Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་གཉིས་པ།  རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ་གྱི་ལམ་རིམ་སྙིང་པོའི་དོན་ཁྲིད།
   
   
   
   


 
previousགདམས་ངག་མཛོད་པོད་གཉིས་པ། རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ་གྱི་ལམ་རིམ་སྙིང་པོའི་དོན་ཁྲིད།next

གདམས་ངག་མཛོད་པོད་གཉིས་པ།
རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ་གྱི་ལམ་རིམ་སྙིང་པོའི་དོན་ཁྲིད།


LT11_Page_188A
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ་གྱི་ལམ་རིམ་སྙིང་པོའི་དོན་ཁྲིད་ཅེས་བྱ་བ་བཞུགས་སོ། །


LT11_Page_188B
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ་གྱི་ལམ་རིམ་དོན་ཁྲིད་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་ཡེ་ནས་མ་སྐྱེས་ཤིང་། །བརྗོད་མེད་བསམ་འདས་གཉིས་མེད་ཆོས་ཀྱི་སྐུ། །སེམས་ཉིད་རྒྱལ་པོ་རང་བྱུང་ཀུན་ཏུ་བཟང་། །གཞི་རྫོགས་འཕོ་འགྱུར་མེད་ལ་ཕྱག་འཚལ་ལོ། །རྣལ་འབྱོར་འབྲས་བུ་ཚེ་གཅིག་ངེས་པའི་ལུང་། །དམ་པ་རྣམས་ཀྱི་བྱིན་རླབས་མངོན་སུམ་པ། །གང་ཤར་རང་གྲོལ་སྤང་བླང་མེད་པའི་དོན། །ཁྲིད་དུ་སྡེབ་ནས་བདག་གིས་བཤད་པར་བྱ། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་དེས། འགྲོ་བའི་ཁམས་དང་དབང་པོའི་རིམ་པར་བསྟུན་ཏེ། ཐེག་པའི་སྒོ་དང་ཆོས་ཀྱི་རྣམ་གྲངས་དཔག་ཏུ་མེད་པར་གསུངས་པའི་དོན། རིག་པ་བྱང་ཆུབ་ཀྱི་སེམས་སུ་འདུས་ཤིང་། །དེ་ཉིད་ཉམས་སུ་ལེན་པའི་གདམས་པ་མང་ཡང་མཐར་འཛིན་གྱི་ཞེན་པས་བཅིངས་ཏེ་ཚེ་འདིར་གྲོལ་བའི་ལམ་ཉུང་


LT11_Page_189A
[མ་དཔེ་གཟིགས་ན་འདིར་གནོན།]

བས། འདིར་བླང་དོར་གཞི་གྲོལ་ལ་སྐད་ཅིག་གིས་འགྲོ་བའི་ཐབས་མཆོག་ཏུ་གསང་བ་རྫོགས་ཆེན་སེམས་ཉིད་རང་གྲོལ་གྱི་གདམས་ངག །ཐེག་པ་ཀུན་ལས་འདས་པའི་རང་བཞིན་ངེས་པར་བྱ་བ་ལ་གསུམ་ལས། བླ་མ་བརྒྱུད་པའི་རིམ་པ། དེ་ལས་བྱུང་བའི་གདམས་པ་རྩིས་ཆེ་བ་བཀའ་རྒྱས་གདབ་པའོ། །དང་པོ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། ཆོས་སྐུ་ཀུན་ཏུ་བཟང་པོས། ལོངས་སྐུ་སྣང་བ་མཐའ་ཡས་ལ་གསུངས། དེས་སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསུངས། དེས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསུངས། དེས་གུ་རུ་ཤྲཱི་ལ་མ་ཏ་ལ་གསུངས། དེས་མཁས་གྲུབ་བདེ་ལེགས་རྒྱ་མཚོ་ལ་གསུངས། དེས་ཆོས་རྗེ་སྨོན་ལམ་འོད་ཟེར་ལ་གསུངས། དེས་བདག་ལ་གནང་བའོ། །གཉིས་པ་དེ་ལས་བྱུང་བའི་གདམས་པ་ལ། ཚེ་འདིར་ཉམས་ལེན་རང་གྲོལ་གྱི་གདམས་པ། བར་དོར་འཆར་གཞི་འོད་གསལ་གྱི་གདམས་པ། མཐར་ཕྱིན་འབྲས་བུའི་གདམས་པ་


LT11_Page_189B
[མ་དཔེ་གཟིགས་ན་འདིར་གནོན།]

དང་གསུམ་ལས། དང་པོ་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། སྔོན་དུ་འགྲོ་བའི་ཆོས་བདུན་གྱི་དང་པོ། བྱིན་རླབས་འཇུག་པ་བླ་མའི་ལམ་ཁྱེར་ནི། གདན་བདེ་བ་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། སྐད་ཅིག་གིས་རང་གི་སྤྱི་བོའ་གཙུག་ཏུ་པདྨ་དང་ཉི་ཟླའི་སྟེང་དུ། སློབ་དཔོན་པདྨ་འབྱུང་གནས་རྩ་བའི་བླ་མ་དང་ཐ་མི་དད་པ་མཚན་དང་དཔེ་བྱད་འབར་ཞིང་། ཧེ་རུ་ཀའི་ཆ་བྱད་ཅན། སྐུ་མདོག་མཐིང་ཀ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རིན་པོ་ཆེ་དང་རུས་པས་བརྒྱན་པའི་པང་དུ། མཁར་ཆེན་གཟའ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། མཐའ་སྐོར་རྣམས་སུ་བརྒྱུད་པའི་བླ་མ་ཐམས་ཅད་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་དཔའ་མོ་དཔག་ཏུ་མེད་པ་བསམས་ལ། ཡིད་ཀྱིས་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་རྣམས་བྱས་ལ། བླ་མ་རིན་པོ་ཆེ་བདག་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས་ཤིང་། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་ནས། ཚེ་འདི་ཉིད་ལ་སངས་རྒྱས་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པ་ལ་སོགས་པ་རྗོད་པས། བླ་མ་རྣམས་ཀྱི་སྐུ་ལས་འོད་བྱུང་། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག །སྣང་སྲིད་ཐམས་ཅད་བླ་མའི་རང་བཞིན་དུ་གྱུར་ནས་དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་འོད་ཟེར་བདག་གིས་སྤྱི་བོ་ནས་ལུས་ཀྱི་ནང་དུ་ཞུགས་པས་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐད་ཅིག་རང་གྲོལ་གྱི་རྟོག་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བསམ་ཞིང་། རླུང་དར་ཅིག་བཟུང་ནས་


LT11_Page_190A
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་རྒྱ་བསྐྱེད་ལ་བསྒོམ་མོ། །རྗེས་ལ་སྒྱུ་མའི་ངང་ནས་བསྔོ་བ་བྱའོ། །དེ་ལྟར་ཞག་བདུན་དུ་སྦྱངས་པས། བླ་མ་འགྲུབ་པའི་རྟགས་དང་བྱིན་རླབས་ཁྱད་པར་ཅན་གློ་བུར་འཇུག་པར་འགྱུར་རོ། །གཉིས་པ་ཚོགས་ཆེན་གཉིས་རྫོགས་མཎྜལ་གྱི་ལམ་ཁྱེར་ནི། མདུན་གྱི་ནམ་མཁར་བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་བསམ་ལ་མཎྜལ་ཚོམ་བུ་ཅི་འགྲུབ་དུ་བཀོད་ལ། གླིང་བཞི་འཇིག་རྟེན་ཁམས་མཚོན་པ་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལ། ལྷ་དང་མིའི་འདོད་ཡོན་སྣ་ཚོགས་པས་གང་ཞིང་། ཕྱི་ནང་གི་མཆོད་སྤྲིན་རྒྱ་མཚོས་གང་སྟེ། ལུས་ལོངས་སྤྱོད་དགེ་བའི་རྩ་བའི་བར་ཐམས་ཅད་མགྲོན་རྣམས་ལ་ཕུལ་བས་ཤིན་ཏུ་མཉེས་པར་བསམ་ལ། མཎྜལ་ཕུལ་བ་ལ་ཉིན་མཚན་བདུན་བརྩོན་པར་བྱའོ། །དེས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་ནས། རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་དགོས་པ་ཡོད་དོ། ༈ །གསུམ་པ་སྒྲིབ་གཉིས་སྦྱང་བ་ཡི་གེ་བརྒྱ་པའི་ལམ་ཁྱེར་ནི། སྐད་ཅིག་གི་སྟོང་པའི་ངང་ལས། རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། རིན་པོ་ཆེས་བརྒྱན་ཅིང་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་པད་ཟླའི་དབུས་སུ་ཧཱུྃ་གི་མཐར་ཡི་གེ་བརྒྱ་པས་བསྐོར་བ་ལས་འོད་ཟེར་བྱུང་བས། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་དག་པར་བསམ་ཞིང་ཡི་གེ་བརྒྱ་པ་ཅི་འགྲུབ་བཟླས་པ་ཞག་བདུན་གྱི་བར་བྱའོ། །དེས་ནི་ལས་ངན་པའི་སྒྲིབ་པ་བྱང་ཞིང་། གནས་ལུགས་མྱུར་ཏུ་རྟོགས་པའི་དགོས་པ་ཡོད་དོ། ༈ །བཞི་པ་ངེས་འབྱུང་སྐྱོ་ཤས་སྐྱེས་པས། ཚེ་མི་རྟག་པའི་ལམ་


LT11_Page_190B
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་ནི། དལ་འབྱོར་རིན་པོ་ཆེས་བརྒྱན་པའི་ཚེ་འདི་ཡང་མྱུར་ཏུ་མི་རྟག་འཇིག་པའི་ཆོས་ཅན་དུ་ངེས་ཏེ། ཕྱི་སྣང་བའི་ཡུལ་འདི་དག་ཀྱང་། ལོ་དང་ཟླ་བ་ཞག་དང་དུས་ཀྱིས་འགྱུར་ཞིང་མི་རྟག་ལ། སེམས་ཅན་ཐམས་ཅད་ཀྱང་འཆི་བ་ལས་མ་འདས། ཉེ་འབྲེལ་ཤི་བ་ཀུན་ལ་བསམ་པས་ཀྱང་རང་གི་ཚེ་མི་རྟག །རང་གི་ཉེ་བར་ལེན་པའི་ཕུང་པོ་འདི་ཡང་སོ་སོར་འབྲལ་ཞིང་གྱེས་ལ། ལྦུ་བ་རྡོལ་བ་དང་འདྲ། དེ་རིང་སང་ཙམ་ཡང་མི་འཆི་བའི་གདེངས་མེད་ན། འཆི་ངེས་སྙམས་པ་ནས། དེ་རིང་ནི་འཇིག་རྟེན་འདིའི་ཐ་མ་སྟེ། འབྱུང་བཞི་བསྡུད་ཅིང་ལུས་སེམས་བྲལ་བའི་ཚུལ་ཅན་ཡིན་ནོ་སྙམ་ནས་སྙིང་དུངས་དུངས་པ་ཞག་བདུན་བསྒོམ་པས། མི་རྟག་པ་རྒྱུད་ལ་སྐྱེ་ཞིང་བློ་སྣ་ཐུང་ངུར་བསྟུངས་པས། ཆོས་ལ་འཇུག་ཅིང་བརྩོན་པའི་དགོས་པ་ཡོད་དོ། ༈ །ལྔ་པ་ལམ་གྱི་སྔོན་དུ་འགྲོ་བ་སྐྱབས་འགྲོའི་ལམ་ཁྱེར་ནི། མདུན་གྱི་ནམ་མཁར་ཕྱོགས་བཅུའི་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་། ཉན་རང་དགྲ་བཅོམ་ལ་སོགས་དཀོན་མཆོག་གསུམ་བསྒོམས་ལ། དེ་རྣམས་སངས་རྒྱས་མ་ཐོབ་ཀྱི་བར་དུ་མགོན་དུ་བཟུང་བའི་བསམ་པས་བླ་མ་ལ་སོགས་པ་ལ་སྐྱབས་འགྲོ་ཅི་འགྲུབ་ཏུ་བརྗོད་པས། དེ་རྣམས་ཀྱི་ཕ་མ་བུ་ཚ་ལ་བརྩེ་བ་ལྟར་ལྷག་པའི་ཐུགས་རྗེས་གཟིགས་པར་བསམ་ཞིང་། སྙིང་ཁུང་རུས་པའི་གཏིང་ནས་སྐྱབས་འགྲོ་བྱས་པས། སེམས་ཅན་ཐམས་ཅད་ཀྱང་དི་རི་རི་སྐྱབས་སུ་འགྲོ་བའི་རྗེས་ཟློས་བྱེད་པར་བསམ་ཞིང་ཞག་བདུན་འབད་དོ། །དེས་ནི་ཆོས་བསྒྲུབ་པའི་བར་ཆོད་ཞི་བ་དང་། རྟོགས་པ་གོང་ནས་གོང་དུ་འཕེལ་བའི་དགོས་པ་ཡོད་དོ། ༈ །དྲུག་པ་ཆོས་ལམ་དུ་འགྲོ་བ་


LT11_Page_191A
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་ལམ་ཁྱེར་ནི། དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བཀོལ་སྤྱོད། མི་སྐྱེ་རྒས་ན་འཆི། ལྷ་མ་ཡིན་འཐབ་རྩོད། ལྷ་འཆི་འཕོ་ལྟུང་བའི་སྡུག་བསྔལ་ལ་སོགས་པ་མདུན་དུ་བསམས་ལ། དེ་དག་གི་སྡུག་བསྔལ་རྒྱུ་འབྲས་བསམས་ཏེ། འཁོར་བའི་རང་བཞིན་སྡུག་བསྔལ་ལས་མ་འདས་ཤིང་། སེམས་ཅན་འདི་རྣམས་གཏན་ཏུ་འཁོར་བའི་སྡུག་བསྔལ་གྱིས་ཉམས་ཐག་པ་འདི་རྣམས་བདག་གི་དགེ་བའི་རྩ་བ་དང་། ལུས་ལོངས་སྤྱོད་ལ་སོགས་པ་གནས་སྐབས་སུ་བདེ་བ་དང་འཕྲད། སྡུག་བསྔལ་དང་བྲལ་ཉེར་རིང་ཆགས་སྡང་མེད་པའི་ཚད་མེད་པ་བཞི་ལ་གནས་ཤིང་། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག་སྙམ་དུ་བསམ་ཞིང་ངག་ཏུ་ཡང་སེམས་བསྐྱེད་པའི་ཆོ་ག་མདོར་བསྡུས་པ་ཙམ་བླངས་ཏེ། མགོན་པོ་སྲས་དང་བཅས་རྣམས་དགོངས། །ཇི་ལྟར་དུས་གསུམ་རྒྱལ་བ་རྣམས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །ཇི་ལྟར་གསུངས་པའི་བསླབ་པ་ཡང་། །རིམ་པ་བཞིན་དུ་ལེགས་སློབ་ཅིང་། །འགྲོ་བའི་སྡུག་བསྔལ་ཀུན་བསལ་ཏེ། །ཅི་བྱས་གཞན་དོན་འགྱུར་བར་ཤོག །ཅེས་བརྗོད་ཅིང་འགྲོ་བའི་སྡུག་བསྔལ་བདག་གིས་བླང་ཞིང་བདག་གིས་བདེ་བ་སེམས་ཅན་ལ་སྦྱིན་པ་གཉིས་སྤལ་མར་སྦྱངས་ཏེ་སྙིང་རྗེ་དུངས་དུངས་པ་ཞག་བདུན་དུ་སྒོམ། དེས་ནི་ལུས་ངག་གི་རྩོལ་བ་ཐམས་ཅད་གཞན་དོན་འབའ་ཞིག་ཏུ་འགྱུར་བ་ཐེག་པ་ཆེན་པོའི་ལམ་དུ་འགྲོ་བའི་དགོས་པ་ཡོད་དོ། །བདུན་པ་གནས་ལུགས་རྟོགས་པ་བསྐྱེད་པ་ངེས་དོན་སྙིང་པོའི་ལམ་ཁྱེར་ལ། ཞི་གནས་བཙལ་


LT11_Page_191B
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མཐོང་བསྐྱེད་ཟུང་འབྲེལ་ངོས་བཟུང་བ་ལ་གསུམ་ལས། ༈ །དང་པོ་ནི། སྐྱིལ་ཀྲུང་བཅས་ཏེ་སེམས་ཀྱི་རྟོག་པ་སྔ་མ་འགགས། མ་འོངས་པ་མ་སྐྱེས། ད་ལྟར་ཤེས་པ་གང་ལའང་མི་རྟོག་པའི་ངང་ལ་མཉམ་པར་གཞག་པ་ཞག་བདུན་འབད་དོ། །དེས་ནི་ཐ་མལ་གྱི་ངན་རྟོག་སྒྲིབ་པར་འགྱུར་བ་རྣམས་མགོ་གནོན་པ་དང་། རིག་པ་དྭངས་སྙིགས་འབྱེད་པས་འཕྲལ་བྱུང་གང་ཤར་གྱི་ཤེས་པ་ངོས་ཟིན་སླ་བའི་དགོས་པ་ཡོད་དོ། །དེ་ནས་ལྷག་མཐོང་བསྐྱེད་པ་ནི། སེམས་ཀྱི་རྟོག་པ་སྣ་ཚོགས་སུ་འཕྲོ་འཕྲོ་བ་སྔོན་པས་རགས་པ་ལྟ་བུར་འཆར་བ་ལ་བརྟགས་ཏེ། འཕྲོ་བརྡོ་བའི་དུས་ཤིག་ལ། གང་ནས་བྱུང་བ་བཙལ་ཞིང་། ལུས་མགོ་འཇུག་བར་གསུམ་དུ་རྟོག་ཅིང་། རྟོག་པ་དེ་ཉིད་ཀྱང་དབྱིབས་ཁ་དོག་ངོས་བཟུང་བསྩལ་བས་གང་ནས་ཀྱང་མ་བྱུང་བས་སྐྱེ་བ་མེད་པའི་སེམས་ཉིད་རྩ་བ་དང་བྲལ་བའི་ངང་དུ་རྟོགས་པར་འགྱུར་རོ། །དེ་ནས་རྟོག་པ་དེ་ཉིད་འཕྲོ་བརྡོ་བའི་ཚེ། །ཕྱི་ནང་བར་གསུམ་གང་ན་གནས། ཁ་དོག་ངོས་བཟུང་ཅི་འདུག་བརྟག་པས་འགགས་མེད་གསལ་སྟོང་ཆེན་པོའི་སེམས་ཉིད་གཞི་ནས་རྣམ་དག་ཆེན་པོར་རྟོགས་པར་འགྱུར་རོ། །དེ་ནས་རྟོག་པ་དེ་ཉིད་ཐོལ་བྱུང་ཡང་གར་སོང་ཆ་མེད་དུ་ཡལ་ནས། འགགས་པའི་ཚེ་གོང་དུ་སོང་བ་རྟགས་ནས་ངོས་བཟུང་པས། རྗེས་མེད་རང་སར་གྲོལ་བའི་རིག་པ་ངོས་བཟུང་ལས་འདས་པའི་དོན་རྟོགས་པར་འགྱུར་རོ། །དེ་ནས་ཟུང་འབྲེལ་ངོས་བཟུང་བ་ནི། ལུས་སེམས་རང་བབས་སུ་བཞགས་སྟེ། སེམས་དྲན་བསམ་ལས་འདས་པར་ཕྱམ་མེ། ལྷན་ནེར། ཡེར་རེ། ཝལ་ལེ་བའི་ངང་ལ་གནས་པས་དྲན་རྟོག་འགྱུ་བྱེད་ཞི་བ་ཞི་གནས་རིག་རྩལ་ས་ལེ་གསལ་བ་ལྷག་མཐོང་དེ་


LT11_Page_192A
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དུས་མཉམ་གཅིག་ཆར་དུ་འཇུག་པ་ཟུང་འབྲེལ་ལོ། །དེས་ནི་ཐབས་དང་བཅས་པའི་བསམ་གཏན་ངོས་ཟིན་པའི་དགོས་པ་ཡོད་དོ། །དེ་དག་ལ་ཞག་རེ་བྱའོ། ༈ །གཉིས་པ་དངོས་གཞི་ངོ་སྤྲོད་པ་ནི། ཐམས་ཅད་ལུས་སེམས་ཁོང་གློད་ད་ལྟར་ཤེས་པ་སྐད་ཅིག་མ་འདིའི་སྟེང་དུ་ངོས་བཟུང་སྟེ། དེ་ཡང་ཕྱི་ནང་སྣོད་བཅུད་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས་ཀྱི་འཆར་ཚུལ་ཡིན་ཏེ། མདང་གི་རྨི་ལམ་བཞིན། སེམས་ཉིད་ཀྱང་ངོ་བོ་སྟོང་། རང་བཞིན་གསལ། མཚན་ཉིད་སྣ་ཚོགས་སུ་འཆར་བ་མེ་ལོང་གཡའ་དག་པའི་ནང་དུ། གཟུགས་སྣང་བ་དང་འདྲ་སྟེ། སྣང་ལ་ངོས་བཟུང་ཐམས་ཅད་དང་བྲལ་བས། ཡོད་མེད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་ཞིང་། དེའི་དོན་ཡང་ད་ལྟའི་སེམས་སྣ་ཚོགས་སུ་འཕྲོ་བ་འདི་ལས་ལོག་པའི་ཆོས་ཉིད་མེད་དེ། སློབ་དཔོན་ཆེན་པོའི་ཞལ་ནས། རྟོག་པ་དེ་ཉིད་ཆོས་ཉིད་ཡིན་ཤེས་ན། །ཆོས་ཀྱི་དབྱིངས་ཉིད་གཞན་དུ་བསྒོམ་དུ་མེད། །རྟོགས་ཐབས་གྲོལ་ཐབས་ཤེས་པས་ཆོག །རྟོགས་པ་ཁོ་ནས་ཆོས་སྐུ་བས། །ལམ་མཆོག་འདི་ཉིད་ཁོ་ན་འཕགས། །སྣང་སྲིད་རྒྱས་ཐེབ་ཀུན་བཟང་བ། །རྟོག་སྤངས་མི་རྟོག་བསྒོམ་པ་པོ། །སྣང་སྲིད་དགྲར་ལྟ་གྲོལ་འཁྲུལ་ལྟུང་། །ཅེས་གསུངས་པས། ད་ལྟའི་ཤེས་པ་དེ་ཉིད་ལ། བཅས་བཅོས་མ་བྱེད་པར་ཁོང་ཀློད་པོར་བཞག་རང་བབས་སུ་ཐོང་ལ། རྟོག་པ་ཅི་ཤར་ཡང་དགག་བསྒྲུབ་མ་བྱེད་པར་དེ་གའི་སྟེང་དུ་ཐ་མལ་རང་ལུགས་རྗེན་པར་ལྷོད་ཀྱི་ཞོག་མཛོད། ངོ་བོ་མཐོང་གྲོལ་རང་བཞིན་ཤེས་གྲོལ་ལོ། །མཚན་ཉིད་ཡོངས་གྲོལ་དུ་གནས་པ་སེམས་ཀྱི་རང་བཞིན་ཡིན་ཏེ། དེ་ལྟར་གང་ཤར་བརྩིས་མེད་དུ་བསྐྱོངས་པས། རིག་པའི་རང་


LT11_Page_192B
[མ་དཔེ་གཟིགས་ན་འདིར་གནོན།]

བབས་ལ་སེམས་གནས། རང་རྫོགས་སུ་ཡོད་པ་ཤུགས་ལ་ཤར་དུས་དགག་སྒྲུབ་ཞེན་པ་རྩིས་མི་གདབ་པར། བདེ་གསལ་མི་རྟོག་པའི་ཡེ་ཤེས་སྐད་ཅིག་རང་གྲོལ་གྱི་རིག་པ་འཕོ་འགྱུར་མེད་པའི་ངང་དུ་གནས་པ་ཡིན་ནོ། །ད་ལྟའི་ཤེས་པ་འདི་ཉིད་ལ་འདི་ཡིན་གྱི། དམིགས་གཏད་མ་འཛིན་པར་རིག་པ་ཁོ་རང་གིས་རང་འགྲོས་བྱུང་བ་དང་ཞིག་པ་དུས་མཉམ། ཞིག་དུས་བཅོས་སླད་མེད་པའི་ངང་ལ། ཕྱི་མའི་རིག་པ་མ་ཤར་གྱི་བར་ལ་ཞོག །ཤར་དུས་ངོས་བཟུང་མེད་པའི་རིག་པ་འཕྲོ་མ་མཐུད། ཡན་ཐབས་སུ་ཞོག །ཡེངས་ཐབས་སུ་སྐྱོང་། འཛིན་མེད་དུ་ཐོང་། སྣོད་ཞབས་རྡོལ་དུ་རྫས་བཅུག་པ་ལྟར། རིག་པ་ཟང་ཐལ་སྐད་ཅིག་མའི་རང་འགྲོས་རྩར་ཤོར་ནང་ཤོར་ལ་འདི་ཡིན་གཟའ་གཏད་མེད་པའི་ངང་ལ་གོམས་པར་མཛོད། མདོར་ན་ཤར་གྲོལ་རང་བཅས་ཀྱི་ལྟ་བསྒོམ་རང་ཤར་ཀློང་རྡོལ་དུ་བྱུང་བས་སྤོང་གཉེན་རང་ཞིག་ལ་གྲོལ་བ་ཡིན་ནོ། །དེས་སྣང་སྲིད་ཆོས་ཉིད་དུ་ཤར་བས་བསྒོམ་ལ་རྒྱུན་ཆད་མེད། །རིག་སྟོང་འཛིན་མེད་དུ་གྲོལ་བས་ཉོན་མོངས་ཡེ་ཤེས་སུ་དག །ཡོན་ཏན་ལྷུན་རྫོགས་སུ་འདུག་པས། རྩོལ་སྒྲུབ་འབད་པ་ལས་འདས། ཐམས་ཅད་གནས་ལུགས་སུ་ཤར་བས་གོལ་སྒྲིབ་རང་སར་དག་པའི་ཆོས་ཉིད་རང་ལ་རྙེད་པ་ཡིན་ནོ། །དེ་བས་ན་ད་ལྟའི་དྲན་བསམ་སོ་མ་འདི་ཀུན་ཆོས་སྐུ་རང་ལུགས་ཀྱི་དགོངས་པ་ཡིན་ཏེ། སློབ་དཔོན་ཆེན་པོའི་ཞལ་ནས། བསམ་དུ་མེད་པའི་སེམས་ཉིད་ལ། །བསྒོམ་ཡང་མ་བསྒོམ་ཕྱལ་ལེར་ཞོག །བསྒོམ་ཡང་གལ་མེད་ཁྲིལ་ལེར་ཞོག །ཡེངས་ཡང་མ་ཡེངས་རྩེན་ནེར་ཞོག །ཡེངས་ཀྱང་གལ་མེད་ཁྲིལ་ལེར་ཞོག །ལྟ་ཡང་མ་བལྟ་ལྕོག་གེར་ཞོག །བལྟས་ཀྱང་གལ་མེད་ཅེ་རེར་ཞོག །འཕྲོ་ཡང་མ་འཕྲོ་ཧྲིག་གེར་ཞོག །འཕྲོས་ཀྱང་གལ་མེད་གང་དགར་


LT11_Page_193A
[མ་དཔེ་གཟིགས་ན་འདིར་གནོན།]

ཞོག །བསྡུ་ཡང་མ་བསྡུ་ཝལ་ལེར་ཞོག །བསྡུས་ཀྱང་གལ་མེད་ཏེང་ངེར་ཞོག །སྒྲིམ་ཡང་མ་བསྒྲིམ་ཁྲོལ་ལེར་ཞོག །སྒྲིམ་ཡང་གལ་མེད་བཏུད་དེར་ཞོག །བཅོས་ཀྱང་མ་བཅོས་སལ་ལེར་ཞོག །བཅོས་ཀྱང་གལ་མེད་སོང་ངེར་ཞོག །བསྒྲུབ་ཀྱང་མ་བསྒྲུབ་རྩོལ་མེད་ཞོག །བསྒྲུབ་ཀྱང་གལ་མེད་ལྷུན་གྱིས་ཞོག །དགག་ཀྱང་མ་དགག་རང་བྱུང་ཞོག །དགག་ཀྱང་གལ་མེད་སྐྱེ་མེད་ཞོག །ཞུམ་ཡང་མ་ཞུམ་ཧུ་རེར་ཞོག །ཞུམ་ཡང་གལ་མེད་ལྷན་ནེར་ཞོག །རྩོལ་ཡང་མ་རྩོལ་འབོར་ལེར་ཞོག །རྩོལ་ཡང་གལ་མེད་ཤུག་འབྱུང་ཞོག །བཞག་ཀྱང་མ་བཞག་གཞི་བྲལ་ཞོག །བཞག་ཀྱང་གལ་མེད་ལྷུག་པར་ཞོག །ཅེས་གསུངས་པས། ད་ལྟའི་ཤེས་པ་གང་ཤར་ལྷུན་རྫོགས་མ་བཅོས་པའི་རང་བབས་ལ་བཏང་བས་ཕྱི་ནང་གི་ཆོས་ཞེས་འཛིན་པ་མེད་ཅིང་། རྟོག་པ་ལ་དགག་བསྒྲུབ་མེད་པས་གཉིས་མེད་སེམས་ཀྱི་ངང་ལ་རྒྱུན་ཆད་མེད། དྲེགས་པའི་རྟོག་པ་ཁ་ཡན་དུ་མ་ཤོར་བས་འདོད་པའི་སེམས་ལས་རྣམ་པར་གྲོལ། འཕྲོ་བའི་ཤེས་པ་རང་བབས་སུ་ཤར་བས། གཟུགས་དང་གཟུགས་མེད་ཀྱི་གོལ་ས་ཀུན་ལས་འདས་འདི་ཞེས་ཆེད་དུ་མ་འཛིན་པས། ཞི་གནས་ལྷུན་གྱིས་གྲུབ། སོ་མ་ཤུགས་འབྱུང་དུ་ཤར་བས། ལྷག་མཐོང་ལྷུན་གྱིས་གྲུབ། འཕྲོ་གནས་གཉིས་སུ་མེད་པས་ཟུང་འབྲེལ་ལྷུན་གྱིས་གྲུབ། སྐད་ཅིག་རང་སར་གྲོལ་བས་ཤེས་རབ་ལྷུན་གྱིས་གྲུབ། གནས་པ་བདེ་བས་བསམ་གཏན་རང་བབས་གྲུབ། ཤར་གྲོལ་འཛིན་པ་མེད་པས་ཡེ་ཤེས་ལྷུན་གྲུབ་སྟེ། སྐྱོན་ཐམས་ཅད་འཛིན་པའི་ཆ་ལས་གྲོལ་བས་འཛིན་མེད་ཟང་ཁར་གྲོལ། ཡོན་ཏན་ཐམས་ཅད་ཡེ་ཤེས་རིག་པ་ལས་འཆར་བས་གོམས་པ་གོང་དུ་འཕེལ། ས་ལམ་རང་ལུགས་སུ་རྫོགས་ཏེ་ཚེ་འདིར་


LT11_Page_193B
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་ཞེས་བྱའོ། །བཟོ་མེད་རིག་པ་ཤུགས་འབྱུང་ཟང་ཁ་མ། །གང་ཤར་ངང་ལ་རང་ཤར་ཆེན་པོར་ཞོག །གཏད་མེད་རྒྱལ་པོ་འཛིན་མེད་བློས་བདེ་བ། །སྐྱེ་མེད་ཆོས་སྐུའི་གཏན་སྲིད་ཟིན་པ་ཡིན། །ཅེས་ཐེབས་པར་གདབ་བོ། །གསུམ་པ་རྗེས་ལ་རྩལ་སྦྱངས། །བོགས་དབྱུང་གེགས་བསལ་བ་དང་གསུམ་ལས། རྩལ་སྦྱངས་པ་ནི། ད་ལྟའི་ཤེས་པ་གང་ཤར་རང་བབས་སུ་སྦྱངས་པ་དངོས་གཞི་མཉམ་པར་གཞག་པའི་ངང་ལ་རྗེས་ཐོབས་སུ་ཕྱི་སྣང་བ། ནང་རིག་པ་གོམ་པ་ཉམས་མྱོང་དང་བཅས་པ། ཐམས་ཅད་རྨི་ལམ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། སྤྲུལ་པ་ལྟ་བུ། སྣང་དུས་ཉིད་ནས་རང་བཞིན་མ་གྲུབ་པའི་དོན་ལ་ཝལ་ཝལ་རྩལ་སྦྱང་། དེས་ནི་ཆོས་ཐམས་ཅད་བདེན་ཞེན་གྲོལ་ནས་རྨི་ལམ་ནའང་འཛིན་མེད་ཆོས་སྐུའི་ངང་ལ་གནས་པ་འབྱུང་ངོ། །ནད་དང་གདོན་ལ་སོགས་པའི་གེགས་བསལ་པ་ནི། ནད་གདོན་རྟོག་པའི་ཆོ་འཕྲུལ་ནི། བརྟགས་ན་ཕྱི་ནང་བར་གསུམ་ན་མེད་པར་ངེས་པས། སྐྱེ་བ་མེད་པའི་ལམ་ཁྱེར་དུ་བྱུང་བ་དེ་དགའ་སྙམ་དུ་བསམ་ནས། ན་སར་བུ་གཟེར་འབྱིན་སྒོམ་ཞིང་། གདོན་ལ་བྱང་ཆུབ་ཀྱི་སེམས་དང་། རང་བཞིན་མེད་པའི་རྩལ་སྦྱོང་བྱའོ། །དེས་ནི་ཞི་བར་ངེས་སོ། །དགེ་སྦྱོར་སྟེངས་ཏེ་བོགས་མེད་ན། བླ་མ་ལ་གསོལ་བ་དྲག་པོ་གདབ། ངེས་འབྱུང་སྐྱོ་ཤས་དྲག་པོ་རྒྱུད་ལ་བསྐྱེད། །ཚོགས་ཀྱི་འཁོར་ལོ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་བསགས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ། དུར་ཁྲོད་ལུང་སྟོང་དང་རི་རྩེ་ལ་སོགས་པ་རབ་ཏུ་དབེན་པའི་སར་སོང་སྟེ། བླ་མ་སྤྱི་བོར་བསྒོམ་ལ། ལུས་འཆོངས་རྒྱུག་ངག་སྨྲ་བརྗོད། སེམས་དགག་སྒྲུབ་བདེ་སྡུག་གི་རྣམ་པ་སྣ་ཚོགས་སུ་སྤྲོས་ལ། སྐད་ཅིག་རང་གྲོལ་རང་བསྲེ་སྟེ་ཉིན་ཞག་


LT11_Page_194A
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མར་ཉམས་བླངས་པས་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་ཡིན་ནོ། །འདི་དག་ནི་གནད་མཐར་ཐུག་པའོ། །དེ་ལྟར་གོམ་པའི་རྣལ་འབྱོར་པ་ནི་སྐྱེ་ཤི་ལ་ཉམས་མི་ང་བའི་གདེངས་ཐོབ་ནས། གཟུངས་འཛིན་རང་སར་གྲོལ་བས་ན། ཚེ་འདི་ཉིད་ལ་མཆོག་དང་ཐུན་མོང་གི་ཡོན་ཏན་དངོས་སུ་མཐོང་བ་ཡིན་ནོ། །འདི་དག་གི་དོན་རྒྱས་པར་བཤད་ན་མཐའ་ཡས་པས་ཉུང་ངུར་བསྡུས་སྟེ་བསྟན་པ་ཡིན་ནོ། ཚེ་འདིར་གྲོལ་བའི་གདམས་པ་བཤད་ཟིན་ཏོ། །གཉིས་པ་བར་དོའ་འཆར་གཞི་འོད་གསལ་གྱི་གདམས་པ་ལ། སྔར་སྐྱེ་ཤི་བར་དོར་སྐད་ཅིག་རང་གྲོལ་གྱི་གནད་ལ་གོམས་པས་རྨི་ལམ་བར་དོའ་ནང་དུ་ཡང་། འཛིན་མེད་ཡེ་གྲོལ་གནས་ལུགས་ཤར་ཤར་བྱུང་བའི་རྣལ་འབྱོར་པ་འཆི་ཁར། ས་ཆུ་ལ་ཐིམ་པས་ལུས་ཀྱི་སྟོབས་ཉམས། ཆུ་མེ་ལ་ཐིམ་པས། གཤེར་བའི་ཆ་རྣམས་བསྐམས་མེ་རླུང་ལ་ཐིམ་པས་དྲོད་མཐའ་ནས་བསྡུས། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་དབུགས་འགྱུ་བ་ཆད། གཟུགས་སྒྲ་ལ་ཐིམ་པས་མིག་གིས་གཟུགས་མི་མཐོང་། སྒྲ་དྲི་ལ་ཐིམ་པས་རྣ་བས་སྒྲ་མི་ཐོས། དྲི་རོ་ལ་ཐིམ་པས་སྣས་དྲི་མི་ཚེར། རོ་རེག་ལ་ཐིམ་པས་ལྕེེས་རོ་མི་ཚོར། རེག་ཆོས་ལ་ཐིམ་པས་ལུས་ཀྱི་རེག་བྱ་མི་ཚོར། ཆོས་སེམས་ལ་ཐིམ་པས་གཟུང་འཛིན་རྣམ་རྟོག་རག་པ་རྣམས་འགག་སྟེ། དྲན་མེད་བརྒྱལ་བ་དང་ཆོས་མཚུངས། རྣམ་པར་ཤེས་པའི་ཚོགས་བརྒྱད་ཀུན་གཞིར་ཐིམ་པའོ། །བསམ་གཏན་ལ་བཞག་པའི་སྐད་ཅིག་ལ་རིགས་ལྔའི་སྐུར་གྲོལ་ནས། གདོད་མའི་ས་མཐར་ཕྱིན་པ་ནི། ལྔ་ལྡན་དང་རྫོགས་ལྡན་ཆེན་པོའི་དགོངས་པར་སླེབ་པའོ། །དེ་ཡང་འོད་མཐིང་ཀ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་ཤེས་པས་གཏད་མེད་དུ་ལྷན་ནེར་བཞག་པའི་སྐད་ཅིག་ལ་རང་རིག་རྣམ་པར་སྣང་མཛད་ཀྱི་སྐུར་གྲོལ། །


LT11_Page_194B
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་དཀར་པོ་ལ་མེ་ལོང་ཡེ་ཤེས་ཏེ་མི་བསྐྱོད་པ། སེར་པོ་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་རིན་ཆེན་འབྱུང་ལྡན། དམར་པོ་ལ་སོ་སོར་རྟོགས་པའི་ཡེ་ཤེས་ཏེ་སྣང་བ་མཐའ་ཡས། ལྗང་གུ་ལ་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་དོན་ཡོང་གྲུབ་པའི་སྐུར་སངས་རྒྱས་ནས། སྤྲུལ་པས་འགྲོ་བའི་དོན་མཛད་དེ། གདོད་མའི་གཞིར་མངོན་པར་བྱང་ཆུབ་པའོ། །དེ་ཡང་སྔར་སྐད་ཅིག་རང་གྲོལ་གྱི་གནད་ལ་གོམས་དུས། རང་ཤར་རང་ངོ་ཤེས་པའི་ངང་ལས་བདེ་གསལ་མི་རྟོག་པའི་ཡེ་ཤེས་མ་བརྩལ་ལྷུན་གྲུབ་ཏུ་གནས་པར་ངོས་ཟིན་པས། བར་དོའ་འོད་གསལ་དང་འདྲེས་ཏེ་སྐད་ཅིག་རང་གྲོལ་ལ་སོགས་པའོ། །དེའང་རིག་པ་ངོ་བོ་སྟོང་པས་གང་ནའང་མི་གནས། རང་བཞིན་གསལ་བས་འཆར་གཞི་མ་འགགས། མཚན་ཉིད་སྣ་ཚོགས་པས་གང་ཤར་ཕྱོགས་མེད་དུ་གྲོལ་བའི་ངང་ལ་གནས་པ་ནི་གསུམ་ལྡན་ནོ། །དེ་ནས་སྤྲུལ་པས་འགྲོ་དོན་མཛད་པ་ནི་རྫོགས་ལྡན་ནོ། །དེ་ནས་ལོངས་སྐུ་ཆོས་སྐུར་ཐིམ་ནས་ཆོས་ཉིད་འཕོ་འགྱུར་མེད་པའི་ངང་ལ་བཙན་ས་ཟིན་པས་ཆོས་སྐུ་མཉམ་རྫོགས་ཆེན་པོར་བཞུགས་པ་ནི་རྫོགས་ལྡན་ཆེན་པོའོ། །དེ་དག་གིས་འབྲིང་རྣམས་བར་དོར་གྲོལ་བའི་གདམས་པའོ། །ཞར་ལ་ཐ་མ་སྲིད་པའི་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ནི། བར་དེའི་འོད་གསལ་མ་ཟིན་ན། དེ་ནས་བར་དོའ་ཡིད་ཀྱི་ལུས་ཅན་ཇི་ཙམ་གནས་པའི་ཡུན་ཕྱེད་སྔ་མའི་སྣང་བ་ལས། ཕྱེད་ཕྱི་མའི་སྣང་བ་འཆར་བས། དངོས་པོ་ཀུན་ཚང་པས། ལས་ཀྱི་རྫུ་འཕྲུལ་གྱིས་གར་བསམ་དུ་ཕྱིན་པ། །སངས་གནས་དང་རྡོ་རྗེ་གདན་མ་གཏོགས་པ་ཐམས་ཅད་ཟང་ཐལ་པ། རྨི་ལམ་གྱི་སྣང་བ་འདྲ་བ། བདེ་སྡུག་གི་སྣང་བ་དུ་མ་འཆར་རོ། །ཡུན་ལ་ངེས་པ་མེད་དེ་ཁ་ཅིག་མྱུར་ཏུ་སྐྱེ་བ་ལེན་ལ། ཁ་ཅིག་ཞག་བཞི་བཅུ་ཞེ་དགུ་ལ་


LT11_Page_195A
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པར་གནས་སོ། །དེའང་རང་ཉིད་འཆི་བར་ཤེས་པ་བྱུང་ནས་སྡུག་བསྔལ་སླར་སྐྱེའོ། །དེའི་ཚེ་སྔར་གྱིས་གདམས་པ་དྲན་པས་སྣང་སེམས་འཛིན་མེད་ཆེན་པོར་རྩལ་སྦྱང་ཞིང་། བླ་མ་ལ་གསོལ་བ་བཏབ་པས་གྲོལ་བ་ཡང་ཡོད་དོ། །དེ་དུས་ཞིང་ཁམས་དག་པ་ཡིད་ལ་བྱེད་པ་དང་། བར་དོའ་སྣང་བ་བདེན་མེད་དུ་ཤེས་པ་དང་། དད་གུས་དྲན་པ་མཆོག་ཏུ་གཅེས་སོ། །ཁ་ཅིག་དེའི་ཚེ་ཞིང་ཁམས་དག་པར་སྐྱེས་ནས་སངས་རྒྱས་པར་གསུངས་སོ། །རབ་ཀྱི་བདེན་མེད། འབྲིང་གིས་སྒྱུ་མ་ལྟ་བུའི་བསྐྱེད་རྫོགས་དྭངས་ཤིང་དག་པ། ཐ་མ་མངལ་སྒོ་བསྡམས་པ་དང་གསུམ་ལ་བསླབ་བོ། །མངལ་སྒོ་གདམས་པ་ནི། ལྷ་སྐྱེད་མོས་ཚལ་དང་གཞལ་ཡས་ཁང་། ལྷ་མིན་ལ་འོད་ཀྱི་འཁོར་ལོ། །མི་ལ་ཁང་བཟང་དང་ཀུན་དགའ་ར་བ་སྐྱ་བོ་མང་པོ། དུད་འགྲོ་ལ་ཕུག་དང་སྐྱིལ་བོ། ཡི་དྭགས་ལ་གྲོག་པོ་ཕུག་རྡུག་དང་མི་གཙང་བའི་ཁྲོད། དམྱལ་བ་ལ་མུན་ནག་ཆར་འཐིབ་ལ་སོགས་པ་སྣང་བས་སྐྱེ་གནས་དེ་རྣམས་ལ་ཆགས་ཞན་སྤངས་ཏེ། ལྷ་མི་ཁྱད་པར་ཅན་གྱི་མངལ་གནས་ལྷ་ཡི་གཞལ་ཡས་ཁང་དུ་བསམ་པའི་ནང་། ཧཱུྃ་ལ་སོགས་པའི་ཡི་གེ་བསམ་པ་ལ་རང་རིག་ཞུགས་ཏེ། ཕྱི་མ་ལ་དམ་པའི་ཆོས་དང་འཕྲད་དེ་མཆོག་གི་དངོས་གྲུབ་ཐོབ་པར་བྱ་སྙམས་པས་རང་ཉིད་ཡི་དམ་གྱི་ལྷར་བསྒོམ་པ་ཙམ་གྱིས་ལྷ་མའི་ལུས། དལ་འབྱོར་ཁྱད་པར་ཅན་དང་ལྡན་པར་སྐྱེ་སྟེ། བླ་མ་དགེ་བའི་བཤེས་གཉེན་དམ་པ་དང་མཇལ་ནས། ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །བར་དོའ་གདམས་པ་བཤད་ཟིན་ཏོ། ༈ །གསུམ་པ་མཐར་ཕྱིན་འབྲས་བུའི་གདམས་པ་ནི། ཚེ་འདི་ཉིད་དམ་ཕྱི་མ་བར་དོ་གང་དུ་གྲོལ་ཡང་འབྲས་བུ་བླ་ན་མེད་པའི་སངས་རྒྱས་སུ་ངེས་ཏེ། སེམས་


LT11_Page_195B
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རང་གྲོལ་ནས་རྣམ་པར་དག་ཅིང་། འོད་གསལ་བའི་དོན་མངོན་དུ་གྱུར་བས་ཆོས་སྐུ་དྲི་མ་མེད་པའི་ངང་དུ་བཙན་ས་ཟིན་པར་འགྱུར་རོ། །དེའི་ཚེ་ནམ་མཁས་ལས་ཉི་ཟླའི་དཀྱིལ་འཁོར་ཤར་བ་ལྟར། ཆོས་སྐུའི་ངང་ལས་ལོངས་སྐུ་ངེས་པ་ལྔ་ལྡན་གྱི་ས་ལ་གནས་པའི་དོན་བྱེད་ཅིང་། སྤྲུལ་སྐུ་མ་ངེས་པ་སྣ་ཚོགས་ཀྱི་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་འབྱུང་ངོ་། །ཁྱད་པར་དུ་བར་དོའ་རང་སྣང་འོད་གསལ་གཞི་ལ་རང་ངོ་ཤེས་ན། ཆོས་སྐུའི་སྟེང་དུ་བཙན་ས་ཟིན་ནས། དེའི་ངང་ལས་ལོངས་སྤྲུལ་གྱིས་འགྲོ་བའི་དོན་འབྱུང་ལ། ཡེ་ཤེས་ལྔ་ལྡན་གྱི་སྣང་བ་ལ་རང་ངོ་ཤེས་ནས། ལོངས་སྐུའི་ངང་དུ་བཙན་ས་ཟིན། སྤྲུལ་པའི་སྐུས་སེམས་ཅན་གྱི་དོན་བྱས་ཏེ། སྤྲུལ་སྐུར་ལོངས་སྐུར་ཐིམ། ལོངས་སྐུ་ཆོས་སྐུར་ཐིམ་ནས། གདོད་མའི་གཞི་ལ་བཞུགས་ཏེ། དེའི་ངང་ལས་སྐུ་རྣམ་པ་གཉིས་མངོན་པར་སྣང་བས་སེམས་ཅན་གྱི་དོན་འབྱུང་བའོ། །སྤྲུལ་པའི་སྐུ་དང་ཞིང་ཁམས་དག་པ་རང་ངོ་ཤེས་ན། སྤྲུལ་སྐུའི་ལོངས་སྐུར་ཐིམ། དེ་ཉིད་ཆོས་སྐུར་ཐིམ་ནས་འགྲོ་བའི་དོན་འབྱུང་པའོ། །དེའང་ད་ལྟའི་རིག་པ་འདི་ཉིད་ལ་འཁོར་འདས་རང་རྫོགས་སུ་ཡོད་པས། རང་ངོ་མ་ཤེས་ན་འཁོར་བའི་སྣང་བ་རྨི་ལམ་ལྟར་མ་རིག་པའི་གཉིད་ཀྱི་ངང་ལ་བདེ་སྡུག་སྣ་ཚོགས་སུ་འཆར་ཞིང་ཁམས་གསུམ་རིགས་དྲུག་ཏུ་འཁྱམས་པའམ། རང་ངོ་ཤེས་ཐོག་ཏུ་གོམ་པའི་ཚེ། མྱ་ངན་ལས་འདས་པའི་སྣང་བ་རྨི་ལམ་ལོངས་སྤྱོད་རྫོགས་པ་སྐུའི་ཞིང་ཁམས་སྣ་ཚོགས་སུ་སྣང་བར་འགྲོ་བའི་དོན་རྨི་ལམ་ལྟར་མཛད་པའོ། །འཁོར་འདས་གང་ལྟར་སྣང་དུས་ཉིད་ནས་བདེན་པར་མ་གྲུབ་པ་གཉིད་སད་པ་ལས་རྨི་ལམ་སངས་པས། ཉིན་སྣང་ལྟར་ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངང་དུ་རོ་གཅིག་པའོ། །དེས་ན་ད་ལྟའི་རིག་པ་འདི་ཉིད་ངོ་བོ་སྟོང་པ་མ་རིག་ན། ཡིད་


LT11_Page_196A
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མེད་ཁམས་སུ་གཏི་མུག་གི་འཁྲུལ་བས་མི་རྟོག་པའོ། །རང་བཞིན་གསལ་བས་ངག་དང་གཟུགས་ཁམས་ཞེ་སྡང་གིས་འཁྲུལ་པའོ། །མཚན་ཉིད་སྣ་ཚོགས་པས་ལུས་དང་འདོད་ཁམས་འདོད་ཆགས་ཀྱིས་འཁྲུལ་པས་བདེ་བའི་རྣམས་ལྡན་ནོ། །དེའི་རྟེན་ལ་མི་དགེ་བས་ངན་སོང་། དགེ་བ་ཟག་བཅས་ཏིང་ངེ་འཛིན་དང་མ་འབྲེལ་བས་འདོད་པའི་ལྷ་དང་མི། ཏིང་ངེ་འཛིན་གསལ་བས་གཟུགས་ཁམས་དང་གནས་པས་གཟུགས་མེད་དུ་འཁོར་ཞིང་གཏན་དུ་སྡུག་བསྔལ་བའོ། །ད་ལྟའི་རིག་པ་རང་ངོ་ཤེས་ཤིང་རིག་དུས། ངོ་བོ་སྟོང་པ་ཆོས་སྐུ་དང་བྲལ་བ། རང་བཞིན་གསལ་བ་ལོངས་སྐུ་ངེས་པ་ལྔ་ལྡན་ནོ། །མཚན་ཉིད་སྣ་ཚོགས་སུ་སྣང་བས་སྤྲུལ་སྐུ་གདུལ་བྱ་དང་འཚམས་པར་སྣང་བས་འགྲོ་བའི་དོན་ལྷུན་གྲུབ་ཏུ་འབྱུང་བའོ། །དེའང་ཆོས་སྐུ་ནི་ནམ་མཁའ་ལྟར་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངང་ནས། ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ཁམས་འོག་མིན་སྟུག་པོ་བཀོད་པར། །སྟོན་པར་ལོངས་སྤྱོད་རྫོགས་པའི་སྐུ་ཞི་བ་དང་ཁྲོ་བོའ་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པས་རང་སྣང་གི་འཁོར་དང་ས་བཅུའི་སེམས་དཔའ་དཔག་ཏུ་མེད་པ་ལ། འཁོར་བ་མ་སྟོང་གི་བར་དུ་ཐེག་པ་ཆེན་པོའི་ཆོས་ཀྱི་དགའ་བས་ཚིམས་པར་མཛད་ཅིང་། དེ་ལས་རྣམ་པར་འཕྲུལ་པའི་སྤྲུལ་པ་དཔག་ཏུ་མེད་པ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཀུན་ཏུ་སེམས་ཅན་སོ་སོའ་སྣང་བ་དང་མཐུན་པའི་སྐུ་དང་གསུང་མི་ཟད་པས་ཇི་ལྟ་བ་དང་། ཇི་སྙེད་པ་མཁྱེན་ཏེ་སེམས་ཅན་གྱི་དོན་མཛད་ཅིང་། ཕྲིན་ལས་ཚད་མེད་པའི་ཐུགས་རྗེ་ཆེན་པོའོ། །དེ་ལྟར་སྣང་བའི་སངས་རྒྱས་ཀྱི་ཡེ་ཤེས་དང་། ངོ་བོ་སྟོང་གསལ་ལོངས་སྤྱོད་རྫོགས་པའི་སྐུས་ཆེ་བ་ལྔ་དང་། རྣམ་པ་ཕྱིར་གསལ་དུ་སྤྲུལ་པའི་སྐུས་ཆ་བ་གཉིས་


LT11_Page_196B
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནང་གི་ལྔ་ནི་ཆོས་ཀྱི་དབྱིངས་དང་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོགས་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཕྱི་གསལ་གྱི་གཉིས་ན་ཆོས་ཅན་མ་འདྲེས་པ་སོ་སོར་མཁྱེན་པ་ཇི་སྙེད་པ་མཁྱེན་པ་དང་། ཆོས་ཉིད་རོ་གཅིག་ཏུ་མཁྱེན་པ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་སོ། །དེ་དག་གི་ལམ་མཐར་ཕྱིན་པ་འབྲས་བུའི་འཆར་ཚུལ་གྱི་རིམ་པ་དང་བཅས་པ་བཤད་ཟིན་ཏོ། །སྐལ་ལྡན་རྣམས་ཀྱི་ལམ་བཟང་ཤིང་རྟ་ཆེ། །གཉིས་མེད་རང་གྲོལ་གཉུག་མའི་ཡེ་ཤེས་ནི། །ད་ལྟ་ཤེས་པ་རང་གྲོལ་སྐད་ཅིག་མ། །ཤར་གྲོལ་དུས་མཉམ་རང་གྲོལ་སྔ་ཕྱི་མེད། །གཟུང་བས་མ་བསླད་འཛིན་པས་མ་གོས་ཤིང་། །ཉོན་མོངས་གང་ཡིན་ཡེ་ཤེས་ཉིད་འཆར་བ། །བླ་མའི་དྲིན་གྱིས་བདག་ལ་བབས་པའི་ཚུལ། །ཕྱི་རབས་དོན་དུ་ཁྲིད་ཀྱི་ཡི་གེར་སྡེབ། །སྲིད་ལས་ཐར་འདོད་རྣམས་ཀྱི་བརྟེན་པར་འོས། །གང་ལ་སྤངས་བླང་འདི་ཡིན་ཞེ་འདོད་ཡོད། །དེ་ལ་གཉིས་མེད་ཆོས་ཀྱི་སྐལ་བ་མེད། །ལམ་འདིར་ཐམས་ཅད་ཡེ་ཤེས་ཉིད་མྱོང་ནས། །གཞི་རྫོགས་ཆོས་སྐུའི་གཏན་སྲིད་ཟིན་པ་ཡིན། །གྲོགས་དག་མཐའ་བྲལ་སྙིང་པོའི་ཁང་བཟང་འདིར། །སེམས་ཉིད་དོན་གྱི་ལོངས་སྤྱོད་བླང་བར་གྱིས། །བདེ་ཆེན་འབྲས་བུ་ཚེ་འདིར་ཐོབ་པར་ངེས། །ཕྱིས་ནས་གཞན་དོན་ངང་གིས་འགྲུབ་པར་འགྱུར། །བདག་ཅག་ཚེ་འདིར་གཡོ་བའི་སྤྲིན་དང་འདྲ། །ལུས་འདི་ལྦུ་བ་བཞིན་ཏེ་སྙིང་པོ་མེད། །ཆོས་ཐོས་ཐོས་པ་བསྒྲུབ་པ་ཤིན་དུ་དཀོན། །དེ་བས་མྱུར་ཏུ་བརྩོན་པའི་སྟོབས་བསྐྱེད་ཅིག །ལེགས་སྦྱར་མེ་ཏོག་འབྲས་བུ་དུས་སྨིན་པས། །འགྲོ་ཀུན་རྒྱལ་བའི་གོ་འཕང་ཐོབ་པར་ཤོག །གངས་རི་ཐོད་དཀར་ཨུ་རྒྱན་རྫོང་གནས་སུ། །དྲི་མེད་འོད་ཟེར་དག་གིས་འདི་བཀོད་པའི། །དགེ་བས་སྲིད་གསུམ་མ་ལུས་ཕྱམ་གཅིག་ཏུ། །ཀུན་བཟང་ས་ལ་ལྷུན་གྱིས་


LT11_Page_197A
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པར་ཤོག །རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ་གྱིས། །ལམ་རིམ་སྙིང་པོའི་དོན་ཁྲིད་ཅེས་བྱ་བ། ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ། །གསུམ་པ་བཀའ་རྒྱས་གདབ་ཚུལ་ནི། ཞེས་པའི་ས་བཅད་མི་འདུག་པ་འདི་ཡིན་ནམ། ཤིན་ཏུ་གསང་བའི་མན་ངག་མངོན་དུ་ཕྱུང་པ། སྐལ་ལྡན་གསུམ་ལས་མང་ན། མཁའ་འགྲོ་མའི་ཆད་པ་འབྱུང་བས་དམ་པར་བྱའོ། །དཔལ་མགོན་ལེགས་ལྡན་ནག་པོ། སྔགས་ཀྱི་སྲུང་མ་ཨེ་ཀ་ཙ་ཏི་དང་། གཟའི་དགེ་བསྙེན་རཱ་ཧུ་ལས་བཀའ་འདི་དམ་པར་སྲུངས་ཤིག །དགེའོ། །དགེའོ། དགེའོ།། །།


previousགདམས་ངག་མཛོད་པོད་གཉིས་པ། རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ་གྱི་ལམ་རིམ་སྙིང་པོའི་དོན་ཁྲིད།next