Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅུ་པ།  ལམ་ཟབ་ཐུན་མོང་གི་ཁྲིད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་བཅུ་པ། ལམ་ཟབ་ཐུན་མོང་གི་ཁྲིད།next

གདམས་ངག་མཛོད་པོད་བཅུ་པ།
ལམ་ཟབ་ཐུན་མོང་གི་ཁྲིད།


LT19_Page_072A
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཟབ་ཐུན་མོང་གི་ཁྲིད་བཞུགས་སོ།། །།


LT19_Page_072B
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཀུན་གྱི་མཆོག་ལྡན་ལ། །ཐམས་ཅད་མཁྱེན་པའི་སྐད་ཅན་ཏེ། །ཤེས་རབ་ཐབས་སུ་མི་ཕྱེད་པའི། །དཔལ་ལྡན་རྩ་བའི་བླ་མར་འདུད། །རིགས་པས་གྲུབ་པ་ལུང་གི་བཅུད། །ཉམས་སུ་བླངས་ཀྱིན་མཚར་བའི་ལམ། །ཟབ་མོ་འདི་སྙམ་འབའ་ཞིག་ནས། །སློབ་མ་སངས་རྒྱས་སར་ཁྲིད་པ། །དྭགས་པོ་བཀའ་བརྒྱུད་ལ་འཁུ་བའི། །གངས་ཅན་པ་དག་བསྔགས་པའི་ལམ། །དཔེ་ནི་རྗེས་དཔག་གཡང་ས་ན། །མི་བཟད་འཁོར་བའི་གཅོད་དུ་བསྐྱུར། །ཨེ་མ་རང་ཉིད་བསླུར་མི་ཕོད། །ལྷག་པར་གཞན་དོན་འགྲུབ་རིངས་པ། །དེ་དག་ཟླ་འོད་གཞོན་ནུའི་རྗེས། །སྙེག་པའི་སྐལ་བཟང་ལྷ་ལ་སློང་། །འདིར་བླ་ན་མེད་པའི་བྱང་ཆུབ་ཏུ་མྱུར་བ་ལས་ཆེས་མྱུར་བར་འཁྲིད་པའི་ལམ་ཟབ་བླ་མའི་སྒྲུབ་པ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། །དང་པོ་ལ། སྔོན་འགྲོ་བསླབ་པ་གསུམ་ལ་བསླབ་པ། །དངོས་གཞི་སྨིན་གྲོལ་གཉིས་ལ་བསླབ་པ། །རྗེས་ངོ་སྤྲོད་པ་ལ་བསླབ་པ་ལས། །དང་པོ་ནི། དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མ་ཡིན་པས་ཅི་མཛད་གདུལ་བྱ་འདུལ་བྱེད་ཀྱི་ཐབས་སུ་ཤེས་པར་བྱས་ལ། རྣམ་པར་ཐར་


LT19_Page_073A
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅིར་སྟོན་ཡང་ལོག་པར་མི་བལྟ། བཀའ་གང་གནང་གདམས་ངག་ཏུ་ཤེས་པར་བྱས་ལ། ཅི་གསུང་ཡང་དང་ལེན་གྱི་གོ་ཆ་གྱོན། །གང་འདུལ་གྱི་སྐུ་མི་གཟུགས་སུ་སྣང་བ་མ་གཏོགས་རྫོགས་པའི་སངས་རྒྱས་དངོས་རང་དུ་ཤེས་པར་བྱས་ལ། བཟང་ངན་མི་བརྟག །མི་དགྱེས་པ་སྐད་ཅིག་ཀྱང་མ་ཤོར་བར་བྱའོ། །གལ་ཏེ་ཐོག་མ་མེད་པའི་མ་རིག་པའི་དབང་གིས་སྡོམ་པ་གསུམ་དང་འགལ་བའི་ཉེས་པའམ། རང་བཞིན་གྱིས་གནས་ངན་ལེན་སྤྱད་པས་མི་དགྱེས་པ་བྱུང་ན། སྦྱོར་དངོས་རྗེས་གང་ཡིན་པ་དེ་ཉིད་དུ་རང་རིག་པའི་ཡེ་ཤེས་ཀྱིས་སྦྱང་། །དེས་མོད་ལ་དག་པར་འགྱུར་ལ། །གཞན་དུ་ཉིན་ཞག་གཅིག་གི་ཁོངས་ཡན་ཆད་དུ་བཤགས་ཕུལ་དང་བསམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་བརྟེན་གྱི་སྟོབས། །སྔར་བྱས་ལ་འགྱོད་སེམས་རྣམ་པར་སུན་འབྱིན་གྱི་སྟོབས། བླ་མ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ལ་གནས་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། ཕྱིན་ཆད་མི་བྱེད་པའི་སྡོམ་སེམས་ཉེས་པ་ལས་སླར་བཟློག་པའི་སྟོབས་བཞིས་སྦྱོང་བར་བྱའོ། །དེ་ནི་རྒྱུན་དུ་དམ་ཚིག་གཙང་བ་ལ་བསླབ་པའོ། །དེ་ནས་མཉེས་


LT19_Page_073B
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་གྱིས་བསྟེན། །རང་གི་ལུས་ལོངས་སྤྱོད་དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་དང་བཅས་པ་ཐམས་ཅད་ལྟོས་མེད་དུ་བླ་མ་ལ་འབུལ་བ་ནི་བསོད་ནམས་ཀྱི་ཚོགས་གསོག་བ་ཐམས་ཅད་ཀྱི་མཐར་ཐུག་པ་ཡིན་ལ། །དེ་ཉིད་ཀྱིས་དངོས་པོ་ཐམས་ཅད་ལ་ཆགས་པ་མེད་པའི་ཏིང་ངེ་འཛིན་རྙེད་ཅིང་། ཏིང་ངེ་འཛིན་དེ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པར་འགྱུར་ཏེ། ཚུལ་འདིས་མཆོད་བྱ་དང་མཆོད་བྱེད་གཉིས་སུ་མེད་པར་མཆོད་པས་ཡེ་ཤེས་ཀྱི་ཚོགས་ཀྱང་མཐར་ཐུག་པ་གསོག་པར་བྱེད་དོ། །གཞན་དུ་བླ་མའི་མཎྜལ་ལ་བརྩོན་པར་བྱ་སྟེ། བླ་མ་མཆོད་པའི་ཆོ་ག་ཡོན་ཏན་ཀུན་འབྱུང་ལས་འབྱུང་བ་བཞིན་ནམ། མདོར་བསྡུས་པས་ཀྱང་ངོ་། །དེ་ནི་ཚོགས་བསགས་པ་ལ་བསླབ་པ་ཞེས་བྱའོ། །དེ་ནས་གསང་སྔགས་བྱིན་རླབས། བྱིན་རླབས་མོས་གུས། །མོས་གུས་གསོལ་འདེབས་ཀྱིས་རྙེད་པར་སླ་བས་གསོལ་བ་གདབ་པའི་ཚུལ་ནི། རྩ་བའི་བླ་མ་ཉིད་དུས་གསུམ་གྱི་བླ་མ་ཐམས་ཅད་པར་བཞེངས་པ་ནམ་མཁའ་སྤྲིན་གྱིས་གང་བ་ལྟ་བུའམ། དཔག་བསམ་གྱི་ཤིང་ཡལ་ག་དང་ཡལ་ག་ཕྲ་འུར་གྱེས་པ་ལྟར་དམིགས་པ་རིང་རྫོགས། བཀའ་བརྒྱུད་ཀྱི་བླ་མ་མུ་ཏིག་རྩལ་ལ་བརྒྱུས་པ་ལྟ་བུར་ཐོར་རྩེགས་སུ་བསྒོམ་པ་ཉེ་བརྒྱུད། བླ་མ་ཉིད་བླ་མ་ཀུན་འདུས། དཀོན་མཆོག་གསུམ་གྱི་རང་བཞིན། རྟེན་དཀྱིལ་འཁོར་བརྟེན་པ་ལྷ་དང་བཅས་པའི་ཡི་དམ། བྱིན་རླབས་སྟེར་བའི་མཁའ་འགྲོ། བར་ཆད་སེལ་བའི་ཆོས་སྐྱོང་དུ་ངེས་པ་ཀུན་འདུས་ནོར་བུ་ལུགས་ཏེ། གསུམ་གར་འདི་དང་ཕྱི་མ་དུས་ཐམས་ཅད་དུ་སྐྱབས་མགོན་གཞན་དུ་མི་འཚོལ་བར་བློ་བླ་མ་འབའ་ཞིག་ལ་བཀལ། རོགས་གསོལ་འདེབས་འབའ་ཞིག་ལ་བཅོལ། ཉམས་ལེན་མོས་གུས་འབའ་ཞིག་ལ་བྱས་ན་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་ཐེ་


LT19_Page_074A
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་མེད་དོ། །གལ་ཏེ་ཉོན་མོངས་པ་དང་རྣམ་པར་རྟོག་པ་ལ་སོགས་པ་སྐྱེས་ན། དུས་དེར། བླ་མ་རང་སེམས་དབྱེར་མེད་དུ་བསྲེས་ནས་གང་ཤར་གསོལ་འདེབས་ཀྱི་གདངས་སུ་ཁྱེར་བས་རང་ཞི་ལ་འགྲོ་བ་ཞི་བའི་གསོལ་འདེབས། ཁམས་འདུས་པ་མྱ་ངན། ཡིད་མི་བདེ་བའམ། མི་མ་ཡིན་གྱི་བར་ཆད་དྲག་པོ་བྱུང་བའི་དུས་སུ། སྙིང་གར་བླ་མ་འཛུམ་དམུལ་ལེ་བ། རང་ཉིད་ཀྱང་དགའ་ཡ་ལེ་འཛུམ་དམུལ་ལེ་བ། སྣང་བ་ཐམས་ཅད་ཀྱང་བླ་མའི་སྐུ་རྡོ་རྗེ་འཛུམ་དམུལ་ལེ་བར་བསམས་ནས། གསོལ་འདེབས་ཀྱི་དབྱངས་ལ་སེམས་རྒྱ་ཡན་དུ་བོར་བས་སྐྱོན་རང་གྲོལ་དུ་ཞིག །སྣང་བ་འབལ། འབོལ་དུ་སོང་། ཡོན་ཏན་གྱི་རྩལ་ཁ་ཕྱོགས་མེད་དུ་རྒྱས་པར་འགྱུར་བས་རྒྱས་པའི་གསོལ་འདེབས། ཡར་མོས་གུས་ཀྱིས་བླ་མ་དཀོན་མཆོག་དབང་དུ་བསྡུ། མར་སྙིང་རྗེས་འགྲོ་དྲུག་གི་སེམས་ཅན་དབང་དུ་བསྡུ་བས་དབང་གི་གསོལ་འདེབས། བསམ་པ་ཚེ་འདིར་ཤོར་བས་འཇིག་རྟེན་ཆོས་བརྒྱད་ཀྱིས་ཟིན། དེ་དུས་ཙ་ན་རང་གིས་རང་ལ་ཆོས་བྱེད་པར་མ་བཅས། བླ་མ་དཀོན་མཆོག་ཆོས་བྱེད་བྱེད་འདྲ་བའི་ཁ་སྦྱང་གིས་བསླུ་བའི་དྲེད་པོ་ཁྱོད་འདྲ་བ་ཞེས་པ་ལ་སོགས་པའི་ཞེ་ཁྲེལ་དེ། སྐྱོན་དེ་དག་འདོར་འདོད་པ་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་རྒྱང་འབོད་དུ་བཏབ་པས་བླ་མ་དཀོན་མཆོག་ར་མདར་སྦྲན་པ་དྲག་པོའི་གསོལ་འདེབས་ཞེས་བྱའོ། །དེ་ནི་རྒྱུན་དུ་གསོལ་བ་གདབ་པ་ལ་བསླབ་པའོ། །གཉིས་པ་དངོས་གཞི་སྨིན་གྲོལ་གཉིས་ལ་བསླབ་པ་ལ་བསྙེན་པ། སྒྲུབ་པ། ལས་སྦྱོང་གསུམ་ལས། དང་པོ་ལ། ཕྱི་སྒྲུབ་ཕྱག་གི་བསྙེན་པ། ནང་སྒྲུབ་གསོལ་འདེབས་ཀྱི་བསྙེན་པ། གསང་སྒྲུབ་བཟླས་པའི་བསྙེན་པ་ལས། །དང་པོ་ནི། གནམ་དང་


LT19_Page_074B
[མ་དཔེ་གཟིགས་ན་འདིར་གནོན།]

ས་འབྱར་བར་སྣང་བའི་ཐད་ནས་སྐོར་བ་སྤྱན་རས་གཟིགས་བཅུ་གཅིག་ཞལ། ཕྱག་སྟོང་ལ་སྤྱན་སྟོང་མངའ་བ། བཞེངས་པ་ཤིན་ཏུ་ཞི་བའི་ཉམས་ཅན། དེའི་ཐུགས་ཀར་བསམ་གཏན་གྱི་ཁང་བུ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ། མལ་ཁ་སར་ཎ་མཆོག་སྦྱིན་དང་། ཐུགས་ཀར་ཨུཏྤལ་དཀར་པོ་བསྣམས་པ་ཕྱེད་སྐྱིལ་གྱིས་བཞུགས་པ། གཅིག་གིས་ཐུགས་ཀར་གཅིག་མེ་ལོང་དྲི་མ་མེད་པ་ལ་གཟུགས་བརྙན་ལྟ་བུ། དེའི་ཐུགས་ཀར་རང་འདུག་པའོ། །ༀ་མ་ཎི་པདྨེ་ཧཱུྃ། ཞེས་བཟླ་བར་བྱའོ། །དེ་ནས་སྲུང་འཁོར་དེའི་ནང་རང་གི་མདུན་གྱི་ནམ་མཁར། བྃ་ལས་གང་ཆེན་མཚོ། དབུས་སུ་པདྨའི་སྡོང་པོ་དཔག་བསམ་གྱི་ཤིང་ལྟར་ཡིད་དུ་མཆིས་པའི་དཔལ་ཐམས་ཅད་ཡོངས་སུ་རྫོགས་པའི་ལྟེ་བ་ལ། ལཾ་ལས་ཀུན་ཏུ་བཟང་པོའི་ཞིང་ཁམས་བཀོད་བ་བསམ་གྱིས་མི་ཁྱབ་པ། རྡུལ་རེ་རེ་ལས་ཀྱང་རྡུལ་སྙེད་ཀྱི་ཞིང་དུ་ཀུན་ཏུ་སྟོན་པ་དེར། བླ་མ་བརྒྱུད་པ་དང་བཅས་པ་ཡེ་ཤེས་ཀྱི་སྤྱི་གཟུགས། བླ་མའི་ཐུགས་ཡི་དམ་གྱི་ལྷ་ཞི་ཁྲོའི་སངས་རྒྱས། གསུང་དམ་ཆོས། སྐུ་དགེ་འདུན་ཐམས་ཅད་དུ་སྣང་བས་གང་བར་གྱུར་པ། བསམ་པ་ཞེ་ཐག་པས། དཔལ་ལྡན་བླ་མ་དམ་པའི་ཐུགས་རྡོ་རྗེ་ཁམས་གསུམ་པོ་ཀུན་གྱི་བདག་ཉིད་བདེ་བ་ཆེན་པོའི་རྣམ་པའི་ཧེ་རུ་ཀ་རྡོ་རྗེ་སངས་རྒྱས་དང་། གསུང་རྡོ་རྗེ་སྔགས་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་ལ་སོགས་པའི་རང་བཞིན་གྱིས་ཆོས་དང་། སྐུ་རྡོ་རྗེ་འཁོར་ལོར་གནས་པའི་རྣལ་འབྱོར་བ་དང་རྣལ་འབྱོར་མའི་དགེ་འདུན་ལ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱིས་འཁྱུད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བདེ་བ་ཆེན་པོའི་བདག་ཉིད་ཅན་དུ་སེམས་


LT19_Page_075A
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པར་བགྱིའོ། །སྨོན་སེམས། འདི་རྣམས་ཀྱི་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་གང་ཡིན་པ་རྡོ་རྗེ་ཐེག་པ་ལ་བདག་གིས་བརྟེན་པར་བགྱིའོ། །ཞེས་འཇུག་པ་སྟེ་ལན་གསུམ། དེ་ནས་རང་གི་སྤྱི་བོར་པདྨ་དང་ཟླ་བ་ལ་རྒྱུ་དུས་ཀྱི་བླ་མ་རྡོ་རྗེ་སེམས་དཔའ་ཧཱུྃ་ཡིག །ལམ་གྱི་རྡོ་རྗེ་སེམས་དཔའ་འམ་འོད་ཟེར་གྱི་སྤྲོ་བསྡུས་སྣོད་བཅུད་ཀྱི་མ་དག་པ་སྦྱངས་ནས་རྡོ་རྗེ་སེམས་དཔའ་ཉིད་དུ་འགོད་པར་བཞེངས་པ་ཡོངས་སུ་གྱུར་པ་ལས་འབྲས་བུའི་རྡོ་རྗེ་སེམས་དཔའ་དཀར་ཞིང་དྲི་མ་མེད་པ་རྡོ་རྗེ་ཐུགས་ཀར་འཛིན་ཅིང་དྲིལ་བུ་དཀུར་བརྟེན་པ་རྡོ་རྗེའི་སྤྱིལ་ཀྲུང་བཅིངས་ཏེ་རྡོ་རྗེ་སྙེམས་མ་ལ་འཁྱུད་པ། རུས་པ་དང་རིན་པོ་ཆེས་བརྒྱན་པའི་ཐུགས་ཀར་ཟླ་བ་ལ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བ་ལ་ཧཱུྃ། མཐར་ཡིག་བརྒྱས་བསྐོར་བ། ༀ་བཛྲ་ས་ཏྭ་ས་མ་ཡ་སོགས་བཟླ་དུས། དེའི་སྦྱོར་མཚམས་ནས་སྐུའི་བདུད་རྩི། སྔགས་ལས་གསུང་གི། ཟླ་བ་ལས་ཐུགས་ཀྱི། རྡོ་རྗེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས། བདག་གི་སྤྱི་བོ་ནས་ཞུགས་ལུས་ངག་ཡིད་ཡེ་ཤེས་ཀྱིས་བསྐྱེད་པའི་སྡིག་སྒྲིབ་དུད་ཁུ་དང་སོལ་ཁུ། གདོན་བགེགས་སྲིན་བུའི་རྣམ་པར་དབང་པོའི་སྒོ་བ་སྤུའི་ཁུང་ཐམས་ཅད་ནས་ཐོན་ཏེ། དྲི་མ་མེད་ཅིང་བྱང་ཆུབ་སེམས་ཀྱིས་ཁྱབ་པ་འོ་མས་ཤེལ་གྱི་ཕོར་བ་བཀང་བ་ལྟ་བུ། མཐར་སྡིག་སྒྲིབ་དག་གོ་ཞེས་གནང་བ་བྱིན་ནས་འོད་དུ་ཞུ་སྟེ་རང་ལ་ཐིམ་པར་བསམ་མོ། །དེ་ནས་ཚོགས་ཀྱི་ཞིང་སྐྱབས་ཡུལ་དུ་སྤྲོས་པས་སླར་གསལ་བཏབ་ནས་རང་གི་ལུས་ཇི་སྙེད་པ་དེ་བརྙེད་པའི་རྡུལ་དང་མཉམ་པ་རེ་རེའང་མགོ་དང་ལྕེའི་དབང་པོ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་བལྟས་ཏེ། བདག་དང་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་ཅིག །བླ་མ་བླ་མ་སྙམ་པས་ལུས་ཀྱི་ཕྱག །ངག་ཏུ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་


LT19_Page_075B
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །དེ་བཞིན་དུ། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ། བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ། བླ་མ་སངས་རྒྱས་རིན་པོ་ཆེ་ལ། ཞེས་པ་སྟོང་ཕྲག་གཅིག་ནས། རྒྱལ་བ་ཀུན་དངོས་བླ་མ་ལ། །ལུས་ངག་ཡིད་གསུམ་གུས་བའི་བློས། །སྤྲོ་བའི་སྙིམས་པ་དང་བཅས་ནས། །རབ་ཏུ་བཏུད་དེ་གུས་ཕྱག་འཚལ། ཞེས་བརྗོད་པས་ཕྱག་བྱའོ། །དེ་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་དང་རང་གི་གནས་ལུས་ལོངས་སྤྱོད་ཀུན་གཞིའི་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ཐམས་ཅད་ཀུན་ཏུ་བཟང་པོའི་ཞིང་ཁམས་རྣམ་བརྒྱ་ཆེ་བའི་མཆོད་རྫས་ཐམས་ཅད་ཆར་དུ་བབས་པ་ཕྱི་མཆོད། བབས་བ་དེ་དག་རང་བཞིན་ཤ་ལྔ་བདུད་རྩི་ལྔར་དག་པས་ནད་མཆོད། ངོ་བོ་འདོད་པ་ལྔའི་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་རྡོ་རྗེ་སེམས་དཔའི་བུད་མེད་ཡིན་པས་དེ་ལ་འཁྱུད་པ་གསང་མཆོད། འཁོར་གསུམ་ཡོངས་དག་གམ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་སྣང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པའི་སྤྲིན་གྱི་རྒྱན་ཚད་མེད་པ་སྣང་བའི་མཎྜལ་འདིས་འབུལ་བར་བྱའོ། །ནམ་མཁའི་དབྱིངས་རྣམས་ཀུན་ནས་གང་བའི་སྤོས་ཀྱི་ཆུ་གཏང་འདོད་དགུའི་དཔལ་འབྱུང་རིན་ཆེན་པདྨོ་རིན་ཆེན་འོད་འབྱིན་རྒྱས་པས་ཁྱབ་པའི་སྙིང་པོར་ནོར་བུའི་ཁོར་ཡུག་གི། །ནང་ན་ཞིང་ཁམས་རྒྱ་མཚོ་ས་གཞི་རིན་ཆེན་ལས་གྲུབ་རིམ་གྱིས་གཞོལ་བ་བཀོད་ལེགས་མ་ལུས་བཀོད་པའི་ཕུལ་གྱིས་འཇིག་རྟེན་ཁམས་རེའང་འདོད་ཡོན་རྨད་ཀྱིས་འཕྱུར་བ་གང་། །མཐའ་ཡས་སངས་རྒྱས་ཞིང་གིས་བསྐོར་ཅིང་ཀུན་བཟང་མཆོད་སྤྲིན་མ་ཚང་མེད་བའི་རྒྱན་གྱིས་རྣམ་པར་བརྒྱན་པའི་རྡུལ་རེར་རྒྱལ་བ་སྲས་བཅས་མཛད་པ་ཐམས་ཅད་སྣང་བ་ཅན། །གཅིག་ཏུ་འདུ་ཞིང་སོ་སོར་མ་འདྲེས་བྱིན་གྱིས་བརླབས་པའི་རྣམ་འཕྲུལ་ཇི་བཞིན་དེ་དག་བདག་གིས་དགེ་བའི་སེམས་ཀྱིས་སྤྲུལ་ཏེ་དཔལ་ལྡན་བླ་མར་དང་


LT19_Page_076A
[མ་དཔེ་གཟིགས་ན་འདིར་གནོན།]

པས་འབུལ་བར་བགྱི། ཞེས་སམ། བསྡུས་པར། དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །ཕྱི་ནང་གསང་བ་བླ་མེད་པའི། །མཆོད་སྤྲིན་རྒྱ་མཚོའི་ཚོགས་རྣམས་ཀུན། །རྣམ་པ་ཀུན་ཏུ་མཆོད་པར་འབུལ། །ཞེས་ལན་གསུམ། དེ་ནས། ཐོག་མེད་དུས་ནས་བསགས་པ་ཡི། །ཐུན་མོང་ཁྱད་པར་དང་འགལ་བའི། །མི་དགེ་བཅུ་སོགས་ཉེས་པའི་ཚོགས། །མ་ལུས་འགྱོད་པའི་སྒོ་ནས་བཤགས། །ཞེས་སྡིག་པའི་གཉེན་པོ་སྟེ་སྟོབས་གཞན་གསུམ་གྱིས་ཟིན་པར་བྱས་པ་ལན་གསུམ་གྱིས་སྡིག་པ་བཤགས། ནམ་མཁའི་མཐར་ཐུག་ཕྱོགས་ཀུན་ཏུ། །འགྲོ་ལ་ཕན་པར་མཛད་པ་ཡི། །དུས་གསུམ་རྒྱལ་བ་སྲས་བཅས་ལ། །དགའ་བའི་སེམས་ཀྱིས་རྗེས་ཡི་རང་། །ཞེས་པས་རྗེས་སུ་ཡི་རང་། །སྣ་ཚོགས་ཚུལ་གྱིས་གདུལ་བྱ་ལ། །རང་རང་བསམ་པ་ཇི་ལྟ་བར། །ཟབ་པ་དང་ནི་རྒྱ་ཆེ་བའི། །ཐེག་མཆོག་ཆོས་འཁོར་བསྐོར་དུ་གསོལ། །ཞེས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཀྱི། །གསང་བ་བསམ་གྱིས་མི་ཁྱབ་པ། །ཇི་སྲིད་འཁོར་བ་དེ་སྲིད་དུ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །ཞེས་མྱ་ངན་ལས་མི་འདའ་བར་གསོལ་བ། བདག་གཞན་ཀུན་གྱིས་བསགས་པ་ཡི། །དུས་གསུམ་དགེ་བ་གཅིག་བསྡུས་ནས། །མར་གྱུར་འགྲོ་བ་མ་ལུས་པ། །བྱང་ཆུབ་སྙིང་པོ་ཐོབ་ཕྱིར་བསྔོ། །ཞེས་བསྔོ་བ་བྱས་ནས། མཐར་ཚོགས་ཀྱི་ཞིང་བླ་མ་ཉིད་ལ་བསྟིམ་སྟེ་སྤྱི་བོར་སྤྱན་དྲངས། རྗེ་མ་ལུས་ཀུན་ཁྱབ་སྒྲིབ་གཉིས་དག་པ་ཡི། །ཞེས་པ་ལ་སོགས་པས་གསོལ་བ་བཏབ། བླ་མ་དང་རང་གི་གནས་བཞིར་ཡི་གེ་བཞི་གསལ་བཏབ་ནས། བླ་མའི་དཔྲལ་བའི་ༀ་ལས་སྐུའི་བྱིན་རླབས་འོད་ཟེར་དཀར་པོ་བྱུང་། རང་གི་དཔྲལ་བའི་ༀ་ལུས་ཀྱི་བདག་


LT19_Page_076B
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་ཞུགས་པས་སད་པའི་གནས་སྐབས་སྐྱེད་པའི་སྒྲིབ་པ་སྦྱངས། །བུམ་དབང་ཐོབ། སྐུ་རྡོ་རྗེ་ལྷག་བར་གནས་པར་བྱས། བླ་མའི་མགྲིན་པའི་ཨཱཿལས་གསུང་གི་བྱིན་རླབས་འོད་ཟེར་དམར་པོ་བྱུང་། རང་གི་མགྲིན་པའི་ཨཱཿངག་གི་རང་བཞིན་ལ་ཞུགས། རྨི་ལམ་གྱི་གནས་སྐབས་སྐྱེད་པའི་དྲི་མ་སྦྱངས། གསང་བའི་དབང་ཐོབ། གསུང་རྡོ་རྗེ་ལྷག་པར་གནས་པར་བྱས། བླ་མའི་ཐུགས་ཀའི་ཧཱུྃ་ལས་ཐུགས་ཀྱི་བྱིན་རླབས་འོད་ཟེར་སྔོན་པོ་བྱུང་། རང་གི་སྙིང་གའི་ཧཱུྃ་ཡིད་ཀྱི་རང་བཞིན་ལ་ཞུགས། གཉིད་སྟུག་གི་གནས་སྐབས་སྐྱེད་པའི་དྲི་མ་སྦྱངས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་རྡོ་རྗེ་ལྷག་པར་གནས་པར་བྱས། དེ་ནས་བླ་མའི་ལྟེ་བའི་ཧོཿཡིག་ལས་ཡེ་ཤེས་ཀྱི་བྱིན་རླབས་འོད་ཟེར་ལྗང་གུ་བྱུང་། བདག་གི་ལྟེ་བའི་ཧོཿཡེ་ཤེས་ཀྱི་རང་བཞིན་ལ་ཞུགས། བཞི་པའི་གནས་སྐབས་སྐྱེད་པའི་དྲི་མ་སྦྱངས། ཤེས་རབ་ཡེ་ཤེས་ཆེན་པོའི་དབང་ཐོབ། །ཡེ་ཤེས་རྡོ་རྗེ་ལྷག་པར་གནས་པར་བྱས། མཐར་བླ་མ་འོད་དུ་ཞུ། །བདག་ལ་ཆུ་དང་ཆུ་བསྲེས་པ་བཞིན། སེམས་མ་བཅོས་བར་གཉིས་སུ་མེད་པ་ལ་ཡེངས་མེད་དུ་གཞག་གོ །དེ་བས་ལངས་ནས་དགེ་བའི་རྩ་བ་འདི་ལྟར་བསྔོ་སྟེ། བདག་གིས་བྱས་ཤིང་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱི་མཐུས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་གཅིག་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་དཔལ་ལྡན་བླ་མ་དམ་པ་འགྲུབ་པར་གྱུར་ཅིག །ཅེས་པས་སོ། །གཉིས་པ་ནང་སྒྲུབ་གསོལ་འདེབས་ཀྱི་བསྙེན་པ་ནི། སྲུང་འཁོར། སྐྱབས་སེམས། རྡོ་རྗེ་སེམས་དཔའི་བསྒོམ་བཟླས་སྔར་བཞིན་དུ་བྱས་ལ། དེ་ནས་རང་གི་མདུན་གྱི་ནམ་མཁར། གྱད་དང་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་ཟླ་ཉི་སྒྲ་


LT19_Page_077A
[མ་དཔེ་གཟིགས་ན་འདིར་གནོན།]

གཅན་བདུད་བཞི་བརྩེགས་པའི་གདན་ལ། ཕུང་པོ་ཁམས་སྐྱེ་མཆེད་ལས་དབང་བྱ་བ་དང་བཅས་པ་གདན་གསུམ་གྱི་ལྷར་གདོད་མ་ནས་གྲུབ་པ་དཔལ་ལྡན་བླ་མའི་ཡེ་ཤེས་ཀྱི་སྐུའི་ངོ་བོ་ཉིད་དུ་ཡོངས་སུ་རྫོགས་པ། སྐྱབས་གསུམ་གྱི་འདུས་པ། དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཀྱི་འཆར་གཞི། རིགས་ཐམས་ཅད་ཀྱི་ཁྱབ་བདག །སྐུ་བཞི་ཡེ་ཤེས་ལྔ་གཅིག་པའི་སྤྱི་གཟུགས། དེ་ཡང་རྣམ་པ་དཔལ་རྡོ་རྗེ་སེམས་དཔའ་སྟོན་ཟླ་ལྟ་བུ་རྡོ་རྗེ་ཕག་མོ་དང་ལྷན་ཅིག་ཕྱག་རྒྱ་དྲུག་གིས་བརྒྱན་ཏེ་བཞུགས་པ། དེའི་ཐུགས་ཀར་ཟླ་བ་ལ་དཔལ་མཆོག་དང་པོའི་སྐྱེས་བུ་ཧཱུྃ་འོད་ཟེར་ལྔར་འབར་བས་སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་ཐམས་ཅད་བླ་མ་དམ་པ་ཉིད་ཀྱི་འཁོར་ལོ་གསུམ་གྱི་ལྷར་སད་པར་བྱས། དེ་དག་ལ་དམིགས་ཏེ། ༀ་ཨཱཿཤྲི་མཱ་ནྶ་དྒུ་རུ་ཙ་ར་ཎ་ཡཱ་མི། ཞེས་པས་གཉིས་སུ་མེད་པར་ཕྱག་བྱ། དེ་ནས་རང་གི་སེམས་རྡོ་རྗེ་རྣལ་འབྱོར་མའི་རྣམ་པ་སྤྱི་བོ་ནས་ཐོན། དེས་གྲི་གུག་གིས་ཐོད་པ་བྲེགས་པ་མི་མགོ་གསུམ་གྱི་ཁར་བཞག་པ་ནམ་མཁའི་ཁྱོན་ཙམ་ནང་དུ་འདོད་པ་ལྔའི་ལོངས་སྤྱོད་ཐམས་ཅད་དང་། རང་གི་ལུས་ངག་ཡིད་གསུམ་ༀ་ཨཱཿཧཱུྃ་ཧྲཱིཿས་སྦྱངས་རྟོགས་སྤར་བདུད་རྩིར་ཞུ་བ་བླ་མ་དམ་པའི་ཚོགས་ཀྱི་དཀྱིལ་འཁོར་ལ་སྙོམས་འཇུག་གི་བདེ་བ་དྭངས་མའི་བདུད་རྩི་ལྔའི་རོ་དང་དབྱེར་མེད་པས་མཆོད་དེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཟད་མི་ཤེས་པ་རྒྱན་གྱི་འཁོར་ལོའི་བདག་ཉིད། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་བླ་མ་དམ་པ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་ཕུང་པོ་རང་རིག་གི་གདོད་མའི་རྡོ་རྗེ་བཞིར་མཉམ་པར་སྦྱོར་བ་དུས་རྒྱུན་ཆད་མེད་པར་བདེ་བ་ཆེན་པོའི་མཆོད་པའི་སྤྲིན་རབ་འབྱམས་གྱིས་མཉེས་པར་གྱུར་


LT19_Page_077B
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །དེ་ནས་མ་ནམ་མ་བཞི་སྐོར་ཅི་རིགས་པ་གྲང་། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་སྟོང་ཕྲག་གཅིག་གི་མཐར། བླ་མ་སངས་རིན་མ་སོགས་ཀྱིས་གསོལ་བ་གདབ། བླ་མའི་ཐུགས་ཀ་ནས་འོད་ཟེར་བྱུང་། བདག་གི་ལུས་ལ་ཕོག །བླ་མའི་ཞལ་དུ་ཞུགས། ཡབ་ཡུམ་རྗེས་ཆགས་ཀྱི་མེས་བྱང་ཆུབ་སེམས་སུ་བཞུ། ཨ་བྡྷཱུ་ཏཱི་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས། །ཧེ་རུ་ཀའི་སྐུར་གྱུར་པ་ལ་སླར་ཡང་བླ་མ་ཡབ་ཡུམ་གྱི་གདན་གསུམ་གྱི་དབང་ལྷ་བྱང་ཆུབ་ཀྱི་སེམས་སུ་ཞུ་བས་ལྕེ་ཐོག་ཏུ་གཞག་པས་དབང་བསྐུར། ལུས་གང་། དྲི་མ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་སུ་ཞུགས་པར་གྱུར་པའི་མཐར། བླ་མ་ཡབ་ཡུམ་མེ་ལོང་གི་དབུགས་ཐིམ་པ་ལྟར་རང་དང་རོ་མཉམ་པ་རང་བཞིན་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་གཞག །དགེ་བའི་རྩ་བ་སྔར་བཞིན་དུ་བསྔོའོ། །གསུམ་པ་གསང་སྒྲུབ་བཟླས་པའི་བསྙེན་པ་ནི། སྲུང་འཁོར་སྐྱབས་སེམས་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་སྔར་བཞིན། དེ་ནས་རང་ཉིད་ཀྱི་སྤྱི་བོར་ལམ་ཟབ་བརྒྱུད་པའི་བླ་མ་ཐོ་བརྩེགས་སུ་གསལ་བཏབ་ནས། སྐུ་བཞིའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་འཆང་། །ཞེས་སོགས་ཀྱིས་གསོལ་བ་བཏབ། འོད་དུ་ཞུ་བ་རང་ལ་བསྟིམ་མོ། །དེ་ནས་རྣལ་འབྱོར་བཅུ་ལ་འཇུག་སྟེ། དང་པོར་ཚད་མེད་པའི་རྣལ་འབྱོར་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་འཕྲད་པར། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བ། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ། བདེ་སྡུག་གི་རྒྱུ་ཆགས་སྡང་གཉིས་དང་བྲལ་པའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག་སྙམ་པའི་ཚངས་པའི་གནས་བཞི་བསྒོམ། དེ་ནས་ལྷའི་རྣལ་འབྱོར་ནི། ༀ་སྭ་བྷཱ་ཝ་ཤུདྡྷཿ


LT19_Page_078A
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སེམས་ཀྱི་དེ་ཁོ་ན་ཉིད་འོད་གསལ་བ་ལས། སྐད་ཅིག་ཙམ་གྱིས་ལུས་དམ་པ་རིགས་བརྒྱའི་སྤྱི་གཙུག་དཔལ་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཁྲོ་འཛུམ་རལ་པའི་ཅོད་པན་ཅུང་ཟད་ཡོ་བ་ལ་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པ་འཆང་བ། མགོ་བོའི་ཅོད་པན་དང་དོ་ཤལ་ཅན། ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་གིས་རྡོ་རྗེ་ཕག་མོ་ལ་འཁྱུད་པ། སྟག་གི་ཤམ་ཐབས་ལྡན་པའི་ཞབས་གཡས་པ་རྐྱང་བས་འཇིགས་བྱེད་དུས་མར་བཅས་པ་བརྗེས་ཏེ་ཉི་མ་དང་པདྨའི་གདན་ལ་བཞུགས་པ་དམ་ཚིག་སེམས་དཔའ། དེའི་ཐུགས་ཀར་སེམས་དང་མི་ཕྱེད་པའི་བླ་མ་རྡོ་རྗེ་འཆང་ཚོན་གང་ཙམ་པ་ཡབ་ཡུམ་ཕྱག་རྒྱ་དྲུག་གིས་བརྒྱན་པ་ཡེ་ཤེས་སེམས་དཔའ་འོ། །དེའི་སྙིང་གར་ཟླ་བ་ལ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་མར་མེ་ལྟར་འབར་བ་ནི་ནང་གི་བདག་ཉིད་རྡོ་རྗེའི་བཅོམ་ལྡན་འདས་སོ། །ༀ་བཛྲ་གུ་རུ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ། ཞེས་པའི་སྔགས་ཀྱིས་བསྐོར་བའོ། །དེ་ནི་ཏིང་ངེ་འཛིན་སེམས་དཔའ་འོ། །ལྟ་ལ་དམིགས་པས་དུ་བ་ན་ངག་ཏུ་སྔགས་ཁྲི་ཕྲག་རེ་རེ་བཟླ་བ་བཟླས་པའི་རྣལ་འབྱོར་དང་། སྤྲོ་བསྡུའི་རྣལ་འབྱོར་ནི། དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་ཡབ་ཡུམ་གྱི་ལུས་དཀྱིལ་གྱི་རིགས་བརྒྱའི་ལྷ་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བ་ཕན་ཚུན་རྒོད་པ་དང་། ལྟ་བ་དང་། ལག་བཅངས་དང་། གཉིས་གཉིས་འཁྱུད་པས་སྙོམས་པར་ཞུགས་པའི་རྗེས་ཆགས་ཀྱི་མེས་བྱང་སེམས་འཁོར་ལོ་བཞིར་བབ། གསང་བའི་སྣར་ལྷན་ཅིག་སྐྱེས་དགའ་མངོན་དུ་བྱས་པའི་དབང་བླང་བའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་ནི། མཐར་ཡེ་ཤེས་སེམས་དཔའི་རྗེས་ཆགས་ཀྱི་བདེ་བའི་སྒྲས་བརྟན་གཡོ་ཐམས་ཅད་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་རོལ་པ་བསད། ཞལ་དུ་ཞུགས་


LT19_Page_078B
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེར་ཞུ། ཡུམ་གྱི་མཁར་ལྷུང་བ་བྃ་ཡིག་གི་རྣམ་པར་གྱུར་པ་ལས་རྣམ་པ་སྣ་ཚོགས་པའི་རིག་མ་རྣམས་སུ་གྱུར་ཏེ་ནམ་མཁར་ཐོན་ནས་སེམས་དཔའ་གསུམ་མཆོད་པས་ཕྱི་ནང་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ངོ་བོར་ཐིམ། །ཟག་པ་མེད་པ་ཟབ་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་གཞག་གོ །བསྔོ་བའི་རྣལ་འབྱོར་ནི་སྔ་མ་བཞིན་ནོ། །བཟའ་བཏུང་ཚོགས་ཀྱི་འཁོར་ལོའི་རྣལ་འབྱོར་ནི། རང་ཉིད་དཔལ་ལྡན་བླ་མའི་རྡོ་རྗེ་གསུམ་གྱི་ལྟར་གདོད་མ་ནས་གྲུབ་པ་གསལ་བཏབ། བཟའ་བཏུང་ༀ་ཨཱཿཧཱུྃ་ཧྲཱིཿས་སྦྱངས་རྟོགས་སྦར་བདུད་རྩིར་བཞུ་བའམ། བཟའ་བཏུང་སོགས་འདོད་ཡོན་གྱི་སྣང་བ་མཐའ་དག་སྒྱུ་མའི་འཁོར་ལོར་ཤེས་པ་ལ་གཉིས་སུ་མེད་པར་སྤྱོད། ཐུན་མཚམས་གཏོར་མའི་རྣལ་འབྱོར་ནི། བླ་མའི་གཏོར་མ་ཡི་གེ་བཞིས་བྱིན་གྱིས་བརླབས་ནས། རང་གི་སྙིང་གའི་འོད་ཀྱིས་བརྟན་གཡོའི་ཚོགས་ཐམས་ཅད་བླ་མའི་རྡོ་རྗེ་གསུམ་དུ་སྣང་བར་བྱས་ཏེ། ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གསོལ་བར་བསམས་ཏེ། ༀ་བཛྲ་གུ་རུ་ཌཱ་ཀི་ནཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ལན་གསུམ་གྱིས་ཕུལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པའི་འདོད་དོན་གསོལ། ཀུ་སཱ་ལའི་ཚོགས་གསོག་པའི་རྣལ་འབྱོར་ནི། སྲོད་ཉལ་ཁར་ཕཊ། རང་གི་རྣམ་ཤེས་རྡོ་རྗེ་རྣལ་འབྱོར་མའི་གཟུགས་སུ་ཚངས་བུག་ནས་ཐོན། ཕཊ། དེའི་གྲི་གུག་གིས་རང་གི་ཐོད་པ་བྲེགས། མི་མགོའི་སྒྱེད་བུ་གསུམ་གྱི་ཁར་བཞག །སྟོང་གསུམ་ཙམ་ཁྱབ་པ། ཕཊ། ལུས་གྲི་གུག་གིས་དེར་བཅུག་རུབ་ཀྱིས་གཏུབས། ༀ་ཨཱཿཧཱུྃ་ཧྲཱིཿ བདུད་རྩིར་སྦྱངས་རྟོགས་སྦར་བཞུ། ཕཊ། དཀོན་མཆོག་སྲི་ཞུའི་མགྲོན། ཕཊ། མགོན་པོ་ཡོན་ཏན་གྱི་


LT19_Page_079A
[མ་དཔེ་གཟིགས་ན་འདིར་གནོན།]

མགྲོན། ཕཊ། སྣང་སྲིད་ལྷ་འདྲེ་ལན་ཆགས་ཀྱི་མགྲོན། ཕཊ། འགྲོ་དྲུག་སྙིང་རྗེའི་མགྲོན་ཐམས་ཅད་བོས། ཕཊ། ཐམས་ཅད་ཀྱིས་གསོལ་བས་ཚིམ། ཕཊ། མཆོད་ཡུལ་གྱི་མགྲོན། མཆོད་རྫས། མཆོད་བྱེད་ཀྱི་རྣལ་འབྱོར་མ་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངང་དུ་ཡལ་གྱིས་གཏད་དོ། །བཅུ་པ་འོད་གསལ་གྱི་རྣལ་འབྱོར་ནི། ཉལ་དུས་སེམས་དཔའ་གསུམ་བརྩེགས་སུ་གསལ་བཏབ་པ་ལ། སྣང་བའི་ཚོགས་ཁམས་ཕྲ་བ་ལ་བཅུག །དེ་སེམས་ལ་གཞུག །དེ་སེམས་བྱུང་ལ་གཞུག །དེ་མ་རིག་པ་ལ་གཞུག །དེ་འོད་གསལ་བ་ལ་བཅུག་པས་གཉིད་ལོག་པ་དང་སད་པ་ཁྱད་པར་མེད་པར་ཟབ་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངང་དུ་གནས་པར་འགྱུར་ཏེ་རྟོགས་པའི་འོད་གསལ་ལོ། །གཉིས་པ་སྒྲུབ་པ་ནི། སྲུང་འཁོར། སྐྱབས་སེམས། རྡོར་བཟླས། བརྒྱུད་པའི་གསོལ་འདེབས། ཚད་མེད་པ། དམ་ཚིག་སེམས་དཔའ་བསྐྱེད་པ་རྣམས་གསང་སྒྲུབ་བཞིན་བྱས་ནས། དམ་ཚིག་སེམས་དཔའ་དེའི་སྐུའི་ནང་དུ་རྩ་དབུ་མ། དེ་ལས་རོ་རྐྱང་དུ་གྱེས་པ། སྤྱི་བོར་རྩ་འཁོར་སོ་གཉིས་ལ་བླ་མ་རྣམ་སྣང་ཧེ་རུ་ཀ་ཡབ་ཡུམ་དཀར་པོ། མགྲིན་པའི་རྩ་འཁོར་བཅུ་དྲུག་ལ་བླ་མ་ཧེ་རུ་ཀ་ཡབ་ཡུམ་དམར་པོ། །སྙིང་གའི་རྩ་འཁོར་བརྒྱད་ལ་བླ་མ་རྡོ་རྗེ་ཧེ་རུ་ཀ་ཡབ་ཡུམ་སྔོན་པོ། ལྟེ་བའི་རྩ་འཁོར་དྲུག་ཅུ་རྩ་བཞི་ལ་བླ་མ་རིན་ཆེན་ཧེ་རུ་ཀ་ཡབ་ཡུམ་སེར་པོའམ། རྩ་འདབ་ཀྱི་གྲངས་མཉམ་གང་མོས། རང་རང་གི་སྙིང་གར་ཟླ་བ་ལ་ས་བོན་རིམ་པ་བཞིན་ༀ་ཧྲཱིཿཧཱུྃ་ཏྲཱཾ་མཐར། ༀ་བཛྲ་གུ་རུ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ་ཕཊ། ཅེས་པས་བསྐོར་བར་བལྟས་ཏེ། ཐོག་མར་ཐོ་རངས་ཀྱི་དུས། སྤྱི་བོའི་རྣམ་སྣང་ལ་ལས་དང་མཐུན་པའི་མཆོད་པའི་སྤྲིན་གྱིས་སྤྲུལ་ཏེ་


LT19_Page_079B
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྡུག་བསྔལ་མ་ལུས་པ་ཞི་བར་མཛད་དུ་གསོལ་ཞེས་གསོལ་བ་བཏབ། ས་བོན་སྔགས་ཕྲེང་ལས་འོད་ཟེར་དཀར་པོ་གནོད་བ་ཐམས་ཅད་ཞི་བར་བྱེད་པ་སྨན་གྱི་བུ་མོ་ལྟ་བུ་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེ་བར་འཚེ་བའི་རིགས་ཐམས་ཅད་བསལ། ཞི་བའི་ལས་ལ་མངའ་བརྙེས་པ་ཐམས་ཅད་ཀྱི་ནུས་པ་བསྡུས་ཏེ་སྔགས་ལ་ཐིམ། བདག་ཉིད་ཞི་བའི་ལས་ལ་མཐུ་དང་ལྡན་པར་བསམ་ལ་སྔགས་ཁྲི་ཕྲག་ཞིག་བཟླ། མཐར་ལྷ་འོད་དུ་ཞུ་ནས་ཟག་པ་མེད་པའི་ཡེ་ཤེས་སུ་གནས་པ་ལ་མཉམ་པར་བཞག །དགེ་བ་བསྔོའོ། །སྔ་དྲོ་ལྟེ་བའི་རིན་ཆེན་འབྱུང་གནས་ལ་ལས་མཐུན་གྱི་མཆོད་པ་ཡིད་ཀྱིས་ཕུལ། བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། དཔལ་དང་འབྱོར་པ། སྟོབས་མངའ་ཐང་སྟེ་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པར་མཛད་དུ་གསོལ་ཅེས་གསོལ་བ་བཏབ། ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སེར་པོ་རྒྱལ་མཚན་རྩེའི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་བར་བྱས། རྒྱས་པའི་ལས་ལ་མངའ་བརྙེས་པ་ཐམས་ཅད་ཀྱི་ནུས་པ་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ། བདག་ཉིད་རྒྱས་པའི་མཐུ་དང་ལྡན་པར་བསམས་ལ་བཟླས་ལ་སོགས་སྔར་བཞིན་ནོ། །དགོངས་མོ་མགྲིན་པའི་འོད་དཔག་མེད་ལ་ལས་མཐུན་གྱིས་མཆོད། ཁམས་གསུམ་དབང་དུ་འདུ་བར་མཛད་དུ་གསོལ་ཅེས་གསོལ་བ་བཏབ། འོད་ཟེར་དམར་པོ་དབང་ཕྱུག་ཆེན་པོའི་ལྕགས་ཀྱུ་ལྟ་བུ་འཕྲོས། ཁམས་གསུམ་པོ་ཐམས་ཅད་ཀྱི་སྙིང་ལ་བཏབ། བདག་གི་མདུན་དུ་བཅིངས་ཏེ་བོར་བས་ཅི་བསྒོབ་མཉན་པ་དབང་དུ་འདུས་པར་བསམ། ཁྱད་པར་དབང་གི་ལས་ལ་


LT19_Page_080A
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བརྙེས་པ་ཐམས་ཅད་ཀྱི་ནུས་པ་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ། བདག་ཉིད་དབང་གི་ལས་ལ་མཐུ་དང་ལྡན་པར་བསམ་གཞན་འདྲའོ། །དེ་ནས་སྲོད་ཀྱི་དུས་ལ་སྙིང་གའི་མི་བསྐྱོད་པ་ལ་ལས་མཐུན་གྱིས་མཆོད། གདུག་པ་ཅན་ཐམས་ཅད་ཚར་གཅོད་པར་མཛད་དུ་གསོལ་ཅེས་གསོལ་བ་བཏབ། སྔགས་ཕྲེང་ལས་འོད་ཟེར་ནག་པོ་སྤུ་གྲི་ཅན་གྱི་རླུང་ལྟ་བུ་ཕྱོགས་བཅུར་འཕྲོས་བསྒྲལ་བར་འོས་པའི་ཞིང་ཐམས་ཅད་ལ་ཕོག་པས་དུམ་བུ་དུམ་བུར་བཏང་སྟེ་མཐར་རྡུལ་བརླག །དྲག་པོའི་ལས་ལ་མངའ་བརྙེས་པ་ཐམས་ཅད་ཀྱི་ནུས་པ་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ་པས་བདག་ཉིད་དྲག་པོའི་ལས་ལ་མཐུ་དང་ལྡན་པར་བསམ་གཞན་སྔར་བཞིན་ནོ། །གསུམ་པ་ལས་སྦྱོར་ནི། དེ་ལྟར་བླ་མ་བསྒྲུབས་ནས་ཕྲིན་ལས་གང་འདོད་ལ་སྦྱོར་བ་སྟེ། ནད་ཞི་བར་འདོད་ན་བླ་མ་སྨན་པའི་རྒྱལ་པོ། གདོན་ཞི་བར་འདོད་ན་ཕྱག་རྡོར། སྡིག་སྒྲིབ་ཞི་བར་འདོད་ན་རྡོ་རྗེ་སེམས་དཔའ། དབང་དུ་འདུ་བར་འདོད་ན་རྟ་མགྲིན། གྲུབ་པ་བརྒྱད་ཐོབ་པར་འདོད་ན་བདེ་མཆོག །བྱིན་རླབས་འཇུག་པར་འདོད་ན་ཕག་མོ། དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་འདོད་ན་འཇམ་དཔལ་གཤིན་རྗེའི་གཤེད་དང་མགོན་པོ། ནོར་ཆེ་བར་འདོད་ན་ནོར་ལྷ་ཛམྦྷ་ལ་ལ་སོགས། འཁོར་མེད་པར་འདོད་ན་བསྟན་པའི་གཙོ་བོ། །ཚེ་རིང་བར་འདོད་ན་ཚེ་དཔག་ཏུ་མེད་པ་སྟེ། ཐམས་ཅད་ལ། ཐ་མ་ཉིད་ཚོགས་ཀྱི་ཞིང་དེར་བསྒོམ། གང་འདོད་པ་དེ་མཆོད་པའི་རྫས་སུ་ཕུལ། མོས་གུས་ཀྱི་གསོལ་བ་ཕུར་ཚུགས་སུ་བཏབ་སྟེ་འདོད་པ་སྨྲད་དུ་གསོལ་བས། གང་དགོས་ཡིད་བཞིན་དུ་འགྲུབ་སྟེ། མཆོག་གི་དངོས་གྲུབ་ཀྱང་དཀའ་བ་མེད་ན་ཐུན་མོང་རྣམས་ལྟ་ཅི་སྨོས་སོ། །རྗེས་ངོ་སྤྲད་བ་ལ་བསླབ་པ་ནི། བླ་མའི་སྐུ་རྡོ་རྗེ་གང་ལ་ཟེར་ན་ཁམས་གསུམ་དུ་དུས་གསུམ་དུ་འབྱུང་བའི་རྡུལ་མེད་པ་སྣ་ཚོགས་པའི་གཟུགས་བརྙན་འཆར་བའི་འོད་


LT19_Page_080B
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་ལ་ཟེར་བས་ན་སྣང་ཚད་བླ་མ་སྤྲུལ་སྐུ། དགེ་འདུན་དཀོན་མཆོག །གང་ཤར་མཇལ་ཁ་རང་ངོ་རང་ཤེས། མོས་གུས་སུ་གྲུབ་དུས་བསམ་གྱིས་མི་ཁྱབ་པའི་སྐུ། བསམ་གྱིས་མི་ཁྱབ་པའི་མིག་གིས་ཡང་ལན་བསམ་གྱིས་མི་ཁྱབ་པའི་མོས་གུས་ཀྱི་གློང་དུ་འབྱམས་ཀླས་པར་གདའོ། །བླ་མའི་གསུང་རྡོ་རྗེ་གང་ལ་ཟེར་ན། གཞོམ་དུ་མེད་པའི་སྒྲ་བརྙན་བརྗོད་དུ་མེད་ལ། བརྗོད་པ་ཐམས་ཅད་པར་འཆར་བ་ལ་སྒྲ་ཚུལ་ལ་ཟེར་བས་ན། གྲགས་ཚད་བླ་མ་ལོངས་སྐུ། ཆོས་དཀོན་མཆོག །གར་ཐོས་ཆོས་འཁོར། རང་ངོ་རང་ཤེས། མོས་གུས་སུ་གྲུབ་དུས་བསམ་གྱིས་མི་ཁྱབ་པའི་གསུང་། བསམ་གྱིས་མི་ཁྱབ་པའི་རྣ་བར་ཐོས་ནས་བསམ་གྱིས་མི་ཁྱབ་པའི་མོས་གུས་ཀྱི་ཀློང་དུ་འབྱམས་ཀླས་པར་གདའ་འོ། །བླ་མའི་ཐུགས་རྗེ་གང་ལ་ཟེར་ན། བདེ་སྟོང་ལྷན་ཅིག་སྐྱེས་པ་ཐམས་ཅད་པ་ཞིག་ལ་ཟེར་བས་ན། དེ་རང་སེམས་ལས་གཞན་མིན། དེའི་ཕྱིར་དྲན་རིག་བླ་མ་ཆོས་སྐུ། སངས་རྒྱས་དཀོན་མཆོག །གང་སྐྱེས་མཉམ་ཉིད། རང་ངོ་རང་ཤེས། མོས་གུས་སུ་གྲུབ་དུས་སུ་བསམ་གྱིས་མི་ཁྱབ་པའི་ཐུགས། བསམ་གྱིས་མི་ཁྱབ་པའི་ཡིད་ཀྱིས་རིག་ནས། བསམ་གྱིས་མི་ཁྱབ་པའི་མོས་གུས་ཀྱི་ཀློང་དུ་འབྱམས་ཀླས་པར་གདའ་སྟེ། དོན་འདི་ལ་ཆོས་རྗེས། བླ་མ་རང་སེམས་དབྱེར་མ་ཕྱེད། །གཟུགས་སྐུར་འཛིན་པ་སྦྱོར་ནས་ཐལ། །མོས་གུས་བྱ་བའི་ཡུལ་མ་རྙེད། །གསོལ་བ་འདེབས་ན་ཇི་ལྟར་འདེབས། །ཞེས་གསུངས་པ་དང་། རྒྱལ་བ་རྒོད་ཚང་པས། མི་བདག་གིས་བླ་མ་བསྒྲུབས་པས་གྲུབ། །བླ་མ་ཆོས་སྐུའི་ཞལ་ཡང་མཐོང་། །སྣང་སྲིད་བླ་མ་ཆོས་སྐུར་ཤར། །ཞེས་སོ། །གནད་ཀ་འདིས་དཔལ་རྒྱལ་བའི་དབང་པོས། །ལམ་ཟབ་མོ་བླ་མ་སྒྲུབ་པ་ལ། །སྐྱབས་གསུམ་ཀུན་འདུས་ཀྱི་གདམས་ངག་ཡོད། །ལམ་སྣ་ཆོད་མི་འདི་ལྟར་


LT19_Page_081A
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། །ཞེས་གསུང་བར་མཛད་པ་ཡིན་ནོ། །ལུང་དོན་རིགས་པས་གཏན་ལ་མི་ཕེབས་པའི། །ཁ་བཤད་ཕལ་མོ་སྤྲིན་གྱི་གྲིབ་མ་འདྲ། །བསིལ་སྐྱོབ་རེས་ཀྱང་དགོས་དུས་ཐོག་མི་ཁེལ། །དེ་བས་དང་པོར་གཅེས་པ་ཡོངས་འཛིན་ཡིན། །གང་ཞིག་ཉམས་བླངས་གྲུབ་པ་མཆོག་གི་ཁྱུ། །སུ་མང་ཆོས་ཀྱི་ཟབ་ཁྱད་ལགས་པའི་ཕྱིར། །གྲགས་པ་ཚད་མས་གཞལ་ནས་ཉམས་ལེན་འོས། དཔེ་ལོགས་རྫུན་གྱིས་བཀང་ལ་དབུ་མ་འཁོར། །རྒྱ་གར་ཡུལ་ན་ཉི་ཟླ་ལྟ་བུར་གསལ། །གངས་རིའི་ཁྲོད་འདིར་ཆེན་པོའི་གཙུག་གི་རྒྱན། །ད་ལྟའང་དཔལ་ལྡན་དྭགས་པོའི་བཀའ་བརྒྱུད་ལས། །ས་གསུམ་མཆོད་སྡོང་འོས་པའི་བསྟན་འཛིན་སུ། །ལམ་ཟབ་ཐུན་མོང་བ་འདི་ལ་ཟིན་བྲིས་སྣ་ཚོགས་པས་དོན་གཞན་དུ་འགྱུར་ཉེ་བར་མཐོང་བ་མི་འཕྱུགས་པར་བྱ་བའི་ཆེད་དང་། བྱར་ཁྲི་ལྕམ་ཀུན་དགའ་དཔལ་སྒྲོན་གྱི་ཉམས་བཞེས་སུ་མཛད་པའི་བརྗེད་བྱང་དུའང་བསྐུལ་བས། པདྨ་དཀར་པོ་ཞེས་གྲགས་པའི་བ་དན་སྐྱོང་བ་དེ་ཡིས་སྦྱར་བ་ཡིན་ནོ།། །།


previousགདམས་ངག་མཛོད་པོད་བཅུ་པ། ལམ་ཟབ་ཐུན་མོང་གི་ཁྲིད།next