Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཞི་པ།  སྒྲུབ་ཐབས་རིན་འབྱུང་ལས་ཁོལ་དུ་ཕྱུངས་པ་འཕགས་པ་ཛཾ་བྷ་ལ་དཀར་པོ་ལྷ་ལྔའི་སྒྲུབ་ཐབས་རྗེས་གནང་།
   
   


 
previousགདམས་ངག་མཛོད་པོད་བཞི་པ། སྒྲུབ་ཐབས་རིན་འབྱུང་ལས་ཁོལ་དུ་ཕྱུངས་པ་འཕགས་པ་ཛཾ་བྷ་ལ་དཀར་པོ་ལྷ་ལྔའི་སྒྲུབ་ཐབས་རྗེས་གནང་།next

གདམས་ངག་མཛོད་པོད་བཞི་པ།
སྒྲུབ་ཐབས་རིན་འབྱུང་ལས་ཁོལ་དུ་ཕྱུངས་པ་འཕགས་པ་ཛཾ་བྷ་ལ་དཀར་པོ་ལྷ་ལྔའི་སྒྲུབ་ཐབས་རྗེས་གནང་།


LT13_Page_309A
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་རིན་འབྱུང་ལས་ཁོལ་དུ་ཕྱུངས་པ་འཕགས་པ་ཛཾ་བྷ་ལ་དཀར་པོ་ལྷ་ལྔའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ། །


LT13_Page_309B
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། འཇིག་རྟེན་མགོན་པོ་ཐུགས་རྗེ་ཅན། །དེ་ཡི་རྣམ་འཕྲུལ་ནོར་ལྷའི་གཙོ། །གནོད་གནས་ལྷ་ལྔ་ལ་བཏུད་ནས། །སྒྲུབ་ཐབས་རྗེས་གནང་བཅས་པ་བཤད། མདུན་ཏུ་བྲིས་སྐུའམ་མཎྜལ་ཚོམ་བུ་དང་བཅས་པའི་རྟེན་བཤམ་ལ། མཐར་མཆོད་གཏོར་གྱིས་བསྐོར། སྤྱན་རས་གཟིགས་ཀྱི་བདག་བསྐྱེད་གང་ཡང་རུང་བ་སྔོན་དུ་འགྲོ་བས། མདུན་བསྐྱེད་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེའི་གཞལ་མེད་ཁང་པའི་དབུས་སུ། ཛཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་འཕགས་པ་ཛཾ་བྷ་ལ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཁྲོ་བོའི་ཆ་ལུགས་ཅན། ཕྱག་གཡས་པས་མདུང་རྩེ་གསུམ་པ་འཕྱར་བ། གཡོན་པས་ནོར་བུས་མཚན་པའི་བེ་ཅོན་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། པདྨ་དང་ཉི་མའི་གདན་ལ་གཡུ་འབྲུག་སྔོན་མོ་ལ་ཆིབས་པ། མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང་སངས་རྒྱས་དཔའ་བོའི་ངོ་བོར་གྱུར། ཤར་དུ་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ་གཡས་རྡོ་རྗེ་དང་གཡོན་རྟེན་འབྲེལ་གྱི་


LT13_Page_310A
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྫས་སྣ་ཚོགས་ཀྱིས་གང་བའི་སྣོད་འཛིན་པ། །ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ་གཡས་རིན་པོ་ཆེ་སྤུངས་པ་དང་གཡོན་ལྕགས་ཀྱུ་བསྣམས་པ། །ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ་གཡས་པདྨ་དང་གཡོན་ནོར་བུས་མཚན་པའི་རྒྱལ་མཚན་འཛིན་པ། །བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་ཁུ་གཡས་རྡོ་རྗེ་རྒྱ་གྲམ་དང་གཡོན་གཏེར་གྱི་ནེའུ་ལེ་འཛིན་པ། །ཐམས་ཅད་ཀྱང་སྐྱིལ་ཀྲུང་ཕྱེད་པས་བཞུགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། པོ་ཊ་ལ་ནས་ཛཾ་བྷ་ལ་འཁོར་དང་བཅས་པ་བཛྲ་ས་མཱ་ཛ། ཛཿཧཱུྃ་བཾ་ཧོ། གཉིས་སུ་མེད་པར་ཐིམ། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུངས་ཤིང་དབང་གི་ལྷ་རྣམས་ཀྱིས་དབང་བསྐུར། གཙོ་བོ་ལ་དེ་བཞིན་གཤེགས་པ་རིགས་ལྔ་དང༌། །འཁོར་རྣམས་ལ་གཙོ་བོས་དབུ་བརྒྱན། ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲྀ་ད་ཡ་ཧཱུྃ་ཕཊ། ཅེས་ཅི་ནུས་སུ་བཟླས། ཐུན་འཇོག་ཁར་ཟངས་གཞོང་གི་སྣོད་དུ་ལུགས་སྐུ་བཞག་པའམ། སྐུ་གཟུགས་མེད་ཀྱང་རུང༌། རང་འཕགས་པ་སྤྱན་རས་གཟིགས་སུ་གསལ་བའི་ལག་མཐིལ་


LT13_Page_310B
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སུ་བྷྲཱུཾ་ལས་བྱུང་བའི་བུམ་པ་བཟང་པོའི་ནང་དུ། ཨོཾ་ཨཱཿཧཱུྃ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། མདུན་གྱི་ཛཾ་བྷ་ལ་འཁོར་བཅས་ཟངས་གཞོང་གི་ནང་དུ་བྱོན་པར་བསམ། སྙིང་པོ་བརྒྱ་རྩ་བརྒྱད་ཀྱིས་ཆུ་སྦྱིན་འབུལ། མཐར་ཐིགས་པ་གཅིག་ལྕེ་ཐོག་ཏུ་བཞག་ལ། །ལྷག་མ་ཕྱོགས་བཞིར་གཏོར། མཆོད་པ་བྱིན་རླབས་སྤྱི་དང་མཐུན། གཏོར་མ་བསང་སྦྱང༌། ཨོཾ་ཨཱཿཧཱུྃ་ལན་བདུན་གྱིས་བྱིན་གྱིས་བརླབ། ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲྀ་ད་ཡ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་ལྔས་ཕུལ། ཨཱརྒྷཾ་ནས་ཤབྡའི་བར་གྱི་མཆོད། སྤྱན་རས་གཟིགས་དབང་སྐུ་ལས་མངོན་སྤྲུལ་པ། །རིགས་ལྔས་བྱིན་རླབས་བདུད་རྩི་ཆར་ལྟར་འབེབས། །པདྨ་ཁྲོ་བོ་ཨཱརྻ་ཛམ་བྷ་ལ། རིགས་བཞི་མཁའ་འགྲོ་མ་དང་བཅས་ལ་འདུད། །ཅེས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ་བཟོད་གསོལ་སོགས་བྱས་ལ། །གོང་དུ་བཤད་པ་བཞིན་རྟེན་ཡོད་ན་བརྟན་བཞུགས་དང༌། །ཚོམ་བུ་ལ་ཡང་བསྙེན་པ་མ་ཐོན་གྱི་བར་དུ་བརྟན་བཞུགས་བྱེད། རྒྱུན་གྱི་བཟླས་པའི་སྐབས་ལྟ་བུ་རྟེན་དང་ཚོམ་བུ་གཉིས་ཀ་མེད་ན། བཛྲ་མུཿགཤེགས་སུ་གསོལ། མཁའ་འགྲོ་རིགས་བཞིའི་སྔགས་ཀྱང་སྒྲུབ་པ་དང་ལས་སྦྱོར་གྱི་སྐབས་མ་གཏོགས་མི་དགོས་སོ། །དེ་ལྟར་ན་སྔགས་འབྲུ་འབུམ་དུ་བཟླས་པས་བསྙེན་པ་འགྲུབ་པ་ཡིན་པས་གའུའི་སྒྲུབ་པ་ལས་སྦྱོར་དང་བཅས་པ་སོགས་འདི་ཉིད་ཀྱི་ལས་ཚོགས་རྣམས་བསྒྲུབས་པས་རྟགས་འཕྲལ་དུ་ཐོན་པར་འགྱུར་བ་ཡིན་ནོ། །འདིའི་རྗེས་གནང་བྱ་བར་འདོད་ན། མཎྜལ་སྣ་ཚོགས་པདྨ་འདབ་བརྒྱད་ལྟེ་བ་དཀར་པོ་ཞིག་འབྲི། །ལྟེ་བ་དང་ཕྱོགས་བཞིའི་འདབ་མ་ལ་འབྲུའི་ཚོམ་བུ་བཀོད། བུམ་པ་བཅུད་དང་ལྡན་པ་ཁ་རྒྱན་ཅན་དང༌། གཏོར་མ་དཀར་གཏོར་གཙོ་འཁོར་ལྔ་པ་ཞིག་དང༌། གཞན་ཡང་འབུལ་གཏོར་མཆོད་པ་ཙཱ་རུའི་བཟའ་བ་རྣམས་ཅི་བདེར་བཤམས། རྩེ་གསུམ་བེ་ཅོན། རྡོ་རྗེ། རྫས་གཞོང༌། ནོར་བུ། ལྕགས་ཀྱུ། པདྨ། རྒྱལ་མཚན། སྣ་ཚོགས་རྡོ་རྗེ། ནེའུ་ལེའི་རྐྱལ་པ་རྣམས་དངོས་སམ་ཙཀླི་ཚང་བར་བཤམ། དབུ་རྒྱན་དང་རིན་པོ་ཆེའི་ཕྲེང་བ་ཞིག་ཀྱང་བཞག །འཕགས་པ་སྤྱན་རས་གཟིགས་ཀྱི་བདག་བསྐྱེད་སྔོན་དུ་འགྲོ་བས། མདུན་བསྐྱེད་འདོད་དོན་གསོལ་བཏབ་ཡན་ཆད་གོང་དང་འདྲ་བ་ལས། མཎྜལ། གཏོར་མ། བུམ་པ་གསུམ་


LT13_Page_311A
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གནས་སུ་རིན་པོ་ཆེའི་གཞལ་མེད་ཁང་པ་ཞེས་སོགས་བརྗོད་པ་ནི་ཁྱད་པར་རོ། །དེ་གསུམ་ལ་སོ་སོར་དམིགས་ནས་བཟླས་པ་བརྒྱ་ཕྲག་རེ་རེར་བྱའོ། །དེ་ནས་སློབ་མ་རྣམས་ཁྲུས་བྱས་ནས་མཎྜལ་ཕུལ་ནས་འདུག་པ་ལ། བགེགས་གཏོར་སྤྱི་དང་མཐུན་པར་བཏང༌། སེམས་བསྐྱེད་གསལ་བཏབ། ཆོས་བཤད་ཀྱི་ཁྱད་པར། དེའང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་རྗེས་སྤྲུལ་པ་འཕགས་པ་ཛཾ་བྷ་ལ་དཀར་པོ་འབྲུག་ཞོན་ལྷ་ལྔ་འདིའི་ལོ་རྒྱུས་ཀྱི་དབང་དུ་བྱས་ན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དེ་ཉིད་རི་བོ་པོ་ཊ་ལའི་འགྲམ་ནས་ཚུར་བྱོན་པའི་ལམ་ཁར་མི་གཅིག་བཀྲེས་ནས་འཆི་གིན་འདུག་པར་ཐུགས་སྙིང་རྗེ་ཆེན་པོ་སྐྱེས་ཏེ་གྲོང་དུ་བསོད་སྙོམས་ལ་ཕྱིན་ན་ནི་ཤུལ་དུ་ཁོ་འཆི་བར་འདུག་གི་ད་བདག་གི་ཤ་ནས་བཅད་དེ་སྦྱིན་ན་བསམས་ཏེ་ལྷུང་བཟེད་ནས་གྲི་ཆུང་ཕྱུངས་ཏེ་སྐུ་ཤ་བཅད་ནས་བྱིན་ཏེ། དེ་ཟོ་ཞིག་རེ་ཞིག་སྲོག་འཚོ་བར་འོང༌། དེའི་བར་དུ་བདག་གི་གྲོང་ཁྱེར་ནས་སློང་མོ་སློང་འོང་གིས་གསུངས་པ་དང༌། མི་དེ་ན་རེ། སྤྱིར་ཡང་མི་ཤ་མི་ཟ། ཁྱད་པར་དུ་ཆོས་པའི་ཤ་མི་ཟ་ལགས། འཕགས་པའི་ས་མ་ཐོབ་བའི་མི་རྣམས་སྐྱེས་ནས་འཆི་བ་ལས་འོས་མེད་ཟེར་བ་དང༌། ཇོ་བོས་དེ་བདེན། སེམས་ཅན་བཀྲེས་པའི་སྡུག་བསྔལ་བསམ་ན་སྙིང་གིས་གར་ཚུགས་གསུངས་ནས་པོ་ཊ་ལས་ཕུ་བསྟན་ནས་བཤུམ་གིན་བཞུགས་པ་དང༌། ས་གཡོ་བ་དང་ནམ་མཁའ་ནས་སྒྲ་ཆེན་པོ་བྱུང་བ་བལྟས་པ་དང༌། ཟླ་བ་རྒྱས་པ་གདན་ལ་འཕགས་པ་སྤྱན་རས་གཟིགས་བྱོན་ནས་ཅི་ཉེས་གསུངས་པ་དང༌། རྒྱུ་མཚན་ཞུས་པས། འཕགས་པ་སྤྱན་ན་ཆབ་ཕྱུངས་ཏེ། གཡོན་ལས་སྒྲོལ་མ་དང༌། གཡས་ལས་ཛཾ་བྷ་ལ་དཀར་པོ་ལྷ་ལྔ་འདི་བྱུང་ནས། ཇོ་བོས་བསྟོད་པ་མཛད་པས། ཛཾ་བྷ་ལའི་ཞལ་ནས་མུ་ཏིག་གི་ཆར་བབས། ཇོ་བོ་ལ་བྱིན་རླབས་རྗེས་སུ་གནང་བ་མཛད་ཅིང༌། དེ་ལྟར་ཇོ་བོའི་ཞལ་གཟིགས་ལ་བརྟེན་ནས་སྒྲུབ་ཐབས་སོགས་མཛད་


LT13_Page_311B
[མ་དཔེ་གཟིགས་ན་འདིར་གནོན།]

པར་བོད་རྣམས་ལ་ཡོངས་སུ་གྲགས་པ་ལྟར་ཡིན་ལ། སྤྱིར་ནི་ཇོ་བོ་ཆེན་པོ་དེ་ཉིད་ནི་སྔགས་རྒྱུད་རྒྱ་མཚོ་ཙམ་ལ་མངའ་བརྙེས་པ་ཡིན་པས། བོད་འདིར་མ་འགྱུར་བའི་སྔགས་རྒྱུད་དག་ལ་བསྟེན་པའང་ཡིན་དུ་རུང་ལ། མགོན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་རྣམ་སྲས་སྒྲུབ་ཐབས་བཤད་པའི་སྐབས་སུ། གཡུ་འབྲུག་སྔོན་མོ་ཆིབས་ནས་ནི། །སྣང་སྲིད་མ་ལུས་དབང་དུ་སྡུད། །ཅེས་པའི་ཚིག་ཟུར་སོགས་དང༌། གཞན་ཡང་རྗེ་བཙུན་ཀརྨ་ཆགས་མེད་ཞབས་ཀྱིས་གསུང་ལས་ཀྱང༌། འདི་ཞལ་གཟིགས་ཁོ་ནར་ཡང་མ་ངེས་ཏེ། རྙིང་མའི་རྒྱད་འགའ་ཞིག་ལས་བསྟན་ཡོད་པར་འདུག་གསུངས་པ་ལྟར་རྒྱུད་མན་ངག་དང་འབྲེལ་བའི་སྒྲུབ་ཐབས་ཁྱད་པར་ཅན་ཡིན་ཅིང༌། ཇོ་བོའི་ཞལ་ནས་ཀྱང༌། ཛམ་དཀར་འདིའི་སྒྲུབ་ཐབས་ཉམས་སུ་བླངས་ན། ཚེ་འདིར་ཟས་གོས་ཀྱིས་མི་འཕོངས་ཕྱི་མ་བདེ་བ་ཅན་དུ་སྐྱེ་བ་སོགས་གསུངས་པས། ཕན་ཡོན་མཆོག་ཏུ་ཆེ་བའི་ཇོ་ལུགས་ཛམ་བྷ་ལ་དཀར་པོ་ལྷ་ལྔའི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། སླར་ཡང་མཎྜལ་ཕུལ། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱོད་ལ་གསོལ་འདེབས་ཀྱིས། །མ་ལུས་རྗེས་གནང་བཀའ་དྲིན་སྩོལ། ལན་གསུམ། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་ཉན་པར་གདམས། །སངས་རྒྱས་ཆོས་དང་མ་ལན་གསུམ་གྱིས་སེམས་བསྐྱེད། དཀོན་མཆོག་གསུམ་ལ་བདག་སྐྱེ་བས་མཆི་སོགས་ལན་གསུམ་གྱིས་སྡོམ་པ་བཟུང༌། དེ་ནས་རྗེས་གནང་གི་གཞི་དགོད་པ་དང་སྐུའི་རྗེས་སུ་གནང་བའི་དོན་དུ་དམིགས་པ་འདི་བཞིན་དུ་


LT13_Page_312A
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེའི་གཞལ་མེད་ཁང་པའི་དབུས་སུ་ཛཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་ཁྱོད་རང་རྣམས་འཕགས་པ་ཛཾ་བྷ་ལ་དཀར་པོ་སོགས་མངོན་རྟོགས་ལྟར་ལ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གསལ་ཐོབ། དེ་ནས་སློབ་དཔོན་འཕགས་པ་ཛཾ་བྷ་ལ་དཀར་པོ་དངོས་ཡིན་སྙམ་པའི་མོས་གུས་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བས། །སློབ་དཔོན་དང་མདུན་བསྐྱེད་ཀྱི་ལྷ་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་འཕགས་པ་ཛཾ་བྷ་ལ་དཀར་པོ་འཁོར་དང་བཅས་པའི་སྐུ་ཆེ་ཆུང་མ་ངེས་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ལ་སོགས་པ་དང་བ་སྤུའི་བུ་ག་རྣམས་ནས་ཆར་བབས་པ་བཞིན་དུ་སིབ་སིབ་ཐིམ་པར་མོས་པ་མཛོད། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། བུམ་པ་ཐོགས་ལ། སློབ་དཔོན་འཕགས་པ་སྤྱན་རས་གཟིགས་སུ་གསལ་བ་དང༌། མདུན་བསྐྱེད་ཛཾ་བྷ་ལ་རིགས་ལྔས་དབང་བསྐུར་ལུས་ཐམས་ཅད་གང༌། སྡིག་པ་དག་པར་མོས་ཤིག །ཇི་ལྟར་བལྟམས་པ་སོགས་ནས། ཤྲཱི་ཡེ་ཧཱུྃ་བར་བརྗོད་ལ་བུམ་དབང་བསྐུར། བུམ་ཆུ་སྦྱིན། དབུ་རྒྱན་བཅིང༌། ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། རྒྱལ་བ་རིགས་ལྔས་དབུ་བརྒྱན་པར་བསམ། རིན་པོ་ཆེའི་ཕྲེང་བ་མགོ་ལ་བཀོད། ཨོཾ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ། དེ་ནས་གསུང་གི་རྗེས་སུ་གནང་བ་ལ་དམིགས་པ་འདི་བཞིན་ཏུ་མཛོད། སློབ་དཔོན་ལ་མོས་གུས་བྱས་པས་ཐུགས་ཀ་ནས་འོད་ཟེར་འཕྲོས། །མདུན་བསྐྱེད་ཛཾ་བྷ་ལའི་ཐུགས་ཀར་ཕོག །ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཛཾ་དཀར་པོ་གནས་པ་ལས་སྔགས་ཀྱི་ཕྲེང་བ་བྱུང༌། ཞལ་


LT13_Page_312B
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐོན། །ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། །ཐུགས་ཀར་ཟླ་བའི་སྟེང་དུ་ཛཾ་དཀར་པོ་གནས་པ་ལ་ཐིམ། དེའི་དུས་སུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཁྱེན་བརྩེ་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྔགས་ཕྲེང་དང་ལྷན་ཅིག་ཞལ་དུ་ཞུགས། སྙིང་གའི་ཛཾ་ལ་ཐིམ་པའི་མོས་པ་མཛོད། །སྔགས་འདིའི་རྗེས་ཟློས་ལན་གསུམ་གསུངས་ཤིག །སྙིང་པོ་ཚར་གསུམ་དང་པོས་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་འདྲེས། གསུམ་པས་བརྟན་པར་བྱས་པའི་མོས་པ་མཛོད། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཅེས་ལན་གསུམ། དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་སླར་ཡང་བྱིན་གྱིས་བརླབས་ཏེ། ཁྱེད་རང་གི་སྤྱི་བོར་ཕུལ་བའི་མོས་པ་མཛོད་ཅིག །སློབ་དཔོན་གྱིས་མེ་ཏོག་གཏོར་ཞིང༌། །བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛོད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ལ། །འཕགས་པ་ཛཾ་བྷ་ལ་དཀར་པོ་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག །དེ་ནས་ཐུགས་ཀྱི་རྗེས་གནང་ནི། །མདུན་བསྐྱེད་ཀྱི་ལྷ་ལ་མོས་གུས་དུང་དུང་བ་དང༌། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་མཛད་པས། །མདུན་གྱི་ལྷའི་ཐུགས་ཀ་ནས་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་རྒྱངས་ཏེ་བྱོན། །ཁྱེད་རང་རྣམས་ཀྱི་སྙིང་གའི་ས་བོན་དང་དབྱེར་མེད་དུ་འདྲེས། །རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད་ཅིག །དེ་ནས་ཡོན་ཏན་གྱི་རྗེས་སུ་གནང་བ་ལ་དམིགས་པ་འདི་བཞིན་མཛོད། །མདུན་བསྐྱེད་འཕགས་པ་ཛཾ་བྷ་ལའི་དཔྲལ་བ་ནས་རང་འདྲ་བའི་སྐུ་དཀར་པོ་འཕྲོས་


LT13_Page_313A
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ། །མགྲིན་པ་ནས་དམར་པོ་འཕྲོས། །ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། །ཐུགས་ཀ་ནས་སྔོན་པོ་འཕྲོས་ཁྱེད་རང་རྣམས་ཀྱི་སྙིང་ཀར་ཐིམ་པར་མོས་ཤིག །དེ་ནས་ཕྲིན་ལས་ཀྱི་རྗེས་སུ་གནང་བའི་སླད་དུ། །གཙོ་འཁོར་ལྔ་པོའི་ཕྱག་མཚན་རྣམས་རིམ་པར་ཁྱེད་རང་རྣམས་ཀྱི་ཕྱག་ཏུ་གཏད་པར་མོས་ཤིག གཙོ་བོའི་ཕྱག་མཚན་ལག་ཏུ་གཏད། རྗེ་བཙུན་འཕགས་པ་ཛཾ་བྷ་ལའི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང༌། །མཆོག་དང་ཐུན་མོངས་དངོས་གྲུབ་རྣམས། །བུ་ཡིས་མྱུར་དུ་ཐོབ་པར་ཤོག །ཨོཾ་པདྨ་ཀྲོ་དྷ་སོགས། བཅོམ་ལྡན་རྡོ་རྗེ་མཁའ་འགྲོ་མའི་སྐུ་གསུང་ཐུགས་ཀྱི་སོགས་གོང་ལྟར་བརྗོད་བཞིན་དུ། རྡོ་རྗེ་མཁའ་འགྲོ་མའི་ཕྱག་མཚན་གཏད་ལ། ཨོཾ་བཛྲ་ཌཱ་ཀི་ནཱི་པི་ཤི་ནི་སྟེང་ལྷའི་སྣང་སྲིད་ཐམས་ཅད་སློབ་མ་འདིའི་དབང་དུ་གྱུར་ཅིག །འོག་ཀླུའི་སྣང་སྲིད་ཐམས་ཅད་སློབ་མ་འདིའི་དབང་དུ་གྱུར་ཅིག །བར་མིའི་སྣང་སྲིད་ཐམས་ཅད་སློབ་མ་འདིའི་དབང་དུ་གྱུར་ཅིག སྭཱ་ཧཱ། དེ་བཞིན་དུ། རིན་ཆེན་མཁའ་འགྲོ་མའི་ཕྱག་མཚན་གཏད་ལ། བཅོམ་ལྡན་རིན་ཆེན་མཁའ་འགྲོ་མའི་སོགས་དང༌། ཨོཾ་རཏྣ་ཌཱ་ཀི་ནཱི་པི་ཤི་ནི། འཇིག་རྟེན་ཁམས་ཀྱི་ནོར་རྫས་བང་མཛོད་ཐམས་ཅད་སློབ་མ་འདིའི་དབང་དུ་སྡུས་ཤིག་སྭཱ་ཧཱ། པདྨ་མཁའ་འགྲོ་མའི་ཕྱག་མཚན་གཏད་ལ། བཅོམ་ལྡན་པདྨ་སོགས་དང༌། ཨོཾ་པདྨ་ཌཱ་ཀི་ནཱི་པི་ཤི་ནི། རྒྱལ་པོ་དང་བློན་པོ་དང་ཡུལ་མི་དབང་ཆེན་པོ་དང་ནོར་བུའི་བདག་པོ་ཀླུ་ཆེན་པོ་རྣམས་སློབ་མ་འདིའི་དབང་དུ་སྡུས་ཤིག་སྭཱ་ཧཱ། ལས་ཀྱི་མཁའ་འགྲོའི་ཕྱག་མཚན་གཏད་ལ། བཅོམ་ལྡན་ལས་ཀྱི་སོགས་དང༌། ཨོཾ་ཀརྨ་ཌཱ་ཀི་ནཱི་པི་ཤི་ནི། ཡུལ་མི་ཕྱུག་པོ་དང་རྐང་འགྲོས་དང་ཟས་ནོར་སྣ་ཚོགས་པ་སློབ་མ་འདིའི་དབང་དུ་སྡུས་ཤིག་སྭཱ་ཧཱ། དེ་ནས་གཏོར་མ་བཟུང་ལ། གཏོར་མ་འཕགས་པ་ཛཾ་བྷ་ལ་དཀར་པོ་གཙོ་འཁོར་ལྔ་པོ་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་


LT13_Page_313B
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ཏེ་བཀའ་བསྒོས་པས་དངོས་གྲུབ་ཐམས་ཅད་ཐོགས་མེད་ཡིད་བཞིན་དུ་སྩོལ་པར་བྱིན་གྱིས་རློབས་པར་མོས་ཤིག །འཕགས་པ་ཛཾ་བྷ་ལ་དཀར་པོ་ལྷ་ལྔ་འཁོར་དང་བཅས་པ་དང༌། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་རིམ་པར་བྱོན་པའི་རྩ་བ་དང་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་ཐ་ཚིག་དང་སྔོན་གྱི་ཐུགས་བསྐྱེད་གཡར་དམ་བཞེས་པ་རྗེས་སུ་དགོངས་ཏེ། རྡོ་རྗེའི་སློབ་མ་འདི་རྣམས་དུས་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དམ་པའི་ཆོས་སྒྲུབ་པའི་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་སྲུང༌། མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས། གནས་སྐབས་འདོད་རྒུའི་དཔལ་འབྱོར་འཛད་མེད་ཡིད་བཞིན་ཏུ་འཇོ་བ་དང༌། མཐར་ཐུག་ཡང་དག་མཆོག་གི་དངོས་གྲུབ་བདེ་བླག་ཉིད་དུ་ཐོབ་པར་མཛད་དུ་གསོལ། ཅེས་བཀའ་བསྒོ། གཏོར་མའི་ཆ་ཤས་དངོས་གྲུབ་ཀྱི་དོན་ཏུ་སྦྱིན། གཏོར་མའི་ལྷ་ལྔ་སློབ་མ་ལ་ཐིམ་པར་གྱུར། ཨོཾ་སུ་པྲ་ཏིཥྛ་སོགས་ཀྱི་བརྟན་བཞུགས་དང་ཤིས་བརྗོད་སྤེལ། དམ་ཚིག་ཁས་བླང༌། གཏོང་རག་མཎྜལ། དགེ་བསྔོ་རྣམས་བྱ། ཙཱ་རུའི་བཟའ་བ་ལ་ལོངས་སྤྱོད་པར་བཤད། །མདུན་བསྐྱེད་མཆོད་བསྟོད། འདོད་གསོལ། ནོངས་བཤགས། གཤེགས་བསྡུ། ཤིས་བརྗོད་སོགས་སྤྱི་དང་མཐུན་པར་བྱ། འདིའི་སྒྲུབ་ཐབས་བདག་བསྐྱེད་དུ་བྱེད་པའི་ལུགས་ཀྱང་ཡོད་མོད་ཀྱི། གོང་དུ་བཤད་པ་ཉིད་ལེགས་སོ། །ནོར་སྒྲུབ་ཀུན་ལས་ཁྱད་པར་འཕགས། །རིན་ཆེན་ཕུང་པོར་སྤུངས་པ་དང༌། །མཚུངས་ཤིང་དགའ་བར་རྗེས་བསྔགས་པའི། །སྙིང་པོ་མདོ་ཙམ་བཀོད་པ་ཡིན། །ཛཾ་བྷ་ལ་དཀར་པོ་ཇོ་བོ་ལུགས་ཀྱི་སྒྲུབས་ཐབས་ཀྱི་ལེ་མཚན་ནོ། །དར་རྒྱས་འཕེལ། དགེ་ཞིང་བཀྲ་ཤིས། ཛཱཾ་འཕེལ།། །།


previousགདམས་ངག་མཛོད་པོད་བཞི་པ། སྒྲུབ་ཐབས་རིན་འབྱུང་ལས་ཁོལ་དུ་ཕྱུངས་པ་འཕགས་པ་ཛཾ་བྷ་ལ་དཀར་པོ་ལྷ་ལྔའི་སྒྲུབ་ཐབས་རྗེས་གནང་།next