་ཁམས་རང་སར་དག་པས་སྟོབས་མཐའ་ཡས་པར་འགྱུར་བ་དང༌། ཆུའི་ཁམས་དག་པས་ནད་ལ་སོགས་པའི་སྐྱོན་ནམ་ཡང་མེད་པ་དང༌། མེ་ཁམས་དག་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་འོད་ཀྱིས་ཁྱབ་པ་དང༌། རླུང་ཁམས་དག་པས་རྫུ་འཕྲུལ་ཡིད་ལྟར་མགྱོགས་པས་འགྲོ་བ་དང༌། ནམ་མཁའི་ཁམས་དག་པས་གར་ཡང་ཕྱིན་པ་དང༌། ཉི་མ་སྟེ་དམར་ཆ་


LT09,P204A
[མ་དཔེ་གཟིགས་ན་འདིར་གནོན།]

དག་པས་སྤྲུལ་པ་སྣ་ཚོགས་སྟོན་པ་དང༌། ཟླ་བ་སྟེ་ཁུ་བ་དག་པས་བདེ་བ་ཆེན་པོས་ཐུགས་རྒྱུད་གང་བ་དང༌། རྣམ་ཤེས་ཀྱི་ཁམས་དག་པས་དུས་ཐམས་ཅད་དུ་བདེ་སྟོང་གི་ཡེ་ཤེས་ལས་མ་གཡོས་ཤིང་དུས་གསུམ་དུ་ཆགས་ཐོགས་མེད་པའི་ཡེ་ཤེས་འཇུག་གོ །འདི་ནི་ཟུང་འཇུག་གི་ཡོན་ཏན་ཡིན་ལ་སྲེད་མེད་ཀྱི་བུའི་སྟོབས་དང༌། ཟོ་བདོག་བདེ་བ་དང༌། གཟི་བརྗིད་ཆེ་བ་དང༌། གཡང་ས་ལ་སོགས་པས་མི་གནོད་པ་དང༌། མི་སྣང་བ་དང༌། སྤྲུལ་པ་ཅི་རིགས་པར་སྟོན་པ་དང༌། གྲིབ་མ་མེད་པ་དང༌། མངོན་ཤེས་ལྔ་ཅི་རིགས་པ་ཐོབ་བ་རྣམས་ས་སོགས་ཀྱི་ཡོན་ཏན་དུ་བཤད་པ་ནི་ཐུན་མོང་གི་དངོས་གྲུབ་ཀྱི་ཡོན་ཏན་དུ་གཟུང་ངོ༌། །གསུམ་པ་ནི། རྟག་པ་མི་གདུང་བསིལ་དང་གཅིག་པུ་བདེ། །དྲི་མེད་དགའ་བ་ཡིད་དང་རོ་བརྒྱད་མྱོང༌། །དེའང་འཇམ་དཔལ་ཞལ་ལུང་ལས། དེ་ནས་མཐའ་མེད་འཁོར་བའི་བར། །རྟག་པ་དང་ནི་མི་གདུང་དང༌། །བསིལ་བ་དང་ནི་གཅིག་པ་དང༌། །བདེ་བ་དང་ནི་དྲི་མེད་དང༌། །དགའ་བ་དང་ནི་ཡིད་དང་བ། །འདི་ནི་བདེ་ཆེན་རོ་བརྒྱད་མྱོང༌། །ཞེས་གསུངས་པས། འཁོར་བ་ཇི་སྲིད་བར་དུ་གནས་པའི་ཕྱིར་རྟག་པ་དང༌། གཟུང་བ་ལ་སོགས་པའི་རྟོག་པས་མ་གོས་པའི་ཕྱིར་ན་གདུང་བ་མེད་པ། མི་སློབ་པའི་ཟུང་འཇུག་ལ་ཤེས་སྒྲིབ་ཀྱི་ཚ་གདུང་མེད་པ་དང༌། སློབ་པའི་ཟུང་འཇུག་ལའང་གཉིས་སྣང་རགས་པ་འགག་པས་ན་བསིལ་བ་དང༌། བདེན་གཉིས་དབྱེར་མེད་དང་སྲིད་ཞི་མཉམ་པ་ཉིད་དུ་གྱུར་པས་གཅིག་པ་དང༌། སེམས་འགྱུར་བ་མེད་པའི་བདེ་བ་དང༌། ཕྱིན་ཅི་ལོག་གི་འཁྲུལ་པ་དང་བྲལ་བས་དྲི་མ་མེད་པ་དང༌། ཟབ་གསལ་དབྱེར་མེད་ལས་མི་འདའ་བའི་འགྲོ་དོན་མཛད་པའི་ཕྱིར་དགའ་བ་དང༌། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པས་ཆོས་ཉིད་དང་སེམས་ཅན་ལ་རྟག་ཏུ་


LT09,P204B
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་འཇོག་པས་ཡིད་དང་བའམ་ཡིད་དགའ་བའོ། །བཞི་པ་ནི། གསང་གསུམ་རྫུ་འཕྲུལ་ཀུན་འགྲོ་གནས་དང་འདོད། །སྐྱེད་པའི་དབང་ཕྱུག་ཅེས་ཚིག་བསྡུས་པའི་གསང་གསུམ་སོགས་སོ་སོར་བཀྲལ་ན། སྒྲོན་གསལ་དུ། སྐུ་ཡི་དབང་ཕྱུག་དང་ནི་གསུང་གི་དབང་ཕྱུག་དང༌། །དེ་བཞིན་དུ་ནི་ཐུགས་ཀྱི་དབང་ཕྱུག་དང༌། །རྫུ་འཕྲུལ་ཀུན་འགྲོ་གནས་ཀྱི་དབང་ཕྱུག་དང༌། །ཅི་འདོད་བསྐྱེད་དང་ཡོན་ཏན་བརྒྱད་པའོ། །ཞེས་ལུང་དྲངས་ཏེ། སྐུ་དཔག་ཏུ་མེད་པ་ཅིག་ཅར་སྟོན་པ་སྐུའི་དབང་ཕྱུག་དང༌། སེམས་ཅན་ཐམས་ཅད་ཀྱི་སྐད་དུ་ཆོས་ཅིག་ཅར་སྟོན་པ་གསུང་གི་དབང་ཕྱུག་དང༌། རྟོག་པ་མེད་བཞིན་དུ་ཤེས་བྱ་ཐམས་ཅད་མཁྱེན་པ་ཐུགས་ཀྱི་དབང་ཕྱུག་དང༌། ལྷུན་གྱིས་གྲུབ་པའི་རྫུ་འཕྲུལ་མཐའ་ཡས་པ་སྟོན་པ་རྫུ་འཕྲུལ་གྱི་དབང་ཕྱུག་དང༌། ཡུལ་དུས་གནས་སྐབས་ཐམས་ཅད་དུ་ཁྱབ་པ་ཀུན་འགྲོའི་དབང་ཕྱུག་དང༌། སྟོབས་སོགས་ཡོན་ཏན་གྱི་གནས་སུ་གྱུར་པས་གནས་ཀྱི་དབང་ཕྱུག་དང༌། བཞེད་པ་ཙམ་གྱིས་དོན་ཐམས་ཅད་འགྲུབ་པ་ནི་འདོད་པའི་དབང་ཕྱུག་དང༌། གདུལ་བྱ་མུ་མེད་པ་རྣམས་ལ་བྱང་ཆུབ་གསུམ་པོ་རྒྱུད་ལ་སྐྱེ་བར་མཛད་པ་ནི་སྐྱེད་པའི་དབང་ཕྱུག་སྟེ། དེ་རྣམས་ལ་དབང་འབྱོར་བས་དབང་ཕྱུག་གོ །ལྔ་པ་ནི། ཕྲ་ཡང་གོང་ལས་འཕགས། །ཞེས་པ་སྟེ། ཕྲ་ཡང་ལ་སོགས་པའི་ངོ་བོ་ནི་གོང་དུ་བཤད་ཟིན་པ་དེ་ཉིད་ཡིན་ལ། འོན་ཀྱང་ཁྱད་པར་ནི་གོང་ནས་གོང་དུ་འཕགས་པའི་ཕྱིར་སྐབས་འདིར་ནི་བསམ་ལས་འདས་པའི་རང་བཞིན་ཅན་དུ་ཤེས་པར་བྱའོ། །དྲུག་པ་དེའི་ཁྱད་ཆོས་བཤད་པ་ལ་གཉིས། རྟེན་སྐུ་དང༌། བརྟེན་པ་ཡེ་ཤེས་སོ། །དང་པོ་ལ་ལྔ། སྐུའི་ཞིང༌། ངོ་བོ། དབྱེ་བ། བྱེ་བྲག་སྐུ་གསུམ་མམ་སྐུ་བཞིའི་དོན། ཁྱད་པར་རིགས་ཀྱི་དབྱེ་བའོ། །དང་པོ་ནི། སྤྲོས་པ་ཀུན་བྲལ་སྟོང་


LT09,P205A
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སངས་རྒྱས་ས། །རྡོ་རྗེ་བཙུན་མོའི་བྷ་ག་འཚང་རྒྱའི་གནས། །སྤྱིར་གང་དུ་འཚང་རྒྱ་བའི་གནས། ལམ་ཐུན་མོང་གི་སྐབས་སུ་བཤད་པ་ལྟར་ན་སྣ་ཚོགས་པར་འབྱུང་མོད་ཀྱི་དོན་དམ་པར་གསང་བ་ཆེན་པོའི་ཚུལ་ནི། རྒྱུད་རྡོར་ཕྲེང་ལས། ཨེ་ནི་གསང་བ་མཁའ་དབྱིངས་དང༌། །བྷ་ག་ཆོས་འབྱུང་པདྨ་ལ། །རྣལ་འབྱོར་སེང་གེའི་གདན་ལ་བཞུགས། །མཆོག་ཏུ་རྨད་བྱུང་སྟོན་པར་མཛད། །ཅེས་སངས་རྒྱས་ཀྱི་ཞིང་དང༌། དོན་དམ་པའི་མཁའ་དབྱིངས་དང༌། བཙུན་མོའི་བྷ་ག་དང༌། ཆོས་འབྱུང་དང༌། སེང་གེའི་ཁྲི་ལ་སོགས་པའི་མིང་གི་རྣམ་གྲངས་མང་པོས་གསུངས་པ། སྤྲོས་པ་ཀུན་བྲལ་བའི་སྟོང་ཉིད་རྣམ་པ་ཐམས་ཅད་དུ་སངས་རྒྱས་ཀྱི་སའམ། རྡོ་རྗེ་བཙུན་མོའི་བྷ་ག་དང་གསང་བ་ཞེས་བྱ་བའི་མིང་ཅན་དེ་ཡིན་ཏེ། དཔལ་སམྦུ་ཊི་ལས་ཀྱང༌། རིག་མའི་སྐྱེས་བུ་གྲུབ་པ་ནི། གང་དུའང་མི་གནས། གང་དུའང་མི་འགྲོ། ཐོག་མ་དང་ཐ་མ་དང་དབུས་དང་བྲལ་བ། གཉིས་སུ་མེད་པ་གནས་གསུམ་དུ་སྣང་བ་ཐམས་ཅད་དུ་སོན་པ་ཞེས་གསུངས་པས། དེས་ན་དེའི་ཞིང་ལ་ཕྱོགས་ཆ་དང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལ་ཉེ་རིང་གི་དབྱེ་བ་ནི་མེད་དོ། །གོང་དུ་བཤད་པ་ལྟར་ཀུན་ཏུ་ཁྱབ་པ། སྤྲོས་པ་དང་བྲལ་བའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་དེ་ཉིད་ཞིང་གི་སྣང་བར་ཤར་བའི་དག་སྣང་འབའ་ཞིག་ཡིན་པས་སོ། །ཡེ་ཤེས་ཀྱི་གཟིགས་པ་འཇུག་ཅིང་འགྲོ་བའི་དོན་སྤྱོད་པའི་ཞིང་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་པ་ཡིན་ནོ། །མ་དག་པའི་ཞིང་དུ་སངས་རྒྱས་ཀྱི་སྣང་བ་འབྱུང་བ་ན་དེའང་ཞིང་དངོས་སུ་འཇོག་མོད། གཙོ་བོར་ས་ཐོབ་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ཏེ། རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་བཞུགས་པར་


LT09,P205B
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའང་འདིའི་སྣང་བ་ཡིན་ལ། མདོ་དགོངས་འགྲེལ་ལས། ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད་ཅེས་གཞལ་ཡས་ཁང་ལ་བཤད་པའང་འདིའོ། །དེས་ན་དོན་དམ་པར་སངས་རྒྱས་རྣམས་ཞིང་ཁམས་ཐ་དད་པར་བལྟ་བར་མི་བྱའོ། །གཉིས་པ་ནི། སྐུ་ཡི་ངོ་བོ་ཡེ་ཤེས་དཀྱིལ་འཁོར་ཏེ། །སྐུ་ཡི་ངོ་བོ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡིན་ཏེ། གང་ཟག་གཅིག་ཉིད་མངོན་པར་བྱང་ཆུབ་པ་ན་ཕུང་ཁམས་སྐྱེ་མཆེད་གནས་འགྱུར་བའི་ལྷ་སུམ་ཅུ་སོ་བདུན་ནམ། རྩ་ཁམས་ཀྱི་རང་བཞིན་གནས་འགྱུར་བའི་ལྷ་དྲུག་ཅུ་རྩ་གཉིས་ལྟ་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་མ་ལུས་པ་ཅིག་ཅར་དུ་འགྲུབ་པ་ཡིན་ནོ། །སྐུ་བཞི་སོ་སོའི་ངོ་བོ་ནི་འོག་ཏུ་འཆད་པར་འགྱུར་རོ། །གསུམ་པ་ལ་སྐུ་གཅིག་ནས་བཅུ་དྲུག་གི་བར་རྣམ་པར་དབྱེ་བ་ལ་བདུན་གྱི། དང་པོ་ནི། ཟུང་འཇུག་གཅིག་པུ། ཞེས་པ་སྟེ། འབྲས་བུའི་རྒྱུད་དེ་ཉིད་ཀྱང་ཟག་པ་མེད་པའི་ཆོས་ཚོགས་པས་ན་ཀཱ་ཡ་ཞེས་པ་ཚོགས་པའམ། སྐུ་ལའང་འཇུག་སྟེ། འཇམ་དཔལ་གྱི་ལྟ་འདོད་མདོར་བསྟན་ལས། གོང་བུ་ཕུང་པོ་དེ་བཞིན་སྐུ། །ཡང་དག་བསགས་པར་ཡོངས་སུ་བསྒྲགས། །ཞེས་གསུངས་པ་ལྟར་རོ། །སྐུ་དེའི་རྣམ་པར་དབྱེ་བའང་གཅིག་ནས་ལྔའི་བར་དང༌། གཞན་ཡང་དྲུག་དང་བཅུ་དྲུག་ལ་སོགས་པའི་དབྱེ་བའང་གསུངས་ཏེ། འཇམ་དཔལ་གྱི་ལྟ་བའི་འདོད་པ་མདོར་བསྟན་ལས། སངས་རྒྱས་ཤཱཀྱ་སེང་གེ་ཡིས། །སེམས་ཅན་བསམ་པའི་དབང་དག་གིས། །སྐུ་ནི་གཅིག་གཉིས་གསུམ་དང་ནི། །བཞི་དང་ལྔ་རུ་གསུངས་པ་སྟེ། །ཞེས་དང༌། དེ་ལས་སྐུ་གཅིག་ནི། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རིས་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །དེ་བཞིན་གཤེགས་པ་ཡེ་ཤེས་


LT09,P206A
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ། །ཞེས་གསུངས་ཏེ། རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཟུང་དུ་འཇུག་པའི་ཡེ་ཤེས་གཅིག་གི་ངོ་བོ་ཡིན་ལ། དེ་ཉིད་གདོད་མ་ནས་འཁོར་བའི་གནས་སྐབས་སུ་ཡང་རིགས་མི་འགྱུར་བར་གནས་པའི་ཕྱིར་དང༌། སངས་རྒྱས་རང་སྣང་གི་སྐུ་ནི་གཅིག་པོ་འདི་ཉིད་ཡིན་པའི་ཕྱིར་ན་དོན་ལ་ཟུང་འཇུག་གི་སྐུ་གཅིག་པུ་ཉིད་དོ། །གཉིས་པ་ནི། ཆོས་དང་གཟུགས་སྐུ་གཉིས། །ཞེས་པ་སྟེ། སྔ་མ་ལས། ཇི་ལྟར་གཟུགས་ཀྱི་སྐུ་དང་ནི། །དེ་ལྟར་སངས་རྒྱས་ཆོས་སྐུ་སྟེ། །སེམས་ཅན་བསམ་པའི་དབང་གི་ཕྱིར། །བསྟན་བཅོས་སྐྱབས་གནས་གསུམ་པོས་གསུངས། །ཞེས་པ་སྟེ། སངས་རྒྱས་རང་སྣང་ཁོ་ནས་བསྡུས་པ་ཆོས་ཀྱི་སྐུ་དང༌། གདུལ་བྱ་གཞན་གྱི་སྣང་བས་བསྡུས་པ་གཟུགས་ཀྱི་སྐུ་གཉིས་སོ། །གསུམ་པ་ནི། རྡོ་རྗེ་གསུམ་དང༌། ཞེས་པ་སྟེ། དེ་ཉིད་ལས། ཐུགས་གསུང་སྐུ་ཡི་དབྱེ་བ་ཡིས། །སྐུ་གསུམ་དུ་ནི་རབ་ཏུ་བསྒྲགས། །ཞེས་འབྱུང་བས། ཐུགས་རྣམ་པར་མི་རྟོག་པ་ཆོས་སྐུ། གསུང་གཞོམ་མེད་ཀྱི་རང་སྒྲ་ལོངས་སྐུ། སྐུ་རྣམ་པ་ཐམས་ཅད་པ་སྤྲུལ་པའི་སྐུའམ། ཡང་ན་སྟོང་པ་ཆོས་སྐུ། བདེ་བ་ལོངས་སྐུ། གསལ་སྣང་སྤྲུལ་པའི་སྐུར་བཤད་པ་དང༌། གདུལ་བྱ་ལ་སྣང་བའི་གཟུགས་བརྙན་དེ་ལས་མཚན་དཔེས་བརྒྱན་པའི་སྤྲུལ་པའི་སྐུ་ནས། རི་བོ་དང་རྩི་ཤིང་ལ་སོགས་པའི་གཟུགས་སུ་སྣང་བས་སེམས་ཅན་ལ་ཕན་བདེ་སྟེར་ཚད་ཀྱི་གཟུགས་ཀྱི་བརྙན་པོ་རྣམས་ནི་སྐུ་རྡོ་རྗེ་སྤྲུལ་སྐུ་དང༌། གསུང་རབ་ཡན་ལག་བཅུ་གཉིས་ནས་ཤེས་བྱའི་སྒྲ་བརྙན་རྣམ་པ་ཐམས་ཅད་པར་སྣང་བ་ནི་གསུང་རྡོ་རྗེ་ལོངས་སྐུ་དང༌། མི་འགྱུར་བའི་བདེ་བ་དང་རྣམ་པ་ཀུན་ལྡན་གྱི་


LT09,P206B
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་ཟུང་འཇུག་གི་སྐུ་ནི་ཐུགས་རྡོ་རྗེ་ཆོས་སྐུའོ། །ཡང༌། སངས་རྒྱས་ཆོས་དགེ་འདུན་གསུམ་ལ་སྐུ་གསུམ་དུ་བཤད་པའང་ཡོད་དེ་རྡོ་རྗེ་གསུམ་གྱི་ཁོངས་སུ་འདུ་བ་ཉིད་དོ། །བཞི་པ་ནི། ལྷན་ཅིག་སྐྱེས་བསྣན་བཞི། །ཞེས་པ་སྟེ། སྐུ་གསུམ་ལ་ལྷན་ཅིག་སྐྱེས་པ་ངོ་བོ་ཉིད་སྐུའམ། བདེ་བ་ཆེན་པོའི་སྐུ་བསྣན་པས་བཞི་སྟེ། སྔ་མ་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་པ་དང༌། །ཆོས་སྐུ་མཛད་པ་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བཤད། །ཅེས་སོ། །དེའང་དུས་ཀྱི་འཁོར་ལོའི་ཚུལ་ལས་རྣམ་པར་གཞག་པ་གཉིས་ཀྱིས་སྔོན་ཏེ། དོན་དམ་པའི་ཡེ་ཤེས་ཀྱི་སྐུ་དེ་ཉིད་ཀྱི་བདེ་བ་ཡུལ་ཅན་དང་སྟོང་པ་ཡུལ་དུ་གྱུར་པའི་ཆ་ནས་ངོ་བོ་ཉིད་སྐུ་དང༌། བདེ་བ་ཡུལ་དང་སྟོང་པ་ཉིད་ཡུལ་ཅན་དུ་གྱུར་པའི་ཆ་ནས་ཆོས་ཀྱི་སྐུ་དང༌། སྟོང་པ་ཉིད་དེའི་སྒྲ་བརྙན་གྱི་ཆ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། གཟུགས་བརྙན་རྣམས་སྤྲུལ་པའི་སྐུའོ་ཞེས་བྱ་བ་གཅིག་གོ །དེ་ལྟ་བུའི་སྐུ་བཞི་ཀ་ངོ་བོ་ཉིད་ཀྱི་སྐུ་དང༌། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གཟུགས་བརྙན་གྱི་ཚུལ་དུ་སྣང་ཞིང་ནམ་མཁའ་ཇི་སྲིད་པར་གཡོ་བ་མེད་པའི་སྐུ་ནི་ཆོས་ཀྱི་སྐུ་སྟེ། འདི་ཉིད་ལ་སློབ་དཔོན་སངས་རྒྱས་གསང་བས་མངོན་པར་བྱང་ཆུབ་པའི་སྐུ་ཞེས་ཀྱང་བཤད་དོ། །གཟུགས་ཀྱི་སྐུ་འོག་མིན་ན་བཞུགས་པ། གཙང་མར་སྐྱེས་པའི་ཉན་ཐོས་རྣམས་ཀྱིའང་སྤྱོད་ཡུལ་དུ་མ་གྱུར་པའི་སྐུ་ནི་ལོངས་སྤྱོད་རྫོགས་པ་དང༌། དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པར་སྟོན་པས་སོ་སོ་སྐྱེ་བོ་རྣམས་ལ་རང་རང་གི་དབང་པོ་དང་འཚམས་པར་ཇི་ལྟར་རིགས་པའི་སྐུར་སྣང་བ་ནི་སྤྲུལ་པའི་སྐུར་བཞག་པ་བོད་སྔ་མ་རྣམས་བཞེད་དོ། །ཡང༌། སྟོང་པ་ངོ་བོ་ཉིད་


LT09,P207A
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ། བདེ་བ་ཆོས་སྐུའམ་བདེ་ཆེན་གྱི་སྐུ། སངས་རྒྱས་རང་སྣང་གི་གསུང་ལོངས་སྐུ་དང་སྐུ་སྤྲུལ་སྐུར་འཇོག་པ་རྡོ་རྗེ་བཞིའི་སྐུའམ། རང་སྣང་གི་སྐུ་ལོངས་སྐུ་དང༌། ཐུགས་རྗེ་ཆེན་པོ་སྤྲུལ་སྐུར་འཇོག་པའང་ཡོད་དོ། །ལྔ་པ་ནི། རིགས་ལྔའི་སྐུ་ལྔ། ཞེས་པ་སྟེ། མི་བསྐྱོད་པ་སོགས་རིགས་ལྔ་དང༌། ཡེ་ཤེས་ལྔ་ལ་སོགས་པའི་དབྱེ་བས་སྐུ་ལྔ་སྟེ། སྔ་མ་ལས། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆད། །ཞེས་དང༌། དེ་དག་གི་མཚན་ཉིད་ཀྱང༌། གཟུགས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་སྤྲུལ་པའི་སྐུ་མཆོག་གོ །སྒྲ་ཡི་ཕུང་པོ་མཐའ་ཡས་པ། །བདག་གི་ལོངས་སྤྱོད་རྫོགས་སྐུ་མཆོག །ཆོས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་ཆོས་ཀྱི་སྐུ་རབ་བསྒྲགས། །ཡེ་ཤེས་ཕུང་པོ་མཐའ་ཡས་པ། །བདག་གི་ཡེ་ཤེས་སྐུ་རབ་བསྒྲགས། །བདེ་བའི་ཕུང་པོ་མཐའ་ཡས་པ། །བདག་གི་བདེ་སྐུ་འགྱུར་མེད་མཆོག །ཅེས་གསུངས་པ་ལྟར་རོ། །དྲུག་པ་ནི། ཁྱབ་བྱེད་བསྣན་པས་དྲུག །ཅེས་པ་སྟེ། སྔ་མ་ལ་ཁྱབ་བྱེད་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོའི་སྐུ་བསྣན་ན་སྐུ་དྲུག་ཏུ་འགྱུར་ཏེ། དེའང་དུས་ཀྱི་འཁོར་ལོ་ལས། ཁམས་དྲུག་སྒྲིབ་པ་དང་བྲལ་བས་རིགས་དྲུག་ཏུ་འགྱུར་བར་གསུངས་པ་ལྟར་ན། ཡེ་ཤེས་ཀྱི་ཁམས་རྡོ་རྗེ་སེམས་དཔའ། རྣམ་ཤེས་མི་བསྐྱོད་པ། རླུང་ཁམས་དོན་གྲུབ། མེ་ཁམས་རིན་འབྱུང༌། ཆུ་ཁམས་འོད་དཔག་མེད། ས་ཁམས་རྣམ་སྣང་གི་རིགས་སོ། །བདེ་མཆོག་སོགས་མ་རྒྱུད་སྤྱི་དང་སྦྱར་ན། རང་བཞིན་གྱིས་འོད་གསལ་བའི་སེམས་རྣམ་ཤེས་ལས་འདས་པས་ཀུན་གཞི་གནས་གྱུར་པ། སྤྲོས་པའི་ཆོས་ཀུན་དེའི་རང་བཞིན་ཅན་ཡིན་


LT09,P207B
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དེ་ཉིད་སྤྲོས་པས་མ་གོས་པ་ནི་མི་བསྐྱོད་པ་དཔལ་ཧེ་རུ་ཀ་དང༌། ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པའི་སྟོང་ཉིད། སངས་རྒྱས་སེམས་ཅན་སོགས་འཁོར་འདས་ཀྱི་དབྱེ་བ་དང་བྲལ་བའི་མཉམ་ཉིད་ལས་མ་གཡོས་ཀྱང་འདུ་བྱེད་ཐམས་ཅད་དང་བྲལ་ཞིང་ལྷུན་གྱིས་གྲུབ་པར་ཅི་བཞེད་པ་ལ་དགྱེས་དགུར་རོལ་པ་དང༌། སེམས་ཅན་གྱི་སྐལ་པ་དང་འཚམས་པར་དུས་ལས་ཡོལ་བ་མེད་པར་འགྲོ་དོན་ཐོགས་མེད་དུ་འབྱུང་བ་དོན་ཡོད་གྲུབ་པ་སྟེ་གཞན་དོན་སྤྱོད་པ་ལ་མྱུར་ཏུ་འཇུག་པས་རྟ་མཆོག་གམ་རྟའི་རྒྱལ་པོ་ཞེས་བྱའོ། །རྟག་ཆད་ལས་གྲོལ་བ་མཉམ་པ་ཉིད་གཟིགས་པས་ཕྱིན་ཅི་ལོག་གིས་གཡོ་བ་མེད་པ་རིན་འབྱུང་སྟེ་རྡོ་རྗེ་ཉི་མའམ་གཟི་བརྗིད་རྒྱལ་པོའོ། །རླུང་མི་འགྱུར་བ་ནམ་མཁའ་དང་མཉམ་ལ་སྐྱེ་བ་མེད་པ་མིང་ཚིག་གི་ཡི་གེ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་འགྲོ་བ་ཐམས་ཅད་ལ་ཞིང་ཐམས་ཅད་དུ་དུས་ཀུན་ཏུ་སྐད་ཐམས་ཅད་པས་གང་ལ་གང་འདུལ་གྱི་དོན་དུ་གང་འགྱུར་བ་དེ་ཉིད་གྲགས་སྟོང་དུ་སྟོན་པའི་མཚན་ཉིད་ཅན་ནི་པདྨ་གར་གྱི་དབང་ཕྱུག་སྟེ་འོད་དཔག་མེད་དོ། །རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་པྲ་ཕབ་པའི་གཟུགས་བརྙན་གྱི་རང་བཞིན་ཏེ། དེ་དང་མཚུངས་པ་སེམས་དག་པའི་སྣང་ཆ་ཙམ་རང་ཤར་བའི་ཞིང་དང༌། སྐུ་དང་འབྱོར་པ་སོགས་ཚད་མེད་མུ་མེད་ཅིང་འབྱམས་ཀླས་པ་ཡེ་ཤེས་གཅིག་ཉིད་ཀྱི་རྣམ་རོལ་ཏུ་སྣང་བ་ནི་རྒྱལ་བ་རྟག་པ་སྟེ་རྣམ་པར་སྣང་མཛད་དོ། །རྟག་པ་མཆོག་ཏུ་ཁྱབ་པའི་བདག་ཉིད་ཁྱབ་པ་དང་རྟག་པ་གཉིས་སུ་མེད་པ་ནི་ཁྱབ་བདག་སྟེ། ཤེས་བྱ་ཐམས་ཅད་ཀུན་ནས་སྒྱུ་མ་ལྟར་མཐོང་བ་ནི་སྟོང་པའི་ཡེ་ཤེས་དང་རང་བཞིན་བདེ་བ་ཆེན་པོ་མངོན་དུ་གྱུར་པ་བདེ་སྟོང་གཉིས་སུ་མེད་པ་ནི་དོན་དམ་བྱང་ཆུབ་ཀྱི་རྡོ་རྗེ་སེམས་དཔའ་སྟེ་དག་པ་གཉིས་ལྡན་དང་འབྲས་བུ་རྡོ་རྗེ་འཛིན་པ་ཞེས་


LT09,P208A
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །བདུན་པ་ནི། སྐུ་བཞིར་ཐུགས་གསུང་སྐུ་དང་ཡེ་ཤེས་ཀྱི། །དབྱེ་བས་བཅུ་དྲུག་ལ་སོགས་དུ་མར་འགྱུར། །འཕོ་བ་བཅུ་དྲུག་སྒྲིབ་བྲལ་དུ་འགགས་པས་སྐུ་བཅུ་དྲུག་ཐོབ་ཅིང་དེ་ཉིད་རྣམ་པ་བཅུ་དྲུག་ཏུ་རིག་པའམ། ཡང་ན་སྐུ་བཞི་རེ་རེར་ཐུགས་གསུང་སྐུ་དང་ཡེ་ཤེས་ཀྱི་དབྱེ་བས་བཅུ་དྲུག་ཏུ་འགྱུར་ཏེ། ཇི་སྐད་དུ། སྤྲུལ་པ་ཡི་ནི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང༌། །ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང༌། །དཔལ་ལྡན་ཆོས་ཀྱི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང༌། །ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་ནི། །སད་རྨི་གཉིད་སྟུག་བཞི་པ་ཡི། །དབང་པོ་གཉིས་སྐྱེས་བདེ་མིན་ཞིང༌། །ཞེས་འབྱུང་བ་ལྟར་རོ། །དེས་མཚོན་ཏེ་རིགས་ཀྱི་དབྱེ་བས་སྐུའི་རྣམ་གྲངས་ཀྱང་དུ་མར་འགྱུར་བར་ཤེས་པར་བྱའོ། །བཞི་པ་བྱེ་བྲག་ཏུ་སྐུ་གསུམ་སྐུ་བཞིའི་དོན་མདོ་ཙམ་བཤད་པ་ནི། ཆོས་སྐུ་མཉམ་ཉིད་དེ་བཞིན་ཉིད་རང་བཞིན། །ཆོས་ལོངས་རྫོགས་སྤྱོད་ཡན་ལག་བདུན་མཐར་ཐུག །སྤྲུལ་སྐུ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཏེ། །གཟུགས་སྐུ་གཉིས་ལ་བརྡ་དོན་གཉིས་སུ་ཡོད། །གནས་སྐབས་རྣམ་བཞི་སྒྲིབ་བྲལ་གྱུར་པ་དང༌། །རླུང་རྡུལ་ཁུ་བ་རྣམ་ཤེས་དག་པ་བཞི། །འདུས་མ་བྱས་དང་གདུང་མེད་སྙིང་རྗེས་སྒྲོལ། །བདེ་བ་ཆེན་པོ་ཟུང་འཇུག་རང་བཞིན་ནོ། །སྐུའི་དབྱེ་བ་དེ་དག་ལས་ཀྱང་མདོ་སྔགས་གཉིས་ཀར་སྐུ་གསུམ་དུ་བཤད་པ་གྲགས་ཆེ་ཞིང་སྔགས་ཀྱི་ཚུལ་འདིར་སྐུ་བཞིའི་དག་པ་ཤེས་པ་ཤིན་ཏུ་གལ་ཆེ་བས་ཅུང་ཟད་བྱེ་བྲག་ཏུ་དབྱེ་ན། ཆོས་ཀྱི་སྐུ་ནི། ཤེས་པ་དང་ཤེས་བྱ་མཉམ་ཉིད་དུ་གྱུར་པས་དེ་བཞིན་ཉིད་ཀྱི་རང་བཞིན་སྤྲོས་པ་ཐམས་ཅད་དང་བྲལ་བ། ལོངས་སྐུ་ནི་


LT09,P208B
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་ལ་རྫོགས་པར་ལོངས་སྤྱོད་ཅིང་ཡིད་ཀྱི་གཟུགས་གཉིས་སྣང་སྤངས་པ་དང་ཁ་སྦྱོར་ཡན་ལག་བདུན་མཐར་ཐུག་པ་གཅིག་ཏུ་གྱུར་པ། སྤྲུལ་སྐུ་ནི་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཏེ། མདོར་ན། རྣམ་པར་མི་རྟོག་པ་རང་གི་རིག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་མེད་པར་ཡང་གཟིགས་ལ། མེད་བཞིན་དུ་སྣང་བ་དང་སྣང་བཞིན་པ་དང་སྣང་བར་འགྱུར་བ་ཐ་ན་རྡུལ་ཕྲན་གཅིག་གཡོ་བ་ཚུན་རྒྱུ་འབྲས་དང་བཅས་པ་གཅིག་ཀྱང་མ་ལུས་པར་ཡེ་ཤེས་གཅིག་གིས་ཅིག་ཅར་མཁྱེན་པ་ནི་ཆོས་སྐུ་དང༌། དེའི་སྣང་བ་འགག་པ་མེད་པ་སྐུ་དང་ཞིང་ལ་སོགས་པ་སྣ་ཚོགས་པར་འཆར་བ་ལོངས་སྐུ་དང༌། མེད་པ་ལ་འཁྲུལ་པའི་སེམས་ཅན་སྒྲོལ་བྱའི་ཐབས་ཀྱང་སྟོན་པའི་ཡེ་ཤེས་ནི་སྤྲུལ་སྐུ་སྟེ། དེ་གསུམ་ཆར་ཡེ་ཤེས་གཅིག་ཉིད་ཀྱི་ལྡོག་པ་ཡིན་པ་ནི་སྐུ་གསུམ་ཟུང་འཇུག་གི་དོན་ནོ། །སེམས་ཀྱི་རང་བཞིན་བདེ་བ་ཆེན་པོ་དང་རོ་མྱོང་བརྒྱད་པོ་དོན་དམ་པར་སྤྲོས་པ་དང་བྲལ་བ་ནི་ལྷན་ཅིག་སྐྱེས་པའི་སྐུ་སྟེ་འདིའང་ཆོས་ཀྱི་སྐུར་འདུ་བ་ཡིན་ནོ། །གཟུགས་སྐུ་གཉིས་ལ་བརྡ་དང་དོན་གྱི་སྐུ་གཉིས་སུ་ཡོད་དེ། ལོངས་སྐུའི་བརྡ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པའོ། །དོན་ནི་སངས་རྒྱས་ཀྱི་ཡེ་ཤེས་ཁོ་ན་སྟེ་སེམས་ཅན་ལ་སྣང་བ་ནི་མེད་དོ། །སྤྲུལ་སྐུའི་བརྡ་ནི་སོ་སོ་སྐྱེ་བོ་འགའ་ཞིག་ལའང་མངོན་སུམ་དུ་སྣང་བའོ། །དོན་ནི་བཅོམ་ལྡན་འདས་ཀྱི་བྱ་བ་གྲུབ་པའི་ཡེ་ཤེས་ཐུགས་རྗེ་ཆེན་པོའོ། །སད་རྨི་གཉིང་སྟུག་བཞི་པ་ཆགས་རྟོག་གི་གནས་སྐབས་བཞི་པོ་སྒྲིབ་བྲལ་དུ་གྱུར་པ་དང༌། རླུང་དང༌། རྡུལ་དང༌། ཁུ་བ་དང༌། རྣམ་པར་ཤེས་པ་རྣམ་པར་དག་པ་བཞི་པོ་ནི་སྐུ་བཞི་སྟེ། ཆོས་སྐུའི་རང་བཞིན་འདུས་མ་བྱས་པ་དང༌། ལོངས་སྐུའི་རང་བཞིན་སྡུག་བསྔལ་དང་ཀུན་འབྱུང་གི་གདུང་བ་མེད་པ་དང༌།


LT09,P209A
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུའི་རང་བཞིན་རྡོ་རྗེ་སྙིང་རྗེས་སེམས་ཅན་སྒྲོལ་བ་དང༌། ལྷན་ཅིག་སྐྱེས་སྐུའི་རང་བཞིན་བདེ་བ་ཆེན་པོ་ཟུང་འཇུག་གི་རང་བཞིན་ཡིན་པའང་ཤེས་པར་བྱའོ། །འདི་དག་ལས་སྤྲོས་ན་ཤིན་ཏུ་མང་བར་འགྱུར་བས་རེ་ཞིག་དེ་ཙམ་མོ། །ལྔ་པ་ཁྱད་པར་རིགས་ཀྱི་དབྱེ་བ་བཤད་པ་ལ་གསུམ། དབྱེ་བའི་གཞི། རྣམ་འགྱུར་དབྱེ་བ། དེའི་རང་བཞིན་བཤད་པའོ། །དང་པོ་ནི། ཕུང་ཁམས་ཉེར་གཅིག་གནས་འགྱུར་དཀྱིལ་འཁོར་བའི། །རིགས་ཀྱི་དབྱེ་བས་དཀྱིལ་འཁོར་མཐའ་ཡས་འབྱུང༌། །དེ་ལ་རང་བཞིན་དོན་དམ་པའི་སྟེང་ནས་རིགས་ལ་སོགས་པའི་དབྱེ་བ་མེད་ཀྱང༌། ཀུན་རྫོབ་ཆ་ཤས་ལ་ལྟོས་ནས་དབྱེ་བའི་ཕྱིར་རིགས་ཀྱི་དབྱེ་བ་མཐའ་དག་བགྲང་བར་མི་ནུས་མོད། །མདོ་ཙམ་བསྟན་པའི་ཐོག་མར་རིགས་ཐམས་ཅད་ཀྱི་དབྱེ་གཞི་བླ་མེད་སྤྱིའི་དབང་དུ་བྱས་ན། གསང་བ་འདུས་པ་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་དག་དང༌། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་ཞེས་བྱ་བ་ཡིན། །ཆུ་ཡི་ཁམས་ནི་མཱ་མ་ཀི༌།དཀར་དང་སྒྲོལ་མ་ཞེས་བྱ་བ། །མེ་དང་རླུང་དུ་རབ་ཏུ་གྲགས། །ཞེས་སོགས་གསུངས་པ་ལྟར། གཟུགས་ཕུང་རྣམ་སྣང་དུ་འཇོག་པ་འཁོར་བའི་དུས་སུ་གཟུགས་ཕུང་དུ་སྣང་བའི་རྣམ་པར་རིག་པ་དེ་གནས་གྱུར་པ་ན། ཡེ་ཤེས་ཉིད་ཀྱི་རང་སྣང་རྣམ་པར་སྣང་མཛད་ཀྱི་སྐུ་མཚན་དཔེས་སྤྲས་པ་དང༌། དེའི་ཞིང་དང་འབྱོར་པའི་བཀོད་པ་མུ་མཐའ་མེད་པ་དང་བཅས་པ་སྟེ་རྣམ་སྣང་གི་དཀྱིལ་འཁོར་དུ་འགྱུར་བ་ཡིན་ལ། དེ་ལ་བླ་མ་སྔ་རབས་པ་རྣམས་ཀྱིས། གཟུགས་ཕུང་གནས་གྱུར་རྣམ་སྣང་མཛད། །ཅེས་དང༌། གཟུགས་ཕུང་རྣམ་སྣང་གི་ངོ་བོ་ཞེས་འཚང་རྒྱ་བའི་ཐ་སྙད་མཛད་དོ། །དེ་བཞིན་དུ་གཞན་རྣམས་


LT09,P209B
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་སྦྱར་ཏེ། ཚོར་བ་རིན་འབྱུང་དང༌། འདུ་ཤེས་འོད་དཔག་མེད། འདུ་བྱེད་དོན་ཡོད་གྲུབ་ས། རྣམ་ཤེས་མི་བསྐྱོད་པ། མིག་སའི་སྙིང་པོ། རྣ་བ་ཕྱག་ན་རྡོ་རྗེ། སྣ་ནམ་མཁའི་སྙིང་པོ། ལྕེ་འཇིག་རྟེན་དབང་ཕྱུག་ལུས་སྒྲིབ་པ་རྣམ་སེལ། །ཡིད་ཀུན་ཏུ་བཟང་པོའོ། །ས་སངས་རྒྱས་སྤྱན་མ། ཆུ་མཱ་མ་ཀི་མེ་གོས་དཀར་མོ། རླུང་དམ་ཚིག་སྒྲོལ་མ། གཟུགས་གཟུགས་རྡོ་རྗེ་མ། སྒྲ་སྒྲ་རྡོ་རྗེ་མ། དྲི་དྲི་རྡོ་རྗེ་མ། རོ་རོ་རྡོ་རྗེ་མ། རེག་བྱ་རེག་བྱ་རྡོ་རྗེ་མ། ཆོས་ཁམས་ཆོས་དབྱིངས་རྡོ་རྗེ་མ་སྟེ། ཕུང་པོ་ལྔ། ཁམས་བཞི། སྐྱེ་མཆེད་བཅུ་གཉིས། བསྡམས་པས་ཕུང་ཁམས་ཉེར་གཅིག་ཏུ་སྣང་བའི་སེམས་གནས་གྱུར་པ་ལས། དེ་རྣམས་ཀྱི་དཀྱིལ་འཁོར་ཉེར་གཅིག་ཏུ་འགྱུར་ཏེ་འཚང་རྒྱ་བའི་ཚུལ་འབྱུང༌། གང་ཟག་གཅིག་སངས་རྒྱས་པ་ན་རང་སྣང་གིས་བསྡུས་པའི་དཀྱིལ་འཁོར་མཐའ་ཡས་པའི་བར་དུ་འབྱུང་བ་ནི། དགྱེས་པ་རྡོ་རྗེ་ལས། དེ་རྣམས་ཀུན་ལའང་འབུམ་ཕྲག་རིགས་ཅན་ཉིད། །བྱེ་བའི་རིགས་ལས་གྲངས་ནི་མེད་པར་འགྱུར། །དེ་ལས་རིགས་པ་གྲངས་མེད་རིགས་རྣམས་ཉིད། །མཆོག་ཏུ་དགའ་བའི་རིགས་ལས་འབྱུང་བ་རྣམས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། བསྡུ་བྱ་རིགས་ཆུང་དགུ་བཅུ་རྩ་ལྔ་པོ། །སྡུད་བྱེད་རྒྱལ་བ་ལྔ་སྟེ་རིགས་ནི་བརྒྱ། །རིགས་ཆེན་ལྔ་ལ་རིགས་ཆུང་ལྔ་ལྔ་དང༌། །དེ་ལ་ཡུམ་བཞིས་དབྱེ་བའི་བརྒྱ་ལ་སོགས། །གྲངས་མེད་རྣམ་འགྱུར་ཁམས་དྲུག་སྒྲིབ་བྲལ་བའི། །རིགས་དྲུག་དེ་ཡང་ལྔའམ་གསུམ་དུ་འདུ། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །བཤད་མ་ཐག་པ་དེ་དག་ལས་རྣམ་པར་དབྱེ་ན། རིགས་བརྒྱའི་བར་དུ་འབྱུང་བ་ཡིན་ཏེ། སྔར་བཤད་པའི་ཕུང་ཁམས་ཉེར་གཅིག་པོ་དེ་དག་ལས། ཆོས་ཁམས་དང་ཡིད་


LT09,P210A
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྤྱི་ཁྱབ་དུ་བཏང་ནས་གཞན་བཅུ་དགུ་པོ། གཞིའི་དུས་ཀྱི་རིགས་ལྔ་དང་རིགས་མཐུན་པར་སྦྱར་ཏེ་ཆ་ཤས་ལྔ་ལྔས་སོ་སོར་ཕྱེ་སྟེ་བསྡུ་བྱ་རིགས་ཆུང་དགུ་བཅུ་རྩ་ལྔ་དང༌། སྡུད་བྱེད་གཞི་དུས་ཀྱི་ཡེ་ཤེས་ལྔ་ནི་རིགས་ཆེན་རྒྱལ་བ་རིགས་ལྔ་སྟེ་བསྡམས་པས་རིགས་བརྒྱའོ། །དེའི་ཚུལ་སྤྱོད་བསྡུས་སྒྲོན་མེ་ལས། ཕུང་པོ་ཁམས་དང་དེ་བཞིན་སྐྱེ་མཆེད་རྣམས། །ལྔ་པོ་དབྱེ་བ་ལྔ་རུ་བྱས་པ་ལ། །དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་བརླབས་ན། །འཁོར་བའི་སྡུག་བསྔལ་འདི་དག་གང་ལས་བྱུང༌། །དེ་བཞིན་དབང་པོ་ཕྱི་རོལ་ཡུལ་ཅན་ལྔ། །རེ་རེ་བཞིན་ཡང་བདེ་གཤེགས་ལྔ་རྣམས་ཀྱི། །དེ་ལ་རྟག་ཏུ་བྱིན་གྱིས་རློབ་བྱེད་ཅིང༌། །ཡེ་ཤེས་ལྔ་དང་གསུམ་དུ་བྱིན་གྱིས་བརླབས། །ཞེས་གསུངས་ཏེ། རིགས་ཆུང་དགུ་བཅུ་རྩ་ལྔའི་རྣམ་པར་དབྱེ་བའང་ཞིབ་མོར་བཤད་པ་དང༌། དུས་ཀྱི་འཁོར་ལོ་ལས་ཕུང་ཁམས་སོ་དྲུག་དག་པའི་རིགས་སོ་དྲུག་ཐོད་པ་དུམ་བུ་བཅུ་གཉིས་ཀྱི་རིགས་བཅུ་གཉིས་ཏེ་འདི་ནི་རྩ་བའི་རིགས་དྲུག་ལ་ཐབས་ཤེས་ཀྱིས་ཕྱེ་བའམ། སྐུ་གསུང་ཐུགས་ཀྱི་རིགས་གསུམ་ལ་སྐུ་བཞིས་ཕྱེ་བ་བཅུ་གཉིས། སོ་སུམ་ཅུ་རྩ་གཉིས་ནི་ས་ཆུ་མེ་རླུང་རེ་རེ་ལ་དེ་བཞི་བཞིས་ཕྱེ། དེ་ལ་ཐབས་ཤེས་ཀྱིས་ཕྱེ་བའི་སོ་གཉིས་དང༌། སེན་མོ་ཉི་ཤུ་ནི་འབྱུང་བ་རེ་རེ་ལ་ལྔ་ལྔ་ཕྱེ་བ་སྟེ་དེ་རྣམས་བསྡམས་པས་རིགས་བརྒྱར་བཞེད་དོ། །ཡང་ན། གཞི་དུས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་རྣམ་སྣང༌། མཉམ་ཉིད་ཡེ་ཤེས་རིན་འབྱུང་སོར་རྟོག་ཡེ་ཤེས་འོད་དཔག་མེད། བྱ་གྲུབ་ཡེ་ཤེས་དོན་གྲུབ། ཆོས་དབྱིངས་ཡེ་ཤེས་མི་བསྐྱོད་པ་སྟེ་རིགས་ཆེན་ལྔ་ལ་རིགས་ཆུང་ལྔ་ལྔས་ཕྱེ་བའི་ཉི་ཤུ་རྩ་ལྔ། དེ་ལ་ཡུམ་བཞི་བཞིས་ཕྱེ་བས་རིགས་བརྒྱ་སྟེ། ཡིད་གསུམ་སྤྱི་


LT09,P210B
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་ཏུ་བཏང་ནས་རྣམ་ཤེས་ལྔའི་འཁོར་དུ་གྱུར་པའི་འདུ་བྱེད་ལྔ་རྒྱ་ཆུང་བ་དང༌། ཆེ་བ་དང༌། ཚད་མེད་པ་དང༌། ཅིའང་མེད་པ་དང༌། སྲིད་རྩེའི་འདུ་ཤེས་ཏེ་འདུ་ཤེས་ལྔ། འདུས་ཏེ་རེག་པའི་ཚོར་བ་ལྔ། དབྱིབས་དང༌། ཁ་དོག་དང༌། རྣམ་འགྱུར་གྱི་གཟུགས་དང༌། བུ་ག་ནམ་མཁའ་དང༌། རིག་པའི་གཟུགས་ཏེ་གཟུགས་ཕུང་ལྔ། དེ་རྣམས་འབྱུང་བ་བཞི་བཞིའི་རང་བཞིན་ལས་གྲུབ་པའི་ཕྱིར་བརྒྱ་ཐམ་པའོ། །དེ་ལས་རིགས་གྲངས་མེད་མཐའ་ཡས་པའི་རྣམ་འགྱུར་ཀྱང་འབྱུང་ལ། དེ་དག་བསྡུ་ན་ཁམས་དྲུག་སྒྲིབ་པ་དང་བྲལ་བའི་རིགས་དྲུག་དང༌། དེའི་རྡོར་སེམས་རིགས་ཁྱབ་བྱེད་དུ་བཏང་བས་རིགས་ལྔར་ཡང་འདུ་ཞིང༌། རིགས་ཆུང་རྣམས་སོ་སོའི་རིགས་ཆེན་དུ་བསྡུས་པས་ཀྱང་རིགས་ལྔར་འདུ་བའམ། དེ་ལས་ཀྱང་བསྡུ་ན་གཞི་དུས་སུ་ཕུང་པོ་རྣམས་ལུས་ངག་ཡིད་གསུམ་དུ་འདུ་སྟེ། ཟླ་གསང་ཐིག་ལེ་ལས། རིགས་ནི་རྣམ་པ་བརྒྱར་བཤད་དེ། །མདོ་རུ་བསྡུ་ན་རྣམ་པ་ལྔ། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །གསུམ་དུ་ཡང་ནི་འགྱུར་བ་ཡིན། །ཅེས་གསུངས་པའི་དོན་ནོ། །རིགས་དེ་དག་ཐམས་ཅད་ཀྱང་ཟུང་འཇུག་ཡེ་ཤེས་ཀྱི་རྣམ་པར་རོལ་པ་ཁོ་ན་སྟེ། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་ལས། འགྲོ་བ་འདི་ཀུན་སངས་རྒྱས་མངའ་བདག་ཉིད། །གར་མཁན་དང་ནི་རི་མོ་བཟང་ལྟར་སྣང༌། །གང་ཡང་དྲུག་པའི་སངས་རྒྱས་ཞེས་བྱ་བ། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་རང་བཞིན་ནི། གཞི་དུས་ལུས་ངག་སེམས་ཀྱི་རང་སྣང་ཕྱིར། །འབྲས་དུས་རིགས་རྣམས་བདེ་ཆེན་རང་བཞིན་ཉིད། །གཞི་དུས་སུ་ལུས་ངག་གཉིས་ཀྱང་སེམས་ཀྱི་རང་སྣང་ཡིན་པའི་ཕྱིར། འབྲས་དུས་སུ་རིགས་ཇི་སྙེད་པ་


LT09,P211A
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱང་བདེ་བ་ཆེན་པོའི་རང་སྣང་གཅིག་ཏུ་འདུས་པ་ཡིན་ཏེ། གསང་འདུས་ལས། ཁྱོད་ཀྱི་སེམས་ལུས་ལྟ་བུ་དང༌། ལུས་སེམས་ལྟ་བུ་དང༌། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག་གསུངས་པ་ལྟར་རོ། །གཉིས་པ་བརྟེན་པ་ཡེ་ཤེས་བཤད་པ་ལ་གསུམ། རྣམ་དག་གི་ཡེ་ཤེས་ལྔ། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་བདུན། ཐུན་མོང་མིན་པའི་ཡེ་ཤེས་བཅུའོ། །དང་པོ་ནི། ཡེ་ཤེས་དུག་ལྔ་རྣམ་དག་ཐུན་མིན་ལྔ། །སྐུ་དེ་དང་ཟུང་དུ་འབྲེལ་བའི་ཡེ་ཤེས་ནི་ལྔའམ། བདུན་ཏེ། དང་པོ་ནི། གཞི་དུས་ཀྱི་དུག་ལྔ་སྟེ་ཉོན་མོངས་པ་ལྔ་དང་འབྲེལ་བའི་རྣམ་པར་རྟོག་པ་ངོ་བོ་རང་བཞིན་གསལ་སྟོང་དུ་གནས་པ་དེ་ཉིད་ཐབས་མཁས་ཀྱིས་ཉམས་སུ་བླངས་པས། ཆེད་དུ་སྤང་མ་དགོས་པར་ཡེ་ཤེས་ལྔའི་རྒྱུའི་ཏིང་ངེ་འཛིན་ཁྱད་པར་ཅན་དུ་འགྱུར་བའི་གཞི་བསྒྱུར་བ་འདི་སྟོང་པ་ཉིད་ལ་བརྟེན་པའི་ཐབས་མཁས་ཀྱི་ལམ་ཡིན་ཅིང༌། གཏི་མུག་འོད་གསལ་དང༌། ཞེ་སྡང་དྲག་པོའི་ཏིང་ངེ་འཛིན་དང༌། ང་རྒྱལ་ལྷའི་རྣལ་འབྱོར་གྱི་ང་རྒྱལ་དང༌། འདོད་ཆགས་དབང་གི་ཡེ་ཤེས་དང༌། ཕྲག་དོག་གང་ཅིའང་རུང་བའི་སྔོན་དུ་བདག་ཉིད་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་འདོད་པའི་བྱང་ཆུབ་ལ་འདུན་པ་དྲག་པོ་དང་འབྲེལ་བའི་བརྩོན་འགྲུས་རྣམས། ཐ་མལ་གྱི་ཉོན་མོངས་དེ་དག་གི་སྟེང་དུ་བསྣན་ཅིང་བསྒོམས་པས་དུག་ལྔ་པོ་ཡེ་ཤེས་ལྔ་དེ་དང་དེའི་ངོ་བོར་རྣམ་པར་དག་ཅིང་མངོན་དུ་གྱུར་བ་ནི་ཀུན་རྫོབ་ལ་ལྟོས་པའི་ཐབས་ལ་མཁས་པ་སྟེ། ཕུང་པོ་ལྔ་ཁམས་ལྔ་ཉོན་མོངས་པ་ལྔ་དག་པ་ལས་ཡེ་ཤེས་ལྔ་འབྱུང་བ། ཐུན་མོང་མ་ཡིན་པའི་དག་པ་སྦྱོར་བའི་ཚུལ་འདི་ནི་རྡོ་རྗེ་སྙིང་འགྲེལ་སོགས་ལས་རྒྱ་ཆེར་བཤད་དོ། །ཕུང་པོ་ལྔ་པོ་རྣམ་པར་དག་པའི་རིམ་པ་དང་


LT09,P211B
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བ་ཡེ་ཤེས་ལྔའི་དོན་མཆོག་མི་འགྱུར་དུ་རྩ་རྒྱུད་ཀྱི་ལུང་དྲངས་པ་ལས། སྟོང་པ་ལ་ནི་དངོས་པོའི་ཚོགས། །བརྟགས་པའི་གཟུགས་སྤངས་བེམས་པོ་མིན། །འདི་ནི་མཐོང་སྟེ་མེ་ལོང་ལ། །པྲ་ཕབ་གཞོན་ནུ་མ་ཡིས་བཞིན། །ཞེས་པ་ནི་འཇིག་རྟེན་ལས་འདས་པའི་བདེན་པ་ལ་གཟུགས་ཀྱི་ཕུང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དངོས་ཀུན་མཉམ་པ་ཉིད་གྱུར་ནས། །དངོས་པོ་གཅིག་ཏུ་མི་འགྱུར་གནས། །མི་འགྱུར་ཡེ་ཤེས་ལས་བྱུང་བ། །ཆད་པ་མ་ཡིན་རྟག་པའང་མིན། །ཞེས་པ་ནི། ཚོར་བའི་ཕུང་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །མིང་གི་བདག་ཉིད་ཡི་གེ་ཀུན། །ཨ་ཡིག་རིགས་ལས་ཡང་དག་འབྱུང༌། །མི་འགྱུར་ཆེན་པོའི་གནས་ཐོབ་པ། །མིང་མེད་མིང་ཅན་དག་ཀྱང་མེད། །ཅེས་པ་ནི་འདུ་ཤེས་ཀྱི་ཕུང་པོ་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སོ། །སྐྱེས་པ་མ་ཡིན་པ་ཡི་ཆོས། །འདུ་བྱེད་བྲལ་བ་རྣམས་ལ་ཡང༌། །སངས་རྒྱས་ཉིད་མེད་བྱང་ཆུབ་མེད། །སེམས་ཅན་མེད་ཅིང་སྲོག་ཉིད་མེད། །ཅེས་པ་ནི་འདུ་བྱེད་ཀྱི་ཕུང་པོ་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་དག་པ་གོས་པ་མེད། །རང་བཞིན་འོད་གསལ་ཆོས་རྣམས་ནི། །ཆོས་ཀྱི་དབྱིངས་ཀྱི་བགྲོད་པར་གནས། །ཞེས་པ་ནི་རྣམ་པར་ཤེས་པའི་ཕུང་པོ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །ཞེས་འབྱུང་ངོ། །དེ་དག་གི་ངོ་བོ་ནི་ཕར་ཕྱིན་གྱི་སྐབས་སུ་བཤད་པ་དང་འདྲ་བ་ཡིན་ནོ། །གཉིས་པ་ལ་གཉིས། རྩ་བ་དེ་ཉིད་བདུན། ཡན་ལག་བཞི་བཅུ་བཤད་པའོ། །དང་པོ་ནི། ཡང་ན་ཟབ་རྒྱས་ཁྱབ་རྟག་བདེ་ཆེན་སྐུ། །ཟུང་འཇུག་བདུན་ཏེ། ཞེས་པ་སྟེ། ཡང་ན་ཡེ་ཤེས་ཡན་ལག་དང་བཅས་པའི་རྣམ་པར་གཞག་པ་ཐུན་མོང་མ་ཡིན་པ་རྡོ་རྗེ་སྒོའི་རྒྱུད་ཆེན་པོ་ལས་རྩོད་དུས་ཀྱི་གྲུབ་ཐོབ་ཆེན་པོ་ཤཱནྟི་


LT09,P212A
[མ་དཔེ་གཟིགས་ན་འདིར་གནོན།]

གུཔྟས་སྣང་བར་མཛད་པའི་ཞལ་ལུང་ཕྱུང་བ་ལྟར་ན། འདི་ལ་སྤྱིར་གཞི་ལམ་འབྲས་བུའི་སྐབས་གསུམ་ལས། དང་པོ་གཞིའི་དེ་ཉིད་བདུན་ནི། སེམས་ཉིད་རང་བཞིན་སྟོང་པ་ཉིད་ནི་ཟབ་པ། སྣང་བ་ཐམས་ཅད་དུ་ཁྱབ་པའི་ཕྱིར་རྒྱ་ཆེ་བ། ཉེ་རིང་མེད་པའི་ཕྱིར་ཁྱབ་པ། རྒྱུན་མི་འཆད་ཅིང་རང་བཞིན་འགྱུར་བ་མེད་པའི་ཕྱིར་རྟག་པ། གསལ་བའི་འཆར་སྒོམ་འགགས་པ་ལུས་སུ་སྣང་བའི་ཕྱིར་ཡེ་ཤེས་ཀྱི་སྐུ། སྣང་སྟོང་དབྱེར་མེད་པའི་ཕྱིར་ཟུང་འཇུག་ཡུལ་ཡུལ་ཅན་རོ་གཅིག་ཏུ་ཡེ་ནས་འདྲེས་པའི་ཕྱིར་བདེ་བ་ཆེན་པོའོ། །གཉིས་པ་ལམ་ནི། གཞི་ལ་དེ་ལྟར་གནས་པ་དེ་ཉིད་མངོན་དུ་འགྱུར་པའི་ཕྱིར་གཞི་འབྲས་གཉིས་ཀ་དང་རྣམ་པ་མཐུན་པ་བསྒོམ་པ་ཡིན་ནོ། །དེའང་རང་བཞིན་མེད་པར་སྒོམ་པ་ནི་ཟབ་པ་དང༌། དེ་ཉིད་དངོས་པོ་ཐམས་ཅད་དུ་འཆར་ཡང་རང་རིག་པའི་བདག་ཉིད་དུ་འཆར་བ་ལ་སློབ་པ་ནི་རྒྱ་ཆེ་བ་དང༌། དེ་ཉིད་དངོས་པོ་ཐམས་ཅད་ལ་ཁྱབ་པར་བྱེད་པ་ནི་ཁྱབ་པ་དང༌། སེམས་ཀྱི་རང་བཞིན་འགྱུར་བ་མེད་པ་ལ་བསླབ་པ་ནི་རྟག་པ་དང༌། ལྷའི་དཀྱིལ་འཁོར་དུ་འཆར་བ་ལ་བསླབ་པ་ནི་ཡེ་ཤེས་ཀྱི་སྐུ་དང༌། ལྷ་སྐུའི་སྣང་བ་དང་བདེ་སྟོང་རོ་གཅིག་ཏུ་བསྲེ་བ་ནི་ཟུང་འཇུག་དང༌། ཞུ་བདེ་ལ་བརྟེན་ནས་རང་བཞིན་ལྷན་སྐྱེས་མཚོན་པར་བྱེད་པས་མི་འགྱུར་བའི་བདེ་བ་སྟེ། འདི་རྣམས་ལ་དབང་དང་བསྐྱེད་རྫོགས་ལ་སོགས་པའི་དབྱེ་བས་སོ་སོར་སྒོམ་ཚུལ་རྒྱས་པར་སྦྱོར་དུ་ཡོད་དོ། །གསུམ་པ་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་ལ་སྦྱར་བ་ནི། ཇི་ལྟ་བའི་གནས་ལུགས་སྤྲོས་བྲལ་མཁྱེན་པའི་ཕྱིར་ཟབ་པ། ཇི་སྙེད་པ་རྟེན་ཅིང་འབྲེལ་འབྱུང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་རྒྱ་ཆེ་བ། གནས་ཚུལ་གྱི་སྐུ་གསུམ་པོ་ནམ་མཁའི་མཐས་གཏུགས་པ་ལ་ཉེ་རིང་མེད་ཅིང༌། གཟུགས་སྐུ་གཉིས་ཀྱང་མཐའ་ཡས་པའི་


LT09,P212B
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དུ་མཐའ་ཡས་པའི་གདུལ་བྱ་ལ་ནམ་ཞིག་དུས་ལ་བབ་པ་ན་དེ་ཉིད་དུ་འབྱུང་བར་འགྱུར་བ་སོགས་དངོས་པོ་ཐམས་ཅད་ལ་ཅིག་ཅར་ཁྱབ་པ་ལྟར་གནས་པས་ན་ཁྱབ་པའམ་གར་ཡང་ཕྱིན་པ་ཞེས་བྱའོ། །སྐུ་གསུམ་པོ་ལ་འཇིག་པ་མེད་ཅིང་ངོ་བོ་ནམ་དུའང་འགྱུར་བ་མེད་པ་ནི་རྟག་པ། རང་སྣང་དང་དེའི་རྐྱེན་གྱིས་གཞན་ལའང་ཁ་སྦྱོར་ཡན་ལག་བདུན་ལྡན་དུ་སྣང་བ་ནི་ཡེ་ཤེས་ཀྱི་སྐུ་ཡིན་ལ། གདུལ་བྱ་རྣམས་ལ་སྤྲུལ་པའི་སྐུ་སྣ་ཚོགས་སུ་སྣང་བའང་འདིའི་ཁོངས་སུ་བསྡུའོ། །སྐུ་དང་ཡེ་ཤེས་དབྱེར་མེད་པ་ནི་ཟུང་འཇུག་རང་བཞིན་ལྷན་སྐྱེས་མི་འགྱུར་བའི་བདེ་བ་རྟེན་བརྟེན་པ་དབྱེར་མེད་དུ་གྱུར་པ་ནི་བདེ་བ་སྟེ། སྐབས་འདིའི་འཆད་བྱ་ནི་ཕྱི་མ་ཉིད་དོ། །གཉིས་པ་ལ་ཟབ་པ་ལ་སོགས་པ་བདུན་གྱི་དང་པོ་ནི། ཟབ་པ་རང་བཞིན་མེད། །རང་རིག་འཕེལ་འབྲི་མེད་ཅིང་རྣམ་མི་རྟོག །གསལ་བར་སྣང་བའི་མཚན་ཉིད་ལྔ་དང་ལྡན། །ཟབ་པའི་ཡེ་ཤེས་ནི་ཡན་ལག་གམ་མཚན་ཉིད་ལྔ་དང་ལྡན་པ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་རང་བཞིན་མེད་པའི་མཚན་ཉིད་དང༌། རིག་ཙམ་གྱི་ངོ་བོར་སྐྱེས་པ་རིག་བྱ་རིག་བྱེད་གཉིས་དང་བྲལ་བ་རང་རིག་པ་དང༌། ཡོན་ཏན་རང་བཞིན་དང་དབྱེར་མེད་དུ་ལྡན་པའི་ཕྱིར་ངོ་བོའི་ཆ་ནས་ཡོན་ཏན་འཕེལ་བ་མེད་པ་དང༌། ཇི་སྐད་དུ། ཆུ་ཁམས་གསེར་དང་ནམ་མཁའ་ནི། །དག་པ་བཞིན་དུ་དག་པར་འདོད། །ཅེས་རང་བཞིན་ནི་དྲི་མ་གཏན་དུ་བྲལ་བ་ཡིན་པས། །སྤང་བྱ་བྲི་བ་མེད་པ་ནི་འཕེལ་འགྲིབ་མེད་པ་དང༌། མཚན་འཛིན་གྱི་རྣམ་རྟོག་གི་ཡུལ་མ་ཡིན་ཞིང་མཚན་མས་རྣམ་པར་མི་རྟོག་པའི་བདག་ཉིད་དུ་གནས་པ་དང༌། རྣམ་པར་མི་རྟོག་པ་དེ་ཉིད་ལས་དངོས་པོ་ཐམས་ཅད་ཀྱི་གཟུགས་བརྙན་དུ་གསལ་བར་སྣང་བ་དང་ལྔའོ། །གཉིས་པ་ནི། རྒྱ་ཆེ་བསོད་ནམས་ཡེ་ཤེས་ཡུལ་དམིགས་འཇུག །ཕྲིན་ལས་རྣམས་


LT09,P213A
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །རྒྱ་ཆེ་བའི་ཡེ་ཤེས་ནི། རྒྱུ་བསོད་ནམས་རྒྱ་ཆེ་བ་དང༌། ཡེ་ཤེས་རྒྱ་ཆེ་བ་དང༌། ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ་དེའི་སྣང་བ་རྒྱ་ཆེ་བ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དམིགས་པའི་ཕྱིར་དམིགས་པ་རྒྱ་ཆེ་བ་དང༌། ཆོས་ཐམས་ཅད་ཀྱི་རྣམ་པས་འཇུག་པའི་ཕྱིར་འཇུག་པ་རྒྱ་ཆེ་བ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་སྒོ་ཐམས་ཅད་ནས་སྤྱོད་པའི་ཕྱིར་ལས་རྒྱ་ཆེ་བ་སྟེ། རྒྱ་ཆེ་བའི་མཚན་ཉིད་དམ་ཡན་ལག་ལྔ་དང་ལྡན་པ་ཡིན་ནོ། །གསུམ་པ་ནི། ཁྱབ་པ་ཡུལ་དུས་རྒྱུད། །སྟོང་ཉིད་མཉམ་ཉིད། ཅེས་པ་སྟེ། ཁྱབ་པ་ནི། ཡེ་ཤེས་དེ་ཡུལ་ཐམས་ཅད་དུ་ཉེ་རིང་མེད་པར་ཁྱབ་པ་དང༌། དུས་ཐམས་ཅད་དུ་ཉེ་རིང་མེད་པར་ཁྱབ་པ་དང༌། གཞི་ལམ་འབྲས་བུའི་རྒྱུད་གསུམ་ཀར་ངོ་བོ་ཁྱད་པར་མེད་པས་ཁྱབ་པ་དང༌། སྟོང་པ་ཉིད་དེ་དེ་བཞིན་ཉིད་ཐ་དད་མེད་པའི་ཕྱིར་ཁྱབ་པ་དང༌། ཆོས་ཐམས་ཅད་རྣམ་པར་མི་རྟོག་པས་མཉམ་པ་ཉིད་དུ་གཟིགས་པའི་ཕྱིར་ཁྱབ་པ་སྟེ་ཁྱབ་པའི་ཡན་ལག་ལྔའོ། །བཞི་པ་ནི། རྟག་པ་རྒྱུན་མི་འཆད། །འགོག་མེད་མཚན་མེད་མི་འགྱུར་བསམ་མི་ཁྱབ། །རྟག་པའི་ཡན་ལག་ནི། སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་དེ་ལ་རྒྱུན་ཆད་པ་མི་སྲིད་པས་རྒྱུན་མི་འཆད་པ་དང༌། ལྷག་མེད་དུ་འཇུག་པ་ལྟ་བུའི་འགོག་པ་མེད་པ་དང༌། སྐུ་ལ་རྡུལ་ཕྲ་རབ་ཀྱི་མཚན་མའི་ཆོས་མེད་པ་དང༌། ཇི་སྐད་དུ། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་པ་ལྟར། རང་བཞིན་ལ་གནས་སྐབས་ཐམས་ཅད་དུ་འགྱུར་བ་གཏན་མེད་པ་དང༌། རྒྱལ་སྲས་ཆེན་པོ་རྣམས་ཀྱིས་ཀྱང་བསམ་པའི་ཡུལ་ལས་འདས་པའི་ཕྱིར་བསམ་ཡས་ཡེ་ཤེས་ཏེ། ལྔ་པོ་རྟག་པའི་ཡན་ལག་ཉིད་དོ། །ལྔ་པ་ནི། བདེ་བ་ཁ་སྦྱོར་རང་བཞིན་སྙིང་རྗེ་གསུམ། །ཡིད་རླུང་


LT09,P213B
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་དང་ཞུ་བ་འཛག་མེད་བདུན། །བདེ་བའི་ཡན་ལག་ནི། སྐུ་ཐབས་ཤེས་ཡབ་ཡུམ་ཁ་སྦྱོར་གྱི་རྣམ་པ་དང༌། ཐུགས་རང་བཞིན་འགྱུར་བ་མེད་པའི་བདེ་བར་གནས་པ་དང༌། རྣམ་པ་སྙིང་རྗེ་ཆེན་པོ་གསུམ་དབྱེར་མེད་པའི་རང་བཞིན་དུ་གནས་པ་དང༌། བདེ་ཆེན་གྱི་འགལ་ཟླ་ཡིད་དེ་རྣམ་རྟོག་གི་ཉེ་བར་སྦྱོར་བ་ཐིམ་པ་དང༌། དེའི་བཞོན་པ་ལས་རླུང་ཡང་ཐིམ་ཞིང་འགགས་པ་དང༌། ཞུ་བའི་རྐྱེན་གྱིས་བདེ་བ་ཐོབ་པ་ལས་མངོན་དུ་གྱུར་པ་དང༌། བྱང་ཆུབ་ཀྱི་སེམས་རང་གནས་ལས་མི་འཛག་པའི་བདེ་བའི་ངོ་བོར་གནས་པ་སྟེ། བདེ་བའི་ཡན་ལག་བདུན་ནོ། །དྲུག་པ་ནི། སྐུ་ནི་སྟོང་པ་ལས་སྐྱེས་སྡུག་བསྔལ་འགོག །ཕྱིན་དང་མི་གཡོ་ཡིད་དང་རླུང་གི་ལུས། །སྐད་ཅིག་སྤྲུལ་དང་མཚན་དཔེ་བདག་ཉིད་བདུན། །སྐུའི་ཡན་ལག་ནི། ཐམས་ཅད་སྟོང་པ་ཉིད་ཀྱི་ཡེ་ཤེས་ལས་བྱུང་ཞིང་སྐྱེས་པ་དང༌། མ་དག་པའི་ལས་སྣང་གི་སྡུག་བསྔལ་འགོག་པ་དང༌། གར་ཡང་ཕྱིན་པ་དང༌། རྐྱེན་གང་གིས་ཀྱང་མི་གཡོ་བ་སྟེ་འགྱུར་བ་མི་སྟེན་པ་དང༌། ཡིད་དེ་སེམས་ཀྱི་སྣང་བ་ཙམ་གྱི་སྐུ་དང༌། རླུང་གི་དྭངས་མ་ཙམ་གྱི་ལུས་ཅན་དང༌། དུས་མཐའི་སྐད་ཅིག་གཅིག་ལ་ཡུལ་དུས་ཀྱིས་བསྡུས་པའི་ཤེས་བྱ་ཀུན་སྟོན་ཡང་མི་འགལ་བ་དང༌། མཚན་དང་དཔེ་བྱད་དང་ལྡན་ཞིང་རང་དང་འདྲ་བའི་སྤྲིན་སྤྲོ་བ་སྟེ། དེ་ལྟར་བདུན་པོ་དེ་ནི་རྡོ་རྗེའི་སྐུའི་ཡན་ལག་ཏུ་གསུངས་སོ། །འདིར་རླུང་སེམས་ཀྱི་ལུས་གཅིག་ཏུ་བསྡམས་པས་བདུན་ཡིན་ལ། རླུང་ཞེས་བྱ་བས་བེམས་པོ་རང་མཚན་པ་ལ་གོ་བར་མི་བྱའོ། །བདུན་པ་ནི། ཟུང་འཇུག་གཉིས་མིན་མི་རྟོག་ཇི་ལྟ་བར། །ཞུགས་དང་སྣང་མེད་དོན་མཛད་མི་གཡོ་དྲུག །ཟུང་འཇུག་གི་ཡན་ལག་ནི། གཉིས་སྣང་ཐམས་ཅད་གཏན་ནས་ལོག་པས་གཉིས་མིན་དང༌། སེམས་


LT09,P214A
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བྱུང་གི་རྒྱུ་བ་ཆད་དེ་ཡང་དག་མིན་རྟོག་འགག་པས་མི་རྟག་པ་དང༌། ཆོས་རྣམས་ཀྱི་རང་བཞིན་ཇི་ལྟ་བ་ལ་ཞུགས་པ་དང༌། གཉིས་སྣང་མེད་པས་དག་པ་རབ་འབྱམས་འབའ་ཞིག་ཏུ་སྣང་བ་དང༌། ཡུལ་དུས་ཀུན་ཏུ་རྣམ་པ་ཀུན་ནས་འགྲོ་བའི་དོན་མཛད་པར་སྣང་བ་དང༌། ནམ་ཡང་གོ་འཕང་དེ་ལས་གཡོ་བ་མེད་པའི་ཕྱིར། རྡོ་རྗེ་སེམས་དཔའི་ཡེ་ཤེས་ནི་ཟུང་འཇུག་གོ །ཞེས་ཟུང་འཇུག་གི་ཡན་ལག་དྲུག་གོ །གསུམ་པ་ཤེས་བཅུ་ཐུན་མོང་མ་ཡིན་པ་ནི། གཞན་ཡང་ཤེས་བཅུ་རྣམ་དག་འཆང་སོགས་སོ། །འདིར་གཞན་ཡང་མདོ་དང་བརྡ་ཁྱད་ཐུན་མོང་བ་ཡིན་ལ། ངོ་བོ་འཇུག་ཚུལ་མི་འདྲ་བ་འདི་ལྟ་བུ་དག་ཡོད་དེ། ཤེས་བཅུ་ལ་ཀུན་རྫོབ་ཤེས་པ་ནི། བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་རྒྱུ་རྐྱེན་རྟེན་ཅིང་འབྲེལ་བར་འབྱུང་བ་ཅི་ཡོད་པ་ཐམས་ཅད་ཇི་ལྟ་བ་མཁྱེན་ཅིང་སྒྱུ་མ་ལྟར་རང་བཞིན་མེད་པར་གཟིགས་པའོ། །ཆོས་ཤེས་པ་ནི་ཐབས་ཀྱི་ཆ་མཁྱེན་པ་སྟེ། དེ་ལ་བཞི་ལས། སྡུག་བསྔལ་ཆོས་ཤེས་ནི། སྡུག་བསྔལ་བདེན་པའི་རྣམ་པ་ལོག་སྟེ་རང་བཞིན་དག་པ་དཀྱིལ་འཁོར་གྱི་འཁོར་ལོར་གཟིགས་པའོ། །ཀུན་འབྱུང་ཆོས་ཤེས་ནི། ཉོན་མོངས་རྣམས་རང་བྱུང་ཡེ་ཤེས་དང་བསོད་ནམས་དང་བསོད་ནམས་མ་ཡིན་པ་གང་ཡིན་པ་དང་མི་གཡོ་བའི་ལས་སུ་སྣང་བ་གང་ཡིན་པ་དེའང་གདོད་མ་ནས་རང་བཞིན་འོད་གསལ་བའི་ཆ་ཤས་ལྷུན་གྱིས་གྲུབ་པའི་མཛད་པ་དང་རང་བཞིན་དབྱེར་མེད་དུ་མཐོང་བའོ། །འགོག་པ་ཆོས་ཤེས་ནི། སྤང་བྱ་གློ་བུར་བ་གསར་དུ་འགགས་ཤིང་འགགས་པའི་དབྱིངས་དེའང་བདེ་བ་ཆེན་པོར་མཐོང་བའོ། །ལམ་ཆོས་ཤེས་ནི། ལམ་གྱི་ཆོས་ཐམས་ཅད་སེམས་ཀྱི་རང་བཞིན་གདོད་མ་ནས་བདེ་བ་ཆེན་པོ་རང་རིག་རང་གསལ་བར་གནས་པ་དེ་


LT09,P214B
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་ངོ་བོར་གདོད་མའི་ཚུལ་གྱིས་རང་བཞིན་དབྱེར་མེད་དུ་མཐོང་བའོ། །རྗེས་སུ་ཤེས་པ་ནི་ཤེས་རབ་ཀྱི་ཕྱོགས་ཏེ། དེ་ལ་བཞི་ལས། སྡུག་བསྔལ་རྗེས་ཤེས་ནི། ཆོས་ཤེས་ཀྱི་ཡུལ་དེ་ཉིད་ལ་དམིགས་ནས་བདེ་བ་ཆེན་པོར་གཟིགས་པའོ། །ཀུན་འབྱུང་རྗེས་ཤེས་ནི། ཆོས་ཤེས་ཀྱི་ཡུལ་ལ་དམིགས་ནས་རང་བཞིན་མེད་པར་གཟིགས་པའོ། །འགོག་པ་རྗེས་ཤེས་ནི། སྤང་བྱ་ཐམས་ཅད་གདོད་མ་ནས་འགགས་པར་གཟིགས་པའོ། །ལམ་རྗེས་ཤེས་ནི། གཞི་ལམ་དབྱེར་མེད་དེའང་གདོད་མ་ནས་སྟོང་པའི་རང་བཞིན་དུ་གཟིགས་པའོ། །བདེན་བཞི་ཤེས་པ་ནི། ཆོས་ཤེས་རྗེས་ཤེས་གཉིས་ལས་ལོགས་སུ་མེད་ཀྱང༌། རེ་རེ་བཞིན་ངོ་བོ་ཙམ་པོ་བཟུང་ན་སྡུག་བསྔལ་རྣམས་ཀྱི་འཁོར་ལོ་དང་ངོ་བོ་བདེ་བ་ཆེན་པོར་མཐོང་བ་ནི་སྡུག་བསྔལ་ཤེས་པའོ། །ཀུན་འབྱུང་གི་རང་བཞིན་ཡེ་ཤེས་ཕྲིན་ལས་དང་བཅས་པར་ཤེས་པའང་རང་བཞིན་མེད་པའི་ཚུལ་གྱིས་གཟིགས་པར་ཤེས་པ་ནི་ཀུན་འབྱུང་ཤེས་པའོ། །རང་བཞིན་གདོད་མ་ནས་འགགས་པ་དང་གློ་བུར་བྲལ་བའང་བྲལ་བར་གཟིགས་པ་ནི་འགོག་པ་ཤེས་པའོ། །གཞི་འབྲས་དབྱེར་མེད་པ་ལམ་གྱི་ངོ་བོ་གནས་པ་དེའང་གདོད་མ་ནས་སྟོང་པར་མཐོང་བ་ནི་ལམ་ཤེས་པའོ། །འདིར་སྡུག་བསྔལ་བདེན་པའི་རང་བཞིན་འགོག་བདེན་དང༌། ཀུན་འབྱུང་བདེན་པའི་རང་བཞིན་ལམ་བདེན་དུ་གནས་པ་མངོན་སུམ་དུ་མཐོང་བ་ཡིན་ཞེས་པ་འདིའི་དོན་ཤེས་པ་གནད་ཆེའོ། །ཕ་རོལ་སེམས་ཤེས་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཐོང་བའི་ཡེ་ཤེས་ཀྱིས་དྲངས་པའི་མངོན་ཤེས་ཀྱི་སྲིད་དང་ཞི་བས་བསྡུས་པའི་སེམས་ཅན་སྐྱེ་འཕགས་ཐམས་ཅད་ཀྱི་སེམས་ཀྱི་ཀུན་སྤྱོད་ཐམས་ཅད་ཤེས་པའོ། །ཟད་པ་ཤེས་པ་ནི། སྤང་བྱའི་ཆོས་ཐམས་


LT09,P215A
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རང་བཞིན་ལ་གདོད་མ་ནས་ཟད་པར་ཤེས་པའོ། །མི་སྐྱེ་བ་ཤེས་པ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་མེད་པ་སྟེ། སྤང་བྱ་ཐམས་ཅད་ལམ་གྱིས་སྤངས་པས་གློ་བུར་གྱིས་སྐྱེ་བའང་ཕྱིན་ཆད་གཏན་མི་འབྱུང་བར་མཐོང་བའོ། །འདི་དག་ནི་སངས་རྒྱས་ཀྱི་སའི་ཤེས་པ་བཅུའི་དབང་དུ་བྱས་པའོ། །མཐོང་ལམ་གྱི་ཆོས་ཤེས་རྗེས་ཤེས་རྣམས་ཀྱང་ཉོན་སྒྲིབ་ཀྱི་དབང་དུ་བྱས་ནས་འདིའི་རིགས་པས་ཤེས་པར་བྱ་ཞིང༌། སྡུག་བསྔལ་ཆོས་བཟོད་དང་རྗེས་བཟོད་ལ་སོགས་པ་བཟོད་པ་བརྒྱད་པོ་རྣམས་ནི་ཤེས་པ་བརྒྱད་ཀྱིས་ཤེས་ཤིང་མཐོང་བའི་དོན་བཟོད་པར་བྱས་ཏེ་སྒོམ་པའོ། །འོ་ན་མཐོང་ལམ་མས་བརྟན་གྱི་དགའ་བ་བཅུ་དྲུག་གི་རང་བཞིན་དེ་རྣམས་སྐད་ཅིག་བཅུ་དྲུག་ལ་འཆད་པའི་ཕྱིར། ཤེས་བཟོད་བཅུ་དྲུག་རེ་དང་སྦྱར་བར་བྱེད་དམ་ཞེ་ན། མི་སྦྱོར་ཏེ་སྔགས་ལུགས་ཀྱི་བཟོད་ཤེས་བཅུ་དྲུག་པོ་འདི་དག་ནི་ཐོག་མར་རྟོགས་ཚུལ་གྱི་དབྱེ་བས། ཤེས་བཟོད་གཉིས་ཐོབ་པ་ལ་སྔ་ཕྱི་ཅུང་ཟད་ཡོད་མོད་ཀྱི། ལྷག་མ་མཉམ་གཞག་གི་ཐུན་དེ་ཕལ་ཆེར་བཅུ་དྲུག་པོ་ཐམས་ཅད་དུས་གཅིག་ཏུ་བསྒོམ་པ་ཡིན་ཏེ་དམིགས་ཡུལ་གྱི་ལྡོག་ཆས་ཕྱེ་བ་མ་གཏོགས་ཡེ་ཤེས་ཀྱི་ངོ་བོ་གཅིག་ཡིན་ནོ། །དགའ་བ་བཅུ་དྲུག་ནི། བྱང་ཆུབ་ཀྱི་སེམས་སྟེང་དུ་བགྲོད་པའི་དབྱེ་བས་ལྔ་ཕྱིའི་གོ་རིམ་སྟེ། མཐོང་ལམ་དགའ་བའི་སྐད་ཅིག་བཅུ་དྲུག་ཅེས་བརྗོད་པས་ཤེས་བཟོད་བཅུ་དྲུག་ཡིན་པར་མི་འགྲོའོ། །དེ་དག་ནི་མཚན་ཡང་དག་པར་བརྗོད་པ་ལས། ཤེས་པ་བརྒྱད་པོ་རྟོགས་པ་འཆང༌། །ཞེས་དང༌། ཤེས་བཅུ་རྣམ་དག་འཆང་བ་པོ། །ཞེས་སོགས་གསུངས་པའི་ངེས་དོན། གྲུབ་ཆེན་ཞི་བའི་ཞལ་སྔ་ནས་རྒྱུད་ཀུན་ལས་བཏུས་པ་ཞེས་དུམ་བུ་སྟོང་ཕྲག་བརྒྱད་ཡོད་པ་


LT09,P215B
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ལས་མན་ངག་གིས་ཕྱུངས་པར་གསུངས་སོ། །སོགས་ཁོངས་ནས་སྐབས་འདིར་བདེན་དོན་རྣམ་པ་བཅུ་གཉིས་དང༌། གསང་སྔགས་ནང་གི་ཞུགས་འབྲས་བརྒྱད་ལ་སོགས་པའི་རྣམ་གཞག་ཀྱང་སྤྲོར་ཡོད་དོ། །བདུན་པ་ཡོན་ཏན་ཕྲིན་ལས་མདོར་སྨོས་པ་དང་བཅས་པ་ནི། ཡོན་ཏན་ཕྲིན་ལས་གོང་དུ་བཤད་ལས་ཤེས། །མདོར་ན་ཆེན་པོ་གསུམ་དང་ཆོས་གཉིས་ཏེ། །རྒྱུན་གྱིས་རྟག་ལ་མཁའ་ལྟར་ཁྱབ་པའོ། །ཡོན་ཏན་དང་ཕྲིན་ལས་ནི་གོང་དུ་མཚན་ཉིད་ཐེག་པའི་འབྲས་བུའི་རྣམ་གཞག་གི་སྐབས་སུ་བཤད་པ་དང་ཁྱད་པར་མེད་པས་དེ་ལས་ཤེས་པར་བྱ་ཞིང༌། མདོར་ན་སྐུ་དང་ཞིང་ལ་སོགས་པ་རྣམ་པར་དབྱེ་བ་དང་གྲངས་ཀྱི་རྣམ་པར་གཞག་པ་ཇི་ཙམ་དུ་ཕྱེ་ཡང་རུང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་གང་ཡིན་པ་དེ་ནི། སེམས་ཅན་གྱི་དུས་ན་སེམས་རང་བཞིན་གྱིས་འོད་གསལ་བར་གནས་པ་དེ་ཉིད། སྒྲིབ་པ་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་ཀྱིས་རང་བཞིན་མངོན་དུ་གྱུར་པ་གསེར་རྡོ་ལས་གསེར་རྙེད་པ་ལྟ་བུར་མངོན་སུམ་པར་མཛད་པ་ལས། བག་ཆགས་དང་བཅས་པའི་སྒྲིབ་པ་མཐའ་དག་སྤང་བའི་སྤངས་པ་ཆེན་པོ་དང༌། སྒྱུ་མ་དང་རྨི་ལམ་དང་དྲི་ཟའི་གྲོང་ཁྱེར་དང་པྲ་ཕབ་པ་ལ་སོགས་པ་བཞིན་དུ་མ་བརྟགས་པར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་མ་ལུས་པ་མངོན་སུམ་དུ་གཟིགས་པའི་རྟོགས་པ་ཆེན་པོ་དང༌། དེའི་མཐུས་འགྲོ་བ་མ་ལུས་པའི་དོན་ལྷུན་གྱིས་གྲུབ་པར་ཆགས་པ་མེད་བཞིན་དུ་ནམ་མཁའ་ཇི་སྲིད་དུ་མཛད་པ་ནི་སེམས་ཆེན་པོ་སྟེ། ཆེན་པོ་གསུམ་གྱི་མཚན་ཉིད་ཅན་གྱི་འབྲས་བུའི་མཆོག་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ལྟར་སེམས་ཅན་མཐའ་དག་གི་དོན་བྱེད་པ་ལའང་རྟག་ཅིང་ཁྱབ་པའི་ཆོས་གཉིས་དང་ལྡན་པ་སྟེ། སེམས་ཅན་གྱི་ཁམས་ཟད་པ་མེད་པ་རྗེས་སུ་འཛིན་པའི་དོན་དུ་འཕེལ་འགྲིབ་


LT09,P216A
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བཞུགས་པ་རྒྱུན་གྱིས་རྟག་པ་དང༌། ཆོས་ཀྱི་སྐྱེ་མཆེད་པའི་ནམ་མཁས་གཟུགས་ཅན་གྱི་དངོས་པོ་ཐམས་ཅད་ལ་གོ་འབྱེད་པའི་ཚུལ་གྱིས་ཁྱབ་པ་ལྟར་སེམས་ཅན་གྱི་རིགས་གང་ལའང་ཉེ་རིང་གི་ཁྱད་པར་ཅུང་ཟད་ཙམ་ཡང་མ་མཆིས་པའི་ཁྱབ་པ་ཆེན་པོར་ལྷུན་གྱིས་གྲུབ་པ་ཉིད་དོ། །རྡོ་རྗེ་ཐེག་པའི་མཐར་ཐུག་གི་འབྲས་བུ་གཏན་ལ་དབབ་པ་སྐབས་གསུམ་པའི་འགྲེལ་བའོ།། །།

༤ གསང་སྔགས་སྔ་འགྱུར་ལུགས་ཀྱི་འབྲས་བུའི་རྣམ་གཞག་བྱེ་བྲག་ཏུ་གཏན་ལ་དབབ་པའི་སྐབས།

སྐབས་བཞི་པ་གསང་སྔགས་སྔ་འགྱུར་ལུགས་ཀྱི་འབྲས་བུའི་རྣམ་གཞག་བྱེ་བྲག་ཏུ་གཏན་ལ་དབབ་པ་ལ་གཉིས། ཤེས་བྱ་འབྲས་བུའི་རྒྱུད་སྒྱུ་འཕྲུལ་དྲྭ་བ་ལྟར་བཤད་པ། གྲོལ་ཚུལ་རིམ་པ་གསུམ་འོད་གསལ་རྡོ་རྗེ་སྙིང་པོ་ལྟར་བཤད་པའོ། །དང་པོ་ལ་གཉིས། ཤེས་བྱ་འབྲས་བུའི་རྒྱུད་སྤྱིར་བསྟན་པ། དེའི་རྣམ་གཞག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྒྱུ་འཕྲུལ་ལུགས་སུ་ཤེས་བྱ་འབྲས་བུའི་རྒྱུད། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་ལུགས་སུ། གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་མདོ་ཙམ་སྨོས་ན། སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། །གྲུབ་པའི་རྣལ་འབྱོར་རྣལ་འབྱོར་ཆེ། །ལྷུན་གྲུབ་ཇི་བཞིན་མངོན་བྱས་པའང༌། །བཏགས་པ་ཙམ་སྟེ་གཉིས་པ་མེད། །དེ་ཕྱིར་དེ་ལ་དེ་བརྗོད་དོ། །ཞེས་པས་སྦྱང་གཞི་རྒྱུ་རྒྱུད་ལ་བརྟེན་པའི་སྦྱང་བྱ་གློ་བུར་གྱི་དྲི་མ་རྣམས་སྦྱོང་བྱེད་ཀྱིས་ལེགས་པས་སྦྱངས་པས་གཞི་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་མཐར་ཐུག་པའོ། །དེ་ལ་སྦྱང་གཞི་ནི་རྒྱུ་རྒྱུད་བདེ་བར་གཤེགས་པའི་སྙིང་པོ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གདོད་མ་ནས་རང་ལ་རང་ཆས་སུ་བཞུགས་པ་སྟེ། དཔེར་ན་འདམ་གྱི་ཁྲོད་ན་གནས་པའི་ནོར་བུ་རིན་པོ་ཆེ་བཞིན་ནོ། །སྦྱང་བྱ་ནི། མེད་སྣང་གཉིས་འཛིན་གློ་བུར་དྲི་མ་རགས་པ་དང་ཕྲ་ཞིང་ཕྲ་བ་དང་བཅས་པ་སྟེ། དཔེར་ན་ནོར་བུ་ལ་སྒྲིབ་པར་བྱེད་པའི་འདམ་རྫབ་བཞིན་ནོ། །


LT09,P216B
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་བྱེད་ནི། བསྐྱེད་རིམ་དང་རྫོགས་རིམ་གྱིས་བསྡུས་པའི་ལམ་སྟེ། དཔེར་ན་བཀྲུ་བྱེད་ཀྱི་ཆུ་དང་འདག་རྫས་བཞིན་ནོ། །སྦྱངས་འབྲས་ནི། དེ་ལྟར་ལམ་གྱིས་དྲི་མ་ཐམས་ཅད་སྦྱངས་པ་ལས། གཞི་ལ་ཇི་ལྟར་ཡོད་པའི་ཡོན་ཏན་མངོན་དུ་གྱུར་པ་མཐར་ཐུག་པ་སྟེ། དཔེར་ན། འདམ་རྫབ་ལས་གྲོལ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་འདོད་དགུའི་ཆར་འབེབས་པ་བཞིན་ནོ། །ངེས་ཚིག་ནི། ཅིའི་ཕྱིར་འབྲས་བུའི་རྒྱུད་དུ་འགྱུར་ཞེ་ན། ཁོག་གཞུང་ལས། གྲུབ་པ་མཐར་ཕྱིན་འབྲས་བུར་བརྗོད། །ཅེས་པས་བླ་ན་མེད་པ་མཆོག་གི་འབྲས་བུ་མཐར་ཐུག་པ་དོན་དུ་གཉེར་བ་རྣམས་བསམ་པ་ཡོངས་སུ་རྫོགས་པས་ན་འབྲས་བུ་དང༌། ནམ་ཡང་རྒྱུན་མི་འཆད་པས་ན་རྒྱུད་ཅེས་བྱའོ། །གཉིས་པ་ལ་གསུམ། བདག་དོན་གྲུབ་པ། གཞན་དོན་མཛད་པ། ཞར་བྱུང་མདོ་སྔགས་སངས་རྒྱས་ཀྱི་ཁྱད་པར་རོ། །དང་པོ་ལ་གསུམ། ཐོབ་ཚུལ། མཚན་ཉིད། རྣམ་གྲངས་སོ། །དང་པོ་ནི། གཞི་ཉིད་ཇི་བཞིན་མངོན་བྱས་སྤང་ཐོབ་བྲལ། །སྐུ་དང་ཡེ་ཤེས་དཀྱིལ་འཁོར་ངང་གིས་སྣང༌། །བཤད་མ་ཐག་པའི་འབྲས་རྒྱུད་དེ་ཇི་ལྟར་ཐོབ་ན། གཞི་ཇི་ལྟ་བ་བཞིན་མངོན་དུ་བྱས་པས་སྤང་ཐོབ་མེད་པར་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའོ། །དེ་ལྟར་ཡང་རྒྱུད་གསང་བ་སྙིང་པོ་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང༌། །ཞེས་སོ། །གཉིས་པ་ནི། མཚན་ཉིད་མ་སྤངས་མཐའ་བྲལ་རྒྱལ་ཀུན་གྱི། །དགོངས་པར་རོ་མཉམ་ཆུ་ལ་ཆུ་བཞག་ལྟར། །འབྲས་རྒྱུད་ཀྱི་མཚན་ཉིད་ནི། གཅིག་དང་དུ་མ་ལ་སོགས་པའི་མཐའ་ཐམས་ཅད་མ་སྤངས་ལ་བྲལ་བའི་ཕྱིར། བརྗོད་དུ་མེད་པའི་དོན་མངོན་དུ་གྱུར་པས་གཟུང་ཡུལ་ལས་གྲོལ་བས། རྒྱུད་དག་པའི་


LT09,P217A
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་ཀྱི་དགོངས་པར་ཆུ་ལ་ཆུ་བླུགས་པ་ལྟར་རོ་གཅིག་ཏུ་གྱུར་པ་སྟེ། རིམ་གསུམ་ལས། མཚན་ཉིད་བཞི་དང་ལྡན་པའི་ཕྱིར། །མ་ལུས་གཅིག་མིན་ཐ་དད་མིན། །ཅེས་སོ། །གསུམ་པ་རྣམ་གྲངས་ལ་གཉིས། མཚན་གྱི་རྣམ་གྲངས། ངོ་བོའི་རྣམ་གྲངས་སོ། །དང་པོ་ནི། མཚན་གྱི་རྣམ་གྲངས་བདེ་གཤེགས་སངས་རྒྱས་སོགས། །འབྲས་རྒྱུད་ཀྱི་མཚན་གྱི་རྣམ་གྲངས་ནི། ལམ་རིམ་ལས། ཐུན་མོང་མིན་པའི་རྒྱལ་མིང་གྲངས། །བདེ་གཤེགས་དེ་བཞིན་གཤེགས་པ་སྟེ། །བཅོམ་ལྡན་འདས་དང་སངས་རྒྱས་དང༌། །དགྱེས་ཆེན་བརྗོད་སོགས་བསམ་མི་ཁྱབ། །ཅེས་གསུངས་པ་ལྟར་རོ། །གཉིས་པ་ལ་གཉིས། མ་འདྲེས་རྣམ་གྲངས་སུ་སྣང་བ་དང༌། དབྱེར་མེད་ལྷུན་གྲུབ་ཀྱི་ངོ་བོའོ། །དེའི་དང་པོ་ལ་གསུམ། རྒྱས་པ། འབྲིང་པོ། བསྡུས་པའི་ཚུལ་ལོ། །དང་པོ་ནི། ངོ་བོ་ཀུན་ཏུ་སྐུ་སོགས་བསམ་མི་ཁྱབ། །འབྲས་ཆོས་ཀྱི་ངོ་བོ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་པོ་རེ་རེ་ལའང་བསམ་གྱིས་མི་ཁྱབ་སྟེ། སྒྱུ་འཕྲུལ་ལས། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང༌། ཀུན་ཏུ་གསུང་བསམ་གྱིས་མི་ཁྱབ་པ་དང༌། ཀུན་ཏུ་ཐུགས་བསམ་གྱིས་མི་ཁྱབ་པ་དང༌། ཞེས་སོ། །ཡོན་ཏན་ནི། རྒྱས་པ་ལས། ཡེ་ཤེས་སྤྱན་གྱིས་སྤྲས་པའི་ཕྱིར། །ཞིང་དང་ཡོན་ཏན་བསམ་མི་ཁྱབ། །ཅེས་སོ། །ཕྲིན་ལས་ནི། གསང་སྙིང་ལས། ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ། །ཅེས་སོ། །གཉིས་པ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ། དེ་རེ་རེ་ལའང་ལྔ་ལྔར་གསུངས་ཏེ། དེ་ལ་དང་པོ་སྐུ་ལྔ་ནི། རྣམ་གྲངས་ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ། །མི་


LT09,P217B
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རྡོ་རྗེ་མངོན་བྱང་སྐུ་ལྔ་སྟེ། །བསམ་གྱིས་མི་ཁྱབ་པའི་ཚུལ་ལས་རྣམ་གྲངས་སུ་བཞག་པ་ནི་འབྲས་ཆོས་ཉེར་ལྔ་སྟེ། །དེའང༌། རང་དོན་རྟོགས་པ་མཐར་ཕྱིན་པའི་ངོ་བོ་དབྱིངས་ཐོག་ཏུ་རིག་པའི་ཡེ་ཤེས་གྲོལ་བ་ནི་ཆོས་སྐུ། དེ་ལས་མ་གཡོས་པར་གདུལ་བྱ་ལས་དག་པ་ས་བཅུ་པའི་ངོར་རྟེན་ལུས་ཉིད་ཟག་མེད་དུ་གྱུར་པའི་བརྒྱུད་འབྲས་ཐུན་མིན་གྱི་མཚན་དཔེ་དང་ལྡན་པར་སྣང་བ་ལོངས་སྐུ། གདུལ་བྱ་མ་དག་པ་འགྲོ་དྲུག་ལ་མོས་པ་དང་མཐུན་པར་སྣ་ཚོགས་སུ་སྣང་ནས་དོན་མཛད་པ་ནི་སྤྲུལ་པའི་སྐུ། གཟུགས་སྐུ་གཉིས་སུ་སྣང་ཡང་རང་རྒྱུད་པ་མེད་དེ། ཆོས་ཀྱི་སྐུ་ལས་མ་གཡོས་པའམ། །ཆོས་སྐུ་དང་གཟུགས་སྐུ་དབྱེར་མི་ཕྱེད་པ་ནི་རྡོ་རྗེའི་སྐུ། དེ་དག་རིག་པའི་ཡེ་ཤེས་ལ་ལྷུན་གྱིས་རྫོགས་པས་ཆོས་སྐུ་ལས་མ་གཡོས་བཞིན་དུ་གདུལ་བྱའི་ལས་དང་མཐུན་པར་སྣ་ཚོགས་སུ་སྣང་བ་ནི་མངོན་པར་བྱང་ཆུབ་པའི་སྐུ་སྟེ་སྐུ་ལྔའོ། །གཉིས་པ་གསུང་ལྔ་ནི། སྐྱེ་མེད་དོན་དང་དགོངས་བརྡ་བརྗོད་པ་ཚིག །དབྱེར་མེད་རྡོ་རྗེ་རིག་བྱིན་གསུང་ལྔའོ། །སྟོན་པ་སྐུ་ལྔས་རང་རང་གི་འཁོར་ལ་བརྡ་སྤྲོད་པའི་བདག་ཉིད་ཅན་ཏེ། དེའང་ཆོས་ཉིད་སྨྲ་བརྗོད་དང་བྲལ་བ་ཉིད་བརྗོད་བྱ་ཀུན་གྱི་གཞིར་གྱུར་པའི་ཆ་ནས་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང༌། མེ་ལོང་གིས་བྱད་ཀྱི་དྲི་མ་གོས་ཟིན་སེལ་བར་བྱེད་པ་ལྟར་སྐུའི་བརྡས་འཁོར་གྱི་བློ་ལ་དོན་འཇལ་བར་སྟོན་པ་ནི་ལོངས་སྐུ་དགོངས་པ་བརྡའི་གསུང༌། གང་ལ་གང་འདུལ་གྱི་སྒྲ་སྐད་དང་མཐུན་པར་དུས་གཅིག་ཏུ་ཆོས་སྟོན་པ་ནི་སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང༌། སྒྲ་སྐད་ཐམས་ཅད་གྲགས་སྟོང་གཉིས་སུ་མེད་པས་མཐའ་གཉིས་ལས་གྲོལ་བ་ནི་དབྱེར་མེད་རྡོ་རྗེའི་གསུང༌། སྒྲ་ཐམས་ཅད་རང་རིག་པའི་ངང་དུ་ལྷུན་གྱིས་གྲུབ་པས་ཅིར་ཡང་མི་འགག་པ་རིག་པ་བྱིན་རློབས་ཀྱི་གསུང་ནི་མངོན་བྱང་གི་གསུང་སྟེ་གསུང་ལྔའོ། །


LT09,P218A
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཐུགས་ལྔ་ནི། མི་རྟོག་མཉམ་ཉིད་འགྲོ་སྒྲོལ་མི་ཕྱེད་པ། །ཅིར་ཡང་མཁྱེན་པའི་ཡེ་ཤེས་ཐུགས་མཆོག་ལྔ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་ཆོས་སྐུ་མི་རྟོག་ཆེན་པོའི་ཐུགས། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ལོངས་སྐུ་མཉམ་པ་ཆེན་པོའི་ཐུགས། །བྱ་བ་གྲུབ་པའི་ཡེ་ཤེས་ནི་སྤྲུལ་སྐུ་འགྲོ་བ་སྒྲོལ་བའི་ཐུགས། སོ་སོར་རྟོག་པའི་ཡེ་ཤེས་ནི་མི་ཕྱེད་རྡོ་རྗེའི་ཐུགས། །མེ་ལོང་ལྟ་བུའི་ཡེ་ཤེས་ནི་མངོན་བྱང་གིས་ཅིར་ཡང་ས་ལེར་མཁྱེན་པའི་ཐུགས་ཏེ་ཡེ་ཤེས་ཀྱི་ཐུགས་མཆོག་ལྔའོ། །བཞི་པ་ཡོན་ཏན་ལྔ་ནི། རྣམ་དག་ཞིང་ཁམས་ཚད་བྲལ་གཞལ་མེད་ཁང༌། །གསལ་དག་འོད་ཟེར་ཁྱད་པར་འཕགས་པའི་གདན། །དགྱེས་རྒུར་ལོངས་སྤྱོད་ཡོན་ཏན་རྣམ་པ་ལྔ། །རྣམ་པར་དག་པའི་ཞིང་ཁམས་ནི། །རྒྱུད་ལས། ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང༌། །ཞེས་དང༌། ཞིང་ཁམས་རྣམ་དག་བསམ་ཡས་དང༌། །ཞེས་སོ། །རྒྱ་ཚད་བྲལ་བའི་གཞལ་ཡས་ཁང་ནི། རྒྱ་དང་བྲལ་བའི་གཞལ་ཡས་ཁང༌། །ཞེས་སོ། །གསལ་ཞིང་དག་པའི་འོད་ཟེར་ནི། འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །ཞེས་སོ། །ཁྱད་པར་དུ་འཕགས་པའི་གདན་ཁྲི་ནི། སེང་གེ་གླང་ཆེན་རྟ་རྨ་བྱ། །ནམ་མཁའ་ལྡིང་གི་ཁྲི་ཆེན་ལ། །ཉི་ཟླ་པདྨ་རིན་པོ་ཆེ། །ཞེས་སོ། །དགྱེས་རྒུར་སྤྱོད་པའི་ལོངས་སྤྱོད་ནི། རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། །ཅེས་པ་ལ་སོགས་པས་བསྟན་པ་སྟེ་ཡོན་ཏན་རྣམ་པ་ལྔའོ། །ལྔ་པ་ཕྲིན་ལས་ལྔ་ནི། ཞི་རྒྱས་དབང་དྲག་ལྷུན་གྲུབ་ཕྲིན་ལས་ཏེ། །ཞི་བ་དང༌། རྒྱས་པ་དང༌། དབང་དང༌། དྲག་པོ་དང༌། ལྷུན་གྱིས་གྲུབ་པ་སྟེ། དོང་སྤྲུགས་བཀོལ་པ་དུམ་བུའི་རྒྱུད་ལས། ཉོན་མོངས་རྣམ་པར་རྟོག་པས་སེམས་ཁེངས་རྣམས། །སངས་རྒྱས་མཛད་པས་རྒྱུད་མཉན་


LT09,P218B
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བར་མཛད། །རྨོངས་ཤིང་དབུལ་དང་ཕོངས་པའི་གང་ཟག་རྣམས། །ཤེས་བྱ་ལོངས་སྤྱོད་མཐའ་ཡང་རྒྱས་པར་མཛད། །མི་ཕན་མི་དུལ་གྱོང་བའི་གང་ཟག་རྣམས། །དབང་གི་ལས་ཀྱིས་དུལ་ཞིང་ཞི་བར་མཛད། །ཐུགས་རྗེའི་ཐབས་ཀྱིས་མི་དུལ་གདུག་པ་རྣམས། །མངོན་སྤྱོད་དྲག་པོས་ཚར་ཡང་གཅོད་པར་མཛད། །དེ་ལྟར་མ་རྟོགས་རིགས་རྣམས་བདག་པོའི་ངང༌། །ཕྱོགས་རིས་མེད་ཅིང་ལྷུན་གྱིས་གྲུབ་བར་མཛད། །ཅེས་འབྱུང་བ་ལྟར་རོ། །གསུམ་པ་བསྡུས་པ་ལའང་གཉིས། ཅུང་ཟད་བསྡུས་པ་དང༌། ཤིན་ཏུ་བསྡུས་པའོ། །དང་པོ་ནི། སྐུ་གསུང་ཐུགས་ཡོན་མཛད་པར་བཅས་ལ་འདུ། །དེ་དག་ཀྱང་བསྡུ་ན། གསང་སྙིང་ལས། སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཞེས་གསུངས་པས། ཆེ་བའི་ཡོན་ཏན་མ་ལུས་པའི་རྟེན་བྱེད་པས་ན་སྐུ། གདུལ་བྱ་ལ་བརྡ་སྤྲོད་པས་ན་གསུང༌། ཤེས་བྱ་ཐམས་ཅད་མཁྱེན་པས་ན་ཐུགས། མངའ་ཐང་རྫོགས་པས་ན་ཡོན་ཏན། གདུལ་བྱ་འདུལ་བས་ན་ཕྲིན་ལས་དང་བཅས་པ་ལྔ་ལ་འདུའོ། །གཉིས་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། དེ་ཡང་སྐུ་དང་ཡེ་ཤེས་གཉིས་ཡིན་ཏེ། །ཞེས་སོ། །གཉིས་པ་ལ་གཉིས། །རྟེན་སྐུ། བརྟེན་པ་ཡེ་ཤེས་སོ། །དང་པོ་ནི། སྐུ་ལྔ་ལྷུན་གྲུབ་གཅིག་ལས་ཐ་དད་སྣང༌། །སྒྲིབ་བྲལ་གྱི་དགོངས་པ་དབྱིངས་ཡེ་ཟུང་དུ་འཇུག་པས་ཆོས་སྐུ། དེ་ཉིད་འཁོར་སྨིན་པ་རྒྱ་མཚོ་ལ་ངེས་པ་ལྔ་ལྡན་དུ་སྣང་བ་ལོངས་སྐུ། འཁོར་མོས་པ་རྒྱ་མཚོ་ལ་སྣང་བ་སྤྲུལ་སྐུ། དེ་གསུམ་སྣང་ཆ་མ་འདྲེས་པའི་ཆ་ནས་མངོན་བྱང༌། དབྱེར་མི་ཕྱེད་པའི་ངོས་ནས་རྡོ་རྗེའི་སྐུ་སྟེ་ལྔའོ། །དེ་དག་གཅིག་གམ་ཐ་དད་ཅེ་ན། སྐུ་ལྔ་ལྷུན་གྲུབ་ཀྱི་བདག་ཉིད་དུ་ངོ་བོ་གཅིག་ལ། དེ་ཉིད་ཡོན་


LT09,P219A
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་གྱི་ལྡོག་ཆ་ནས་སྐུ་ལྔར་སྣང་བས་ཐ་དད་དེ། མཁའ་ཟླ་དང་ཆུ་ཟླ་བཞིན་ནོ། །དེ་ལས་ཀྱང་མངོན་བྱང་དང་རྡོ་རྗེའི་སྐུ་ནི་ཡོན་ཏན་གྱི་ཆ་ནས་བཏགས་པ་ཙམ་ཡིན་པའི་ཕྱིར་སྐུ་བཏགས་པ་བ་སྟེ། སྐུ་མཚན་ཉིད་པ་ནི་གསུམ་དུ་ངེས་སོ། །གསུམ་ཡང་ཆོས་སྐུ་ནི་བདག་དོན་དགོངས་པའི་ཆ་དང༌། གཟུགས་སྐུ་གཉིས་ནི་གཞན་དོན་མཛད་པའི་ཆ་ནས་བཞག་པར་ཤེས་པར་བྱའོ། །གཉིས་པ་ནི། གཞི་དོན་སྦྱོར་བའི་ཀུན་གཞི་ཉོན་ཡིད་ཡིད། །སྒོ་ལྔ་གནས་འགྱུར་བརྟེན་པ་ཡེ་ཤེས་ལྔ། །གློ་བུར་གྱི་སྒྲིབ་པ་མཐའ་དག་མ་སྤངས་ལ་བྲལ་བའི་རང་བཞིན་རྟོགས་པའི་ཆེ། གཞི་དོན་གྱི་ཀུན་གཞི་མངོན་དུ་གྱུར་པ་ནི་ཅིར་ཡང་མི་དམིགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། དེའི་ཚེ་སྦྱོར་བ་དོན་གྱི་ཀུན་གཞི་གནས་འགྱུར་བ་གསལ་ལ་མི་རྟོག་པས་ཡེ་ཤེས་ལྷག་མ་གསུམ་གྱི་འཆར་གཞིར་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས། ཉོན་ཡིད་གནས་འགྱུར་བཟང་ངན་བླང་དོར་མེད་པ་མཉམ་ཉིད་ཡེ་ཤེས། ཡིད་གནས་འགྱུར་ཤེས་བྱའི་ཡུལ་དུས་གསུམ་གྱི་ཆོས་ཐམས་ཅད་པདྨའི་འདབ་མ་ལྟར་གསལ་ལ་མ་འདྲེས་པར་མཁྱེན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས། སྒོ་ལྔ་གནས་འགྱུར་འགྲོ་དོན་མཛད་པ་ལ་ཐོགས་པ་མེད་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། རྣམ་བཀོད་ལས། སྟོང་པའི་ཡེ་ཤེས་དངོས་པོ་མེད། །མེ་ལོང་ཡེ་ཤེས་རྟོག་པ་མེད། །མཉམ་ཉིད་ཡེ་ཤེས་བཟང་ངན་མེད། །ཀུན་རྟོག་ཡེ་ཤེས་མ་འདྲེས་གསལ། །བྱ་བ་ནན་ཏན་མཐར་ཕྱིན་པའོ། །ཞེས་སོ། །གཉིས་པ་དབྱེར་མེད་ལྷུན་གྲུབ་ཀྱི་ངོ་བོ་ནི། འབས་ཆོས་ཉེར་ལྔ་དྲུག་པའི་ཡོན་ཏན་དུ། །འདུ་ཕྱིར་དབྱེར་མེད་ལྷུན་གྲུབ་ངོ་བོ་ཉིད། །འབྲས་བུའི་ཆོས་ཉེར་ལྔ་པོ་དེ་དག་ཀྱང་སྐུ་ལྔའི་བདག་ཉིད་རྒྱལ་བ་དྲུག་པའི་ཡོན་ཏན་གྱི་ལྡོག་པ་ནས་ཤར་ཞིང༌། དེའི་ཡོན་ཏན་དུ་འདུ་བའི་


LT09,P219B
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། དབྱེར་མེད་ལྷུན་གྱིས་གྲུབ་པའི་ངོ་བོ་ཉིད། གཅིག་དང་དུ་མ་ལས་གྲོལ་བའི་བདག་ཉིད་དོ། །དེའང་དགོངས་འདུས་ལས། སངས་རྒྱས་མཉམ་དང་དབྱིངས་སུ་གྲོལ། །དེ་ཉིད་ཆེན་པོར་ལྷུན་གྱིས་གྲུབ། །ཅེས་དང༌། རིམ་གསུམ་ལས། འབྲས་བུ་ཡོན་ཏན་ལྷུན་གྲུབ་པས། །ཡིད་བཞིན་ནོར་བུ་ལྟར་སྣང་བའོ། །ཞེས་སོ། །གཉིས་པ་གཞན་དོན་མཛད་པ་ནི། རྟོག་མེད་རང་གསལ་གཟིགས་ཚུལ་གསུམ་གྱིས་གཟིགས། །རྟག་རྒྱུན་རང་བཞིན་ཤུགས་དང་གསོལ་བཏབ་ཡུལ། །ཕྲད་ནས་ཐུགས་རྗེ་སྐྱེས་ཏེ་ནོར་བུ་ལྟར། །རྟོག་མེད་ལྷུན་གྱིས་གྲུབ་པའི་འགྲོ་དོན་མཛད། །རང་དོན་དེ་ལྟར་གྲུབ་ནས་གཞན་དོན་གདུལ་བྱ་ལ་ཐུགས་རྗེས་གཟིགས་པའི་ཚུལ་ཡང༌། ལུགས་འདིར་ཡེ་ཤེས་རྒྱུན་ཆད་ཅེས་སྐུར་པ་མི་འདེབས། མ་ཆད་ཅེས་སྒྲོ་མི་འདོགས། དེ་གཉིས་ཆར་གྱི་མཐའ་དང་བྲལ་བའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་རྟོག་མེད་རང་གསལ་དུ་གཟིགས་ཏེ། རྒྱུད་ལས། སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས། །དམིགས་བྱ་དམིགས་བྱེད་མེད་པར་དྲན་དབང་སྒྱུར། །ཅེས་སོ། །གཟིགས་ཚུལ་ཡང་རྗེ་སྒྲོ་ཕུག་པའི་དགོངས་པས་གསུམ་སྟེ། དབྱིངས་ལས་མི་གཞན་པའམ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ཚུལ། ཡེ་ཤེས་ལས་མི་གཞན་པའམ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ཚུལ། དབྱིངས་ཡེ་ཤེས་དབྱེར་མེད་དམ་ཇི་ལྟ་ཇི་སྙེད་དབྱེར་མེད་དུ་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ཚུལ་གསུམ་དུ་བཞེད་དོ། །གཟིགས་ནས་ཐུགས་རྗེ་སྐྱེ་ཚུལ་ནི། རིམ་གསུམ་ལས། རྟག་རྒྱུན་རང་བཞིན་ཤུགས་གསོལ་དང༌། །ཡུལ་དང་ཕྲད་ནས་བྱུང་བར་སྣང༌། །ཞེས་པས་བཞི་སྟེ། རྟག་པ་རྒྱུན་གྱི་ཐུགས་རྗེ་ཆུ་བོའི་རྒྱུན་ལྟ་བུ་དང༌། རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉི་མ་དང་


LT09,P220A
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་ལྟ་བུ་དང༌། བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ་སྙིང་རྗེ་ཅན་ལ་དབུལ་པོས་སློང་བ་ལྟ་བུ་དང༌། ཡུལ་དང་ཕྲད་པའི་ཐུགས་རྗེ་མཛངས་པ་སྤྱོད་ལོག་བྱེད་པ་མཐོང་བ་ལྟ་བུ་སྟེ། དེ་ལྟར་ཐུགས་རྗེ་རྣམ་པ་བཞི་པོ་སྐྱེས་ནས་འགྲོ་དོན་མཛད་པའི་ཚུལ་ཡང༌། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་བྱི་དོར་བྱས་ཤིང་མཆོད་ན་རང་རང་གི་བསོད་ནམས་དང་འཚམས་པའི་དགོས་འདོད་འབྱུང་མོད་ཀྱི། འོན་ཀྱང་རིན་པོ་ཆེ་ལ་རྩོལ་རྟོག་དང་ཉེ་རིང་མེད་པ་ལྟར། མཐར་ཐུག་རྒྱལ་བའི་དགོངས་པ་ཡོད་མེད་ཀྱི་མཐའ་ལས་གྲོལ་བའི་ཕྱིར། སྒྲོ་སྐུར་དང་བྲལ་བའི་ངོ་བོ་ཉིད་ཀྱི་སྐུ་དེ་ཉིད་གདུལ་བྱའི་བློ་དང་འཚམས་པར་སྣ་ཚོགས་སུ་སྣང་ནས་རྟོག་མེད་ལྷུན་གྱིས་གྲུབ་པའི་འགྲོ་བའི་དོན་རྒྱུན་མི་འཆད་པར་མཛད་དོ། །གསུམ་པ་ཞར་བྱུང་སངས་རྒྱས་ཀྱི་ཁྱད་པར་བཤད་པ་ལ་གསུམ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུའོ། །དང་པོ་ནི། ཆོས་སྐུ་ངོ་བོ་མཚན་ཉིད་བྱིན་རླབས་གསུམ། །རྒྱུ་འབྲས་ཐེག་པའི་ཁྱད་པར་དང་བློ་གྲོས་རྣམ་འབྱེད་ཀྱི་ཆེད་དུ་མདོ་དང་སྔགས་སུ་བཤད་ཚོད་ཀྱི་སངས་རྒྱས་ལ་ཁྱད་པར་འདི་ལྟར་དཔྱད་པ་ཡོད་དེ། ཆོས་སྐུ་ལ་ངོ་བོ། མཚན་ཉིད། བྱིན་རླབས་ཀྱི་ཁྱད་པར་དང་གསུམ་ལས་དང་པོ་ནི། མཚན་ཉིད་ཐེག་པའི་ཆོས་སྐུ་སྤྲོས་པ་དང་བྲལ་བའི་སྟོང་ཉིད་ནམ་མཁའ་ལྟ་བུ་ཡིན་ཏེ། དབུ་མ་འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་དག །བསྲེགས་པས་ཞི་ང་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགག་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་པ་ལྟར་རོ། །སྔགས་ཀྱི་ཆོས་སྐུ་ནི་དབྱིངས་དང་ཡེ་ཤེས་ཀྱི་རང་བཞིན་སྣང་སྟོང་ཟུང་དུ་འཇུག་པ་སྟེ། སྒྱུ་འཕྲུལ་རྒྱས་པ་ལས། འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་དངོས་


LT09,P220B
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མེད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་ནི། མཚན་ཉིད་ཐེག་པའི་ཆོས་སྐུ་སྟོང་པའི་མཐར་ལྷུངས་ལ། སྔགས་ཀྱི་ཆོས་སྐུ་ནི་སྣང་སྟོང་གཉིས་སུ་མེད་པས་རྟག་ཆད་ཀྱི་མཐར་མ་ལྷུང་བའོ། །གསུམ་པ་ནི། མཚན་ཉིད་ཀྱི་ཆོས་སྐུ་ལས་བྱིན་རླབས་གཟུགས་སྐུ་གཉིས་ལས་མི་འཆར། སྔགས་ཀྱི་ཆོས་སྐུ་ནི་དབྱིངས་དང་ཡེ་ཤེས་སྣང་སྟོང་ཟུང་དུ་འཇུག་པའི་བྱིན་རླབས་ལས་སྐུ་ལྔ་ལ་སོགས་པ་ཅི་རིགས་པར་འཆར་རོ། །གཉིས་པ་ནི། ལོངས་སྐུ་སྤྱད་བྱ་ཡུལ་དང་སྤྱོད་བྱེད་ཐབས། །ལོངས་སྐུའི་ཁྱད་པར་ལའང་གཉིས་ཏེ། ལོངས་སུ་སྤྱད་བྱའི་ཁྱད་པར་ནི། མཚན་ཉིད་ཐེག་པའི་ལོངས་སྐུས་དཀར་པོའི་ཕྱོགས་ལ་ལོངས་སྤྱོད་པ་ལས་ནག་པོའི་ཕྱོགས་ལ་མི་སྤྱོད། སྔགས་ཀྱི་ལོངས་སྐུ་ནི་གཉིས་ཀ་ལ་ལོངས་སྤྱོད། སྤྱོད་བྱེད་ཐབས་ཀྱི་ཁྱད་པར་ཡང༌། མཚན་ཉིད་ཐེག་པར་ནག་པོའི་ཕྱོགས་ལ་ལོངས་སྤྱོད་པའི་ཐབས་མེད། སྔགས་ལ་དཀར་ནག་གཉི་གར་ལོངས་སྤྱོད་པའི་ཐབས་ཡོད་པའི་ཕྱིར་རོ། །གསུམ་པ་ནི། སྤྲུལ་སྐུ་གདུལ་བྱ་འདུལ་བྱེད་མཚན་ཉིད་དང༌། །སྔགས་ཀྱི་ཁྱད་པར་རྒྱལ་བ་གཡུང་གིས་ཕྱེས། །སྤྲུལ་སྐུ་ལའང་ཁྱད་པར་གཉིས་ལས། གདུལ་བྱ་ཡུལ་གྱི་ཁྱད་པར་ནི། མཚན་ཉིད་ཐེག་པའི་སྤྲུལ་སྐུས་དཀར་ཕྱོགས་ཀྱི་གདུལ་བྱ་འདུལ་བ་ལས་ནག་ཕྱོགས་ཀྱི་གདུལ་བྱ་མི་འདུལ། སྔགས་ཀྱི་སྤྲུལ་སྐུའི་གདུལ་བྱ་ལ་ཕྱོགས་རིས་མེད་པའོ། །འདུལ་བྱེད་ཐབས་ཀྱི་ཁྱད་པར་ཡང་རྒྱུ་མཚན་ཉིད་ཀྱི་སྤྲུལ་སྐུ་ལ་ནག་ཕྱོགས་འདུལ་བའི་ཐབས་མེད། སྔགས་ཀྱི་སྤྲུལ་སྐུ་ནི་གདུལ་བྱ་དཀར་ནག་གི་ཕྱོགས་གཉིས་ཀ་འདུལ་བའི་ཐབས་དང་ལྡན་པ་སྟེ། དེ་ལྟར་མཚན་ཉིད་དང་སྔགས་ཀྱི་ཐེག་པའི་སངས་རྒྱས་ཀྱི་ཁྱད་པར་རྒྱལ་བ་གཡུང་སྟོན་ཆེན་པོས་ཕྱེས་པ་ལ་དུས་སྐབས་དེའི་མཁས་པ་རྣམས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བར་གྲགས་སོ། །གཞན་ཡང་


LT09,P221A
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་ལ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོས་ཁྱད་པར་དུ་བྱས་པ་དང༌། ལོངས་སྐུ་ངེས་པ་ལྔ་ལྡན་ཀྱང་ཞིང་དང་སྟོན་འཁོར་ཐམས་ཅད་རང་སྣང་གཞིའི་འོད་གསལ་ཆེན་པོར་ལྷུན་གྱིས་གྲུབ་པའི་སྣང་ཆ་ལས་གཞན་སྣང་གིས་བསྡུས་པ་མིན་པ་དང༌། སྤྲུལ་སྐུ་ལའང་འདུལ་བ་རྣམ་པ་བཞིའི་སྒོ་ནས་ཕྲིན་ལས་རྣམ་པ་བཞི་རབ་འབྱམས་ཅིའང་རུང་བ་ལ་མངའ་དབང་སྒྱུར་ནས་གདུལ་བྱའི་དོན་མཛད་པ་ལ་དབང་འབྱོར་པ་དང༌། ལོངས་སྐུ་དང་སྤྲུལ་སྐུའི་ཁྱད་པར་ཡང་འདི་ལྟར་ཡོད་དེ། རྒྱུ་མཚན་ཉིད་ཀྱི་གཟུགས་སྐུ་གཉིས་རྒྱུ་རྐྱེན་གྱིས་བསྐྱེད་པར་འདོད་ལ། སྔགས་ཀྱི་གཟུགས་སྐུ་ནི་རྒྱུ་རྐྱེན་གྱིས་བསྐྱེད་པ་ལས་མ་བྱུང་སྟེ། རྒྱས་པ་ལས། རྒྱུ་རྐྱེན་རགས་ལུས་མེད་པའི་ཕྱིར། །ཞེས་སོགས་ཁྱད་པར་གཞན་ཡང་ཡོད་པར་སྔ་འགྱུར་གྱི་མཁས་གྲུབ་ཆེན་པོ་རྣམས་བཞེད་དོ། །སྤྱི་དོན་གཉིས་པ་གྲོལ་ཚུལ་རིམ་པ་གསུམ་འོད་གསལ་རྡོ་རྗེ་སྙིང་པོ་ལྟར་བཤད་པ་ལ་གཉིས། དབང་པོའི་རིམ་པའི་གྲོལ་ཚུལ་དང༌། མཐར་ཐུག་གི་གྲོལ་ས་ཆེན་པོའི་རང་བཞིན་གཏན་ལ་དབབ་པའོ། །དང་པོ་ལ་གཉིས། མདོར་བསྟན་གྱིས་མཚམས་སྦྱར། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། རྡོ་རྗེ་རྩེ་མོར་དབང་པོའི་བྱེ་བྲག་གིས། །འོད་གསལ་རྫོགས་པ་ཆེན་པོ་རྡོ་རྗེ་རྩེ་མོའི་ལུགས་སུ་དབང་པོ་ཉི་ཤུ་རྩ་གཅིག་གི་བྱེ་བྲག་གིས་གྲོལ་ཚུལ་ཐ་དད་དུ་གསུངས་ཏེ། དེ་ལ་དབང་རིམ་ཉེར་གཅིག་ནི། རྒྱུད་ཆེན་རང་ཤར་ལས། དབང་པོ་ལ་རྣམ་པ་གསུམ་བསྟན་ཏེ། རབ་དང༌། འབྲིང་དང༌། ཐ་མའོ། །རབ་ལ་བདུན་ཏེ། རབ་ཀྱི་ཐ་མ་དང༌། རབ་ཀྱི་འབྲིང་དང༌། རབ་ཀྱི་རབ་དང༌། རབ་ཀྱི་ཕུལ་དང༌། རབ་ཀྱི་མཆོག་དང༌། རབ་ཀྱི་རྩེ་མོ་དང༌། རབ་ཀྱི་མཐར་ཕྱིན་པའོ། །དེ་ནི་རབ་ཀྱི་དབྱེ་བ་ཡིན་ནོ། །དེའང་མཐོང་ཚུལ་རེ། ཡེ་ཤེས་ཀྱི་སྣང་བ་སྐྱེ་ཚུལ་རེ།


LT09,P221B
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་ཚད་རེ། སྣང་བའི་སྐྱེ་ཚུལ་རེ། གོ་བའི་དུས་རེ། ཤེས་པའི་ལྟ་ལུགས་རེ་ཤར་ནས་རང་རང་གི་སྣང་བ་ལ་བརྟན་པ་ཐོབ་བོ། །འབྲིང་ལའང་བདུན་ཏེ། འབྲིང་གི་ཐ་མ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་རབ་དང༌། འབྲིང་གི་ཕུལ་དང༌། འབྲིང་གི་མཆོག་དང༌། འབྲིང་གི་རྩེ་མོ་དང༌། འབྲིང་གི་མཐར་ཕྱིན་པའོ། །དེ་ལའང་ཡེ་ཤེས་སྐྱེ་བའི་ཚད་རེ་འབྱུང་ངོ༌། །དེ་ནི་འབྲིང་གི་དབྱེ་བ་ཡིན་ནོ། །ཐ་མ་ལའང་བདུན་ཏེ། ཐ་མའི་ཐ་མ་དང༌། ཐ་མའི་འབྲིང་དང༌། ཐ་མའི་རབ་དང༌། ཐ་མའི་མཆོག་དང༌། ཐ་མའི་ཕུལ་དང༌། ཐ་མའི་རྩེ་མོ་དང༌། །ཐ་མའི་རྩེ་ཟིན་པའོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་གསུམ། དབང་པོ་ཐ་མ། འབྲིང༌། རབ་རྣམས་གྲོལ་བའི་ཚུལ་ལོ། །དང་པོ་ནི། ཐ་མ་སྲིད་པ་བར་དོར་འཕྲོ་མཐུད་དེ། །རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་ཆེན་འབྱིན། །དབང་པོ་ཐ་མའི་ཐ་མར་གྱུར་པ་རྣམས་བརྩོན་འགྲུས་དམན་པས་མངོན་སུམ་གྱི་སྒོ་མཐོང་ཡང་ཉམས་ལེན་འཕྲོ་ཅན་དུ་གྱུར་ཏེ་གྲོལ་ཚད་ཀྱི་གདིང་དང་མི་ལྡན་པ་རྣམས། ཆོས་ཉིད་བར་དོ་ཤར་ཡང་ངོས་མ་ཟིན་པར་སྲིད་པའི་བར་དོ་རྨི་ལམ་གྱི་འཁྲུལ་ངོ་ཙམ་དུ་ཤར་བ་ལ། ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་ལས་ཀྱི་འཕྲོ་མཐུད་དེ་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་མངོན་པར་དགའ་བ་ལ་སོགས་པར་སྐྱེ་བ་བླངས་ནས། དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཐོང་ཞིང་གསུང་ཐོས། དབང་བསྐུར་བ་དང་ལུང་ནོད་དབུགས་དབྱུང་བ་ཐོབ་ནས་ཉོན་མོངས་པའི་འཆིང་བ་ཐམས་ཅད་ལས་རྣམ་པར་གྲོལ་ཏེ་གདོད་མའི་གྲོལ་སར་བྱང་ཆུབ་པར་འགྱུར་ཏེ། རང་ཤར་ལས། བདེན་པ་མཐོང་བའི་སེམས་ཅན་ནི། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང༌། །ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ། །གནས་པ་མཐར་ཕྱིན་གྲོལ་བར་འགྱུར། །ཞེས་པ་དང༌། ཡང་དེ་ལས།


LT09,P222A
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ཐ་མའི་ཐ་མ་ནི་ཞག་ཉི་ཤུ་གནས་ནས་དེ་ནས་ཡང་ལྷུན་གྲུབ་ཀྱི་སྣང་བར་ལམ་བྱུང་ནས་མ་དག་པ་འཁོར་བའི་སྒོར་ལམ་བྱུང་སྟེ་ཕྱོགས་བཅུ་སྤྲུལ་པ་སྐུའི་ཞིང་ཁམས་སུ་གནས་ནས་བར་དོ་མེད་པར་ཡང་དག་པར་འཚང་རྒྱའོ། །ཞེས་སོ། །དེའང་ཞིང་དེ་དག་རང་བཞིན་ལོངས་སྐུའི་ཞིང་ཁམས་དང་རྣམ་པ་འདྲ་རུང་དུ་སྣང་སྟེ། ཕྱོགས་བཞི་ཞི་བས་བསྐོར་བའི་དབུས་སྟེང་གི་ཆར་རང་རང་གི་མདུན་ནས་བལྟས་པ་ན་ཁོ་བོའི་ཞིང་ཡོད་པ་ནི་སྟོན་པ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་གི་བྱིན་རླབས་ལས་རང་ཤར་བའོ། །དེ་དག་ལས་རང་གི་རིགས་དང་སྨོན་ལམ་དང་མཐུན་པའི་ཞིང་གང་དུ་སྐྱེས་པ་དེར་རྒྱུད་སྨིན་ནས་མདུན་གྱི་ནམ་མཁའ་མི་མཇེད་བརྩེགས་པ་ལ་ཁྲོ་བོའི་ཞིང་མཐོང་དུས་དེའི་བྱིན་རླབས་ཀྱིས་ཤེས་བྱའི་སྒྲིབ་པ་མཐའ་དག་སྦྱངས་ཏེ་ཀ་དག་གི་ས་ལ་མངོན་པར་བྱང་ཆུབ་པ་ཡིན་ནོ། །གཉིས་པ་ནི། འབྲིང་རྣམས་ཐིམ་པ་བཞི་ལྡན་ཆོས་ཉིད་ལ། །ཤར་ལུགས་བརྒྱད་དང་རྗེས་དྲན་མངོན་པར་ཤེས། །གཟུངས་དང་ཏིང་འཛིན་འབྱུང་ཚེ་དབང་པོའི་རིམ། །ཉི་ཤུ་དང་མཐུན་ཐིམ་ལུགས་བརྒྱད་ཀྱིས་གྲོལ། །དབང་པོ་དང་བརྩོན་འགྲུས་འབྲིང་དུ་གྱུར་པ་ཚེ་འདིར་གདོད་མའི་གྲོལ་སར་མ་སྙོགས་པ་རྣམས་ནི་ཐིམ་པ་བཞི་དང་ལྡན་པའི་ཆོས་ཉིད་ཀྱི་བར་དོ་ལ། ཤར་ལུགས་བརྒྱད་དང་རྗེས་དྲན་དྲུག་མངོན་ཤེས་གཟུངས་དང་ཏིང་ངེ་འཛིན་རྣམས་འབྱུང་བ་དེའི་ཚེ། ཚུལ་གསུམ་གྱི་གདམས་ངག་རྗེས་སུ་དྲན་པས་དབང་པོ་ཉི་ཤུ་རྩ་གཅིག་ལས་དབང་རིམ་ཉི་ཤུའི་བྱེ་བྲག་དང་མཐུན་པར་བསམ་གཏན་གྱི་ཞག་གྲངས་སུ་བཅད་པ་ལ་ཐིམ་ལུགས་བརྒྱད་ཀྱིས་གྲོལ་ཞིང་མཐར་ཕྱིན་པར་འགྱུར་རོ། །དེ་ལ་ཐིམ་པ་བཞི་ནི། ཐོག་མར་ནམ་མཁའ་འོད་གསལ་ལ་ཐིམ་པས་ཆོས་ཉིད་འོད་གསལ་གྱི་སྣང་བ་འཆར་ཞིང་ཡེ་ཤེས་ལྔའི་འོད་དུ་འབར། འོད་


LT09,P222B
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཟུང་འཇུག་ལ་ཐིམ་པས། རིག་པ་འོད་དང་འོད་རིག་པ་ལ་འཇུག་ཟུང་འཇུག་ཡེ་ཤེས་ལ་ཐིམ་པས། ཕུང་པོ་བདག་འཛིན། འབྱུང་བ་གདོས་བཅས། ཉོན་མོངས་ཕྲ་རགས་ལས་གྲོལ་ཞིང་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་འཆར། ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པས་ཡེ་ཤེས་ཀྱི་སྣང་བ་རྣམས་རང་ངོ་ལ་འདུས་ཏེ་འཁོར་འདས་ཀྱི་སྣང་བ་ཐམས་ཅད་ཤར་ལུགས་བརྒྱད་དུ་འཆར་བ་སྟེ། ཉི་ཟླ་ཁ་སྦྱོར་ལས། དེ་ནས་རང་གི་ཤེས་པ་སྟེང་གི་འོད་ལ་ཐིམ་པས་ཤར་ལུགས་བརྒྱད་ཉམས་སུ་མྱོང་བའོ། །དེའི་ཚེ་འོག་གི་ལོངས་སྐུ་ཁྲོ་བོའི་སྣང་བ་རྣམས་ཀྱང་མཐོང་བར་འགྱུར་རོ། །ཤར་ལུགས་བརྒྱད་གང་ཞེ་ན། ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད། འོད་ལྟར་ཤར་བས་སྣང་བ་ཐམས་ཅད་ནང་ན་གསལ། སྐུ་ལྟར་ཤར་བས་ཤེས་བྱའི་ཁ་ཕྱིར་མ་ཤོར། ཡེ་ཤེས་ལྟར་ཤར་བས་སྣང་བ་ཐམས་ཅད་ཟང་ཐལ། གཉིས་མེད་ལྟར་ཤར་བས་རང་གི་ཤེས་པ་རྩེ་གཅིག་ཏུ་གནས། མཐའ་གྲོལ་ལྟར་ཤར་བས་མཐའ་གང་ལའང་མི་གནས། མ་དག་པ་འཁོར་བའི་སྒོ་ལྟར་ཤར་བས་སྲིད་པའི་བྱུང་ཁུངས་མ་འགག་དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཆོས་ཉིད་དུ་འབྲེལ་བའོ། །དེའི་ཚེ་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ། །ཞེས་སོ། །སྣང་བ་འདིའི་ཚེ་ཡོན་ཏན་གྱི་རྣམ་གྲངས་བཅུ་བཞི་འབྱུང་བའི་རྗེས་དྲན་དྲུག་ནི། སྔ་མ་ལས། །དེའི་ཚེ་རྗེས་སུ་དྲན་པ་དྲུག་ཀྱང་འཆར་ཏེ་ལྷ་རྗེས་སུ་དྲན་པས་དེ་ཉིད་དུ་ཡི་དམ་ལྷའི་ཞལ་མཐོང་བ་དང༌། ལམ་རྣམས་རྗེས་སུ་དྲན་པས་བར་མ་དོའི་ཆོས་ཉིད་ལ་དབང་སྒྱུར་བ་དང༌། སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པ་དང༌། བསམ་གཏན་རྣམས་རྗེས་སུ་དྲན་པས་ཞག་ལྔར་བསམ་གཏན་ལ་གནས་པ་དང༌། བླ་མའི་


LT09,P223A
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་རྗེས་སུ་དྲན་པས་རང་གི་སྣང་བ་རྣམས་དང་གཉིས་སུ་མེད་པར་སྤྱོད་པ་དང༌། ལྟ་བ་རྗེས་སུ་དྲན་པས་སྔར་འདྲིས་པའི་མི་ཕྱིས་ཕྲད་པ་ཙམ་གྱིས་ངོ་ཤེས་པ་ལྟ་བུའོ། །ཞེས་སོ། །མངོན་ཤེས་དྲུག་ནི། རྒྱུད་དེ་ཉིད་ལས། དེ་ལྟར་ཤར་བའི་ཚེ་རིགས་ཀྱི་བུ་དེ་ལ་མངོན་པར་ཤེས་པ་དྲུག་འཆར་ཏེ། ཞེས་གསུངས་པས། དབང་པོ་དང་སེམས་ལས་སུ་རུང་བ་དང༌། ཤེས་རབ་ལ་དབང་བ་དང༌། ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པ་དང༌། ཆོས་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བ་དང༌། སངས་རྒྱས་ཀྱི་མཁྱེན་པ་ཕྱིན་ཅི་མ་ལོག་པར་མཐོང་བའི་མངོན་པར་ཤེས་པ་དྲུག་ཕྲག་དྲུག་རྣམས་འཆར་རོ། །འདི་དག་གི་རིམ་པ་རྒྱས་པར་དབྱེ་ན་རྣམ་གྲངས་བརྒྱ་དང་སུམ་ཅུ་རྩ་བཞི་ཡོད་པར་གསུངས་སོ། །མི་བརྗེད་པའི་གཟུངས་ནི། དེ་ཉིད་ལས། དེའི་ཚེ་མི་བརྗེད་པའི་གཟུངས་རྣམས་ཀྱང་རང་གི་རྒྱུད་ལ་སྐྱེ་བ་སྟེ། སྔོན་གྱི་ཆོས་ཐམས་ཅད་རྒྱུད་ལ་དུས་གཅིག་ལ་འཆར་རོ། །དེ་བཞིན་དུ་སྔར་མ་མཐོང་བའི་ཆོས་རྣམས་ཀྱང་འཆར་བས་ན་ཆོས་ཉིད་ཀྱི་བར་དོ་ཞེས་བྱའོ། །ཞེས་སོ། །རྒྱུན་གྱི་ཏིང་ངེ་འཛིན་ཡང༌། རྒྱུད་དེ་ཉིད་ལས། རྒྱུན་གྱི་ཏིང་ངེ་འཛིན་རྒྱུད་ལ་རང་བཞིན་གྱིས་ཤར་བས་རྣམ་པར་རྟོག་པ་ངན་པ་གཏན་མི་སྐྱེའོ། །ཞེས་པ་ལྟར་རོ། །གྲོལ་བ་གནད་ཀྱི་མན་ངག་གསུམ་ནི། ཆོས་ཉིད་ཀྱི་སྣང་བ་རང་སྣང་དུ་ཤེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་པ་དང༌། རྗེས་ཐོག་དེར་དར་གཅིག་རང་བཞིན་གྱི་བསམ་གཏན་ལས་མི་གཡོ་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་དང༌། གནས་ཐོག་གི་རང་ས་ཀ་དག་ལ་གྲོལ་ནས་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདལ་ལྟ་བུའི་མན་ངག་དྲན་པ་ལས། དབང་པོ་རབ་ཀྱི་མཐར་ཕྱིན་སྐད་ཅིག་གསུམ་དང༌། རབ་ཀྱི་རྩེ་མོ་བསམ་གཏན་གྱི་ཞག་གཅིག་ནས།


LT09,P223B
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མའི་འབྲིང་ཞག་བཅུ་དགུ་ལ་གྲོལ་ཞིང་སྤྲུལ་པ་འགྱེད་པའི་མཐར་ལྷུན་གྲུབ་ཀྱི་སྣང་བ་རྣམས་ཤེལ་འོད་ནང་དུ་བསྡུས་པ་ལྟར་ཀ་དག་གི་ནང་དབྱིངས་སུ་ཐིམ་པའི་ཚུལ་བརྒྱད་ནི། རང་ཤར་ལས། ཀྱེ་གྲོགས་པོ་དག་ལྷུན་གྲུབ་ཀྱི་སྣང་བ་ལ་རང་གི་དེ་ཉིད་སྟོབས་སུ་གྱུར་ནས་བདེན་པ་མཐོང་བའི་ཚེ། ཐིམ་ལུགས་བརྒྱད་ངོ་ཤེས་པར་བྱའོ། །དེའང་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་ནི་དཔེར་ན་ཉི་མ་ནུབ་པའི་ཟེར་ལྟ་བུའོ། །ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་མ་པང་དུ་བུ་འཇུག་པ་ལྟ་བུའོ། །འོད་འོད་ལ་ཐིམ་པ་ནི་དཔེར་ན་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟ་བུའོ། །སྐུ་སྐུ་ལ་ཐིམ་པ་ནི་དཔེར་ན་བུམ་པའི་སྐུ་ལྟ་བུའོ། །གཉིས་མེད་གཉིས་མེད་ལ་ཐིམ་པ་ནི་དཔེར་ན་ཆུ་བོ་ཆུ་བོ་ལ་ཐིམ་པ་ལྟ་བུའོ། །མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པ་ནི་དཔེར་ན་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟ་བུའོ། །དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཀ་དག་ལ་ཐིམ་པ་ནི་དཔེར་ན་སེང་གེས་གངས་ཟིན་པ་ལྟ་བུའོ། །མ་དག་པའི་སྒོ་དག་པ་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་སྦྲའི་ཆོན་ཐག་བརྟུལ་བ་ལྟ་བུའོ། །ཞེས་སོ། །གསུམ་པ་ནི། རབ་རྣམས་མཁའ་འགྲོ་རིག་འཛིན་མེ་ཕུང་དང༌། །ནམ་མཁའ་ལྟ་བུ་གདོད་མའི་ཟད་སར་དེངས། །ཀུན་ཀྱང་རིན་ཆེན་གསང་བའི་སྦུབས་སུ་གཅིག་རྣལ་འབྱོར་པ་དབང་པོ་སྐལ་པ་བརྩོན་འགྲུས་རབ་ཀྱི་མཐར་ཕྱིན་པ་རྣམས་ཚེ་འདི་ཉིད་ལ་གདོད་མའི་གྲོལ་གཞིར་ཕྱིན་པའི་ལྟས་སུ་ལུས་ཀྱི་རྡུལ་ཕྲན་དྭངས་པས་ཕུང་པོ་མེད་པར་དེངས་པ་ནི་མཁའ་འགྲོ་མ་འཆི་བའི་དུས་སུ་རོ་སུས་ཀྱང་མི་མཐོང་བ་དང་འདྲ་སྟེ། བར་དོ་མེད་པར་སངས་རྒྱས་པའི་རྟགས་སོ། །རྣལ་འབྱོར་པ་མཆོག་ཅིག་གཞན་བསྟན་པ་ལ་གཞུག་པའི་དོན་དུ་སྐྱེ་བོ་ཀུན་གྱིས་མཐོང་བར་ནམ་མཁའ་འོད་ཕུང་གི་དཀྱིལ་ན་སྒྲ་དང་འོད་དུ་བཅས་ཏེ་ཡལ་བ་ནི། རིག་འཛིན་


LT09,P224A
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ས་གོང་ནས་གོང་དུ་འཕར་བའི་ཚེ་ཕུང་པོ་དང་བཅས་ཏེ་ནམ་མཁའ་ལ་སྒྲ་དང་འོད་དུ་བཅས་ནས་ཀུན་གྱི་མཐོང་བར་འགྲོ་བ་ལྟ་བུ་སྟེ། གླིང་བསམ་གྱིས་མི་ཁྱབ་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་པས་དོན་བྱེད་པའི་རྟགས་སོ། །རྣལ་འབྱོར་པ་ཉམས་ལེན་མཐར་ཕྱིན་པའི་དུས་འཆི་ལུགས་ནི། དཔེར་ན་རྒྱུ་བུད་ཤིང་ཟད་པས་མེ་ཕུང་ཆེན་པོར་ཡོད་པ་རྣམས་ཀྱང་རང་ཟད་ནས་འཆི་བ་ལྟར། རྒྱུ་འབྱུང་བ་ཟད་པས་རྐྱེན་ཕུང་པོའི་དངོས་པོ་མེད་པར་སོང་བ་ནི་ཉོན་མོངས་པ་རང་སར་གྲོལ་བའི་རྟགས་ཡིན་ནོ། །རྣལ་འབྱོར་པ་ཀ་དག་གི་སར་རྡུལ་ཕྲན་ལུས་ཀྱི་བུམ་པ་ཆག་དུས་སྔ་ཕྱི་མེད་པར་གཅིག་ཏུ་འདྲེས་པ་ནི། ནམ་མཁའ་ལྟ་བུའི་འཆི་ལུགས་ཏེ། ལུས་སྣང་གི་བར་ལ་རྫས་གུད་དུ་བཅད་པའི་ནམ་མཁའ་དང་འདྲ་སྟེ། རྟོགས་པ་ཀ་དག་ལུས་ནང་སྙིང་གི་འོད་གསལ་ལ་གནས་ལ། རྫ་བཅག་པས་ཕྱིའི་ནམ་མཁའ་དང་རྫའི་ནམ་མཁའ་འདྲེས་ཏེ་གང་ཡིན་མི་ཤེས་པ་ལྟར། ལུས་ཀྱི་རྡུལ་ཕྲན་དེངས་པའི་ཕུང་པོ་འདི་ཡིན་དང་དེའི་ནང་གི་རིག་པ་འདི་ཡིན་མི་ཤེས་པར་སངས་རྒྱས་པའོ། །འདི་ནི་ཀ་དག་གི་ས་ལ་ཟང་ཐལ་དུ་གྲོལ་བའི་རྟགས་སོ། །དེའང་སྔ་ཕྱི་གཉིས་ཁྲེགས་ཆོད། བར་མ་གཉིས་ཐོད་རྒལ་གྱི་གསང་ལམ་མཐར་ཕྱིན་པ་སྟེ། ཁྲེགས་ཆོད་ཀྱིས་ལུས་རྡུལ་ཕྲན་དུ་དེངས། སེམས་ཆོས་ཉིད་དུ་དེངས་ནས་ཀ་དག་གི་སར་གྲོལ། ཐོད་རྒལ་གྱིས་རྡུལ་ཕྲན་དུ་དེངས་ན་འོད་དུ་གསལ་བས་སྐྱེ་བ་དང་འཇུག་པ་ལ་དབང་ཞིང་སླར་འཕོ་བ་ཆེན་པོའི་སྐུར་བཞེངས་པས་འགྲོ་དོན་མཛད་པའི་ཁྱད་པར་ཡོད་དོ། །དེ་ལྟ་བུ་ནི་ལྟ་སྒོམ་ལས་འདས་པས་ཆོས་ཀྱིས་ཕན་གནོད་མེད་ཅིང༌། རང་སྣང་ཀ་དག་དང་ལྷུན་གྲུབ་ཏུ་ཤར་བས་གྲོལ་ས་རང་ཆས་སུ་


LT09,P224B
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཏེ་ལྷུན་གྲུབ་ཀ་དག་གི་ཀློང་དུ་ཐིམ་ནས་གྲོལ་བའི་ཕྱིར་རོ། །དེ་ལྟར་ལམ་སྦྱོང་ཚུལ་གྱི་རིམ་པས་དབང་པོ་ཐ་དད་ཀྱང་འབྲས་བུ་དག་པ་གཉིས་ལྡན་གྱི་ཆོས་སྐུ་རིན་པོ་ཆེ་གསང་བའི་སྦུབས་སུ་ངོ་བོ་གཅིག་པ་སྟེ། སྣོད་ཐ་དད་པའི་ནམ་མཁའ་དབྱིངས་གཅིག་ཏུ་འདུ་བའམ་ཆུ་བོ་ཐ་དད་པ་རྒྱ་མཚོ་ཆེན་པོ་གཅིག་ཏུ་རོ་གཅིག་པ་བཞིན་ནོ། །རྩ་བའི་གཉིས་པ་མཐར་ཐུག་གི་གྲོལ་ས་ཆེན་པོའི་རང་བཞིན་གཏན་ལ་དབབ་པ་ལ་གསུམ། མངོན་པར་བྱང་ཆུབ་པ་རྒྱ་མཚོའི་གནས། རིག་པ་ཡེ་ཤེས་ཀྱི་རང་བཞིན། དེ་དག་གི་དོན་གྱི་སྙིང་པོ་གསལ་བའོ། །དང་པོ་ལ་བཅུ། ངོ་བོ། ངེས་ཚིག་མཚན་ཉིད། རང་བཞིན། བཞུགས་ཚུལ། ཞིང་ཁམས། གདུལ་བྱ། བྱེད་ལས། གདིང་ཚད། རབ་ཏུ་དབྱེ་བའོ། །དང་པོ་ནི། སྐུ་ཡེ་འབྲལ་མེད་བྱང་ཆུབ་སྐུ་གསུམ་གྱི། །ངོ་བོ་ཀ་དག་ལྷུན་གྲུབ་གང་འདུལ་འབྱུང༌། །གང་དུ་རིག་པ་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་དུས་རང་བཞིན་རྣམ་དག་གི་ཆོས་སྐུ་མངོན་དུ་གྱུར་ཏེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབྱིངས་སུ་མངོན་པར་བྱང་ཆུབ་ནས་ཕྱོགས་མཐས་གཏུགས་པའི་འཇིག་རྟེན་དུ་སྒྲོན་མ་རྣམ་པར་བཀོད་དེ་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་ཕྲིན་ལས་དང་བཅས་པས་དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་པ་ནི་འདིའི་མཐར་ཐུག་གི་འབྲས་བུ་སྟེ། དེ་ལ་སྐུ་གསུམ་གྱི་ངོ་བོ་ནི། སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀྱི་ལུས་སམ་རྟེན་གཞིར་གྱུར་པ་སྟེ། ཆོས་སྐུའི་ངོ་བོ་བསམ་བརྗོད་དང་བྲལ་བས་ཀ་དག་ཆེན་པོ། ལོངས་སྐུའི་ངོ་བོ་རང་གསལ་རྟོག་མཐའ་དང་བྲལ་བས་ལྷུན་གྲུབ་ཆེན་པོ། སྤྲུལ་སྐུའི་ངོ་བོ་ཐུགས་རྗེ་འཆར་གཞིའི་ཆ་ལས་གང་ལ་གང་འདུལ་དུ་འབྱུང་བའོ། །གཉིས་པ་ནི། ངེས་ཚིག་སྟོང་གསལ་གསལ་རྫོགས་མཐུན་པར་སྣང༌། །སྒྲ་དོན་ངེས་


LT09,P225A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚིག་ནི། ཆོས་ནི་སྟོང་གསལ་དག་པ་གཉིས་ལྡན་མཚན་མ་ལས་འདས་པ། སྐུ་ནི་འཕོ་འགྱུར་མེད་པ། ལོངས་སྤྱོད་ནི་མཚན་དཔེ་ཡིན་ལ་རྫོགས་པ་ནི་ཚང་བ་སྟེ། སྐུ་ནི་སྣང་ལ་རང་བཞིན་མེད་པ། སྤྲུལ་པ་ནི་གང་འདུལ་གྱི་རྣམ་པར་འཕྲུལ་པ་སྣ་ཚོགས་སུ་སྣང་ལ་དེ་མཐུན་གྱི་སྐུས་དོན་མཛད་པའོ། །གསུམ་པ་ནི། མཚན་ཉིད་བསམ་བྲལ་རྟོག་མེད་སྣ་ཚོགས་སྟོན། །མཚན་ཉིད་ལའང་སྤྱིའི་མཚན་ཉིད། མཐར་ཐུག་གི་དག་པ་གཉིས་ལྡན་གང་ཞིག་རྟེན་གཞི་སངས་རྒྱས་ཀྱི་ལུས་སུ་གནས་པ། བྱེ་བྲག་གི་མཚན་ཉིད་ནི། སེང་གེ་རྩལ་རྫོགས་ལས། ཆོས་སྐུའི་མཚན་ཉིད་བསམ་པ་བྲལ། །ལོངས་སྐུའི་མཚན་ཉིད་གསལ་རྟོག་མེད། །སྤྲུལ་སྐུའི་མཚན་ཉིད་སྣ་ཚོགས་སྟོན། །ཅེས་པ་ལྟར་རོ། །བཞི་པ་ནི། རང་བཞིན་སྟོང་གསལ་འགག་མེད་མངོན་པར་སྣང༌། །སྐུ་གསུམ་གྱི་རང་བཞིན་ནི། རིམ་པ་བཞིན་དུ། སྤྲོས་པ་ཀུན་དང་བྲལ་བའི་ཀ་དག་སྟོང་ཉིད། དབྱིངས་སྣང་ངང་གིས་རྫོགས་པའི་ལྷུན་གྲུབ་རང་གསལ། མཁྱེན་རིག་མ་འགགས་མངོན་པར་སྣང་བ་རྣམས་སོ། །ལྔ་པ་ནི། བཞུགས་ཚུལ་ནམ་མཁའ་འཇའ་ཚོན་སྒྱུ་མ་ལྟར། །བཞུགས་ཚུལ་གསུམ་ནི། ཆོས་སྐུ་མཚན་མ་ལས་གྲོལ་བར་བཞུགས་ཏེ་དཔེ་ནམ་མཁའ་ལྟ་བུ། ལོངས་སྐུ་གདོས་པ་ལས་གྲོལ་བར་བཞུགས་ཏེ་དཔེ་འཇའ་ཚོན་ལྟ་བུ། སྤྲུལ་སྐུ་ངེས་མེད་སྣ་ཚོགས་སུ་བཞུགས་ཏེ་དཔེ་སྒྱུ་མའི་རྩེད་མོ་ལྟ་བུའོ། །དྲུག་པ་ནི། ཞིང་ཁམས་ཀ་དག་ཡེ་ཤེས་སྣོད་བཅུད་སྣང༌། །ཞིང་ཁམས་ལ་གསུམ་ལས་ཆོས་སྐུའི་ཞིང་ཁམས་ཀ་དག་བསམ་ངོ་ལས་འདས་པ། ལོངས་སྐུའི་ཞིང་ཁམས་སྐུ་ལྔ་ཡེ་ཤེས་སུ་གསལ་བ། སྤྲུལ་སྐུའི་ཞིང་ཁམས་གདུལ་བྱ་སྣ་ཚོགས་པའི་སྣོད་དང་བཅུད་དུ་སྣང་བ་ནམ་མཁའི་མཐའ་ཀླས་པ་


LT09,P225B
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོ། །བདུན་པ་ནི། གདུལ་བྱ་རྣམ་དག་རང་སྣང་འགྲོ་བ་དྲུག །ཀུན་ཀྱང་ཕུན་སུམ་ཚོགས་པ་ལྔ་ལྔ་ལྡན། །གདུལ་བྱ་ནི། རང་ངོ་རྣམ་པར་དག་པ་ནི་ཆོས་སྐུའི་གདུལ་བྱ་རིག་པ་གཡོ་རྩོལ་ལས་འདས་པའོ། །ལོངས་སྐུའི་གདུལ་བྱ་རང་སྣང་གཙོ་འཁོར་གྱི་ཚོམ་བུའོ། །སྤྲུལ་སྐུའི་གདུལ་བྱ་འགྲོ་དྲུག་རང་གནས་སོ། །དེ་དག་ཀྱང་ཕུན་སུམ་ཚོགས་པ་ལྔ་ལྔའི་རང་བཞིན་དང་བཅས་པ་སྟེ། རིན་པོ་ཆེ་སྤུངས་པ་ལས། འཛིན་པ་རང་དག་ཆོས་སྐུ་ཡིས། །སྤྲོས་མེད་རང་དག་གཞལ་ཡས་སུ། །ཉིད་དང་དབྱེར་མེད་ནང་འཁོར་ལ། །མཚན་མ་མེད་པའི་གསུང་གིས་ནི། །སྤྲོས་པ་མེད་པའི་ཆོས་རྣམས་ནི། །མི་གནས་རང་ཟད་ཐུགས་ལས་ཕྱུང༌། །མ་གསུངས་གསུངས་པ་མེད་པར་ནི། །མཉམ་པ་ཆེན་པོའི་ངང་དུ་བསྟན། །རང་གསལ་དག་པའི་ལོངས་སྐུ་ཡིས། །འོད་ལྔ་རྣམ་དག་གཞལ་ཡས་ན། །སྤྲོས་མེད་བདེ་ཆེན་གསུང་གིས་ནི། །སྐུ་ལྔའི་རིགས་ཀྱི་འཁོར་རྣམས་ལ། །དངོས་མེད་དག་པའི་ཆོས་རྣམས་ནི། །ཡེ་ཤེས་ལྔ་ལྡན་ཐུགས་ནས་ཕྱུང༌། །རྣམ་དག་འོད་ཟེར་ལྗགས་ལ་བཀྲམ། །རང་བྱུང་ཡི་གེ་དྲུག་ཏུ་ཡང༌། །མ་གསུངས་རང་བྱུང་ཆེན་པོར་བསྟན། །སྤྲུལ་སྐུ་མངོན་ཞེན་མེད་པ་ཡིས། །ཆོས་འབྱུང་གདུལ་བྱའི་རང་གནས་ན། །རིགས་དྲུག་ལས་སད་སྐལ་ལྡན་ལ། །སྤྲོས་བཅས་ཚིག་གི་གསུང་གིས་ནི། །དབང་པོར་གང་མོས་ཆོས་རྣམས་ཀུན། །དྲན་པ་རང་གསལ་ཐུགས་ནས་ནི། །དབང་པོ་གདོང་མེད་ལྗགས་ལ་བཀྲམ། །ཐེག་པ་གྲངས་ཀྱི་ཆོས་སུ་བསྟན། །ཞེས་སོ། །བརྒྱད་པ་ནི། བྱེད་ལས་མི་གཡོ་ལྷུན་གྲུབ་ཆུ་ཟླ་བཞིན། །བྱེད་ལས་སམ་མཛད་པའི་ཕྲིན་ལས་ནི། རང་དོན་ཆོས་སྐུར་རྫོགས་པས་དབྱིངས་ལས་མི་གཡོ་བར་བཞུགས་པའི་ངང་ནས་གཞན་དོན་གཟུགས་སྐུར་བཞེངས་ཏེ་


LT09,P226A
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་ཁ་ལོ་གྱེན་ལ་སྒྱུར་བས་འཁོར་བ་ཇི་སྲིད་བར་དོན་གཉིས་ལྷུན་གྲུབ་ཏུ་བྱེད་པ་སྟེ། ཆོ་འཕྲུལ་ཆུ་ཟླ་ལྟ་བུར་ཞིང་ཁམས་རྒྱ་མཚོར་ངང་གིས་སྣང་བའོ། །དགུ་བ་ནི། གདིང་ཚད་སྤྲོས་བྲལ་རང་གསལ་དོན་གཉིས་གྲུབ། གདིང་ཚད་ནི་སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་ནས་སངས་རྒྱས་ཀྱི་སྐུ་གསུམ་དུ་ལོངས་པ་སྟེ། དགོས་འདོད་འབྱུང་ན་ཡིད་བཞིན་གྱི་ནོར་བུའི་གདིང་ཚད་དུ་ལོངས་པ་བཞིན་ནོ། །དེའང་མི་གཡོ་སྤྲོས་པ་དང་བྲལ་བ་ཆོས་སྐུའི་གདིང་ཚད། རང་གསལ་མཚན་དཔེ་རྫོགས་པ་ལོངས་སྐུའི་གདིང་ཚད། དོན་གཉིས་ལྷུན་གྲུབ་ཏུ་བྱེད་པ་སྤྲུལ་སྐུའི་གདིང་ཚད་དེ། རྣམ་པར་མི་རྟོག་ལ་དོན་ཀུན་རྫོགས་པ་ནི་འཕོ་འགྱུར་མེད་པ་ཆོས་སྐུའི་དབྱིངས་ན་རྟག་པར་ལྷུན་གྱིས་གྲུབ་པར་བཞུགས་པའོ། །བཅུ་པ་ལ་གཉིས། སྐུ་གསུམ་གྱི་གནས་སྤྱི་དང་། རྣམ་པར་འཕྲུལ་པའི་རང་བཞིན་བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ནི། དབྱེ་བ་སྐུ་གསུམ་མི་ཟད་རྒྱན་འཁོར་ལྔས། །ཆོས་ཀྱི་རྣམ་གྲངས་བཅོ་ལྔ་སྤྱིར་ངེས་སོ། །དབྱེ་བ་ནི། སྐུ་གསུམ་རེ་རེ་ཞིང་མི་ཟད་པ་རྒྱན་གྱི་འཁོར་ལོ་ལྔ་ལྔས་དབྱེ་བས་ཆོས་ཀྱི་རྣམ་གྲངས་བཅོ་ལྔར་སྤྱིར་ངེས་པ་སྟེ། ཐལ་འགྱུར་རྩ་བའི་རྒྱུད་ལས། ཆོས་ཀྱི་སྐུ་ནི་སྐུ་དང་གསུང་། །ཐུགས་དང་ཡོན་ཏན་ཕྲིན་ལས་སོ། །སྐུ་ནི་སྟོང་དང་གསལ་བ་དང་། །མཚན་མ་མེད་པའི་རང་བཞིན་ནོ། །གསུང་ནི་སྒྲ་ཚིག་མིང་བྲལ་ནས། །བརྗོད་ཅིང་གླེང་བ་ཉིད་བྲལ་ལོ། །ཐུགས་ནི་བསམ་དང་འགྱུ་མེད་པས། །འཕྲོ་ཞིང་དཔྱོད་པ་རྣམས་ལས་འདས། །ཡོན་ཏན་ཕྱིར་འོང་ལྡོག་པ་མིན། །དབྱིངས་དང་ཡེ་ཤེས་ཁྱབ་པ་དང་། །རང་བཞིན་བཅོས་པ་མེད་པའོ། །ཕྲིན་ལས་མ་བྱུང་མ་སྐྱེས་པ། །ཤུགས་འབྱུང་བ་དང་འགགས་པ་མེད། །མ་བྱས་བྱས་པ་མེད་


LT09,P226B
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ལོངས་སྐུ་ལ་ཡང་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་ལྔ་ཡིན་ནོ། །སྐུ་ནི་སྣང་ལ་རང་བཞིན་མེད། །གསལ་དང་གསལ་བྱེད་རིག་པས་ཁྱབ། །གསུང་ནི་རང་བྱུང་རང་སྣང་ངང་། །སྤྲོ་བསྡུ་རྣམ་པའི་འཁོར་ལོའོ། །ཐུགས་ནི་རྒྱུན་ཆད་མེད་གཟིགས་དང་། །མཁྱེན་པའི་རྩལ་དང་དགོངས་པའོ། །ཡོན་ཏན་མཚན་དཔེ་རྫོགས་པ་ལ། །དགོངས་གསལ་མངོན་ཤེས་རྫོགས་པའོ། །ཕྲིན་ལས་ཆོས་ཀྱི་འཁོར་ལོ་ལས། །ཕྱི་ནང་གསང་བ་རྣམས་འཕྲོས་ཏེ། །སོ་སོའི་རིགས་ཀྱི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །རང་བྱུང་ལྗགས་ལས་རྣམ་སྤྲོས་ཏེ། །འཁོར་ལ་རང་གི་ངོ་བོས་སྟོན། །སྤྲུལ་པའི་སྐུ་ཡང་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་ལྔ་ཡིན་ནོ། །སྐུ་ནི་མཚན་དང་དཔེ་བྱད་ལ། །གདུལ་བྱ་གང་འདུལ་ལུས་སྤྲུལ་པ། །གསུང་ནི་ཚིག་སྦྱོར་ལེགས་པ་ལ། །ཚངས་པའི་དབྱངས་ནི་ཡན་ལག་དྲུག །ཐུགས་ནི་ཤེས་བྱའི་ཡེ་ཤེས་ཀྱིས། །རང་བཞན་དོན་གཉིས་དགོངས་པར་གནས། །ཡོན་ཏན་མཁྱེན་པ་རྫོགས་པ་དང་། །ཕྲིན་ལས་ཕྱི་ནང་གསང་བ་ཡི། །མཛད་པ་མ་ལུས་རྫོགས་པ་དང་། །ཕུན་སུམ་ཚོགས་པ་ལྔར་གནས་སོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། བྱེ་བྲག་རྣམ་འཕྲུལ་རང་བཞིན་ཆོས་སྐུ་ཡི། །ཆོས་ལོངས་སྤྲུལ་སོག་དགུ་ཕྲུགས་རེ་རེ་ལ། །ཞིང་གནས་ཏིང་འཛིན་འཁོར་དང་བསྟན་པ་དུས། །བྱེ་བྲག་རྣམ་པར་འཕྲུལ་པའི་རང་བཞིན་གྱི་དབྱེ་བ་ནི། ཆོས་སྐུའི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སོགས་དགུ་ཕྲུགས་སུ་དབྱེ། དེ་རེ་རེ་ལའང་ཞིང་དང་གནས་དང་ཏིང་ངེ་འཛིན་ནམ་མཚན་ཉིད་འཁོར་དང་བསྟན་པ་དང་དུས་དྲུག་རེར་དབྱེ་བ་སྟེ། དེའང་རེ་རེ་ནས་སྨོས་ན་དང་པོ་ཆོས་སྐུའི་ཆོས་སྐུ་ཞིང་ཁམས་བསམ་གྱིས་མི་ཁྱབ་པ། གནས་


LT09,P227A
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ངོ་ལས་འདས་པའི་ཆོས་ཉིད། ཏིང་ངེ་འཛིན་མི་གཡོ་བ་ཆེན་པོ། འཁོར་སྣ་ཚོགས་རང་བཞིན་མི་གཉིས་པ། སྟོན་པ་བརྗོད་དུ་མེད་པའི་ཆོས་ཉིད། དུས་གང་དུའང་འགྱུར་བ་མེད་པའི་ཆོས་ཉིད་དོ། །ཆོས་སྐུའི་ལོངས་སྐུ་ཞིང་ཁམས་རྡུལ་དང་བྲལ་ཞིང་དྲི་མ་མེད་པ། གནས་དྲན་པ་ཡིད་ཀྱི་རྟོག་པ་ཆོད་པ། ཏིང་ངེ་འཛིན་སེམས་དང་སེམས་བྱུང་དབྱིངས་སུ་དག་པ། འཁོར་སྟོང་པ་རང་སྣང་གི་བྱེད་པ་ཅན། བསྟན་པ་དམིགས་པ་ཡོངས་སུ་དག་པ། དུས་བརྟགས་པ་མ་ཡིན་པའོ། །ཆོས་སྐུའི་སྤྲུལ་སྐུ་ཞིང་ཁམས་སྟོང་ཉིད་རྒྱ་མ་ཆད་པ། གནས་ཐམས་ཅད་ཀྱི་འཆར་གཞིར་གྱུར་པ། ཏིང་ངེ་འཛིན་འགག་མེད་ཆེན་པོར་རང་གསལ་བ། འཁོར་རིས་མེད་ཀྱི་སངས་རྒྱས་དང་ཡེ་ཤེས་རྒྱ་མཚོའི་ཚོགས། བསྟན་པ་རང་བཞིན་མ་བཅོས་པ། དུས་སྙིང་པོ་མངོན་པར་བྱང་ཆུབ་ཏུ་རང་སྣང་བའོ། །གཉིས་པ་ལོངས་སྐུའི་ཆོས་སྐུ་རྣམ་པར་སྣང་མཛད་གང་ཆེན་མཚོ་དེའི་བཞུགས་ཚུལ་ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བ། སྐུ་མདུན་དང་རྒྱབ་མེད་པ། ཞལ་ཕྱོགས་བཅུ་ཀུན་ཏུ་ཐལ་ལེ་བའོ། །དེའི་ཞིང་ཁམས་ཕྱག་གི་མཐིལ་ན་འཇིག་རྟེན་གྱི་ཁམས་ཉི་ཤུ་རྩ་ལྔ་ལ་མངའ་མཛད་པ། གནས་རྣམ་དག་སྟུག་པོ་བཀོད་པ། འཁོར་ཉིད་ལས་མི་གཞན་པ། བསྟན་པ་རང་བྱུང་གི་ཡེ་ཤེས་རང་སྣང་བ།་དུས་རྟོགས་པ་མངོན་དུ་གྱུར་པའོ། །ལོངས་སྐུའི་ལོངས་སྐུ་རིགས་ཀྱི་གཙོ་བོ། དེའི་མཚན་ཉིད་ངོ་བོ་ཐ་དད་པ་ལ་རང་བཞིན་གཅིག་པ། ཞིང་ཁམས་སོ་སོའི་རིགས་ཀྱི་དཀྱིལ་འཁོར་གྲངས་མེད་པ། གནས་འོག་མིན། འཁོར་སོ་སོའི་རིགས་ལྔ། བསྟན་པ་མཁྱེན་པའི་ཡེ་ཤེས་ལྔ་ལ་ལོངས་སྤྱོད་པ། དུས་སྣང་བ་འདུ་བ་མཆེད་པའོ། །ལོངས་སྐུའི་སྤྲུལ་


LT09,P227B
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ནི་རིགས་ལྔའི་སངས་རྒྱས་དང་སོ་སོའི་གཙོ་འཁོར། དེའི་མཚན་ཉིད་སྣང་ལ་རང་བཞིན་མེད་པ་གསལ་ལ་རྟོག་པ་མེད་པ། དེའི་ཞིང་ཁམས་ལྷ་དང་ལྷ་མོ་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་ལ་ལོངས་སྤྱོད། གནས་ལྕང་ལོ་ཅན་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པ། འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ། དུས་རིག་པ་རང་སྣང་གི་དུས་སོ། །གསུམ་པ་སྤྲུལ་སྐུའི་ཆོས་སྐུ་དཔལ་རྡོ་རྗེ་འཆང་ཆེན་པོ། །དེའི་མཚན་ཉིད་སྐྱེ་བ་བཞིའི་ལུས་སུ་བྱུང་ཞིང་མཛད་པ་སུམ་ཅུ་རྩ་དྲུག་མཐར་ཕྱིན་པར་ཞལ་གྱིས་བཞེས་པ། དེའི་ཞིང་ཁམས་སྟོང་གསུམ་བྱེ་བ་ཕྲག་བརྒྱས་བསྐོར་བ་ཚངས་ཆེན་གྱི་ཞིང་ཁམས། དེའི་གནས་མེ་ཏོག་པདྨ་ཁ་སྟོང་དང་ལྡན་པ། འཁོར་སྐྱེ་བ་བཞིས་བསྡུས་པའི་འགྲོ་བ་བསྟན་པ་སྡེ་སྣོད་ཀུན་གྱི་རྩ་བ་སྒྲ་ཐལ་འགྱུར། དུས་ཚེ་ལོ་དཔག་ཏུ་མེད་པ་ཐུབ་པའི་དུས་སོ། །སྤྲུལ་སྐུའི་ལོངས་སྐུ་དཔལ་རྡོ་རྗེ་སེམས་དཔའ། དེའི་ཞིང་ཁམས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ། གནས་གདུལ་བྱའི་ངོ་དང་སྦྱར་བ། འཁོར་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ། བསྟན་པ་ངེས་པ་དོན་གྱི་ཐེག་པ། དུས་ངེས་པ་མེད་པའོ། །སྤྲུལ་སྐུའི་སྤྲུལ་སྐུ་ཤཱཀྱ་ཐུབ་པ། དེའི་མཚན་ཉིད་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ལ་སོགས་པ་མཛད་པ་བཅུ་གཉིས་ལ་ལོངས་སྤྱོད་པའོ། །ཞིང་ཁམས་འཛམ་གླིང་བྱེ་བ་ཕྲག་བརྒྱ་ལ་སོགས་པ་སྟོང་གསུམ་གྱི་སྟོང་ཆེན་པོ་མི་མཇེད་ཀྱི་འཇིག་རྟེན་ཆེན་པོ་གཅིག་ལ་མངའ་མཛད། གནས་བྱ་རྒོད་ཕུང་པོའི་རི་ལ་སོགས་པ། འཁོར་ཐུན་མོང་བ་དགེ་སློང་ཕ་མ་གཉིས། དགེ་བསྙེན་ཕ་མ་གཉིས་ཏེ་རྣམ་པ་བཞི། ཐུན་མོང་མ་ཡིན་པ་བྱང་ཆུབ་སེམས་དཔའ་ཆེན་པོས་ཐོབ་པ་གྲངས་མེད་བརྗོད་


LT09,P228A
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མི་ལང་བ་སྣ་ཚོགས། མ་ངེས་པའི་འཁོར་ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པ་དཔག་ཏུ་མེད་པ། བསྟན་པ་རྒྱུ་འབྲས་ཀྱི་ཐེག་པ་སྣ་ཚོགས། དུས་ངེས་པ་ཆེན་པོ་རྣམ་པར་གཅོད་པ་སྟེ། གདུལ་བྱ་སོ་སོ་ལ་ཕན་པར་མཛད་པའི་དུས་སོ། །གཉིས་པ་རིག་ཡེ་ཤེས་ཀྱི་རང་བཞིན་བཤད་པ་ལ་གསུམ། ངོ་བོ། ངེས་ཚིག །རབ་ཏུ་དབྱེ་བའོ། །དང་པོ་ནི། ཡེ་ཤེས་གདོད་ནས་མཁྱེན་ཆ་སྙིང་པོར་གནས། །ཡེ་ཤེས་ཀྱི་ངོ་བོ་ནི། རིག་པ་ཉི་མ་ལྟ་བུ་གདོད་ནས་མཁྱེན་རིག་གི་་ཆར་གནས་པ་གློ་བུར་གྱི་སྒྲིབ་པའི་སྤྲིན་ཐམས་ཅད་དང་བྲལ་བས་ཤེས་རབ་དྲི་མ་མེད་པའི་དགོངས་པ་ཉིད་སྐུ་རྣམས་ཀྱི་སྙིང་པོར་གནས་པའོ། །གཉིས་པ་ནི། ཡེ་ནས་གསལ་ཞིང་རྟོགས་པས་མངོན་གྱུར་ཤེས། །ངེས་ཚིག་ནི། ཡེ་ནས་མཁྱེན་རིག་ཏུ་གསལ་བའི་ཆ་ལྷུན་གྲུབ་དེ་ཉིད་རྟོགས་པས་མངོན་གྱུར་དུ་ཤེས་པས་སྒྲིབ་པ་ཀུན་ལས་རང་གྲོལ་ཏེ་ཡོན་ཏན་མ་ལུས་པའི་དཀྱིལ་འཁོར་དུ་རྒྱས་པས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་བདེ་ཀློང་དུ་འཁྱིལ་བའོ། །གསུམ་པ་ལ་གསུམ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུའི་ཡེ་ཤེས་སོ། །དང་པོ་ནི། ཆོས་སྐུ་གཞིར་གནས་ཉི་ལྟར་འཆར་གཞི་བྱེད། །ཡེ་ཤེས་གསུམ་ལྡན་གཏིང་གསལ་རང་མལ་གནས། །ཆོས་སྐུ་གཞིར་གནས་ཀྱི་ཡེ་ཤེས་ནི་ཉི་མའི་སྙིང་པོའམ་ཤེལ་གོང་རང་སོར་གནས་པ་ལྟར་སྟོང་གསལ་འཆར་གཞིའི་ཆར་གནས་པས། ལོངས་སྤྲུལ་གཉིས་ཀྱི་ཡེ་ཤེས་ཉི་ཟེར་དང་འདྲ་བའི་འཆར་གཞིར་བྱེད། དེའང་ཡེ་ཤེས་གསུམ་ལྡན་ཏུ་གནས་པ་ཞེས་བྱ་སྟེ། ངོ་བོ་ཀ་དག་གི་ཡེ་ཤེས་སྤྲོས་བརྗོད་ཀྱི་མཐའ་ལས་འདས་པ་ཤེལ་གོང་ཟང་ཐལ་བ་ལྟ་བུ། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་སྣང་ཆའི་ཡོན་ཏན་གྱི་འཆར་གཞི་གཏིང་གསལ་ཕྲ་བ་ཙམ་ལས་དངོས་པོ་རིས་


LT09,P228B
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དུ་མེད་པ། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ངོ་བོའི་རྩལ་ལས་འཆར་གཞིར་མ་འགགས་ལ་ཤེས་རིག་ཡུལ་ལ་དངོས་སུ་མི་སྤྱོད་པའི་ཆ་ཙམ་དུ་གནས་པའོ། །དེའང་ཆོས་སྐུ་ལ་རགས་པར་ཡོད་ན་དངོས་པོ་དང་མཚན་མར་འགྱུར་བས་མཚན་ཉིད་སྤྲོས་བྲལ་ཞི་བར་མི་འཐད་ལ། འཆར་གཞི་གཏིང་གསལ་གྱི་ཆ་ཕྲ་བར་མེད་ན་སྟོང་ཆད་ནམ་མཁའ་བཞིན་ཏུ་འགྱུར་བས་ན། དེ་གཉིས་ཀ་ལས་ལོག་ནས་གཏིང་གསལ་ཕྲ་བའི་ཡེ་ཤེས་འཆར་གཞི་རང་མལ་ན་གནས་པ་ཞེས་བྱའོ། །གཉིས་པ་ནི། ལོངས་སྐུ་མཚན་ཉིད་འཛིན་པས་གཟུགས་བརྙན་སྟོན། །ཡེ་ཤེས་ལྔ་ལས་དབྱེ་བས་ཉི་ཤུ་ལྔ། །ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས་གེ་པ་ལས་འོད་ལྔ་སྣང་བའམ། ཡེ་ཤེས་མེ་ལོང་དང་འདྲ་བས་ཡེ་ཤེས་རྫོགས་པའི་གཟུགས་བརྙན་སྟོན་ཅིང་། མཚན་ཉིད་མ་འདྲེས་གསལ་བར་འཛིན་པ་སྟེ། དེ་ལ་དབྱེ་ན་ཡེ་ཤེས་ལྔ་དང་། རེ་རེ་ལ་ལྔ་རེར་དབྱེ་བས་ཉི་ཤུ་རྩ་ལྔར་འགྱུར་རོ། །དེ་དག་ཀྱང་གྲོལ་གཞི་དབྱིངས་ཀ་ནས་དག་པའི་སྟོང་པ་དང་། རང་གསལ་ཡེ་ཤེས་ཀྱི་རང་འོད་ཀྱི་གཞི་དང་། ཤེས་རིག་གི་དབྱིངས་གསུམ་དབྱེར་མེད་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེ་ལ་དབྱེ་ན། རང་ཤར་ལས། དབྱིངས་ཀྱི་ཡེ་ཤེས་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གཉིས། དབྱིངས་རྣམ་པར་དག་པའི་ཡེ་ཤེས་དང་དབྱིངས་ཆེན་པོའི་ཡེ་ཤེས་གཉིས། དབྱིངས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་དང་ལྔའོ། །ཞེས་སོ། །རིག་པ་སྟོང་གསལ་ལ་འཆར་ཚུལ་གོམ་འགག་པར་གསལ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དབྱེ་ན་རང་ཤར་ལས། མེ་ལོང་ལྟ་བུའི་ཡེ་ཤེས་དང་མེ་ལོང་ཆེན་པོའི་ཡེ་ཤེས་གཉིས། རྟོག་མེད་གསལ་བའི་ཡེ་ཤེས་དང་རྟོག་མེད་དྭངས་པའི་ཡེ་ཤེས་གཉིས། གསལ་ལ་འཛིན་མེད་ཆེན་པོའི་ཡེ་ཤེས་དང་ལྔའོ། །ཞེས་སོ། །


LT09,P229A
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་བྱ་འཁོར་འདས་ཀྱི་དབྱིངས་སུ་ཡེ་གྲོལ་མཉམ་པ་ཆེན་པོ་ལ། མཉམ་རྐྱེན་སྒོ་གསུམ་སྐུ་གསུང་ཐུགས་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མཉམ་པ་ཆེན་པོར་བཞུགས་པས་རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དབྱེ་ན། སྔ་མ་ལས། མཉམ་པ་ཉིད་ཀྱི་ཡེ་ཤེས་དནག་མཉམ་པ་ཉིད་མ་འགག་པའི་ཡེ་ཤེས་གཉིས། མི་གཡོ་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་མི་འགག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་གཉིས། ཅིལང་མི་གནས་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྔའོ། །ཞེས་སོ། །ཆོས་ཐམས་ཅད་མ་འདྲེས་པ་མངོན་སུམ་དུ་རྟོགས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ།་དབྱེ་ན་སྔ་མ་ལས། སོ་སོར་རྟོག་པའི་ཡེ་ཤེས་དང་དོན་ཐམས་ཅད་རབ་ཏུ་འབྱེད་པའི་ཡེ་ཤེས་གཉིས། རྟོགས་པ་སྐད་ཅིག་ལ་སྐྱེ་བའི་ཡེ་ཤེས་དང་སྒྲ་ཐམས་ཅད་རྣམ་པར་ངེས་པའི་ཡེ་ཤེས་གཉིས། སྒྲ་དང་ཚིག་ལ་མི་གནས་པར་རྟོགས་པའི་ཡེ་ཤེས་དང་ལྔའོ། །ཞེས་སོ། །རང་དོན་རིག་པའི་ངང་དུ་གྲུབ་ནས་གཞན་དོན་ནོར་བུ་ལྟར་ལྷུན་གྲུབ་རྩོལ་མེད་དུ་འབྱུང་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། དབྱེ་ན་སྔ་མ་ལས། བྱ་བ་གྲུབ་པའི་ཡེ་ཤེས་དང་བྱ་བ་ཐམས་ཅད་པའི་ཡེ་ཤེས་གཉིས། བྱ་བ་ལ་མི་གནས་པའི་ཡེ་ཤེས་དང་བྱ་བ་བཏང་པའི་ཡེ་ཤེས་གཉིས། སྒྲོ་འདོགས་ཆོད་པའི་ཡེ་ཤེས་དང་ལྔའོ། །ཞེས་སོ། །དེ་དག་སོ་སོའི་སྒྲ་དོན་ངོ་བོ་ལ་སོགས་པ་རྒྱུད་ཉིད་ལས་རྒྱས་པར་འབྱུང་ངོ་། །གསུམ་པ་ནི། སྤྲུལ་སྐུ་ཀུན་ཁྱབ་གདུལ་བྱའི་དོན་ཀུན་མཛད། །ཇི་ལྟ་ཇི་སྙེད་གཉིས་གཉིས་མཁྱེན་པ་བཞི། །སྤྲུལ་སྐུ་ཀུན་ཁྱབ་ཀྱི་ཡེ་ཤེས་ཆུ་ཟླ་ཡུལ་གྱི་རང་ངོ་ན་ཤར་བ་ལྟར་གདུལ་བྱ་སོ་སོའི་སྣོད་དང་འཚམས་པར་སྣང་བ་སྟེ། དེའང་བེམས་སྟོང་གཟུགས་བརྙན་ལྟ་བུ་མ་ཡིན་པར་ཡེ་ཤེས་གཉིས་ཀྱིས་འགྲོ་བའི་དོན་


LT09,P229B
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་ཏུ་མཛད་པ་སྟེ། ཇི་ལྟ་བ་མཁྱེན་པས་ཆོས་རྣམས་ཀྱི་ངོ་བོ་མ་ནོར་བ་དང་། དོན་དམ་པའི་བདེན་པ་རྟོགས་པས་སྐྱེ་འགག་སྤྲོས་པ་དང་བྲལ་བའི་ཆོས་ཉིད་ནམ་མཁའ་ལྟ་བུར་སྟོན་ལ། ཇི་སྙེད་པ་མཁྱེན་པས་ཆོས་རྣམས་ཀྱི་རྣམ་པ་མ་འདྲེས་པར་ཀུན་རྫོབ་ཀྱི་བདེན་པ་རྟོགས་པས་ཆོས་ཅན་སྒྱུ་མའི་དཔེ་བརྒྱད་དུ་དབང་པོ་དང་ཆོས་དང་ལས་འབྲས་དང་ལམ་ལ་སོགས་འདོམས་པར་མཛད་པའོ། །དེ་ལའང་དབྱེ་ན། ཇི་ལྟ་བ་མཁྱེན་པ་ལ། ཆོས་ཅན་སྣང་བའི་གནས་ལུགས་ཇི་ལྟ་བ་མཁྱེན་པ་དང་། ཆོས་ཉིད་སྟོང་པའི་གནས་ལུགས་ཇི་སྙེད་པ་མཁྱེན་པ་གཉིས་ནི་ཨུཏྤལ་དང་དེའི་ཆོས་སྔོན་པོ་ལ་སོགས་པར་རྟོག་པ་བཞིན་དང་། ཇི་སྙེད་པ་མཁྱེན་པ་ལ། སྤྲུལ་སྐུས་འཇལ་རུང་གི་ཆོས་སོ་ཅོག་དག་པ་སངས་རྒྱས་ཀྱི་ཆོས་ཀྱི་རྣམ་གྲངས་དང་མ་དག་པའི་སེམས་ཅན་གྱི་རྣམ་གྲངས་ཇི་སྙེད་པ་མཁྱེན་པ་གཉིས་སུ་དབྱེ་བས་རྣམ་གྲངས་ཇི་སྙེད་པ་མཁྱེན་པ་གཉིས་སུ་དབྱེ་བས་རྣམ་གྲངས་བཞི་རུ་འགྱུར་བ་ཡིན་ནོ། །གསུམ་པ་དེ་དག་གི་དོན་གྱི་སྙིང་པོ་གསལ་བ་ནི། མདོར་ན་ཁྱད་ཆོས་དྲུག་ལྡན་བུམ་པ་སྐུར། །འཁྱིལ་ཏེ་རང་དོན་དབྱིངས་སུ་རྫོགས་ནས་ཀྱང་། །གཞན་དོན་རང་སྣང་ལོངས་སྐུར་བཞེངས་པའི་རྩལ། །དག་དང་མ་དག་ཞིང་དུ་འདུལ་བྱེད་ཀྱི། །ཕྲིན་ལས་ལྷུན་གྲུབ་རྒྱུན་མི་འཆད་པར་འབྱུང་། །ཀུན་ཏུ་བཟང་པོ་བྱང་ཆུབ་མཆོག་གི་གནས་གྲོལ་ས་ཆེན་པོའི་དོན་མདོར་སྨོས་ན། གཞི་ལས་འཕགས་པ། ཕྱེད་ཐོག་གྲོལ་བ། གཞན་ལས་མ་བྱུང་བ། རང་སར་གནས་པ་སྟེ་དབྱིངས་ཀྱི་ཡོན་ཏན་མཐར་ཕྱིན་པའི་ཁྱད་ཆོས་རྣམ་པ་དྲུག་གིས་ཁྱད་པར་དུ་བྱས་པའི་གཞོན་ནུ་བུམ་པ་སྐུ་ནང་གསལ་ཀ་དག་ཆེན་པོའི་ཀློང་དུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་འཁྱིལ་ཏ་རང་དོན་དབྱིངས་སུ་རྫོགས་ནས། སླར་ཡང་གདུལ་བྱའི་ཡུལ་ལ་འཇུག་པའི་


LT09,P230A
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ལས། གཞན་གྱི་དོན་ཏུ་རང་སྣང་ལོངས་སྤྱོད་རྫོགས་པ་སྐུར་བཞེངས་ནས་སྐུ་དང་ཞིང་ཁམས་རྒྱ་མཚོའི་སྤྲིན་ཕུང་མཁའ་ཁྱབ་ཏུ་བཀོད་པའི་རང་རྩལ། དག་པའི་ཞིང་དུ་ཕྱེད་སྤྲུལ་ལོངས་སྐུ་དང་མ་དག་པའི་འཇིག་རྟེན་རྣམས་སུ་འགྲོ་བ་འདུལ་བའི་སྒྲོན་མ་རྣམ་པར་བཀོད་པའི་འདུལ་བྱེད་ཀྱི་ཕྲིན་ལས་འཁོར་བ་མ་སྟོངས་ཀྱི་བར་དུ་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ལྗོན་ཤིང་ལྟར་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་འབྱུང་བར་འགྱུར་རོ། །གསང་སྔགས་སྔ་འགྱུར་ལུགས་ཀྱི་འབྲས་བུ་བྱེ་བྲག་ཏུ་གཏན་ལ་དབབ་པ་སྐབས་བཞི་པའི་འགྲེལ་པའོ། །ཐེག་པའི་སྒོ་ཀུན་ལས་བཏུས་པ་གསུང་རབ་རིན་པོ་ཆེའི་མཛོད་བསླབ་པ་གསུམ་ལེགས་པར་སྟོན་པའི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ་ཅེས་བྱ་བ་ལས་མཐར་ཕྱིན་འབྲས་བུའི་རང་བཞིན་རིམ་པར་ཕྱེ་བ་སྟེ་གནས་བཅུ་པའི་འགྲེལ་པ་ལེགས་པར་གྲུབ་བོ།། །།སྤྱི་དོན་གསུམ་པ་ཐ་མར་དགེ་བ་འཇུག་གི་དོན་ཚིགས་སུ་བཅད་པ་འཕགས་ནོར་གྱི་གྲངས་སུ་བསྟན་པའི་དོན་ལ་ལྔ། དངོས་པོའི་རང་བཞིན་བསྟན་པ། བརྩམས་དོན་གྱི་དགོས་པ་བརྗོད་པ། ཇི་ལྟར་རྩོམ་པའི་ཚུལ། གང་ལ་བརྟེན་ནས་ལེགས་བྱས་དོན་ལྡན་ཏུ་སྨོན་པ། ནོངས་བཤགས་ཤིས་བརྗོད་ཀྱི་མཐར་དགེ་བའོ། །དང་པོ་ནི། མངོན་པར་བརླམས་ཏེ་བསྒྲིམས་ནས་བརྩམས་རྣམས་ཀྱང་། །ཕྱོགས་རེའི་མིག་དང་ཕྱོགས་ལྷུང་དབང་གྱུར་ན། །མ་སྦྱངས་བྱིས་པས་འཐོར་རྙེད་བསྡུས་པ་ཡིས། །མཁས་རྣམས་འགུ་བ་སྐྱེད་པར་ཅི་སྟེ་ནུས། །གངས་རིའི་ལྗོངས་སུ་སྔོན་བྱོན་སྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་པོ་རྣམས་གོང་དུ་བཀུར། ཕྱིས་ནས་བྱོན་པའི་མཁས་པ་དང་ཆེན་པོར་རློམས་པ་ཕལ་མོ་ཆེས། ལུང་ཁུངས་ཀྱི་རྒྱབ་རྟེན། རིགས་པའི་དགག་


LT09,P230B
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ། མཐའ་དཔྱོད་ཚིག་ཚོགས་ཀྱི་སྤྲོས་པ་དུ་མ་སྤེལ་ཏེ་རབ་ཏུ་བསྒྲིམས་ནས་བརྩམས་པའི་གླེགས་བམ་གྱི་ཕྲེང་བ་རྣམས་ཀྱང་། ཁ་ཅིག་ཕྱོགས་རེའི་མིག་གཡག་ཞར་གྱི་རྩྭའི་རྗེས་སུ་འགྲོ་བ་དང་། ཁ་ཅིག་རང་ཕྱོགས་ཀྱི་ཁ་ཟིན་དང་གྲུབ་མཐའི་རྐང་འཛུག་པ་སོགས་འདོད་པའི་ཕྱོགས་སུ་ལྷུངས་པས་ཐུབ་བསྟན་རིས་སུ་མ་ཆད་པའི་དྲང་པོའི་ལམ་དང་མཛའ་བ་མ་ཡིན་པའི་གཞན་དབང་དུ་གྱུར་ན། སྐྱེས་ཐོབ་ཀྱི་མིག་བུ་ཉེས་པའི་རབ་རིབ་ཀྱིས་བཀབས། སྦྱངས་སྟོབས་ཀྱི་ན་ཚོད་ཅུང་ཟད་ཀྱང་མ་སྨིན་པའི་བྱིས་པ་རྣམ་དཔྱོད་ཀུན་ཏུ་ཉམ་ཆུང་བས་ཚིག་དོན་འཐོར་བུ་རྙེད་ཚད་འབའ་སམ་དུ་བསྡུས་པའི་གཞུང་ཉི་ཚེ་བ་འདི་ཡིས་རང་ཉིད་འདོད་པ་འཇོ་བ་ཙམ་དུ་ཟད་ཀྱི། བློ་གྲོས་ཀྱི་རྩལ་དང་ལྡན་པས་རིག་པའི་ལམ་ནས་དྲངས་པའི་དཔྱོད་པ་ལ་དགྱེས་པའི་མཁས་པ་རྣམས་འགུ་བ་སྐྱེད་པ་ཅི་སྟེ་ནུས་ཏེ་མི་ནུས་སོ། །དེ་ལྟ་མོད་ཀྱི་ཕྱོགས་སུ་མ་ལྷུང་བའི་གཟུར་གནས་སྐྱེས་ཆེན་ཆོས་ཀྱི་སྤྱན་དང་ལྡན་པ་རྣམས་ནི་ལྷག་བསམ་གྱི་ཚུལ་ལས་བརྩམས་ཏེ་དགྱེས་པའི་ཞབས་བསིལ་དུ་འགྱུར་རོ། །གཉིས་པ་ནི། དེ་ལྟ་ན་ཡང་བསྟན་ཞབས་དགེ་སྦྱོང་གཟུགས། །ཆོས་ཀྱི་ཁུངས་ཙམ་ཇི་བཞིན་མི་ཤེས་ན། །མཚན་ཉིད་ཕྱོགས་རེར་རྟོགས་པ་ག་ལ་ཞིག །དེ་ལྟའི་སྨན་དུ་གྱུར་སྙམ་ལེགས་པར་སྦྱར། །མཁས་པ་རྣམས་མགུ་བ་སྐྱེད་མི་ནུས་པ་ནི་བླུན་པོའི་ཅལ་ཅོལ་ཡིན་པས། མུ་ཅོར་གྱི་གླེགས་བམ་འབྲི་བའི་ངལ་བ་ལྷུར་ལེན་པའི་ཁུར་ལྕི་སུ་ཞིག་གིས་བཀལ་ཞེ་ན། དེ་ལྟ་ནའང་ཐུབ་པའི་བསྟན་ཞབས་རྟགས་ཙམ་འཛིན་པ་ལ་ལས་ཀྱིས་འཕངས་པའི་དགེ་སྦྱོང་ཤིན་ཏེ་མ། ཐོས་སྒྲོགས་ཀྱི་གཟུགས་བརྙན་བདག་ལྟ་བུ། མདོ་སྔགས་དམ་པའི་ཆོས་ཀྱི་གཞུང་ལུགས་མན་ངག་དང་བཅས་པ་ཐོག་མར་གང་ལས་བྱུང་།


LT09,P231A
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་རྟའི་སྲོལ་སུས་ཕྱེས། ཟབ་མོའི་གནད་གང་དུ་ཡོད། ཡིག་ཆ་དོ་གལ་ཆེ་ཆུང་དང་བསླད་ཡོད་མེད་ཙམ་ཡང་ཇི་བཞིན་པ་མི་ཤེས་ན། དེ་དག་གི་ཚིག་དང་དོན་གྱི་མཚན་ཉིད་ཕྱོགས་རེ་ཙམ་རྟོགས་པའང་ལྟག་ལ་ཞིག་པས། སྦྱངས་པ་ཆེན་པོ་དང་ལྡན་པའི་མཁས་པ་རྣམས་ལ་མི་དགོས་ཀྱང༌། བཤད་མ་ཐག་པ་ལྟ་བུའི་བློ་ཆུང་རྣམས་ཀྱི་བློ་གྲོས་ཀྱི་མིག་བུ་དབྱེ་བའི་སླན་དུ་གྱུར་ཅིག་གུ་སྙམ་དུ་ལྷག་པའི་བསམ་པ་གཡོ་མེད་པས་སྦྱར་བའོ། །སྔར་མ་གྲགས་དང་འགྲན་ཕྱིར་བརྗོད་མིན་ཀྱང༌། །དེང་སང་སྐྱེ་བོ་བློ་དང་བརྩོན་འགྲུས་དམན། །གཞུང་ལུགས་རྒྱ་མཚོའི་ཕ་མཐར་བརྒལ་མི་ནུས། །རང་འདྲར་ཕན་སླད་ཐེག་སྒོ་ཉུང་ངུར་བསྡུས། །དེའང༌། རྒྱལ་སྲས་ཞི་བ་ལྷའི་ཞལ་ནས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་བསམ་པའང་བདག་ལ་མེད། །རང་གི་ཡིད་ལ་སྒོམ་ཕྱིར་ངས་འདི་བརྩམ། །ཞེས་གསུངས་པ་ལྟར་སྔར་མ་གྲགས་པའི་ཤིང་རྟའི་སྲོལ་དང་ལེགས་བཤད་ཀྱི་སྒོ་གླེགས་འབྱེད་པའི་བསོད་ནམས་དང་བློ་གྲོས་མི་ལྡན་ལ། དམ་པ་རྣམས་རང་དོན་དུ་ཤེས་རབ་རྣམ་པ་གསུམ་གྱི་རྩེ་མོར་ཕྱིན་ནས་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་སྣང་བ་སྦར་བས་བསྟན་པ་རིན་པོ་ཆེ་གསལ་བར་མཛད་པ་ལ་གྲགས་འདོད་ལྷུར་ལེན་གྱིས་འགྲན་པའི་ཕྱིར་དུ་བརྗོད་པའང་མ་ཡིན་ཀྱང༌། དེང་སང་རྩོད་དུས་ཀྱི་སྙིགས་མར་སྐྱེས་པའི་སྐྱེ་བོ་ཕལ་ཆེ་བ་དག་བློ་གྲོས་ཀྱི་མཐུ་ཤིན་ཏུ་ཆུང་ཞིང་བརྩོན་འགྲུས་ཀྱི་སྟོབས་ཆེས་དམན་པས། ཐོག་མ་ནས་ཐོས་བསམ་གྱི་ལམ་ལ་འཇུག་མི་ནུས་ཤིང༌། བརྒྱ་ལ་དད་པ་དང་མོས་པའི་བློ་གྲོས་དགེ་བ་རེ་རེ་ཙམ་འཇུག་པར་སྲིད་ནའང༌། རྒྱུ་གཉིས་ཀྱིས་རིག་གནས་ཕྲན་ཚོགས་ཙམ་ཡང་མཐར་


LT09,P231B
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་ཤིན་ཏུ་དཀའ་བས། གཞུང་ལུགས་རྒྱ་མཚོ་ལྟ་བུའི་ཕ་མཐར་བརྒལ་མི་ནུས་པ་དངོས་སྟོབས་ཀྱི་རིགས་པས་གྲུབ་པའི་ཕྱིར། རང་བློ་ཤེས་བྱའི་གནས་ལ་སྤྱོད་དང༌། རང་འདྲ་བའི་བློ་དམན་པ་དག་ལ་འཚེ་བྱེད་པའི་གཅེས་བཏུས་བཞིན་དུ་ཕན་པར་འགྱུར་བའི་སླད་དུ། ཐེག་པའི་སྒོ་ཀུན་ལས་བཏུས་ཏེ་ཚིག་དོན་ཉུང་ངུར་བསྡུས་ཀྱང༌། ལེགས་པར་རྟོགས་ན་ཤེས་བྱ་ཀུན་ལ་བློ་གྲོས་ཀྱི་རྣམ་དཔྱོད་ཆགས་ཐོགས་དང་བྲལ་བས་ཁྱབ་པར་འགྱུར་རོ། །གསུམ་པ་ནི། གཞུང་ཆེན་འགའ་ཞིག་བྱང་བར་ཀློག་རྣམས་ཀྱང༌། །ཤེས་བྱ་སྤྱི་ལ་གྱ་ཚོམ་བློ་ཡིས་བརྒལ། །རིག་གནས་ཕྲ་མོའི་ལམ་ལ་ངལ་བ་རྣམས། །གསུང་རབ་རྒྱ་ཆེན་ལྟ་བའི་བློ་མིག་བརྟུལ། །དེ་དག་བདག་གིས་ཇི་བཞིན་རྟོགས་མིན་ཀྱང༌། །མང་དུ་ཐོས་དང་དམ་པའི་གསུང་རྣམས་ལ། །བརྟེན་ནས་གཞན་ཕན་བློ་ཡིས་སྦྱར་བ་འདིས། །ཐུབ་བསྟན་དྲི་མེད་ཡུན་རིང་གསལ་བྱེད་ཤོག །དེང་སང་ཡོངས་སུ་གྲགས་པའི་དབུ་མར་འདུལ་མཛོད་སོགས་ནང་རིག་པའི་གཞུང་ཆེན་འགའ་ཞིག་གི་རྩ་འགྲེལ་ངག་བྱང་བར་ཀློག་པ་རྣམས་ཀྱང༌། ཐུན་མོང་རིག་པའི་གནས་ཁྱད་དུ་གསོད། རྒྱལ་བའི་དགོངས་པ་རང་རྟོག་གི་ལམ་དུ་འདྲེན། རྒྱུད་སྡེའི་ངེས་གསང་ཟབ་མོ་ལ་སྦར་ཚོད་བྱེད་ཅིང་ཤེས་བྱ་སྤྱི་ལ་གྱ་ཚོམ་གྱི་བློ་ཡིས་ཚོད་ཡོད་དུ་བརྒལ་ཞིང་རས་སུ་གཅོད་པ་དང༌། སྒྲ་ཚང་སྨན་རྩིས་སོགས་རིག་གནས་ཕྲ་མོའི་ལམ་ལ་རྐང་བཀོད་དེ་སྦྱངས་པའི་ངལ་བ་ལྷུར་བླངས་པ་རྣམས་ནི། གསུང་རབ་མདོ་སྔགས་དགོངས་འགྲེལ་དང་བཅས་པ་རྒྱ་ཆེ་ཞིང་གཏིང་ཟབ་པའི་གནས་ལ་ཇི་བཞིན་པར་ལྟ་བའི་བློ་གྲོས་ཀྱི་མིག་བརྟུལ་པོར་གྱུར་པས། དུས་དང་བློ་གྲོས་ཆུད་འཛའ་ཞིང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ་བ་དོན་གྱི་འབྲས་བུས་སྟོངས་པར་གྱུར་ཏོ། །ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་


LT09,P232A
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་དང་བཅས་པ་དེ་དག་བདག་གིས་ཀྱང་ཇི་བཞིན་རྟོགས་པ་ལྟ་ཅི་སྨོས། ཕྱོགས་རེ་ཙམ་ལ་སྦྱང་གོམས་གདིང་དུ་ཁེལ་བའང་མ་མཆིས་ཀྱང༌། སྙིགས་མའི་དུས་སུ་རྡོ་རྗེ་འཆང་ཉིད་བཤེས་གཉེན་གྱི་རྣམ་པར་སྣང་བ་རྣམས་དང༌། ཁྱད་པར་རྒྱལ་བའི་ཡབ་གཅིག་འཇམ་དཔལ་དབྱངས་བཤེས་གཉེན་གྱི་ཚུལ་འཛིན་པ་ཟུང་སོགས་མཁས་ཤིང་དངོས་གྲུབ་བརྙེས་པའི་ཡོངས་སུ་འཛིན་པ་རྣམས་ཀྱི་བཀའ་དྲིན་ལས་མདོ་སྔགས་གསར་རྙིང་གི་གཞུང་ལུགས་གདམས་ངག་རིག་གནས་ཡན་ལག་དང་བཅས་མང་དུ་ཐོས་པ་དང༌། འཕགས་ཡུལ་གྱི་གཞུང་ལུགས་ཆེན་པོ་རྣམས་དང༌། གངས་ལྗོངས་བཤད་རྒྱུད་འདེགས་པའི་ཀ་ཆེན་བཅུ། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་རྗེས་འབྲང་དང་བཅས་པ། ཁྱད་པར་ཀུན་མཁྱེན་རང་བྱུང་ཞབས་དང་རྗེ་བརྒྱད་པ་ཡབ་སྲས། ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་བཟང་པོ་དང་སྨིན་གླིང་སྐུ་མཆེད། འཇམ་དབྱངས་ས་སྐྱ་པ་ཁུ་དབོན། ཇོ་ནང་རྗེ་བཙུན་ཆེན་པོ། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་སོགས་ཚད་མར་གྱུར་པའི་སྐྱེས་ཆེན་དམ་པ་མང་པོས་ལེགས་པར་གསུངས་པའི་གསུང་རབ་རྣམས་ལ་བརྟེན་ནས། སྐལ་མཉམ་གཞན་ལའང་ཅུང་ཟད་ཕན་པར་འདོད་པའི་བློས་སྦྱར་བ་འདི་ལས་བྱུང་བའི་དཀར་པོ་རྣམ་པར་འཕེལ་བ་གང་ཞིག་མཆིས་པས། ཐུབ་བསྟན་དྲི་མ་མེད་པ་ཡུན་རིང་དུ་གསལ་བར་བྱེད་ནུས་པར་ཤོག་ཅིག །ཅེས་པའོ། །བཞི་པ་ནི། དེ་ཡིས་འགྲོ་རྣམས་བདེ་སྐྱིད་ཆོས་འཕེལ་ཞིང༌། །ཚུལ་ཁྲིམས་རྣམ་དག་ཐོས་བསམ་སྒོམ་པ་ཡིས། །རྒྱུད་སྦྱངས་ས་ལམ་མངོན་རྟོགས་མཐར་ཕྱིན་ཏེ། །ཕྱམ་གཅིག་སྐུ་གསུམ་གོ་འཕང་ཐོབ་གྱུར་ཅིག །བསམ་པ་དག་ཅིང་སྦྱོར་བ་བརྩོན་པའི་སྒོ་ནས་སྐྱེས་བུ་དམ་པ་རྣམས་ཀྱི་རྗེས་སུ་སློབ་པར་འདོད་པའི་ལེགས་བྱས་


LT09,P232B
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་མོ་བགྱིས་པ་དེ་ཡི་མཐུ་ལས། བསྟན་པ་གང་དུ་ཆགས་པའི་གཞི་མཐའ་ཡས་པའི་འགྲོ་བ་རྣམས་ལུས་སེམས་བདེ་ཞིང་སྐྱིད་པས་གནས་སྐབས་སུ་མངོན་པར་མཐོ་བ་དང༌། དམ་པའི་ཆོས་ཀྱི་སྤྱོད་པ་འཕེལ་བས་མཐར་ཐུག་ངེས་པར་ལེགས་པའི་ལམ་ཡོངས་སུ་རྫོགས་ཤིང༌། དེ་ལ་བརྟེན་ནས་རྒྱལ་བསྟན་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང༌། བསྟན་པའི་སྒོར་ཞུགས་པ་ཐམས་ཅད་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ཉེས་པའི་སྐྱོན་གྱིས་མ་གོས་པར་རྣམ་པར་དག་ཅིང༌། ཐོས་པ་དང་བསམ་པ་དང་སྒོམ་པའི་ཤེས་རབ་རྣམ་ལ་གསུམ་གྱིས་རྒྱུད་སྦྱངས་ནས། ས་བཅུ་དང་ལམ་ལྔའི་མངོན་པར་རྟོགས་པ་མཐར་ཕྱིན་ཏེ། མཁའ་ཁྱབ་ཀྱི་ཡིད་ཅན་མ་ལུས་པ་ཕྱམ་གཅིག་ཏུ་རྒྱལ་བ་སྐུ་གསུམ་ཡེ་ཤེས་ལྔ་དང་ལྡན་པའི་གོ་འཕང་མྱུར་ཏུ་ཐོབ་པར་གྱུར་ཅིག །ཅེས་སོ། །ཤློ་ཀ་འདིས་ཀྱང་བསྟན་བཅོས་འདིའི་དབུ་ཞབས་ཀྱི་དོན་རྣམས་ལེགས་པར་བསྡུས་པའོ། །ལྔ་པ་ནི། འགལ་འཁྲུལ་རྩ་གསུམ་ཆོས་ཀྱི་སྤྱན་ལྡན་ལ། །བཟོད་བཞེས་དག་ཚངས་མཆོག་ཏུ་དབུགས་དབྱུང་ནས། །བསྟན་བཅོས་འདི་ཡང་ཐུབ་བསྟན་གནས་ཀྱི་བར། །ཉི་ཟླ་བཞིན་དུ་ཀུན་སྣང་ཤིས་པ་སྩོལ། །ཅེས་སྨྲས་ཏེ། བདག་བློ་རྨོངས་ཤིང་གཏི་མུག་པའི་གཞན་དབང་དུ་གྱུར་པས་ཚིག་གི་བརྗོད་ཚུལ་འགལ་བ་དང༌། དོན་གྱི་གནས་ལ་ནོར་ཞིང་འཁྲུལ་པ་དང༌། ཁྱད་པར་གསང་བ་ཟབ་མོའི་གནས་ལ་རས་ཚོད་དུ་གྱུར་པ་ལ་སོགས་པ་ཉེས་པའི་ཚོགས་གང་ཞིག་བགྱིས་པ་དེ་དག་ཐམས་ཅད། དཀོན་མཆོག་རྩ་བ་གསུམ་དང༌། གཟུར་གནས་མཁས་གྲུབ་ངེས་པར་ཆོས་ཀྱི་སྤྱན་རས་དང་ལྡན་པ་རྣམས་ཀྱི་སྤྱན་སྔར། སྙིང་ཐག་པ་ནས་བཤགས་ཤིང་བཟོད་པར་གསོལ་ན་ལེགས་པར་བཞེས་ལ་དག་ཚངས་མཆོག་ཏུ་དབུགས་དབྱུང་


LT09,P233A
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། འཕགས་བོད་གཞུང་ལུགས་དུ་མའི་དོན་ཟབ་སྙིང་པོར་དྲིལ་བའི་བསྟན་བཅོས་འདིའང་ཐུབ་བསྟན་རིན་པོ་ཆེ་ཇི་སྲིད་འཚོ་ཞིང་གཞེས་པ་དེ་སྲིད་དུ་ནམ་ཡང་ཉམས་པ་མེད་པར། སྣང་བྱེད་ཉི་ཟླའི་དཀྱིལ་འཁོར་བཞིན་དུ་རིས་སུ་མ་ཆད་པར་ཁྱབ་ཅིང་ཐར་འདོད་ཀུན་ལ་ཕན་པའི་སྣང་བ་རྒྱུན་ཆགས་པར་འཕྲོ་བའི་བཀྲ་ཤིས་ཀུན་གྱི་བཀྲ་ཤིས་ཆེན་པོ། གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ་བས་ས་གསུམ་དུ་ཁྱབ་པའི་བྱིན་རླབས་ཆུ་བོའི་རྒྱུན་བཞིན་དུ་སྩོལ་བར་མཛོད་ཅིག་ཅེས་བྱའོ། །ཅེས་པ་འདིའང་མང་དུ་ཐོས་པ་ལས་བྱུང་བའི་དཀར་པོ་རྣམ་པར་འཕེལ་བས་ཐུབ་བསྟན་ཡོངས་སུ་རྫོགས་པ་དང༌། དེ་འཛིན་གྱི་སྐྱེས་བུ་རིས་སུ་མ་ཆད་པ་རྣམས་ལ་དད་པ་དང་དག་པའི་སྣང་བ་རྒྱུན་མི་འཆད་པ། བྱམས་མགོན་ཏཱའི་སི་ཏུ་སོགས་ཡོངས་འཛིན་དམ་པ་མང་པོའི་ཐུགས་རྗེའི་ཕྱག་རིང་གིས་བསྐྱངས་པ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོའམ། བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ཡང་ཁྲོད་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་མགུལ། ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བ་བསྟན་འགྲོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག་དགེ་ལེགས་འཕེལ།། །།ཅེས་པ་ནི་རྩ་བའི་གཞུང་བགྱིས་གྲུབ་པའི་ཚུལ་ལས་བརྩམས་ཏེ་བྱེད་པོ་དང་བྱ་བའི་གནས་བསྟན་པ་ཉིད་དོ།། །།ཤྲཱི་ཤྲཱི་ཤྲཱི། སིདྡྷཾ་སྭ་སྟི་སརྦ་དཱ་སྤར་ཎཾ༌། །དགེ་ལེགས་ཡོངས་གྲུབ་མཐའ་གཉིས་ལས་རྒྱལ་འཇིག་རྟེན་སྒྲོན་མེའི་བསྟན་པ་ལ། །མི་ཕྱེད་དད་པའི་པདྨོ་གྲོལ་ལས་འཆོས་སྐྱོབ་སྦྲང་རྩིའི་ཐིགས་ཕྲེང་ཟགས། །ལེགས་བཤད་བདུད་རྩིས་ལྟོ་བ་ཁེངས་བའི་མཁས་རྣམས་བཅུད་དུ་མི་ལེན་ཀྱང༌། །ཉི་ཚེའི་བློ་ཅན་བློ་ལྡན་བུང་བའི་ངག་གི་གླིང་བུ་སྐུལ་བའི་རྒྱུ། །སྔོན་ཆད་མ་བཤད་ལེགས་


LT09,P233B
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་པའི་ཆོས་ཀྱི་མིག་བུ་ཆེས་ཕྲ་ཞིང༌། །བཤད་པ་རྣམས་ཀྱང་དགོངས་པ་སྣ་ཚོགས་དོན་ལ་ཞུགས་པའི་རྣམ་དཔྱོད་དམན། །གང་ཞིག་བཤད་འདི་ཚད་མར་གྱུར་རྣམས་རྗེས་སུ་འབྲངས་ལས་རང་བཟོ་མེད། ཁྱད་པར་དུ་ཡང་འཇམ་མགོན་དགྱེས་པའི་ཞལ་གྱི་ལུང་ཡིན་བསྟེན་པར་འོས། །བསོད་ནམས་བློ་གྲོས་གཉི་ག་ལྡན་པའི་སྐྱེ་བོ་འཇིག་རྟེན་འདི་ན་དཀོན། །དེ་ལྡན་ལེགས་བཤད་ནོར་བུའི་ཕུང་པོར་དེང་སང་བྱི་དོར་བྱེད་པ་བྲལ། །ཅུང་ཟད་བསྟེན་པ་རྣམས་ནི་ཐར་པའི་དབུལ་བ་གཏན་དུ་འཕྲོག་པས་ན། །གཅེས་གནད་དབྱིག་གི་སྙིང་པོ་བཏུས་འདིས་བློ་ལྡན་ཡུན་རིང་འབྱོར་བར་ཤོག །ཀུན་རྨོངས་ར་རི་བརྒྱ་ཡིས་ཁེབས་ལ་དྲི་བྲལ་བློ་མིག་ག་ལ་ཡོད། །ལུགས་ཀུན་མཐོང་ལ་མོས་པས་ཞུགས་ཕྱིར་ཕྱོགས་འཛིན་གཉེར་ཁའི་སྙིང་ཁམས་མེད། །སོ་སོའི་ལམ་དུ་བདེན་པར་སྨྲས་འདིར་ཆེན་པོ་ཕལ་ཅིག་མི་དགོས་ཀྱང༌། བླ་མ་རྒྱལ་བ་སྲས་དང་བཅས་ལ་དགྱེས་མཆོད་སྤྲིན་ཕུང་སྟུག་པོར་ཤོག །ཕྱོགས་རེར་གུས་པའི་ཡིད་ཅན་དག་ཀྱང་ཆོས་ཀུན་བགྲོད་པ་གཅིག་པའི་ཚུལ། །མཁའ་ལྟར་མཐོང་བའི་མིག་བུ་རབ་བྱེ་རིས་མེད་སངས་རྒྱས་བསྟན་པའི་བཅུད། །དད་གསུམ་མགྲིན་པས་ཅི་དགར་འཐུངས་ལས་མྱོང་བ་སྐྱུགས་པའི་དག་བྱེད་ཀྱིས། །ཕྱོགས་ལྷུངས་ཉེས་པའི་དྲི་ཀུན་བཀྲུས་ཏེ་དམ་ཆོས་རྒྱ་མཚོ་རྒྱས་བྱེད་ཤོག །གཞན་ལུགས་དགག་དང་རང་ལུགས་བསྒྲུབ་ཕྱིར་མཁས་པའི་སྙེམས་པས་འདི་མ་བྱས། །ཆོས་སྒོ་བསམ་ཡས་ཕྱོགས་ཙམ་མཚོན་ཕྱིར་སྔོན་གྱི་མཁན་པོའི་རྗེས་སུ་འབྲངས། །རྨོངས་པས་ཁེབས་ལ་ནོར་བུའི་སྒྲོན་མེ་ཐོས་པས་བཀའ་དྲིན་ལ་བདུད་རྩིའི་གཏེར། །ཕྱོགས་སུ་མ་ལྷུངས་རིན་ཆེན་མཆོད་སྡོང་བསམ་པ་བཞིན་དུ་འདོད་འཇོར་ཤོག །རྒྱུ་རྐྱེན་འབྲས་བུའི་རྟེན་


LT09,P234A
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་འབྲེལ་འབྱུང་ཕྱིན་ཅི་མ་ལོག་ཁོང་ཆུད་ནས། །བླང་དོར་གནས་ལ་འཇུག་ལྡོག་མཁས་པས་གཞི་དང་ལམ་གྱི་འཁྲུལ་པ་སེལ། །རྣམ་པ་ཀུན་མཁྱེན་ཐབས་ལ་མ་རྨོངས་མཁྱེན་བཟང་གསེར་གྱི་ཉིན་མོར་བྱེད། །ཆོས་ཁམས་མཁའ་ལ་རྟག་ཏུ་འཆར་བས་ཡང་དག་ལྟ་བའི་ལམ་གསལ་ཤོག །འཇིག་རྟེན་གསུམ་ན་ཕན་བདེའི་ལམ་སྟོན་ཉན་པོ་རྣམས་ལ་ཀུན་དགའི་དཔལ་སྐྱེད་ཐོག་མར་དགེ་བ་དང༌། །རབ་ཏུ་སྦྱོར་བ་བདེ་ཞིང་ལེགས་པས་མཐའ་གཉིས་སྤངས་བ་དབུ་མའི་ལམ་སྟོན་བར་དུ་དགེ་བ་དང༌། །དྲི་མ་མེད་ཅིང་ཤིན་ཏུ་མཐར་ཕྱིན་ཞི་སྒོ་གཅིག་པའི་ཕྱག་རྒྱ་དང་ལྡན་ཐ་མར་དགེ་བ་ཡི། །བཀྲ་ཤིས་རྒྱན་བཀོད་མཁའ་སྙིང་ནོར་བུའི་གཞལ་མེད་ཁང་པར་རྟག་ཏུ་ཕུན་སུམ་ཚོགས་པས་འབྱོར་གྱུར་ཅིག །ཅེས་ཤེས་བྱ་ཀུན་ལ་ཁྱབ་པའི་གཞུང་གོ་སླ་གཙོར་བཏོན་པས་ཉུང་ངུའི་ཚིག་གིས་ཅུང་ཟད་འགྲེལ་བ་འདིའང༌། ཐུབ་བསྟན་ཡོངས་སུ་རྫོགས་པའི་སྣང་བྱེད། ཐམས་ཅད་མཁྱེན་གཟིགས་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་ཀྱིས། སྐུ་གསུང་ཐུགས་ཀྱི་རྟེན་མཆོག་གིས་ཐོག་དྲངས་གནང་སྐྱེས་གྱ་ནོམ་པ་དང་བཅས་ཆེད་དུ་བསྐུལ་བའི་གསུང་གསང་ཨུ་དུམྦ་རའི་ཕྲེང་བ་ཚངས་པའི་རྒྱན་དུ་སྩལ་བའི་རྐྱེན་ལ་བརྟེན། འཇིག་རྟེན་དབང་ཕྱུག་ཀརྨ་པ་དང་བྱམས་མགོན་ཏཱའི་སི་ཏུ་གཙོ་བོར་གྱུར་པའི་ཡོངས་འཛིན་ཁྱད་པར་ཅན་དུ་མའི་ཐུགས་རྗེའི་གྲིབ་བསིལ་དུ་ངལ་འཚོ་བ། མང་ཐོས་སྤོང་བ་པའི་གཟུགས་བརྙན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོའམ། བརྡ་སྤྲོད་རིག་པའི་བཏགས་མིང་བློ་གཏེར་རབ་དགའ་ཚངས་བྱུང་སྙེམས་པའི་ལང་ཚོའི་ཟླ་སྣང་སོགས་མིང་མང་ལྡན་པའི་གྱི་ན་པས། མདོ་ཁམས་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ཡང་དབེན་དཔལ་གྱི་དེ་བཱི་ཀོ་ཊི་གསུམ་པའི་མདུན་ངོས་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་རྩ་བར་འགྲེལ་བ་སྦྱར་བ་བཅས་དབྱར་དགུན་ཐོག་


LT09,P234B
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་བརྒྱུད་མར་བྲིས་པའི་གླེགས་བམ་ཡོངས་རྫོགས་ཀྱི་ཡི་གེའི་འདུ་བྱེད་པ་ནི་སྡེ་སྣོད་གསུམ་འཛིན་ཅིང་བསླབ་པའི་བརྟུལ་ཞུགས་ལེགས་པར་འཆང་བ་ཀརྨ་བཀྲ་ཤིས་འོད་ཟེར་ནས་མཛད་པ་སྟེ། གནམ་ལོའི་རྒྱལ་པོ་ཤིང་བྱི་ས་ག་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པ་རྒྱལ་དང་ཕུར་བུ་འགྲུབ་པའི་སྦྱོར་བ་བཟང་པོ་དང་ལྡན་པའི་སྔ་དྲོའི་ཆར་ལེགས་པར་གྲུབ་པ་འདིས་ཀྱང་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་ཤིང༌། སྐྱེ་དགུ་མཐའ་ཡས་པ་ལ་ཡང་དག་པའི་ལམ་བཟང་རབ་ཏུ་གསལ་བའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ། །ཨོཾ་སྭ་སྟི། རྒྱལ་ཀུན་དམིགས་པ་མེད་པའི་ཐུགས་རྗེའི་སྟོབས། །གཅིག་འདུས་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང༌། །རྩོད་དུས་སྟོན་པ་གཉིས་པའི་ཕྲིན་ལས་ཅན། །འཇམ་དབྱངས་བླ་མའི་ཞབས་རྡུལ་སྤྱི་བོས་ལེན། ༡ །འཇིག་རྟེན་སྒྲོན་མེ་རྒྱལ་བ་ཉི་མ་རྣམས། །གང་དུ་སྣང་བའི་ཞིང་ཁམས་རབ་འབྱམས་ན། །འགྲོ་བ་འདུལ་བྱེད་ཐེག་པ་ཇི་སྙེད་པའི། །ནོར་བུའི་སྤྲིན་ཕུང་མཁའ་མཐར་དཀྲིགས་པ་ལས། ༢ །པདྨོ་སྟོང་གི་བཀྲ་ཤིས་དབྱངས་སྙན་གྱིས། །དགེ་བར་བྱས་འདིར་སྐྱེ་རྒུའི་གཉེན་གྱུར་པ། །སྟོང་ཕྲག་ལྷག་པའི་སྨོན་ལམ་ཐུགས་རྗེ་ཡི། །དཔུང་བ་དར་བས་གཞར་ཡང་བཟུང་བ་ལས། ༣ །དོན་ཀུན་གྲུབ་པའི་ཨུ་དུམྦ་ར་ནི། །སྨོན་ལམ་ལྔ་བརྒྱའི་རྒྱ་མཚོ་བསྲུབས་སྐྱེས་པ། །ལྔ་ཕྲག་སྙིགས་མའི་མཐའ་འདིར་སྣང་བ་དེས། །མདོ་སྔགས་ཆོས་ཀྱི་དགའ་སྟོན་ཅི་ཡང་བྱིན། ༤ །སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ནི། །ནམ་མཁའི་ཁམས་ལྟར་མཐའ་ཀླས་འཕགས་རྣམས་ཀྱིས། །བདུད་རྩིའི་སྒོ་མོ་ཇི་སྙེད་ཐུགས་ཀྱི་དཀྱིལ། །འདོད་འབྱུང་བུམ་པ་བཟང་པོར་རྟག་ཏུ་བསྐྱིལ། ༥ །ཕྱོགས་དུས་རྒྱལ་བས་སྤྱི་བོར་དབང་བསྐུར་བའི། །མ་ཕམ་འཇམ་དབྱངས་རྡོ་རྗེ་ཆོས་ལ་སོགས། །རྒྱལ་བར་གྱུར་ཀྱང་ས་བཅུའི་ངང་ཚུལ་ཅན། །དེ་དག་ཀུན་གྱིས་དགོངས་པ་ཇི་བཞིན་བཀྲལ། ༦ །ཤིང་རྟ་གཉིས་སོགས་མཁས་པ་གཞན་དང་གཞན། །རྒྱལ་བསྟན་འཕེལ་སླད་འཆོས་སྐྱོབ་གཉིས་ལྡན་གྱི། །བསྟན་


LT09,P235A
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་རྒྱུ་སྐར་བཀོད་པའི་འོད་སྣང་གིས། །བསྟན་པ་རིན་ཆེན་འབྱུང་པོ་འཛིན་མ་གསལ། ༧ །དེ་ལས་ཁ་བའི་རྡུལ་བརྩེགས་སྣང་བ་ནི། །ཚར་དུ་དངར་བའི་བྱང་ཕྱོགས་འདི་ཉིད་དུ། །ཆོས་རྒྱལ་སེམས་དཔའ་རྣམས་ཀྱི་ཐུགས་བསྐྱེད་ཀྱི། །ཤིང་རྟས་རྒྱལ་བསྟན་ཉིན་མོར་བྱེད་པ་དྲངས། ༨ །བཤད་རྒྱུན་འདེགས་པའི་ཀ་ཆེན་བཅུ་ཕྲག་དང༌། །སྒྲུབ་བརྒྱུད་འདྲེན་པའི་ཤིང་རྟ་བརྒྱད་དག་གིས། །ཐོས་བསམ་སྒོམ་དང་འཆད་རྩོད་རྩོམ་པ་ཡིས། །དུས་ཀྱི་མཐར་ཡང་མདོ་སྔགས་ཆོས་ཚུལ་རྒྱས། ༩ །སོ་སོའི་བརྒྱུད་འཛིན་ཆོས་ཀྱི་སྤྱན་ལྡན་ཅིང༌། །ལུང་རིག་ལྗགས་ཡངས་ནོར་འཛིན་རྒྱན་ཉིད་དུ། །གཡོ་བ་རྣམས་ཀྱིས་བཤད་སྒྲུབ་བསྟན་པ་ནི། །གསལ་བྱེད་བསྟན་བཅོས་ཕྲེང་བས་གངས་ལྗོངས་ཁྱབ། ༡༠ །དེ་ལས་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན། །འཇམ་དཔལ་དབྱངས་དངོས་ཡོན་ཏན་རྒྱ་མཚོའི་བདག །བསྐལ་པ་མང་པོར་སྦྱངས་པའི་ལས་འཕྲོ་དང༌། །སྨོན་ལམ་མདོ་སྔགས་ཆོས་ཀྱི་ཕྱོགས་སུ་སད། ༡༡ །རྒྱལ་བསྟན་ཡན་ལག་བཅས་པའི་ཤེས་བྱ་ཡི། །རྒྱ་མཚོ་ལྟོ་བར་བསྐྱིལ་བའི་རྣམ་དཔྱོད་ལས། །ལེགས་བཤད་བདུད་རྩི་སྐྱུགས་པའི་དག་བྱེད་མཁན། །ཡོངས་འཛིན་བརྒྱ་ཕྲག་ལྷག་པ་བསྟེན་པ་དང༌། ༡༢ །སྦྱོར་བྱུང་རྒྱུ་སྐར་ལམ་ན་སྐྱེས་ཐོབ་ཀྱི། །རྣམ་དཔྱོད་ཉི་མ་འབུམ་གྱིས་བཟུང་བ་ལས། །རིག་པའི་གནས་དང་ཐེག་གསུམ་ཆོས་ཀྱི་གཞུང༌། །གཟིགས་ལ་སྤྱན་རས་པདྨའི་འདབ་མ་ཡངས། ༡༣ །བསམ་ཡས་ཐེག་དང་རིག་ལམ་སྣ་ཚོགས་པ། །སོ་སོར་གྱེས་པའི་ལྗོན་ཤིང་འབུམ་བརྡལ་བ། །ཤེས་བྱའི་དཔག་བསམ་བཟང་པོ་གཅིག་ཉིད་དུ། །སྡུད་པའི་བློ་གྲོས་ཅི་ཡང་དར་བ་དང༌། ༡༤ །ཇི་སྲིད་འགྲོ་ཁམས་དེ་སྲིད་སེམས་ཅན་ཁམས། །ཡོངས་སུ་བཟུང་བའི་ཐུགས་རྗེ་ཆེན་པོ་ཡིས། །གང་གིས་འདུལ་ལ་དེ་དང་དེ་ཡི་ཚུལ། །སྟོན་ལ་གཞན་དྲིང་མི་འཇོག་


LT09,P235B
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེ་བ་ཅན། ༡༥ །དུས་གསུམ་གཟིགས་པ་རྒྱལ་བས་མདོ་སྡེ་ལས། །ལུང་དུ་བསྟན་ཅིང་རྡོ་རྗེའི་སློབ་དཔོན་ཆེ། །པདྨཱ་ཀ་རས་ཡང་དང་ཡང་བསྔགས་པའི། །ནོར་བུའི་ཅོད་པན་དབུ་ལ་བཅིངས་པ་དང༌། ༡༦ །གངས་ཀྱི་ར་བས་བསྐོར་བའི་ནོར་འཛིན་གྱི། །ལྗོངས་ན་མཁས་དང་གྲུབ་པའི་སྙན་གྲགས་སྒྲ། །མཐོ་རིས་རྔ་བཞིན་སྒྲོག་པ་གཞན་དང་གཞན། །བསྔགས་པའི་མེ་ཏོག་འཐོར་ཞིང་ཞབས་ལ་གཏུགས། ༡༧ །ཐེག་པ་གསུམ་གྱིས་བགྲོད་བྱ་མཐར་ཐུག་པ། །རྡོ་རྗེ་འཆང་གི་གོ་འཕང་ཞི་བའི་གནས། །ཇི་བཞིན་བརྙེས་ལ་རྩོད་པ་མ་མཆིས་པས། །གྲུབ་ཐོབ་རྒྱ་མཚོའི་སྤྱི་དཔལ་གྱུར་པ་སྟེ། ༡༨ །ཆེ་བ་བདུན་དང་ལྡན་པའི་སློབ་དཔོན་དེས། །རྒྱལ་བསྟན་ཡན་ལག་བཅས་པ་རྒྱས་པ་དང༌། །ཤེས་བྱ་སྤྱི་ཡི་མཚན་ཉིད་རྟོགས་པ་དང༌། །བསྟན་པ་ཕྱོགས་རེར་ཞེན་པའི་བློ་སྤོང་ཕྱིར། ༡༩ །རིག་པའི་གནས་དང་མདོ་སྔགས་གཞུང་ཀུན་གྱི། །སྙིང་པོ་ཤེས་བྱ་ཀུན་ལ་ཁྱབ་པའི་མཛོད། །ཚིག་ཉུང་དོན་འདུས་སྔར་མེད་ལེགས་བཤད་འདི། །གངས་ལྗོངས་བསྟན་པའི་གསོས་སུ་སྩལ་བར་མཛད། ༢༠ །ཐོས་པ་འདོད་ལ་རིག་པའི་གཏེར་མཛོད་དེ། །བསམ་པ་བཞེད་ལ་སེམས་ཀྱི་ངལ་སྟེགས་མཆོག །སྒོམ་པར་མོས་ལ་མན་ངག་རྒྱ་མཚོ་སྟེ། །འདོད་རྒུ་འབྱུང་བའི་ནོར་བུ་རིན་ཆེན་ཞེས། ༢༡ །རིས་མེད་གྲུབ་མཐའ་འཛིན་པའི་སྐྱེས་ཆེན་ནི། །འཇམ་པའི་རྡོ་རྗེ་གཉིས་པར་གྱུར་པ་རྣམས། །བསྔགས་པའི་མེ་ཏོག་སིལ་མར་བསྙིལ་བ་དང༌། །ལྷན་ཅིག་བསྟན་བཅོས་འདི་ཉིད་དོན་དུ་གཉེར། ༢༢ །རིག་པའི་གནས་དང་རྒྱལ་བསྟན་ཐམས་ཅད་པའི། །ལུས་གཅིག་བསྟན་བཅོས་རིན་ཆེན་འདི་ཉིད་ཀྱིས། །ཐུབ་བསྟན་འཇིག་རྟེན་ཡུན་རིང་གནས་སོ་ཞེས། །མཁས་ཀུན་མགྲིན་པའི་དབྱངས་སྙན་གཅིག་ཏུ་མཐུན། ༢༣ །དེ་སླད་འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་གཏེར། །རྒྱལ་བ་ཀུན་དང་གཉིས་སུ་མེད་པ་དེས། །


LT09,P236A
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་འགྲོར་སྨན་སླད་རྩ་བའི་དགོངས་འགྲེལ་ཞིག །མཛོད་ཅེས་གསོལ་བ་ཡང་ཡང་བཏབ་པའི་མཐུས། ༢༤ །འགྲེལ་ཆེན་ཤེས་བྱ་མཐའ་ཡས་རྒྱ་མཚོ་འདི། །མགོན་པོ་གང་གི་དགོངས་པའི་ཆུ་གཏེར་ལས། །སླར་ཡང་སྤྲོས་ཏེ་འདོམས་པར་མཛད་པས་ན། །སྟོན་པ་གཉིས་པའི་ཕྲིན་ལས་ཉིད་དུ་གྱུར། ༢༥ །དེས་ན་ཡོངས་རྫོགས་བསྟན་པ་རིན་ཆེན་འདི། །མཁས་པའི་དཔུང་པས་བཟུང་ནས་ཕྱོགས་དུས་ཀུན། །དར་དང་རྗེ་བཙུན་འཇམ་མགོན་རྣམ་གཉིས་སོགས། །དེ་འཛིན་སྐྱེས་བུ་བསྐལ་བརྒྱར་ཞབས་བརྟན་ཕྱིར། ༢༦ །བསམ་སྦྱོར་ཟླ་ཞུན་འབྱོར་བའི་དཔུང་པ་ཡིས། །ཐགས་སུ་བཏགས་པའི་ཆོས་སྦྱིན་སྤར་གྱི་འཕྲུལ། །ནམ་མཁའི་ལུས་དང་འཚམས་པའི་ཟ་འོག་ལུགས། །རྒྱལ་ཀུན་དགྱེས་པའི་ཁ་དོག་འཛིན་པ་གང༌། ༢༧ །བསོད་ནམས་གནམ་གྱི་ཤེ་མོས་དབང་བསྐུར་བ། །སྡེ་བཞི་དགེ་བཅུའི་རྒྱལ་ཐབས་ཆོས་བཞིན་ཏུ། །སྐྱོང་བའི་མངའ་བདག་སེམས་དཔའ་ཆེན་པོ་ཡི། །འདུན་ན་འདོན་གྱི་གཙོ་བོར་གྱུར་པ་ནི། ༢༨ །གཉེར་ཆེན་པདྨ་ཆོས་འཕེལ་བསོད་ནམས་ཀྱི། །རྩེ་མོར་བཀོད་ནས་འཛམ་གླིང་ཐུབ་པའི་བསྟན། །མི་མཐུན་ཕྱོགས་རྣམས་མ་ལུས་ཉི་ཟླ་ནི། །ཇི་སྲིད་དེ་སྲིད་རྒྱལ་བའི་རྒྱལ་མཚན་གྲུབ། ༢༩ །དུས་གསུམ་བསགས་དང་འདི་ལས་ཐོབ་པ་ཡི། །ལེགས་བྱས་རྒྱ་མཚོ་སྤེལ་བའི་བྱེད་པོ་ནི། །སྲས་བཅས་རྒྱལ་བ་ཟླ་བ་དྲི་མེད་རྣམས། །ཐུགས་རྗེའི་བདུད་རྩི་ལྟུང་བའི་བྱིན་རླབས་ཀྱིས། ༣༠ །རྒྱལ་བའི་བསྟན་པ་འཆད་རྩོད་རྩོམ་གསུམ་གྱིས། །འཛིན་པའི་སྐྱེས་ཆེན་གང་ན་སུ་བཞུགས་པ། །སྐུ་ཚེ་བརྟན་ཅིང་ཕྲིན་ལས་ལྷུན་གྲུབ་པས། །ཆོས་ཀྱི་རྔ་ཆེན་རྟག་ཏུ་བརྡུང་གྱུར་ཅིག ༣༡ །དེ་མཐུས་ལུང་དང་རྟོགས་པ་དམ་པའི་ཆོས། །འགྲོ་བའི་ཉི་ཟླ་ཟུང་གཅིག་ཁོར་


LT09,P236B
[མ་དཔེ་གཟིགས་ན་འདིར་གནོན།]

ཡུག་ཏུ། །བཤད་དང་སྒྲུབ་པའི་ནོར་འཛིན་ཕྲག་པ་ན། །ཟག་མེད་འོད་སྟོང་འབར་ཞིང་གཞེས་གྱུར་ཅིག ༣༢ །ཁྱད་པར་རྒྱལ་བ་ཀུན་གྱི་རྒྱལ་ཚབ་ཆེ། །འཇམ་མགོན་རྡོ་རྗེ་འཆང་ཆེན་རྣམ་པ་གཉིས། །ཞབས་པད་རྡོ་རྗེའི་ཆོས་སུ་བརྟན་ནས་ཀྱང༌། །བཞེད་པའི་ཕྲིན་ལས་མཐའ་རུ་ཕྱིན་གྱུར་ཅིག ༣༣ །བསྟན་བཅོས་ཡིད་བཞིན་ནོར་བུའི་ཕུང་པོ་འདི། །རིས་མེད་མཁས་པའི་བློ་གྲོས་རྒྱལ་མཚན་རྩེར། །མཆོད་པས་རང་གཞན་ཕན་བདེའི་འབྱུང་གནས་ནི། །ཟག་མེད་ཤེས་རབ་དམ་པ་ཐོབ་གྱུར་ཅིག ༣༤ །དེ་མཐུས་རྒྱལ་བསྟན་ཡན་ལག་དང་བཅས་པའི། །ལུས་གཅིག་སྔ་ན་མེད་པའི་གཞུང་ལུགས་འདི། །རྒྱ་མཚོའི་གོས་ཅན་འབྱུང་པོ་འཛིན་མའི་གཞིར། །ཐུབ་བསྟན་ཇི་སྲིད་དེ་སྲིད་རྒྱས་གྱུར་ཅིག ༣༥ །མཐོང་བས་ཟག་མེད་ཤེས་རབ་མིག་ལྡན་ཅིང༌། །ཐོས་པས་རྣམ་པར་དཀར་བའི་བག་ཆགས་འཇོག །བསམ་པས་འཁྲུལ་པའི་རྟོག་པ་སེལ་བ་དང༌། །བསྒོམ་པས་ཆོས་ཉིད་མངོན་སུམ་རྟོགས་གྱུར་ཅིག ༣༦ །ལས་ཉོན་ཆུ་སྲིན་བྱེ་བས་བཟུང་བ་ཡི། །འཁོར་བའི་རྒྱ་མཚོ་གཏིང་མཐའ་མེད་པ་ན། །འཕྱན་པའི་འགྲོ་ཀུན་བསམ་པ་དཀར་པོའི་ཕྱོགས། །ཤུགས་ཀྱིས་དྲངས་པ་བཞིན་དུ་འགྲོ་གྱུར་ཅིག ༣༧ །དེ་དག་ཀུན་གྱིས་ཚེ་རབས་ཐམས་ཅད་དུ། །མ་ནོར་ལམ་སྟོན་ཡོངས་འཛིན་དགེ་བའི་བཤེས། །མཇལ་ནས་མཉེས་པ་བསྒྲུབས་ཏེ་ཐེག་གསུམ་གྱི། །གདམས་ངག་རིན་ཆེན་སྙིང་ལ་ནོད་གྱུར་ཅིག ༣༨ །ཚུལ་གནས་ཐོས་བསམ་སྒོམ་པའི་རྣལ་འབྱོར་གྱིས། །ས་བཅུ་ལམ་ལྔའི་སྤངས་རྟོགས་མཐར་ཕྱིན་ཏེ། །འགྲོ་བའི་ལས་དང་ཉོན་མོངས་མཐར་གྱུར་པར། །ཀུན་ཏུ་བཟང་པོའི་སྤྱོད་


LT09,P237A
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྤྱད་གྱུར་ཅིག ༣༩ །མཐར་ཐུག་དཀོན་མཆོག་རྩ་བའི་གནས་ཐོབ་ནས། །འདུལ་བ་བཞི་ཡི་ཆོ་འཕྲུལ་སྣ་ཚོགས་དང༌། །ལྷན་ཅིག་མི་འཇིགས་སེང་གེའི་ང་རོ་ཡིས། །ཞི་བའི་ལམ་བཟང་གཞན་ལ་སྟོན་གྱུར་ཅིག ༤༠ །ལེགས་བྱས་བརྩམས་པའི་བྱེད་པོ་གཙོར་གྱུར་པའི། །འདི་ལ་རང་གཞན་འབྲེལ་ཐོགས་གང་མཆིས་པ། །སྐྱེ་དང་ཚེ་རབས་ཇི་སྙེད་དེ་སྙེད་དུ། །འཇམ་མགོན་བླ་མས་རྗེས་སུ་འཛིན་གྱུར་ཅིག ༤༡ །རྒྱལ་ཀུན་དགོངས་གཅིག་བཀའ་དང་བསྟན་བཅོས་ནི། །འདི་དང་འདི་འདྲར་ཐོས་བསམ་སྒོམ་པས་ཞུགས། །ཕན་བདེའི་འབྱུང་གནས་བྱང་ཆུབ་མཆོག་གི་སེམས། །སྐྱེ་བ་ཀུན་ཏུ་སྙིང་ལ་སྐྱེ་གྱུར་ཅིག ༤༢ །དེ་དང་དེ་ཚེར་ཐུབ་ཚུལ་མདོ་སྔགས་ཀྱི། །བསྟན་པ་རིན་ཆེན་གོང་དུ་སྤེལ་བ་ལ། །མཁས་ཚུལ་གསུམ་གྱིས་བྱ་བ་བྱེད་པ་ཡི། །བསྟན་པ་འཛིན་པའི་སྐྱེས་བུ་ཉིད་གྱུར་ཅིག ༤༣ །ས་དང་ལམ་གྱི་སྤངས་རྟོགས་མཐར་ཕྱིན་ཏེ། །སྐུ་བཞི་ཡེ་ཤེས་ལྔ་ཡི་


LT09,P237B
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་ཆེ། །རྒྱལ་བ་ཉི་མ་ཆེན་པོའི་གོ་འཕང་གིས། །འགྲོ་བའི་སྡུག་བསྔལ་མུན་པ་སེལ་གྱུར་ཅིག ༤༤ །ཚེ་འདིར་ཚེ་རིང་ནད་མེད་ཆོས་མཐུན་གྱི། །འབྱོར་པས་ཕྱུག་ཅིང་བྱ་བ་ལས་ཀྱི་སྒོ། །བཟང་ངན་བར་མའི་འདུ་བྱེད་ཇི་སྙེད་པས། །བསྟན་དང་འགྲོ་ལ་ཕན་པ་འབྱུང་གྱུར་ཅིག ༤༥ །སེམས་ཀྱི་པདྨོ་ཐོས་པའི་འཁོར་ལོ་སྔོན་འགྲོ་བསམ་པའི་དོན་བཟང་བདུད་རྩི་ཡིས། །བློ་གྲོས་བུམ་པ་ཡོངས་སུ་གཏམས་ལས་ཤེས་རབ་རྒྱལ་མཚན་ཞི་དབྱིངས་སྒྲེང་བ་ཡིས། །རྣམ་དཔྱོད་སྣ་ཚོགས་གསེར་ཉ་འཁྱུག་ཅིང་སྙིང་རྗེའི་གདུགས་དཀར་མཁའ་དཀྱིལ་ཁྱབ་པར་བཀོད། །ཐུགས་ཀྱི་དཔལ་བེ་ལས་བྱུང་ཆོས་དང་སྒྲ་ཡིས་ཀུན་ལ་ཁྱབ་པའི་བཀྲ་ཤིས་ཤོག ༤༦ །དགོས་འབྱུང་བསྟན་བཅོས་ཁྱིམ་བདག་འདི་ཡིས་འདོད་རྒུའི་མཆོག་སྟེར་སྙིང་རྗེའི་བཙུན་མོ་ལང་ཚོ་རྫོགས། །ཤེས་རབ་བློན་པོས་ཞི་བ་སྩལ་ཞིང་ཟུང་འཇུག་ནོར་བུས་རྒྱལ་བའི་


LT09,P238A
[མ་དཔེ་གཟིགས་ན་འདིར་གནོན།]

གོ་འཕང་ཕུན་ཚོགས་སྦྱིན། །ཐེག་ཆེན་གླང་པོ་མཁའ་ཁྱབ་བཀོད་པའི་གཞུང་ལུགས་རྒྱལ་པོ་མཁས་ཀུན་ངག་གི་རྟར་ཞོན་ནས། །སྟོང་ཉིད་འཁོར་ལོས་མཐར་འཛིན་འདུལ་ཞིང་གླིང་བཞིའི་མཁའ་ལ་རྟག་ཏུ་འགྲོ་བའི་དགེ་ལེགས་ཤོག ༤༧ །རྨོངས་སོགས་དུག་གསུམ་གཞིལ་ལ་གི་ཝཾ་སྨན་མཆོག་སྡུག་བསྔལ་ནད་སེལ་བཀྲ་ཤིས་ཞོ་ཡི་བཅུད། །སྲིད་པའི་རིམས་འཕྲོག་གཡས་འཁྱིལ་དུང་དཀར་ཚིག་སྙན་དོན་ཟབ་ཡོངས་རྫོགས་བསྟན་པ་དཱུརྦའི་ལྗོན། །སྐྱེས་སྦྱོར་གྱིས་གཙང་མཁས་པའི་མེ་ལོང་ཤེས་བྱ་ལི་ཁྲིའི་ཐིག་ལེ་འཛིན་པས་ཀུན་ཁྱབ་མཐུས། །འབྲས་ལྡན་བིལྦས་གཞན་དོན་གྲུབ་བའི་ཡུངས་ཀར་གྱིས་སྲུང་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་ཤོག ༤༨ །ཅེས་པའང་འཇམ་མགོན་བླ་མ་རྣམ་གཉིས་ཀྱིས་རྗེས་སུ་བཟུང་བ་བནྡེ་ལྷག་བསམ་རྒྱལ་མཚན་གྱིས་ཞུས་དག་དང་བཅས་བྲིས་པ་དགེ་ལེགས་འཕེལ།། །།སརྦ་དཱ་སིདྡྷིརྦྷ་བ་ཏུ། །


previousབཅུ་པ། མཐར་ཕྱིན་འབྲས་བུའི་རང་བཞིན་རིམ་པར་ཕྱེ་བ།no next