Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་དྲུག་པ།  འགྲོ་བའི་མགོན་པོ་དཔལ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོས་མཛད་པའི་ཕྱག་རྒྱ་ཆེན་པོའི་གདམས་པ།
   
   
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་དྲུག་པ། འགྲོ་བའི་མགོན་པོ་དཔལ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོས་མཛད་པའི་ཕྱག་རྒྱ་ཆེན་པོའི་གདམས་པ།next

གདམས་ངག་མཛོད་པོད་དྲུག་པ།
འགྲོ་བའི་མགོན་པོ་དཔལ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོས་མཛད་པའི་ཕྱག་རྒྱ་ཆེན་པོའི་གདམས་པ།


LT18_Page_175A
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་མགོན་པོ་དཔལ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོས་མཛད་པའི་ཕྱག་རྒྱ་ཆེན་པོའི་གདམས་པ་བཞུགས་སོ།། །།


LT18_Page_175B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། གདམས་པའི་ལོ་རྒྱུས། བླ་མ་ལྷ་རྗེ་མི་ལ་ལ། །གདམས་པ་ཟབ་མོའི་ཆུ་མིག་དེ། །རྗེ་རིན་པོ་ཆེ་ཡིས་གསོལ་གྱུར་པས། །སྲིད་ཞིའི་གདུང་སེལ་བདུད་རྩི་མཆོག །ཐ་སྙད་ཚིག་གིས་མ་བསླད་པ། །སྙན་ནས་བརྒྱུད་པའི་མན་ངག་ལགས། ༈ གདམས་པའི་ཆེ་བ། བསྐལ་པ་གྲངས་མེད་འདས་པ་ནས། །སངས་རྒྱས་དཔག་མེད་བཞུགས་པ་རྣམས། །ལམ་ཐབ་འདི་ལ་བརྟེན་ནས་ཀྱང་། །རང་དོན་གཞན་དོན་ཕུན་ཚོགས་འགྲུབ། ༈ གདམས་པའི་སྣོད། ཤ་ཟའི་གདོན་ལྷའི་བུའི་བདུད། གྱིས་མ་བཟུང་ཞིང་། །ལེ་ལོ་སྡིག་པའི་སེམས་སྤངས་ནས། །གཉིས་སུ་མེད་པའི་བླ་མ་ལ། །དང་བའི་ཡིད་ཀྱིས་མི་འབྲལ་བར། །ལུས་ངག་ཡིད་ཀྱིས་མཆོད་གྱུར་ཏེ། ༈ ཐུན་མོང་མ་ཡིན་པའི་སྔོན་འགྲོ། ། གཡེང་བ་ཐམས་ཅད་རབ་སྤངས་ནས། །འདུ་འཛི་མེད་པའི་དགོན་པ་རུ། །ཟས་གོས་ཀྱི་ཞེན་པ་བཅད་གྱུར་ནས། །ཞེན་མེད་ཀྱི་སྟན་ལ་སྐྱིལ་ཀྲུང་བཅའ། །རེ་དོགས་མེད་པའི་ལག་པ་བསྣོལ། །གཡོ་སྒྱུ་མེད་པའི་སྒལ་ཚིག་བསྲངས། །རྫུན་སྨྲ་མེད་པའི་མགྲིན་པའི་ཏོང་ཏོང་སྟེང་སྒོ་གནོན། ༈ ཤེས་རབ་ཀྱི་གོལ་ས་བཅད་པ། དཀོན་མཆོག་གསུམ་དང་མི་


LT18_Page_176A
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་བར། །ཁས་བླངས་དམ་ཚིག་གཞུང་བཞིན་བསྲུང་། །ཚེ་གཅིག་ལུས་གཅིག་སངས་རྒྱས་བསྒྲུབ། །དཀར་པོའི་སངས་རྒྱས་འདོད་ལགས་ན། །གོ་ཆ་སྟོང་དང་སྙིང་རྗེ་གཉིས་ལ་བརྟེན་ནས་སུ། །རྣམ་རྟོག་ལམ་དུ་བྱེད་པ་ཡིས། །མཚན་ཉིད་ཐེག་པས་མ་བསླད་པར། །སྐྱེ་མེད་རྟོགས་པའི་གདམས་ངག་འདི། །བསགས་པ་རབ་ཏུ་གྱུར་པས་བསྒོམ། །འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་སྤྱད་དེ། །སངས་རྒྱས་རེ་བ་མ་མཆིས་ཀྱང་། །དཀར་པོའི་ཕྱོགས་ཀྱི་ཆོས་སྤྱོད་ནི། །རྒྱུན་ཆད་མེད་པར་ཉམས་སུ་བླང་། །ངན་འགྲོའི་དོགས་པ་མེད་ན་ཡང་། །ཉེས་བྱས་ཕྲ་ཞིང་ཕྲ་བ་ལ། །མིག་གི་འབྲས་བུར་རྡུལ་བཞིན་བསྲུང་། །སྟོང་པའི་གོ་ཆ་ཅི་བཟང་ཡང་། །ཐབས་ཀྱིས་ལམ་ཁྱེར་དང་དུ་བླང་། ༈ དངོས་གཞི་ཐོད་བརྒལ་བའི་ལམ་དང་པོ། །བསམ་གཏན་ཡོངས་སུ་དག་པ་ཡིས། །ཡན་ལག་ལྔ་པ་བཅས་གྱུར་ནས། །སྣང་བ་སེམས་སུ་ཤེས་བྱ་སྟེ། །སྐྱེ་མེད་ངང་ལ་བཞག་པར་བྱ། ༈ ཐོད་བརྒལ་བ་གཉིས་པའི་བསྒོམ་རིམ། །དང་པོ་པ་ཡི་གང་ཟག་ནི། །ཉོན་མོངས་རྣམ་རྟོག་བྱུང་གྱུར་ན། །འདོད་ཆགས་འདི་ཡང་རྣམ་རྟོག་སྟེ། །རྣམ་རྟོག་དེ་


LT18_Page_176B
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སེམས་སུ་འདུས། །སེམས་ཀྱང་སྐྱེ་བ་མེད་པར་གནས། །བསམས་ལ་ངང་ལ་བཞག་པར་བྱ། །དེ་བཞིན་རྣམ་རྟོག་མ་ལུས་པ། །རྣམ་དག་འགྲེས་སུ་གོ་བར་བྱ། །གསར་བུ་གནས་ལུགས་སྒོམ་པ་ནི། །རྒྱ་མཚོ་ཆེན་པོའི་རྦ་རླབས་བཞིན། །བསྲབ་ཤིང་དྭངས་པར་གྱུར་པ་ལས། །སངས་རྒྱས་ལམ་དུ་ཤེས་པར་བྱ། ༈ ཁམས་འདུས་ཀྱི་གེགས་སེལ། འབྱུང་དང་གནས་དང་སད་པ་ཡི། །ལས་ཀྱི་ནད་རྣམས་བྱུང་གྱུར་ཀྱང་། །རྣམ་པར་རྟོག་པ་རིག་པ་སྟེ། །རིག་པ་རྣམ་ཐར་སྒོ་གསུམ་དུ། །སྐྱེས་བུ་དམ་པར་ཤེས་བྱས་ལ། །དགའ་བ་ཆེན་པོའི་འདུ་ཤེས་ཀྱིས། །དགོས་དང་སྐུ་དྲིན་ཆེ་བར་བསམ། །རྣམ་པར་རྟོག་པའི་སེམས་ཉིད་ལ། །སྤོང་བར་འདོད་ན་མང་དུ་འགྲོ། །སཱ་ལུའི་རྩ་བ་ཅི་འདྲ་བར། །སྐྱེ་བ་མེད་པས་སྤང་མི་དགོས། །ད་དུང་ནད་ཀྱི་སྡུག་བསྔལ་གྱིས། །ལུས་སེམས་འཚེ་བར་བྱེད་པ་ན། །ནད་དང་སྡུག་བསྔལ་མ་ཡིན་ལ། །གསོལ་བ་འདེབས་པའི་བླ་མར་བསྒོམ། །ལུས་ཀྱི་ཁོངས་སུ་གཟེར་བ་དང་། །ཚ་ཞིང་དྲག་ལ་འཁྲུགས་པ་རྣམས། །སེམས་གཏད་ས་རུ་ཟུག་པ་ནི། །ས་ཚང་དྲྭ་ཚགས་ཇི་ལྟ་བར། །བསམས་ལ་ནད་པའི་ཚོགས་རྣམས་དག །སྤོས་ཀྱི་དུད་པ་ཇི་ལྟ་བར། །ཟུག་པའི་ཕྱོགས་ནས་འདོན་བྱ་སྟེ། །ཐེང་ལྔ་དྲུག་གིས་ཟུག་ལས་གྲོལ། །ལུས་པོ་མི་ན་རྣམ་རྟོག་ན། །སྣང་བ་བདེ་ཆེན་འཆར་དུས་སུ། ཁབ་ཀྱིས་བཙུགས་ཀྱང་བདེ་བ་སྐྱེ། །བྱམས་དང་སྙིང་རྗེ་འབྱོངས་པའི་ཚེ། །རང་སྲོག་གཅོད་པའི་དགྲ་ལ་ཡང་། །མ་ཡི་འདུ་ཤེས་ཡང་ཡང་འབྱུང་། །མུ་སྟེགས་ནག་པོ་སོར་དྲུག་གིས། །མཁའ་ལ་དངོས་པོ་བསྒོམས་གྱུར་ཏེ། །རྣམ་རྟོག་མཁྲེགས་པར་མཐོང་བ་ན། །ལག་པ་གཡུག་པས་སྒྲ་ཡང་ཐོས། །ཞེ་སྡང་སྐྱེས་པའི་དུས་ཚོད་དུ། །བསྐྱངས་པའི་མ་ཡང་དགྲ་རུ་གོ །༈ བསྒོམས་པའི་དྲོད་ཚད། སྙིང་ནས་སེམས་དུལ་གྱུར་པ་ན། །རྨི་ལམ་མི་ནི་ཤི་བ་བཞིན། །གོ་བར་གྱུར་ན་རྟོགས་པ་སྐྱེ། །གདམས་ངག་རྒྱལ་པོ་སྐྱེས་སྦྱོར་འདི། །གོ་བར་གྱུར་ན་འཁོར་འདས་གཉིས། །ལག་པའི་ལྟོ་རྒྱབ་ཇི་ལྟ་བར། །ངེས་


LT18_Page_177A
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྐྱེས་ནས་ཐར་པ་ཐོབ། །གཉིས་སུ་མེད་པའི་ཡེ་ཤེས་འདི། །རྣམ་རྟོག་ཟད་ན་རྒྱུད་ལ་འཆར། །ཐོས་བསམ་སྒོམ་གསུམ་ཤེས་རབ་ཀྱིས། །རང་སེམས་བལྟས་ན་བསམ་བྱུང་ཡིན། །རིག་པ་ངང་ལ་བཞག་ཙ་ན། །ཤུགས་འབྱུང་སྒྲོ་འདོགས་ཆོད་དེ་འཆི། །ལྟ་རྟོགས་གཅིག་ཏུ་གྱུར་པ་ཡིན། །རྣམ་རྟོག་རང་བཞིན་གོ་ཙ་ན། །མཁའ་ལ་འཕུར་བའི་བྱ་རྗེས་དེ། །རྒན་པོ་རྣམས་ཀྱིས་མི་ཆོད་ལྟར། །ཐ་སྙད་ཞེ་བཞག་ཞིག་ནས་འགྲོ། །འཛིན་པ་འདུག་ན་རྣམ་རྟོག་ཡིན། །ངོས་བཟུང་མེད་པ་ཟུང་འཇུག་སྟེ། །ཡོད་མེད་མཐའ་ལས་འདས་པ་ཡི། །རྟོགས་པ་གཤའ་མར་སྐྱེས་གྱུར་ན། །འབྲས་བུ་སྐུ་གསུམ་ཞེས་བྱ་བ། །སྐྱེས་བུ་གསུམ་གྱི་ལས་རིམ་ལ། །སྦྱོང་བའི་འབད་རྩོལ་མི་དགོས་པ། །བྱིས་པ་སྨན་ནི་འཐུངས་བ་ལྟར། །ངོ་བོ་ཉིད་ནི་ཤུགས་ལས་འབྱུང་། ༈ དེ་རྣམས་ཀྱི་དོན་བསྡུ་བ། བསོད་ནམས་ཚོགས་ལ་འབད་པ་ན། །ནམ་མཁའ་ཡོངས་སུ་དག་པ་ལ། །ཁ་དོག་ཐ་དད་སྤྲིན་རྣམས་འབྱུང་། །འོད་གསལ་དྭངས་པའི་རྒྱ་མཚོ་ལ། །རྦ་རླབས་གཉེར་མ་སྐབས་སུ་འབྱུང་། །གཉེར་མ་རྒྱ་མཚོར་མ་ཤེས་ན། །གཟུགས་བརྙན་མི་མཐོང་གྲུ་ཡང་འཇིག །རྟོགས་པ་སྐྱེ་མེད་ཤེས་ལགས་ན། །སྤང་བླང་བྲལ་བའི་སངས་རྒྱས་ཐོབ། །འུབ་ཀྱིས་ཧྲིལ་གྱིས་བསྡུས་པ་ཡིན། ༈ རིམ་གྱིས་སའི་ལམ་ཞི་གནས་རྩེ་གཅིག ། ཤིན་ཏུ་དབེན་པའི་གནས་ཉིད་དུ། །རླུང་ལྔ་དབང་དུ་བྱེད་པ་ལ། །ལུས་ཀྱི་འཁྲུལ་འཁོར་བཅས་གྱུར་ཏེ། །ནམ་མཁའ་མཉམ་པའི་སེམས་ཅན་རྣམས། །སྡུག་བསྔལ་མཚོ་ལས་ཐར་དོན་དུ། །ལྷན་ཅིག་སྐྱེས་སྦྱོར་བསྒོམ་པར་བྱ། །རུས་དང་རིགས་དང་ཕྱོགས་འཛིན་གསུམ། །ཐ་མལ་རྣམ་རྟོག་སྣ་ཚོགས་པས། །འཁོར་བའི་རྒྱ་མཚོར་ལྷུང་བྱེད་པས། །ཡི་དམ་ལྷ་ཡི་རྣལ་འབྱོར་བསྒོམ། །མཆོག་དང་ཐུན་མོང་དངོས་གྲུབ་རྒྱུ། །བླ་མ་དམ་པའི་མོས་གུས་


LT18_Page_177B
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །སྤྱི་བོའི་་གཙུག་ཏུ་བསྒོམ་པར་བྱ། །སངས་རྒྱས་འདུ་ཤེས་ལན་གསུམ་བསམ། །མཆོད་པ་གསུམ་གྱིས་མཆོད་བྱས་ནས། །སྲིད་པའི་རྩེ་མོ་མན་ཆད་ནས། །མནར་མེད་དམྱལ་བ་ཡན་ཆད་ཀྱི། །ཕྱི་ནང་སྣོད་བཅུད་མ་ལུས་པ། །སྐྱེ་བ་མེད་པའི་རྣམ་པར་བསྒོམ། ༈ ལྷག་མཐོང་སྤྲོས་བྲལ། ལུས་སེམས་རྟོག་པ་བྱུང་གྱུར་ན། །གོང་གི་གདམས་ངག་ཐོག་བབས་བྱ། །དགོས་དང་སྐུ་དྲིན་ཆེ་བར་བལྟ། །ཆེ་བའི་ཆེ་ལུགས་འདི་ལྟ་སྟེ། །དཀོན་མཆོག་གསུམ་པོ་རྟོག་པ་ཡིན། །སྐབས་བརྒྱད་ལམ་ལྔ་རྣམ་རྟོག་སྟེ། །དབང་པོ་ལྔ་ཡང་རྣམ་རྟོག་ཡིན། །མཆོག་དང་ཐུན་མོང་རྣམ་རྟོག་རྒྱུ། །འཇམ་དཔལ་རོལ་བའི་མདོ་ལས་གསུངས། ༈ རྟོག་པ་ལམ་ཁྱེར་རྒྱས་བཤད། སེམས་སྐྱེ་བ་མེད་པ་ཆོས་ཀྱི་སྐུ། །འགགས་པ་མེད་པར་ལོངས་སྐུར་གནས། །ངོས་བཟུང་མེད་པ་སྤྲུལ་པའི་སྐུ། །དེ་གསུམ་ཐ་དད་མེད་པ་ལ། །ངོ་བོ་ཉིད་སྐུར་དམ་པས་གསུངས། །སྐྱེ་མེད་རྟོགས་པའི་རྟོགས་ཆོས་ལ། །དྲན་པའི་རྒྱལ་པོ་སྒྲུབ་པའི་ཆོས། །ཡི་གེའི་ཚོགས་རྣམས་ལུང་གི་ཆོས། །དྲན་པས་ཉེས་ལ་མི་འཇུག་པ། །དགེ་འདུན་གསུམ་ཀའི་ངོ་བོ་ཡིན། །སྐྱེ་མེད་རྟོགས་པ་ཤེས་རབ་ལ། །ངང་ལ་གནས་པའི་བསམ་གཏན་ཏེ། །རྒྱུན་ཆད་མེད་པ་བརྩོན་འགྲུས་ཡིན། །བདག་མེད་པར་གོ་འཇིགས་མེད་པ། །བཟོད་པ་གསུམ་གྱི་རྟོགས་པ་སྟེ། །སྤོང་སེམས་མཐར་ཐུག་གནས་གྱུར་པ། །རླུང་སེམས་རྩ་བ་དག་པ་སྟེ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་གསུངས། །ཕ་རོལ་ཕྱིན་ལྔའི་རང་བཞིན་འདི། །ནམ་མཁའ་མཉམ་པའི་དོན་དུ་སྤྱད། །ཞེན་འཛིན་རྣམ་རྟོག་བྲལ་གྱུར་ན། །དྲན་པ་ཉེར་བཞག་བཞི་དག་དང་། །དད་དང་དྲན་དང་བརྩོན་འགྲུས་དང་། །ཤེས་རབ་དབང་པོ་ལྔ་ལ་སོགས། །རྣམ་པར་རྟོག་པའི་བྱེ་བྲག་ཏུ། །ས་བཅུ་མཆོག་ལ་གནས་པ་ཡི། །མགོན་པོ་བྱམས་པས་བཀའ་སྩལ་ཏོ། །དེ་བས་


LT18_Page_178A
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྟོག་མེད་གྱུར་ན། །དཀར་པོའི་བསམ་པ་མི་འགྲུབ་པས། །མཁའ་ལ་མེ་ཏོག་སྐྱེ་བ་མེད། །དཀར་ནག་ལྟོས་པས་གྲུབ་པའི་ཕྱིར། །དྲན་དང་ཤེས་བཞིན་བག་ཡོད་གསུམ། །དཀར་པོའི་ཕྱོགས་ཀྱི་རྩ་བ་ཡིན། །རྣམ་རྟོག་མེད་ན་རྩ་བ་ཞིག །དེ་བས་རྣམ་རྟོག་ངོ་མཚར་ཆེ། ༈ པཎྜི་ཏའི་དཔྱད་བསྒོམ་གྱིས་ལམ་བཟོད་ཚུལ། ཕ་རོལ་ཕྱིན་པའི་ཐེག་པ་ཡི། །གཉེན་པོ་དངོས་པོར་གྱུར་པ་ཡིས། །སྤང་བྱ་དངོས་པོར་གྱུར་པ་དག །ཐོ་བས་བུམ་པ་བཤིག་པ་བཞིན། །སྤང་བྱ་སྤོང་བྱེད་དེ་ལྟར་བཞེད། །དེ་བས་གྲངས་མེད་གསུམ་དག་ཏུ། །ལམ་ལ་ནན་ཏན་བསྐྱེད་གྱུར་ཀྱང་། །དུས་གསུམ་སངས་རྒྱས་རྒྱལ་ས་དེར། །སྐྱེས་བུ་དམ་པ་ཕྱིན་པར་དཀའ། །ཁྱེད་རང་ལུགས་ཀྱི་གཞུང་ལུགས་ལ། །དངོས་པོ་མེད་པ་དཔག་མེད་བཤད། །སྔ་ཕྱིའི་ཚིགས་རྣམས་འགལ་གྱུར་པ། །རིག་པའི་གནས་ལྔ་སྦྱངས་པ་ཡི། །པཎྜི་ཏ་རྣམས་ཇི་ལྟར་ལགས། །མད་ཀྱང་ཀུ་རེ་བགྱིས་པ་ལགས། ༈ ཀུ་སཱ་ལིའི་འཇོག་སྒོམ་གྱི་ཁྱད་པར། ཀུ་སཱ་ལི་བའི་སྒོམ་ཆེན་རྣམས། །དམ་པ་གཅིག་ལ་བརྟེན་ནས་ནི། །ལས་ཟིན་པ་ཡི་རྟོགས་པ་དང་ལྡན་པའི་སྐྱེས་བུ་ཡི། །དྲུང་དུ་སེམས་ཐག་བཅད་པར་བྱ། ༈ གནས་སྐབས་ཀྱི་འབྲས་བུ། སྒྲུབ་པ་རྒྱུན་ཆད་མེད་མཛད་ན། །སྣང་བ་སློབ་དཔོན་འཆར་ནས་ཡོང་། ༈ མཐར་ཐུག་གི་འབྲས་བུ། སྣང་སྲིད་མ་ལུས་ཐམས་ཅད་ཀྱང་། །བདེ་ཆེན་ཉིད་དུ་རྟོགས་པར་མཆི། ༈ དོན་བསྡུ་བ། འགགས་དང་ཉ་གཟིན་ཙ་ན། །ཚིག་ཚོགས་སྤྲིན་ཕུང་འཁྲིགས་གྱུར་ཀྱང་། །སྐྱེ་མེད་ངང་དུ་ཁ་བ་བབས། ༈ མཇུག་གི་དོན། ཟབ་མོ་ཡི་གེར་བྲིས་པ་ལ། །བླ་མ་ཌཱ་ཀིས་བཟོད་པར་གསོལ། །དགེ་བའི་རྩ་བ་འདི་དག་གིས། །འགྲོ་དྲུག་རྣམ་རྟོག་ཟད་པར་ཤོག །རྗེ་བཙུན་ཟླ་འོད་གཞོན་ནུའི་ཆོས་ཀྱི་ཁྲི་ཆེན་པོར་མཚུངས་པ་མེད་པའི་སེང་གེའི་སྒྲ་སྒྲོགས་པའི་ཆོས་ཀྱི་རྒྱལ་པོར་ལྷ་


LT18_Page_178B
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པའི་འཇིག་རྟེན་གྱིས་མངོན་པར་དབང་བསྐུར་བའི་བདེ་བར་གཤེགས་པ་ཆེན་པོ་རྡོ་རྗེ་རྒྱལ་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།


previousགདམས་ངག་མཛོད་པོད་དྲུག་པ། འགྲོ་བའི་མགོན་པོ་དཔལ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོས་མཛད་པའི་ཕྱག་རྒྱ་ཆེན་པོའི་གདམས་པ།next