Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་གཉིས་པ།  མཆོག་གསང་ལམ་ཁྲིད་ཆེན་མོ།
   
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་གཉིས་པ། མཆོག་གསང་ལམ་ཁྲིད་ཆེན་མོ།next

གདམས་ངག་མཛོད་པོད་གཉིས་པ།
མཆོག་གསང་ལམ་ཁྲིད་ཆེན་མོ།


LT11_Page_124A
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསང་ལམ་ཁྲིད་ཆེན་མོ་བཞུགས་སོ།། །།


LT11_Page_124B
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ཨཱཿཧཱུྃ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཐིག་ལེ་གསང་བ་ཡི་གེ་མེད་པ་ལས། །ཁྲིད་ཀྱི་རིམ་པ་ངོ་སྤྲོད་ཟབ་མོའི་གནད། །གཅིག་ཏུ་བསྡུས་པ་ཕྱི་རབས་དོན་དུ་བྲི། དེ་ལ་གསུམ་ལས། སྔོན་འགྲོ་ཉམས་སུ་བླང་བ་ལ་བདུན་གྱི་དང་པོ་བླ་མའི་རྣལ་འབྱོར་ནི། སྣང་སྲིད་ཀུན་ཏུ་བཟང་པོའི་ཞིང་དུ་གསལ་བའི་ངང་ལས། རྩ་བ་དང་བརྒྱུད་པའི་བླ་མ་རྣམས་སྤྱི་བོར་བསམ་ལ་གསོལ་བ་གདབ་བོ། །གཉིས་པ་མཎྜལ་ནི་གླིང་བཞི་རི་རབ་དང་བཅས་པའི་ཚོམ་བུ་བཀོད་ལ་སངས་རྒྱས་ཀྱི་ཞིང་དང་ལྷ་མིའི་ལོངས་སྤྱོད་དུ་བསམ་ལ་དབུལ་ལོ། །གསུམ་པ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ནི། རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཐུགས་ཀར་ཡི་གེ་བརྒྱ་པ་བསམ་ལ་བཟླའོ། །བཞི་པ་ཚེ་མི་རྟག་པའི་ལམ་ཁྱེར་ནི། ཕྱི་དུས་བཞིའི་འགྱུར་བ། ནང་ཕུང་པོ་འགྱུར་བ། གསང་བ་བར་དོ་ཡིན་པའི་འདུ་ཤེས་བསྒོམ་མོ། །ལྔ་པ་འཁོར་བའི་སྐྱོ་ཤས་ནི། འགྲོ་དྲུག་སོ་སོའ་སྡུག་བསྔལ་ལ་བསམ་མོ། །དྲུག་པ་བྱང་


LT11_Page_125A
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་སེམས་བསྒོམ་པ་ནི། ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ལ་ཕར་རང་གི་བདེ་བ་བྱིན་པ་དང་། དེ་དག་གི་སྡུག་བསྔལ་ཚུར་རང་ལ་བླང་བ་གཉིས་སྤེལ་བར་བསྒོམས་ལ། སྙིང་རྗེ་ཆེན་པོ་བསྒོམ་པའོ། །བདུན་པ་གཟུང་འཛིན་སེམས་ཀྱི་རྩ་བ་བཅད་པ་གསུམ་ལས། དང་པོ་ཕྱི་གཟུང་བའི་ཡུལ་ལྔར་རང་བཞིན་མེད་པར་སྦྱང་བ་ནི། འདི་ལྟར་ཡུལ་ལྔར་སྣང་བའི་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟར་མེད་བཞིན་སྣང་བ་ཡང་། སྣང་བའི་དུས་འདི་ཉིད་ནས་རྟེན་མེད་པ། གནས་མེད་པ་ནམ་མཁའི་རང་བཞིན་དུ་བསྒོམ་མོ། །ནང་འཛིན་པ་སེམས་ཀྱི་རྩ་བ་བཅད་པ་ལ། དགག་སྒྲུབ་རྟོག་ཚོགས་སུ་ཤར་བའི་སེམས་འདི་ཉིད། དང་པོ་བྱུང་ས་དང་། བྱུང་མཁན་དང་། བར་དུ་གནས་ས་དང་། གནས་མཁན་དང་། ཐ་མར་འགྲོ་ས་དང་འགྲོ་མཁན། དབྱིབས་ཁ་དོག །ངོ་བོ་ངོས་བཟུང་བརྟགས་པས་སེམས་ཉིད་ནམ་མཁའ་ལྟར་རྟོགས་པ་ནི། འཁོར་འདས་མཉམ་པ་ཉིད་དུ་བསྟན་པོའོ། །སྔོན་འགྲོ་དེ་དག་ཤིན་ཏུ་འབྱོངས་པ་


LT11_Page_125B
[མ་དཔེ་གཟིགས་ན་འདིར་གནོན།]

གཅེས་སོ། །གཉིས་པ་དངོས་གཞི་ངོ་སྤྲད་པ་ལ་གཉིས་ལས། ཀ་དག་ཆོས་སྐུར་ངོ་སྤྲོད་པས་ད་ལྟ་ཉམས་སུ་མྱོང་བ་ནི། ཚོགས་གཏོར་བཤམ། གསོལ་བ་གདབ། ལུས་གནད་བཅའ་བརྒྱུད་པའི་གཤར་བཏབ་ནས། བརྡ་སྦྱར་བ་ནི། ད་ལྟར་གྱི་རང་རིག་ཟང་ཐལ་རྗེན་པའི་ངོ་བོ་འདི་ལ་ལྟོས་དང་། གསལ་བ་ལ་འཛིན་པ་མེད་པ། སྟོང་པ་ལ་བདག་མེད་པ། རིག་པ་ངོས་བཟུང་མེད་པ་འདི་ཆོས་སྐུ་ཡིན་པས། འདིའི་ངང་ལ་མ་ཡེངས་བཅོས་བསླད་མེད་པར་རང་སོར་སྐྱོངས་ཤིག །ཅེས་ཐེབས་པར་གདབ་བོ། །ལྷུན་གྲུབ་འོད་གསལ་དུ་ངོ་སྤྲོད་པས་བར་དོར་གྲོལ་བར་བྱེད་པ་ལ། མཐོང་ཁར་ཉི་ཞུར་ལ་ཤེལ་གྱིས་མཚོན་ཏེ། ཡེ་ཐོག་གཞིའི་གནས་ལུགས། ཀུན་ཏུ་བཟང་པོའི་གྲོལ་ལུགས། མ་རིག་སེམས་ཅན་གྱི་འཁྲུལ་ལུགས། །སེམས་དང་ཡེ་ཤེས་ཀྱི་གནས་ལུགས། །གདམས་པ་ཉམས་ལེན་གྱི་བྱེད་ལུགས། །བར་དོ་འོད་གསལ་གྱི་གྲོལ་ལུགས་རྣམས་ངོ་སྤྲད་རྟིང་། སྐར་ཁུང་བཀག་ལ། མི་མོ་ལ་བརྟེན་ནས་ཞུགས་གནས་དོན་གསུམ་གྱི་ངོ་སྤྲོད་དང་། བརྡ་སྐོར་ས་ལ་བཀོད་པ། དེ་ཤེལ་གྱིས་བཏེག་ལ་དཔེ་དོན་རྟགས་གསུམ་གྱིས་ངོ་སྤྲད་ནས་སྐུ་གསུམ་ངོ་སྤྲད་པའང་ཤེལ་དང་ཉི་མ་འདྲ་འབག་གསུམ་ལ་བརྟེན་ནས། ཤེལ་ཆོས་སྐུ། འདྲ་འབག་ལོངས་སྐུ། ཉི་མ་ལས་ཟེར་འཕྲོས་པ་སྤྲུལ་སྐུའི་ངོ་སྤྲོད་རྣམས་ལག་ལེན་བརྒྱུད་པ་བཞིན་ངོ་སྤྲད་ནས། ཉི་ཞུར་ལ་ཤེལ་འཕྱར་བའི་ཞུར་གྱིས་སྙིང་ནས་མིག་ཏུ་འབྲེལ་བའི་རྩ་ལམ་ངོ་སྤྲད་པ་དང་། སེམས་དང་ཡེ་ཤེས་རྒྱབ་གྱེས་པའི་དུས་ངོ་སྤྲད་པ་དང་། བར་དོའ་གཞི་སྣང་ངོ་སྤྲོད་པ་དང་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པས་ནང་གསལ་ཆོས་སྐུར་བཞུགས་བཞིན་དུ། ཕྱི་གསལ་ལོངས་སྤྲུལ་གྱིས་གཞན་དོན་མཛད་པ་དང་


LT11_Page_126A
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་རྣམས་གཟབས་ལ་ངོ་སྤྲད་པ་དང་། འདི་རྣམས་སྙན་བརྒྱུད་གསུམ་ཀ་རྫོགས་པའི་ལམ་ཁྲིད་ཆེན་མོ་ཡིན་ནོ། །གསུམ་པ་རྗེས་རྒྱབ་ཆོས་ནི། རྒྱས་བསྡུས་ཅི་རིགས་བཤད་ནས་བཀའ་རྒྱས་གདབ་པར་བྱའོ། །དེ་ལྟར་སྙན་བརྒྱུད་ཡི་གེ་མེད་པ་ཡི། །ལམ་ཁྲིད་ཆེན་པོ་བཀོད་པའི་བསོད་ནམས་དེས། །མ་ལུས་འགྲོ་ཀུན་ཐེག་མཆོག་འདིར་ཞུགས་ཏེ། །རྒྱལ་མཆོག་ཀུན་ཏུ་བཟང་པོའི་གནས་ཐོབ་ཤོག །ཡི་གེ་མེད་པའི་སྙན་བརྒྱུད་མཆོག་ཏུ་གསང་བའི་ལམ་ཁྲིད་ཆེན་མོ་ཞེས་བྱ་བ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་སྣ་ཚོགས་རང་གྲོལ་གྱིས་བཀོད་པ་རྫོགས་སོ།། །།དགེའོ། །ལག་ཁྲིད་སྙིང་པོ་བཞུགས་སོ། །ལག་ཁྲིད་སྙིང་པོ་ཞེས་བྱ་བ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྐུ་གསུམ་ལྷུན་གྲུབ་ཕྲིན་ལས་འོད་སྟོང་འཕྲོ། །རིམ་གསུམ་རིམ་བརྒྱུད་བླ་མའི་ཞབས་བཏུད་དེ། །ཐིག་ལེ་འོད་གསལ་ཉམས་སུ་བླང་བའི་དོན། །ལག་ཁྲིད་སྙིང་པོ་ཡང་ཟབ་མན་ངག་བྲི། །འདི་ལ་གསུམ་སྟེ། ལུས་གནད་ངེས་པས་གཞི་བཅའ། རླུང་གནད་ངེས་པས་ལམ་བཙལ། རིག་གནད་ངེས་པས་གནད་དུ་བྱ་བའོ། །དང་པོ་ལ་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། འདུ་འབྲལ་མེད་པའི་ལྟ་སྟངས་དང་བཞི་ལས། ཆོས་སྐུ་སེང་གེ་ལྟ་བུ་ནི། ལུས་འགྱིང་ཚུགས་སུ་འདུག །ལག་སོར་གཉིས་བསྒོངས་པ་ལ་གློ་གཡས་གཡོན་གྱི་ས་ལ་བཙུགས། རྩལ་མཇིགས་པ་ལ་བཀལ་ལ་མིག་ནམ་མཁར་གཏད་པའོ། །ལོངས་སྐུ་གླང་པོ་ཆེ་ལྟ་བུ་ནི། བ་སྤུ་བསལ་པུས་བྲང་སྦྱར། ལག་པའི་གྲུ་མོ་ས་ལ་བཙུགས། ཐལ་མོ་མགྲིན་པ་ལ་བཀབ་པའོ། །སྤྲུལ་སྐུ་དྲང་སྲོང་ལྟ་བུ་ནི། པུས་བྲང་ལ་སྦྱར། ཙོག་


LT11_Page_126B
[མ་དཔེ་གཟིགས་ན་འདིར་གནོན།]

པུར་འདུག་པའི་པུས་མོའི་སྟེང་དུ་གྲུ་མོ་བསྣོལ་བའོ། །འདུ་འབྲལ་མེད་པ་རྡོ་རྗེ་ལྟ་བུ་ནི། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཤེས་པས། རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་གཞག །རྒལ་ཚིགས་དོང་རྩེ་བརྩེགས་པ་ལྟར་བསྲང་། མཇིང་པ་ཅུང་ཟད་དགྱེད་ལ་རྒལ་ཚིགས་དེ་དང་མཐུན་པར་བྱེད་པས་དབུ་ཚུགས་པའོ། །དེས་དྲན་རྟོགས་རང་འགག་རླུང་རང་ངག་ཏུ་འཆིང་བའོ། །ལུས་གནད་འདི་བཞི་གང་མོས་ལས་གཞི་ཆེར་རྡོ་རྗེ་བཅའ་བ་ལ་བསླབ་པར་བྱའོ། །གཉིས་པ་རླུང་གནད་ངེས་པས་ལམ་བསལ་བ་ལ། འཕངས་པ། བཟུང་བ། དགུག་པ། བསྐྱིལ་བ་དང་བཞི་ལས། དང་པོ་ནི། འཕངས་པ་ནི་ཕྱི་ན་དལ་བུས་ཇི་ཙམ་འགྲོ་འགྲོ་རིང་དུ་འགྲོར་འཇུག་པའོ། །གཟུང་བ་ནི་དར་ཅིག་ཕྱིར་སོང་བ་དེ་ནང་དུ་མི་གཏད་པ་དེའི་ངང་ལ་ཐུབ་ཐང་བཟུང་ངོ་། །དགུག་པ་ནི། དེ་ནས་དལ་བུས་ནང་དུ་འཇུག་པའོ། །བསྐྱིལ་བ་རང་བབས་སུ་ཇི་ཙམ་ནང་དུ་གནས་གནས་འཇོག་པའོ། །སེམས་ཀྱི་རྟ་རླུང་ཡིན་པས། རླུང་ཟིན་དུས་སེམས་ཟིན་ལ། རླུང་ཕྱིར་དངོས་སུ་བཟུང་བས། ནང་དུ་ཤུགས་ལ་ཟིན་པ་ནི་ངོ་མཚར་བའི་གནད་དོ། །དེ་ཡང་དལ་བ་ཁོ་ན་གཅེས་ཏེ། ཆེད་དུ་རྩོལ་བ་ཐམས་ཅད་གེགས་སུ་འགྱུར་ལ། རྩོལ་མེད་རང་འགྲོས་ལ་གེགས་འབྱུང་མི་སྲིད་དེ། ཐ་མལ་རང་འགྲོས་སུ་འགྱུ་བ་ལ་གེགས་མེད་པ་བཞིན་ནོ། །ཡོན་ཏན་ཤེས་པ་ཡོད་པ་དལ་བའི་གནད་ཤེས་པ་ལས་བྱུང་བའོ། །དེ་ཡང་རིག་པ་སྐྱོང་བའི་གནད་དུ། རླུང་ཁོ་ན་གལ་ཆེ་བར་གསུངས་པ་ཡིན་ནོ། །སྣང་བའི་འཕེལ་དང་ཟད་པ་ཐམས་ཅད་རླུང་ལ་རག་ལས་པའི་ཕྱིར་རོ། །རླུང་དང་པོར་ཟིན་པས་སྣང་བའི་འོད་གསལ་འཕེལ་ལོ། །རླུང་མཐར་དག་ཅིང་ཟད་པས་འོད་གསལ་ཕྱིར་བསྐྱོད་པའི་རྟ་


LT11_Page_127A
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྲལ་ཏེ། ནང་ཐིམ་ཟད་པའོ། །གནད་འདི་ནི་ཤིན་ཏུ་ཆེ་བར་ཡོད་པས་མཁས་པ་རྣམས་ཀྱིས་ཤེས་པར་བྱའོ། །ཁྱད་པར་དུ་ཉོན་མོངས་པ་དྲག་པོ་སྐྱེས་པ་དང་། སྙིང་མི་དགའ་ཞིང་ཚིག་པ་ཟ་དུས་ཧའི་སྒྲ་དང་བཅས་པས་ཕྱིར་ལ་སྤུར་བས་རང་སངས་ལ་འགྲོའོ། །དད་པ་དང་ཏིང་ངེ་འཛིན་ལ་སོགས་བཟང་པོ་སྐྱེས་དུས་ནང་དུ་བཟུང་བས་གོང་འཕེལ་དུ་འགྲུབ་སྟེ་གནད་ཀྱི་མན་ངག་གོ །གསུམ་པ་རིག་གནད་ངེས་པས་གནད་དུ་བྱ་བ་ལ། སྒོ་ཡི་གནད། ཡུལ་གྱི་གནད། རིག་པའི་གནད་གསུམ་པས། སྒོ་ཡི་གནད་གཟིགས་སྟངས་གསུམ་སྟེ། ཉན་ཐོས་ཞི་བ་ཐུར་དུ་བལྟ་བ། བྱང་ཆུབ་སེམས་དཔའ་ཐད་དུ་བལྟ་བ། དེ་བཞིན་གཤེགས་པ་གྱེན་དུ་བལྟ་བའོ། །འདི་དག་ལ་མིག་རང་བབས་ཆ་དལ་གྱི་རྩོལ་མེད་དུ་བྱ་བ་གནད་དུ་ཆེའོ། །མིག་དྲག་ཏུ་ཧུར་བཏོན་པས་མིག་ན་ཞིང་མཆི་མ་འབབ། མིག་ཤས་ངན་པས་ལྟ་སྙིང་མི་འདོད་པར་འགྱུར་རོ། །ཆ་བབས་ལ་དལ་བས་གཟིགས་སྣང་འཕེལ་ཞིང་སྐྱོན་ལས་གྲོལ་བ་ཡིན་ནོ། །ཡུལ་གྱི་གནད་ནམ་མཁའ་སྤྲིན་དང་བྲལ་བའི་དཀྱིལ་དུ་བལྟ་བ་སྟེ། དབྱིངས་ཀྱི་གནད་ས་གཅིག་ལས་མ་འཆུགས་པ་ཁོ་ན་གནད་དུ་ཆེའོ། །རེས་དེར་བལྟ། རེས་དེར་བལྟ་བྱས་ན་སྣང་བ་ལ་འཆར་བའི་ཡུལ་མེད་དོ། །དེས་ན་གཅིག་ཏུ་བལྟ་བ་གནད་དོ། །རིག་པའི་གནད་སྒོ་གཞན་ལ་མ་ཤོར་བར། མིག་ཁོ་ན་ནས་དྭངས་ཕྱིན་པར་ལམ་སྟོན་ནས། ནམ་མཁའི་དཀྱིལ་དེར་ཙེ་རེ་མ་ཡེངས་པར་གཏད་པས། དྲན་རྟོག་ཡལ་ཡུལ་ཇི་ཤར་བ་གཅིག་ལས་མ་འབགས་པ་བྱང་བུ་ལ་བརྟོད་པ་འཕར་བ་བཞིན་དྭངས་ཟིན་ནས། ཐོག་མར་འོད་དཀར་ཆེམ་དང་། ཁྱུག་ཁྱུག་ལས། འོད་ལྔ་རང་ཐིག་ལེར་སྣང་སྟེ།


LT11_Page_127B
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ནང་དུ་མིག་གཏད་པས་ཕྱི་འོད་དུ་གསལ་བ། ནང་དྭངས་སང་ཕྱེད་པ། བར་འཛིན་མེད་ཕྱལ་བ་གསུམ་དུས་གཅིག་ལ་འོང་སྟེ། ཕྱི་སྣང་བའི་འོད་གསལ་ཀུན་རྫོབ་བསྐྱེད་པའི་རིམ་པ་ཐབས་སུ་སྣང་བ་ལ། ནང་སྟོང་པའི་འོད་གསལ་དོན་དམ་རྫོགས་པའི་རིམ་པ་ཞེས་རབ་ཏུ་ཤར་བས། རིག་པ་ཆོས་སྐུའི་རང་མལ་དུ་རང་ས་ཟིན་པའོ། །འདིའི་དུས་སུ་རིག་པ་རང་མལ་དུ་གནས་པ་རྒྱལ་པོ་གདན་ལས་མི་འགྱུར་བ། རླུང་བག་ལ་ཞ་བས་དྲན་རྟོག་འཕྲོ་འདུ་མེད་པས་བློན་པོ་བཙོན་དུ་ཟིན་པ། སྒོ་ལྔ་གཞན་དུ་མ་ཡེངས་པར་འོད་གསལ་མཁའ་ལ་ཤར་བས་དམངས་ཆམ་ལ་འབབ་པ་གསུམ་བྱུང་སྟེ། དགོངས་པ་ཆོས་ཉིད་ཀྱི་ངང་དང་འདུ་འབྲལ་མེད་པས། སྟོང་གསལ་འགག་མེད་ཀྱི་རིག་པ་སྐུ་གསུམ་ལྷུན་གྲུབ་ཏུ་རང་སོར་གནས་པ་དེ་བསླབ་བྱ་དོན་གྱི་ངོ་བོར་མངོན་དུ་གྱུར་པའོ། །དེ་ལ་ཉིན་མཚན་བསྒོམ་པ་ལས། འཁོར་འདས་རེ་དོགས་མེད་པས། དུས་བཞི་ཆོས་ཉིད་ལས་མི་གཡོ་བ། མཁའ་འགྲོས་ལུང་བསྟན་པ་ལ་སོགས་པ་སྒོམ་ཚད་སྟོན་པའི་ཡོན་ཏན་མངོན་དུ་ཐོབ་པའོ། །དེ་ལྟར་སྒོམ་པ་རབ་རྣམས་བག་ཆགས་ཀྱི་སྦུབས་དག་ནས་ཡེ་ཤེས་འོད་ཀྱི་སྦུབས་སུ་སྣང་བ་ལས། ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་ཚེ་འདིར་འཇུག་པར་འགྱུར་རོ། །འབྲིང་རྣམས་ཆོས་ཉིད་ཀྱི་འོད་གསལ་རང་ངོ་ཤེས་ནས་ཡེ་ཤེས་འོད་ཀྱི་སྦུབས་སུ་ལྷུན་གྲུབ་ཀྱི་སྦུབས་སུ་གྲོལ་ཏེ་རིག་པས་རང་ས་ཟིན་ནོ། །སྒོམ་པ་ཐ་མ་རྣམས་ཕྱི་མ་ཆོས་འདི་དང་འཕྲད་ནས་སངས་རྒྱས་པའི་ཕྱིར། གསང་བ་གནད་ཀྱི་མེ་ལོང་སངས་རྒྱས་ལག་བཅངས་སུ་གཏོད་པའི་གདམས་པ་ཞེས་བྱ་བའོ། །ཚུལ་འདི་གསང་ཆེན་ངེས་པའི་གནད་བསྡུས་ནས། །སྣ་ཚོགས་རང་སར་གྲོལ་བའི་རྣལ་འབྱོར་པས། །གངས་རི་ཐོད་དཀར་མགུལ་དུ་


LT11_Page_128A
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བཀོད། །དགེ་བས་འགྲོ་ཀུན་མ་ལུས་སངས་རྒྱས་ཤོག །ལག་ཁྲིད་སྙིང་པོ་ཞེས་བྱ་བ། །རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་སྦྱར་བ་རྫོགས་སོ། །དགེའོ། །དགེའོ། །དགེའོ།། །།


previousགདམས་ངག་མཛོད་པོད་གཉིས་པ། མཆོག་གསང་ལམ་ཁྲིད་ཆེན་མོ།next