Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་དྲུག་པ།  ནཱ་རོ་ཆོས་དྲུག་གི་རྟོགས་པ་དོན་གྱི་བརྒྱུད་པ་ལ་གསོལ་བ་འདེབས་པ་ཚིག་ཉུང་ངུར།


 
previousགདམས་ངག་མཛོད་པོད་དྲུག་པ། ནཱ་རོ་ཆོས་དྲུག་གི་རྟོགས་པ་དོན་གྱི་བརྒྱུད་པ་ལ་གསོལ་བ་འདེབས་པ་ཚིག་ཉུང་ངུར།no next

གདམས་ངག་མཛོད་པོད་དྲུག་པ།
ནཱ་རོ་ཆོས་དྲུག་གི་རྟོགས་པ་དོན་གྱི་བརྒྱུད་པ་ལ་གསོལ་བ་འདེབས་པ་ཚིག་ཉུང་ངུར།


LT18_Page_262A
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་རོ་ཆོས་དྲུག་གི་རྟོགས་པ་དོན་གྱི་བརྒྱུད་པ་ལ་གསོལ་བ་འདེབས་པ་ཚིག་ཉུང་ངུར་བྱས་པ་བཞུགས་སོ། །


LT18_Page_262B
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་རྡོ་རྗེ་འཆང་དང་ཤེས་རབ་བཟང་། །ཡེ་ཤེས་དངོས་གྲུབ་བདེ་བའི་རྡོ་རྗེ་དང་། །བཞད་པའི་རྡོ་རྗེ་ཟླ་འོད་གཞོན་ནུའི་ཞབས། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རྡོ་རྗེ་རྒྱལ་པོ་མཉམ་མེད་རཏྣ་ཤྲཱི། །བསོད་ནམས་གྲགས་དང་རྡོ་རྗེ་གྲགས་པ་དང་། །རིན་ཆེན་སེང་གེ་གྲགས་པ་བསོད་ནམས་ཞབས། །གསོལ་བ་འདེབས་སོ༴ རྡོ་རྗེ་རིན་ཆེན་རྡོ་རྗེ་རྒྱལ་པོ་དང་། །ཆོས་ཀྱི་རྒྱལ་པོ་དོན་གྲུབ་རྒྱལ་པོའི་མཚན། །ནམ་མཁའ་རྒྱལ་མཚན་ངག་དབང་རྒྱལ་མཚན་ཞབས། །གསོལ་བ༴ ངག་གི་དབང་པོ་རིན་ཆེན་ཆོས་རྒྱལ་དང་། །ཨཱ་ནནྡ་ཞབས་རཏྣ་དྲག་པོ་རྩལ། །དཔལ་གྱི་རྒྱ་མཚོ་སྔགས་འཆང་མཆོག་གྲུབ་རྒྱལ། །གསོལ་བ༴ རྡོ་རྗེ་འཆང་དབང་མཁན་ཆེན་རྣམ་འཇོམས་ཞབས། །བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་དང་། །ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ལ། །གསོལ་བ༴ མ་དག་ལས་ཀྱི་ཕུང་ཁམས་སྐྱེ་མཆེད་རྣམས། །རྣམ་དག་དབང་བཞིས་སྐུ་བཞི་ཡེ་ཤེས་ལྔར། །རབ་སྦྱངས་མངོན་བྱས་ས་ལམ་ཀུན་རྫོགས་པར། །བདག་རྒྱུད་ཡོངས་སུ་སྨིན་པར་བྱིན་གྱིས་རློབས། །མེད་བཞིན་ལས་འཁྲུལ་བག་ཆགས་ཀྱིས་བསླད་པའི། །ངར་འཛིན་ལུས་ཀྱི་གྲོང་ཁྱེར་འདུས་བྱས་ཆོས། །གསལ་སྟོང་ཡི་དམ་ལྷ་ཡི་ཏིང་འཛིན་གྱིས། །ཟུང་འཇུག་བསྐྱེད་རིམ་རྟོགས་པ་མཐར་ཕྱིན་ཤོག །སྤྲུལ་པའི་འཁོར་ལོར་ཨ་ཐུང་སྦར་བའི་མེས། །ར་ལ་སྲོག་རྩོལ་ཉི་ཟླའི་རྒྱུ་བ་ཀུན། །དྷཱུ་ཏི་སྒྲ་གཅན་ཁྱིམ་དུ་རབ་བསད་ནས། །འབར་འཛག་བདེ་དྲོད་མི་རྟོག་མཐར་ཕྱིན་ཤོག །ཆོས་ཀྱི་འཁོར་ལོར་དྭངས་མ་འོད་ཀློང་དུ། །རླུང་སེམས་འབྱུང་བཞི་སྣང་མཆེད་ཐོབ་པའི་ཚོགས། །སྐད་ཅིག་ཐིམ་ནས་ཚོགས་དྲུག་གིས་སྟོང་པའི། །དོན་གྱི་འོད་གསལ་མཆོག་ལ་གནས་པར་ཤོག །ལོངས་སྤྱོད་འཁོར་ལོར་རླུང་སེམས་རབ་འདུས་ཤིང་། །ས་


LT18_Page_263A
[མ་དཔེ་གཟིགས་ན་འདིར་གནོན།]

བོན་བསམ་གཏན་སྦྱོར་བས་ཉིང་འཁྲུལ་ཀུན། །རང་ངོ་ཤེས་ཤིང་སྤྲུལ་བསྒྱུར་སྒྱུ་མར་རྟོགས། །རྩལ་འབྱོངས་བོགས་ཐོན་འཁྲུལ་པ་དྲུངས་འབྱིན་ཤོག །བདེ་ཆེན་འཁོར་ལོར་ཕྱི་ནང་རྟེན་འབྱུང་གི་།དག་དང་མ་དག་བརྟེན་གཡོ་མ་ལུས་པ། །བཅོས་མིན་སྒྱུ་མར་རྟོགས་ཤིང་འཇུག་ལྡང་གིས། །དོན་གྱི་སྒྱུ་ལུས་རྟོགས་པ་ཐོབ་གྱུར་ཅིག །འཕོ་བྱ་འཕོ་བྱེད་བྲལ་བ་རང་སེམས་ཉིད། །རང་མདངས་ལོངས་སྐུར་རྣམ་པར་གོ་འཕོ་ཞིང་། །གནས་སྐབས་རླུང་སེམས་ཡིག་འབྲུའི་སྦྱོར་བ་ཡིས། །འཕོ་དང་གྲོང་འཇུག་གེགས་མེད་འགྲུབ་པར་ཤོག །བར་དོ་རང་ངོ་ཤེས་ཤིང་དབང་འབྱོར་ཏེ། །འོད་གསལ་སྒྱུ་མའི་འཇུག་ལྡང་གནད་ཟབ་མོས། །འཁོར་བའི་རྒྱ་མཚོར་འཇུག་པ་རྩད་བཅད་ནས། །མཁའ་སྤྱོད་རིག་འཛིན་ཞིང་སོགས་བགྲོད་གྱུར་ཅིག །མ་དག་ཉོན་མོངས་རྩ་རླུང་ཐིག་ལེའི་འགྲོས། །ལྷ་སྔགས་ཏིང་འཛིན་སྦྱོར་བས་གནས་བསྒྱུར་ཞིང་། །ཞུགས་གནས་ཐིམ་དང་འགྲོས་བཞི་མཐར་ཕྱིན་ནས། །ཉོན་མོངས་མ་སྤངས་ལམ་དུ་ལྷོང་བར་ཤོག །དངོས་གྲུབ་རྩ་བ་དམ་ཚིག་སྡོམ་པའི་ཚོགས། །རྩ་བ་ཡན་ལག་བསྲུང་མཚམས་ཇི་སྙེད་པ། །ཉེས་པས་མ་གོས་ཚུལ་བཞིན་ལེགས་བསྲུངས་ནས། །མཆོག་དམན་དངོས་གྲུབ་བདེ་བླག་འགྲུབ་གྱུར་ཅིག །རང་དོན་ཡན་ལག་བདུན་ལྡན་ཆོས་ཀྱི་སྐུ། །སྐད་ཅིག་མངོན་ཐོབ་དེ་ཡི་རང་མདངས་རྩལ། །མཆོག་དམན་བར་མའི་སྣང་ངོར་ལོངས་སྤྲུལ་སོགས། །ཆུ་ཟླ་ལྟ་བུས་འགྲོ་ཀུན་གྲོལ་གྱུར་ཅིག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་སོགས་བརྗོད། །ཅེས་ནཱ་རོ་ཆོས་དྲུག་གི་རྟོགས་པ་དོན་གྱི་བརྒྱུད་པའི་གསོལ་འདེབས་ཚིག་ཏུ་འདུར་བྱས་པ་འདི་ཡང་། ལྕམ་ཞབས་དྲུང་གི་བཀའ་ཡིས་བསྐུལ་བའི་ངོར་ལམ་འདིས་གྲོལ་བ་འབྲི་གུང་པ་རིན་ཆེན་ཆོས་ཀྱི་གྲགས་པས་ཤིང་སྤྲེལ་རྒྱལ་གྱི་ཟླ་བའི་དཀར་པོའི་རྫོགས་པ་གཉིས་པ་མཁའ་འགྲོ་འདུ་བའི་དུས་དགེ་བར། འབྲི་ཆོས་ཕྱུག་ཀླུང་གི་ཕོ་བྲང་སྲ་བརྟན་རྡོ་རྗེའི་གནས་སུ་མགྱོགས་པར་སྦྱར་བ་སིདྡྷི་རསྟུ།། །།མངྒ་ལམ། །


previousགདམས་ངག་མཛོད་པོད་དྲུག་པ། ནཱ་རོ་ཆོས་དྲུག་གི་རྟོགས་པ་དོན་གྱི་བརྒྱུད་པ་ལ་གསོལ་བ་འདེབས་པ་ཚིག་ཉུང་ངུར།no next