Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
གདམས་ངག་མཛོད་པོད་བཅུ་གཅིག་པ།  དཔལ་ལྡན་ཤངས་པའི་གསེར་ཆོས་ལྔའི་རྩ་ཚིག་འཁྲུལ་མེད་རྡོ་རྗེའི་རྒྱ་མདུད།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་བཅུ་གཅིག་པ། དཔལ་ལྡན་ཤངས་པའི་གསེར་ཆོས་ལྔའི་རྩ་ཚིག་འཁྲུལ་མེད་རྡོ་རྗེའི་རྒྱ་མདུད།next

གདམས་ངག་མཛོད་པོད་བཅུ་གཅིག་པ།
དཔལ་ལྡན་ཤངས་པའི་གསེར་ཆོས་ལྔའི་རྩ་ཚིག་འཁྲུལ་མེད་རྡོ་རྗེའི་རྒྱ་མདུད།


LT20_Page_023A
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ཤངས་པའི་གསེར་ཆོས་ལྔའི་རྩ་ཚིག་འཁྲུལ་མེད་རྡོ་རྗེའི་རྒྱ་མདུད་ཅེས་བྱ་བ་བཞུགས་སོ།། །།


LT20_Page_023B
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་རྣམ་བདུན་གསེར་གྱི་ཕྲེང་། །འཛིན་མཛད་བླ་མའི་གསང་བ་གསུམ། །མོས་གུས་སྙིང་གི་ཆུ་རྐྱེསསྐྱེས་ལ། །བརྟན་བཞུགས་སྒོ་གསུམ་བྱིན་གྱིས་རློབས། །སྔོན་ཅདཆད་ལུགས་འདིར་སྒོམ་དོན་ངག་ཏུ་བརྗོད་པའི་སྲོལ་མི་འདུག་ཀྱང་། ཐམས་ཅད་མཁྱེན་པ་དྲུག་པ་ཆོས་ཀྱི་དབང་ཕྱུག་གིས་ནཱ་རོའི་ཆོས་དྲུག་ཆེན་མོའི་རྩ་ཚིག་མཛད་པས་བློ་དམན་ལ་གསལ་ཐེབས་སླ་བའི་ཕན་པ་ཆེན་པོའི་རྒྱུན་སྲོལ་འདུག་པ་ལྟར། ལུགས་འདིའི་ཆོས་དྲུག་ལའང་དེ་ལྟར་མེད་ཀ་མེད་དུ་འདུག་ཅེས་ཉམས་ལེན་མཁན་རྣམས་ནས་སྔ་རྗེས་ནན་གྱིས་བསྐུལ་བ་ལྟར་འབྲི་བ་ལ། རིན་ཆེན་རྣམ་བདུན་བརྒྱུད་པར་བཅས་པ་དང་། ཆོས་བདག་མཁའ་འགྲོ་སྡེ་ལྔ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པས་བཀའི་གནང་བ་སྩལ་ཞིང་བྱིན་གྱིས་བརླབ་ཏུ་གསོལ། དེ་ལ་སྔོན་འགྲོའི་ངག་འདོན་རྣམས་གཞན་དུ་བཀོད་ཟིན། འདིར་གསེར་ཆོས་དང་པོ་རྩ་བ་ནི་གུ་ཆོས་དྲུག་རྗེ་བཙུན་ཆེན་པོའི་ཁྲིད་ཡིག་ཏུ། རྒྱས་པ་དམིགས་སྐོར་དྲུག་ཅུ་རྩ་བདུན། འབྲིང་པོ་བཅུ་བདུན། བསྡུས་པ་སྟན་གཅིག་མར་དྲུག་ཏུ་གསུངས་པ་ལས། འདིར་ཉམས་ཁྲིད་རྒྱས་པ་ལ་འཇུག་པའི་དབང་དུ་བྱས་ཤིང་། དེ་ལས་དངོས་གཞི་སྒོམ་པའི་སྐབས་སུ་མེད་ཀ་མེད་རྣམས་སྡོམ་དུ་བཀོད་པའི་ཐོག་མར་གཏུམ་མོ་བདེ་དྲོད་རང་


LT20_Page_024A
[མ་དཔེ་གཟིགས་ན་འདིར་གནོན།]

འབར་གྱི་སྔོན་འགྲོ་ལུས་གནད་མེའི་སྟོང་ར་གསལ་འདེབས་པ་ནི། རང་ཉིད་རྡོ་རྗེ་ཕག་མོ་སྐུ་མདོག་དམར། །སྤྱན་གསུམ་སྐྲ་གྲོལ་རུས་པའི་རྒྱན་ཆས་སྤྲས། །རྡོ་རྗེ་ཐོད་ཁྲག་བསྣམས་ཤིང་མེ་དཔུང་དབུས། །པད་ཉི་མི་རོའི་གདན་ལ་གཡས་བརྐྱང་བཞུགས། །དར་དམར་གུར་ཕུབ་ལྟ་བུའི་སྟོང་རའི་ནང་། །འོད་དམར་དྲོད་ཀྱི་རང་བཞིན་ཁྱབ་པའོ། །ཞེས་པས་ལུས་ཀྱི་སྟོང་ར་ནན་ཏུ་གསལ་འདེབས་པ་ནི་འོག་དངོས་གཞི་ལའང་མཚུངས་སོ། །མེ་རྒོད་དམིགས་པ་ནི། རང་གི་ལྟེ་བའི་མདུན་རྒྱབ་མཁལ་ཁུང་གཉིས། །མེ་གོང་ཟླུམ་པོ་དམར་ལ་རེག་བྱ་ཚ། །ལྕགས་བསྲེགས་གོང་བུ་དང་མཚུངས་བཞི་སྒོམ་གསལ། །དྲག་རླུང་སྦྱོར་བས་མེ་གོང་བཞི་པོ་འཐབ། །མེ་སྟགས་ཆེམས་ཆེམ་ལུས་ཀྱི་ནང་ཁྱབ་པས། །སྟོད་སྨད་ཚ་དྲོད་འུར་རེ་འབར་བར་འགྱུར། །དངོས་གཞི་གཏུམ་མོ་ཟས་ཟ་ལ། རྩའི་སྟོང་ར་དང་ཐིག་ལེ་གསལ་འདེབས་ནི། །རང་ལུས་ལྷར་གསལ་དབུ་མ་དྲང་ལ་སྲབ། །དམར་གསལ་གཡས་གཡོན་རོ་རྐྱང་དམར་དང་དཀར། །འཁོར་ལོ་བཞི་པོ་གདུགས་རྩིབས་ལྕགས་བསྲེགས་མཚུངས། །


LT20_Page_024B
[མ་དཔེ་གཟིགས་ན་འདིར་གནོན།]

བཤང་སྒོར་རླུང་དཀྱིལ་ཟླ་གམ་སྔོན་པོ་གཡོ། །རྩ་གསུམ་འདུས་མདོར་རཾ་དམར་མེའི་རང་བཞིན། །དབུ་མའི་ཡས་སྣར་ཧཾ་དཀར་མགོ་ཐུར་ལྟ། །དཀར་ཆའི་རང་བཞིན་བསིལ་ཞིང་བདེ་རྒྱས་གསལ། །དེ་གསལ་ཐེབས་ནས་རླུང་སྦྱོར་དང་གཏུམ་མོ་གསལ་འདེབས་ནི། །རྔུབ་དགང་གཞིལ་འཕེན་འོག་རླུང་བསྐུམ་པ་ཡིས། །བུམ་ཅན་སྦྱོར་བས་རླུང་རྣམས་རོ་རྐྱང་བརྒྱུད། །རླུང་དཀྱིལ་ལས་བྱུང་དང་བཅས་ལྟེ་འོག་འདུས། །རཾ་ཡིག་བུས་པས་མེ་ལྕེ་སྤུ་ཤད་ལྟར། །ཕྲ་ཞིང་གསལ་ལ་ཇེ་རིང་འབར་བར་གྱུར། །དེ་ཡིས་ནུས་པ་རྙེད་ནས་འབར་འཛག་ནི། གཏུམ་མོའི་མེ་ལྕེས་སྤྱི་བོའི་ཧཾ་ལ་རེག །བྱང་སེམས་དཀར་པོའི་རྒྱུན་བབས་རང་ལ་ཐིམ། །མདུན་ཕྱོགས་མེ་དང་རྒྱབ་ཕྱོགས་བྱང་སེམས་རྒྱུན། །བར་མ་ཆད་པས་བར་དྲོད་ཚད་མེད་སྐྱེས། །བོགས་འདོན་གཏུམ་མོ་གོས་གྱོན་གདན་འདིང་ཐུན་མོངས་ནི། གནས་ཁང་རྡོ་རྗེའི་ས་གཞི་ར་བ་གུར། །པད་ཉིའི་གདན་བཅས་ལྕགས་བསྲེགས་རང་བཞིན་ལ། །ལྷ་སྐུ་རྒྱན་སོགས་མེ་ལྕེ་ཡལ་ཡལ་འབར། །གཏུམ་མོའི་མེ་ཡིས་ལུས་ནང་གང་བར་གྱུར། །འགྲོ་དུས་རྟར་ཞོན་པ་ནི། རང་ཉིད་ཡི་དམ་སྣང་སྟོང་ཞེན་བྲལ་གསལ། །རླུང་གི་ལྷ་མོ་དཀར་ལྗང་གཤོག་པ་ཅན། །གཉིས་ཀྱིས་མཆན་ཁུང་གཡས་གཡོན་ནས་བཏེགས་ཏེ། །གང་འདོད་གནས་སུ་ཐོགས་མེད་ཕྱིན་པར་གྱུར། །ཅེས་གསལ་གདབ་ལ། འཇམ་རླུང་བཟུང་ནས་ཕྱིན་པས་དཀའ་བ་མེད་ཅིང་ལུས་སྤྱོད་དུ་འགྱུར་བར་གསུངས་སོ།། ༈ སྒྱུ་ལུས་ཆགས་སྡང་རང་གྲོལ་གྱི་དབང་པོ་རབ་ཀྱི་ལམ་ཁྱེར་ནི། འདུས་བྱས་མི་རྟག་ནམ་འཆི་ཆ་མེད་པས། །ཅིས་ཀྱང་དགོས་མེད་རང་ཉིད་ཡི་དམ་ལྷ། །སྤྱི་བོའི་བླ་མར་མོས་གུས་གསོལ་བཏབ་པས། །རང་ཐིམ་དུས་གསུམ་སྤྲོས་བཅད་ལྷུག་པར་བཞག །དབང་པོ་འབྲིང་གི་ལམ་ཁྱེར་ནི། ལྷ་དང་བླ་མ་མོས་གུས་དྲན་འདུན་གསུམ། །རྟག་ཏུ་མི་


LT20_Page_025A
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་རང་གཞན་སྣོད་བཅུད་ཀུན། །སྣང་ཡང་བདེན་པར་མ་གྲུབ་སྒྱུ་མ་དང་། །རྨི་ལམ་དངོས་ཡིན་འཛིན་མེད་རང་ངོ་བསྐྱང་། །དབང་པོ་ཐ་མ་འགྲོ་དྲུག་སྒྱུ་མར་འཆར་བྱེད་ཀྱི་དམིགས་པ་ལ་གནད་བརྒྱད་ཡོད་པའི་དང་པོ་ནི། རང་ཉིད་ཡི་དམ་ལྟེ་འོག་ཆོས་འབྱུང་དཀར། །ཟུར་གཅིག་མདུན་བསྟན་འོད་ཀྱི་རང་བཞིན་གསལ། །གཉིས་པ་ནི། དེ་དག་རིགས་དྲུག་སེམས་ཅན་སོ་སོ་ཡི། །ཆ་བྱད་སྤྱོད་ཚུལ་ཅན་གྱིས་ཁྲིགས་མེར་གང་། །གསུམ་པ་ནི། དེར་སྐྱེའི་བག་ཆགས་ལྟེ་འོག་རྩ་ཡིག་གཟུགས། །མཁའ་མཉམ་འགྲོ་བཅས་བདེན་མེད་སྒྱུ་མའོ། །བཞི་པ་ནི། མ་རྒན་འདི་རྣམས་བདེན་མེད་བདེན་པར་བཟུང་། །རྟག་ཏུ་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །ལྔ་པ་ནི། འདི་རྣམས་འཁོར་བའི་འཇིགས་ལས་མྱུར་སྒྲོལ་བར། །ཕ་གཅིག་བླ་མ་མཁྱེན་ནོ་ཐུགས་རྗེས་སྐྱོབས། །དྲུག་པ་ནི། དེ་ལ་སེམས་གཏད་གཅིག་ཡལ་གཉིས་ཡལ་ཏེ། །མཐར་ནི་ཀུན་ཡལ་ཆོས་འབྱུང་སྟོང་པར་གྱུར། །བདུན་པ་ནི། སེམས་ཉིད་གཏད་སོ་ཐམས་ཅད་བྲལ་བ་ཡི། །འཛིན་མེད་རང་བབས་ངང་དུ་ཤིགས་སེར་བཞག །བརྒྱད་པ་ནི། །རང་གཞན་སྣོད་བཅུད་སྣང་བཞིན་མ་གྲུབ་ལ། །མེད་སྣང་སྒྱུ་མ་རྨི་ལམ་ལྟ་བུའོ། །ནད་ལམ་ཁྱེར་གྱི་གནད་གསུམ་ནི། ནད་རྣམས་དགེ་སྦྱོར་སྐུལ་འདེབས་བླ་མ་ཡི། །ཐུགས་རྗེ་དོན་ལ་མེད་སྣང་སྒྱུ་མ་སྟེ། དེ་ཡང་སེམས་ལས་གཞན་མེད་ལྟེ་འོག་གི །ཆོས་འབྱུང་གཤམ་ནས་ཐོན་ཏེ་ས་འོག་ཡལ། །གདོན་ལམ་ཁྱེར་གྱི་གནད་གསུམ་ལས་སྔ་མ་གཉིས་གོང་དང་འདྲ། དམིགས་པ་ནི། ལྟེ་འོག་ཆོས་འབྱུང་རིགས་དྲུག་སེམས་ཅན་གསལ། །མདུན་དུ་གདོན་བགེགས་སྒྱུ་མར་སྣང་བ་ཉིད། །སྣ་ནས་ཆོས་འབྱུང་ནང་རྔུབས་ཁ་འདུས་པས། །རིགས་དྲུག་གནས་འཁྱམས་ལས་འབྲས་ཡིད་ཆེས་ཏེ། །གནོད་པའི་སེམས་ཞི་བྱང་ཆུབ་སེམས་ལྡན་གྱུར། ༈ རྨི་ལམ་ཉིང་འཁྲུལ་རང་


LT20_Page_025B
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་ཁྲིད་རྐང་དང་པོ་རྨི་ལམ་བཟུང་བ་ལ། རྩ་བ་རང་ཟིན་ཐིག་ལེ་དབང་བཞིའི་གནད་ནི། རང་ལུས་ལྷར་གསལ་དབུ་མ་ཤེལ་སྦུགས་ལྟར། །དཀར་འཚེར་སྣེ་གཉིས་སྤྱི་བོ་གསང་གནས་ཟུག །ཧཾ་དཀར་ཧཱུྃ་དམར་མགོ་བོ་གྱེན་མཐུར་ལྟ། །ཧཾ་ལས་ཐིག་ལེ་དཀར་པོ་སྲན་ཙམ་ཆད། །སྙིང་གར་སླེབས་པས་ཉོན་མོངས་གཏི་མུག་དག །ཁོག་སྟོད་ཡང་ཕྱོད་ཧཱུྃ་ལས་དམར་པོ་ཆད། །སྙིང་གར་སླེབས་པས་ཉོན་མོངས་འདོད་ཆགས་དག །ཁོག་སྨད་ཡང་ཕྱེད་གཉིས་འཛོམ་ཞེ་སྡང་དག །སྙིང་ཐད་ལྟེ་གསང་ཐིག་ལེ་དཀར་དམར་གཉིས། །དབུ་མར་འབྲོས་འདིདའདེད་ཚུལ་འཁོར་བུམ་དབང་ངོ་། །གཅིག་རྗེས་གཅིག་ཟིན་རེག་པ་གསང་བའི་དབང་། །རེག་པས་ལུས་སེམས་བདེ་ཕྲིལ་ཤེས་རབ་དབང་། །གཅིག་ལ་གཅིག་ཐིམ་ཡལ་བས་བཞི་པའོ། །ཞེས་པ་དང་། ཐམས་ཅད་སྣང་ཡང་བདེན་མེད་སྒྱུ་མ་སྟེ། །མི་རྟག་མོས་གུས་རྨི་ལམ་ལམ་དུ་ཁྱེར། །ཅེས་པ་ནི་བར་མཚམས་ཐམས་ཅད་དུ་དྲན་དགོས། མ་ཟིན་ན་སྒོགས་ཆོག་འཆུགས་མེད་གནད་དགུ་ལས་རྟོག་མེད་ལམ་ཁྱེར་དམིགས་པ་རྒྱ་བསྐྱེད་པ་ནི། ཁ་སྦྱོར་རླུང་བཟུང་ཐིག་ལེ་སྙིང་གར་འཁོར། །དཀར་པོ་སྣ་བུག་གཡས་དང་དམར་གཡོན་ནས། །ཐོན་ཏེ་སྨིན་མཚམས་འཁོར་ཞིང་མདུན་ཐད་བབས། །བདེ་མཆོག་ཡབ་ཡུམ་སྐུར་གྱུར་དབྱིངས་སུ་ཡལ། །དམིགས་པའི་གཞི་བསྡུ་བ་ནི། སྙིང་དབུས་བླ་མ་ཐུགས་ཀར་ཧཱུྃ་བཅས་དཀར། །འོད་འཕྲོས་སྣང་བ་ཀུན་ཁྱབ་འོད་དུ་ཞུ། །རང་ཐིམ་རང་ཉིད་སྙིང་གའི་བླ་མར་ཐིམ། །བླ་མ་ཧཱུྃ་ཐིམ་དེ་ཡང་མི་དམིགས་གྱུར། །རྟོག་བཅས་ལམ་ཁྱེར་ནི། མགྲིན་རྩ་པདྨ་དམར་པོ་འདབ་མ་བཞིའི། །ལྟེ་བར་ༀ་ཡིག་དམར་པོའི་འོད་ཟེར་གྱིས། །མགྲིན་པའི་ཕྱོགས་ཁྱབ་རྫུན་སྣང་འདི་དག་རྣམས། །རྨི་ལམ་ཡིན་པར་ཅིས་ཀྱང་ཤེས་པར་བྱ། །ཟིན་ནས་སྦྱོང་བ་ནི། ཡ་


LT20_Page_026A
[མ་དཔེ་གཟིགས་ན་འདིར་གནོན།]

ང་ཐོག་བརྫིས་ལུས་ཀྱིས་སེམས་སྦྱོང་ཞིང་། །ཡི་དམ་སྒོ་དགུ་བ་སྤུ་ཧཱུྃ་སྔོན་མགོ །ནང་བསྟན་འོད་ཀྱིས་ལུས་ཁྱབ་འོད་གོང་ཉིད། །མཐའ་ནས་དབུས་ཡལ་སེམས་ཀྱིས་ལུས་སྦྱང་བྱ། །སྤེལ་པ་ནི། འབྱུང་བ་བཞི་དང་སེམས་ཅན་ཕྲ་རགས་རྣམས། །གཅིག་ནས་དུ་མར་སྤེལ་ཞིང་བསྡུ་བ་དང་། །སྟག་ལ་སེང་གེ་གདོན་ལ་འཇིགས་བྱེད་སོགས། །ཐུག་ཕྲད་གང་འདུལ་གཉེན་པོས་སྤེལ་སྦྱང་བྱ། །སྤྲུལ་པ་ནི། རྨི་ལམ་སྣང་ཚད་བདེན་པར་མ་གྲུབ་པས། །རང་ཉིད་འབྱུང་བཞི་སེམས་ཅན་ཕྲ་དང་རགས། །འཇིག་རྟེན་འཇིག་རྟེན་འདས་པའི་གཉེན་པོ་ནི། །གང་འདུལ་སྤྲུལ་ནས་སེམས་ཀྱིས་རྩལ་སྦྱང་བྱ། །བསྒྱུར་བ་ནི། རྨི་ལམ་བདེན་མེད་གང་བྱས་ཆོག་པས་ན། །མེ་ཉིད་ཆུ་དང་བེམ་པོ་སེམས་ཅན་སོགས། །དངོས་པོ་ཕན་ཚུན་ལྷ་སྐུ་སྣ་ཚོགས་བསྒྱུར། །ལྷར་སྣང་མཚན་ཉིད་སུམ་ལྡན་འཆར་བར་བྱ། །ཡུལ་སྣང་ལྟ་བ་ནི། ཡིད་ལུས་མཁའ་ལྡིང་ཤུགས་དང་དབུ་མའི་ནང་། །ལྟེ་བར་ཨ་དཀར་འོད་ཟེར་སྣ་ནས་ཐོན། །སངས་རྒྱས་ཞིང་དང་འགྲོ་དྲུག་གནས་ཀུན་གསལ། །ཅི་འདོད་ཡུལ་སྣང་གཏན་ལ་འབེབ་པར་བྱ། །འོད་གསལ་གཏི་མུག་རང་སངས་ལ། བདག་མེད་མ་ལ་བརྟེན་ནས་འཛིན་པ་ནི། མགོ་ནང་པད་ཉིད་བདག་མེད་མ་སྔོན་མོ། །གྲི་ཐོད་ཁ་ཊྭཾ་གཡོན་བརྐྱང་སྐུ་ཆུང་ལ། །ཡན་ལག་དོད་པའི་ཐུགས་ཀར་ཨ་དཀར་པོ། །ཤིན་ཏུ་ཕྲ་བའི་འོད་ཀྱིས་ཀླད་པ་ནས། །ལུས་ནང་རིམ་གང་གདོས་བཅས་དངོས་པོ་སྦྱང་། །བདེ་མཆོག་ལྷན་སྐྱེས་སྐུར་གྱུར་ཨ་ཡིག་ལ། །དམིགས་པས་འོད་འཕྲོས་བདག་མེད་སྐུ་དང་ནི། །རང་ལུས་ནང་གང་ཕྱིར་འཕྲོས་སྣང་བ་ཀུན། །ཁྲ་གསལ་ཁྱབ་སྟེ་ཤེས་པ་རང་བབས་གློད། །གནས་དུས་ཐུགས་ཀའི་ཨ་ལ་སེམས་བཟུང་བྱ། །ཨ་ཡིག་ལ་བརྟེན་ནས་འཛིན་


LT20_Page_026B
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ལུས་ནང་དབུ་མ་དཀར་པོ་སྦ་ལྕག་ཙམ། །ལྟེ་འོག་ཨ་དཀར་འོད་ཀྱིས་དབུ་མ་དང་། །རང་ལུས་ཕྱི་རོལ་རིམ་གྱིས་ཁྲ་གསལ་ཁྱབ། །ཉལ་དུས་ལྟེ་བའི་ཨ་ལ་སེམས་བཟུང་བྱ། །ལུས་ལ་བརྟེན་ནས་འཛིན་པ་ནི། རང་ལྷའི་སྙིང་གར་པད་ནང་བླ་མ་དཀར། །ཞི་འཛུམ་ཐུགས་ཀར་ཐིག་ལེ་དཀར་འོད་འཕྲོས། །སྐུ་དང་རང་ལུས་སྣང་བ་ཁྲ་ལམ་གསལ། །ཉལ་ཚེ་ཐུགས་ཀའི་ཧཱུྃ་ལ་སེམས་གཏད་བྱ། །ཐུན་མཚམས་སྐུ་གསུམ་ལམ་ཁྱེར་ནི། །སྤྱོད་ལམ་ཀུན་ཏུ་གང་ཤར་ངོ་བོ་ཡི། །སྟོང་པ་ཆོས་སྐུ་གསལ་བ་སྤྲུལ་པའི་སྐུ། །དབྱེར་མེད་ལོངས་སྐུ་ལམ་ཁྱེར་རྣམ་གསུམ་པོ། །མི་འབྲལ་ཡེངས་མེད་དྲན་ཤེས་བསྟེན་པར་བྱ། །བསྲེ་བ་བཞི་ནི། །སྟོང་ན་གསལ་བ་གསལ་ན་སྟོང་པར་བསྲེ། །མཉམ་གཞག་ཉམས་མྱོང་རྗེས་ཐོབ་ཉིད་དུ་བསྲེ། །ཉིན་མོའི་སྒོམ་པ་མཚན་མོའི་གཉིད་དང་བསྲེ། །བདེ་སྟོང་བསྲེས་ནས་རང་བབས་ངང་ལ་བཞག ༈ འཕོ་བ་མ་བསྒོམས་སངས་རྒྱས་ཀྱི་དང་པོ་ཆོས་སྐུ་འོད་གསལ་གྱི་འཕོ་བ་གསལ་འདེབས་དྲན་འདུན་བཏང་བ་ནི། རང་བབས་རྣམ་གསུམ་འབྲལ་མེད་སྐྱོང་བ་ཡིས། །ཉིན་མཚན་འོད་གསལ་འདྲེས་ནས་འཆི་བའི་ཚེ། །ཐིམ་རིམ་ངོ་ཤེས་གཉུག་མའི་ངང་དུ་བཞག །འོད་གསལ་མ་བུ་གཅིག་འདྲེས་རང་གྲོལ་བྱ། །གཉིས་པ་ཟུང་འཇུག་ཡི་དམ་གྱི་འཕོ་བ་ནི། རང་ཉིད་ལྷར་གསལ་སྤྱི་བོ་མདའ་གང་ཐད། །ཡི་དམ་དཔལ་ལྡན་འཁོར་ལོ་སྡོམ་པ་བཞུགས། ༈ །ལུས་ནང་དབུ་མ་དཀར་པོ་མཚན་ཉིད་ལྡན། །མས་སྣ་གསང་བར་ཁ་ཟུམ་ཡར་སྣཾ་ནི། །ཚངས་བུག་ཧད་པོར་ཁ་བྱེ་དེ་ཡི་ནང་། །ལྟེ་ཐད་རང་སེམས་ཨ་ཡིག་དཀར་ལ་འཚེར། །མར་སྣར་ཧཱུྃ་སྔོན་རླུང་གི་རང་བཞིན་གསལ། ༈ །རླུང་སྦྱོར་གྱིས་བསྐུལ་ཧཱུྃ་གིས་ཨ་ཡིག་བཏེགས། །ཡི་གེ་གཉིས་བརྩེགས་སྤྱི་བོར་རྒྱངས་ཀྱིས་ཐོན། །ཡི་དམ་ཐུགས་ཀར་སླེབས་པས་དབྱེར་མེད་གྱུར། །


LT20_Page_027A
[མ་དཔེ་གཟིགས་ན་འདིར་གནོན།]

ལན་བདུན་བསྐྱར་བའི་མཚམས། ཡི་དམ་ཐུགས་ལས་ཡི་གེ་གཉིས་བརྩེགས་བྱུང་། །དབུ་མར་སོ་སོའི་གནས་སུ་ལྗིད་ལྡན་ཆགས། །ཐུན་འཇོག་པའི་ཚེ། ཡི་དམ་འོད་ཞུ་རང་ཐིམ་ཧཱུྃ་ཡིག་ལས། །འོད་སྔོན་འཕྲོས་པས་ཚངས་བུག་བཀག་པར་གྱུར། །གསུམ་པ་བྱིན་རླབས་བླ་མའི་འཕོ་བ་ནི། རང་ཉིད་ལྷར་གསལ་སྤྱི་བོར་བླ་མ་བཞུགས། །ལུས་ནང་དབུ་མ་སོགས་ཚིག་རྐང་གསུམ་གོང་ལྟར་ལ། ལྟེ་ཐད་རང་སེམས་ཐིག་ལེ་དཀར་ལ་སེར། །ཟླུམ་འདྲིལ་སྲན་མ་ཙམ་གསལ་རླུང་སྦྱོར་གྱིས། །སྤྱི་གཙུག་ནས་ཐོན་བླ་མའི་ཐུགས་ཀར་ཐིམ། །ལན་བདུན་མཚམས། བླ་མའི་ཐུགས་ལས་ཐིག་ལེ་མར་བབས་ཏེ། །དབུ་མའི་ལམ་བརྒྱུད་ལྟེ་བར་ལྗིད་བཅས་གནས། །ཐུན་མཐར། བླ་མ་འོད་ཞུ་རང་ཐིམ་བདེ་བས་ཁྱབ། །ཚངས་བུག་ཐིག་ལེ་དཀར་པོས་བཀག་པར་གྱུར། །ལྷན་ཐབས་ཀྱི་མན་ངག་ཡེ་ཤེས་སྐར་ཁུང་མ་ནི། རང་ལུས་ལྷ་སྐུ་ཁོང་སྟོང་ནང་དབུས་སུ། །དབུ་མ་དཀར་པོ་སྦ་ལྕག་ཙམ་གྱི་ནང་། །ལྟེ་ཐད་ཆོས་འབྱུང་དཀར་པོ་ཟུར་གཅིག་མདུན། །བསྟན་དབུས་རང་སེམས་ཨ་དཀར་སྲན་ཆུང་ཙམ། ༈ །རླུང་གིས་རིམ་འཕར་ཤུགས་དྲག་བཅེར་བ་ཡིས། །ཆོས་འབྱུང་ཁ་བརྡབ་སྐར་མདའ་འཕངས་བཞིན་སོང་། །ཚངས་བུག་ནས་ཐོན་མཁའ་དབྱིངས་མཐོན་པོར་ཡལ། །དབྱིངས་རིག་ནམ་མཁའ་གཅིག་འདྲེས་དབྱེར་མེད་གྱུར། །ལན་བདུན་མཐར། མཁའ་ནས་ཨ་དཀར་ལམ་བྱུང་དབུ་མར་ཞུགས། །ཆོས་འབྱུང་ནང་དབུས་ལྗིད་བཅས་གནས་པར་གྱུར། ༈ བར་དོ་རྒྱལ་བ་ལོངས་སྐུ་ནི། །རབ་འོད་གསལ་ཆོས་སྐུ་ནི་འཕོ་བ་དང་པོ་དང་དོན་གཅིག །འབྲིང་པོ་ལོངས་སྐུར་རང་ཤར་ནི། རང་མདུན་ཆོས་འབྱུང་སྔོན་པོ་རྩ་བ་ཕྲ། །གདེངས་ཀ་གྱེན་གཡེལ་མ་རྟོགས་མ་ཡི་མངལ། །རྟོགས་ན་འོག་མིན་ཆོས་དབྱིངས་ཕོ་བྲང་ངོ་། ༈ །དེ་ནང་རང་ཕྱིན་ཧཱུྃ་ཡིག་སྔོན་པོར་གྱུར། །འོད་འཕྲོས་ཆོས་འབྱུང་ལ་ཕོག་


LT20_Page_027B
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་གྱི། །སྐྱེ་བ་གནས་བཞིའི་ལས་དང་བག་ཆགས་སྦྱངས། །ཕྱིན་ཆད་འགྲོ་བ་དྲུག་གི་སྐྱེ་སྒོ་བཀག ༈ །ཧཱུྃ་ཡིག་འོད་ཞུ་བདེ་མཆོག་ལྷན་སྐྱེས་གྱུར། །སྤྱི་བོར་བཞི་རྫོགས་གདན་ལ་བླ་མ་བཞུགས། །སྣང་བ་འདི་དག་བར་དོ་དངོས་སུ་འདུག །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བར་དོར་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། །ཚིག་རྐང་ཕྱི་མ་ལན་ཁ་ཤས་བརྗོད། ཐ་མ་སྤྲུལ་སྐུ་རང་ཤར་ནི། བར་དོའི་འཁྲུལ་སྣང་འདི་དག་བསྒྱུར་བར་བྱ། །གཟུགས་སུ་སྣང་ཚད་འཁོར་ལོ་སྡོམ་པའི་སྐུ། །སྒྲ་གྲགས་ཡི་གེ་བདུན་པའི་རང་སྒྲ་འུར། །དྲན་རྟོག་ཡུལ་བཅས་འོད་གསལ་སྒྱུ་མའོ། །སྤྱི་གནད་འཆུག་མེད་ནི། སྐྱེ་འགྲོ་ཕོ་དང་ཞེ་སྡང་སྐྱེ་བའི་ཡུལ། །གཡས་ཟུར་འཁོད་ལ་མཆོད་པ་བཞི་རྫོགས་ཕུལ། །བར་དོར་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། །གསོལ་བཏབ་འཁོར་ལོ་སྡོམ་པའི་སྐུ་རུ་གྱུར། ༈ །སྐྱེ་འགྲོ་མོ་དང་འདོད་ཆགས་སྐྱེ་བའི་ཡུལ། །གཡོན་ཟུར་འཁོད་ལ་མཆོད་པ་བཞི་རྫོགས་ཕུལ། །བར་དོར་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། །གསོལ་བཏབ་རྡོ་རྗེ་རྣལ་འབྱོར་མ་རུ་གྱུར། ༈ རྟག་ཏུ་བླ་མར་མོས་གུས་རང་གཞན་ཀུན། །ལྷར་གསལ་བདེན་མེད་འདུན་པས་རྒྱབ་བརྟེན་བྱ། །དེ་ལྟར་བར་དོའི་དམིགས་པ་གསུམ་པོ་དེ་རྣམས་སྔ་མའི་སྟེང་དུ་ཕྱི་མའི་རིམ་གྱིས་བསྣན་དགོས་ཤིང་། །སྤྲུལ་ཤད་ཡོད་པ་རྣམས་སུ་ཅུང་ཟད་མཚམས་བཅད་ནས་གསལ་ཐེབས་ངེས་པབྱའོ། །གསེར་ཆོས་གཉིས་པ་སྡོང་པོ་ཕྱག་ཆེན་གའུ་མ་ལ། སྔོན་འགྲོ་རང་བབ་མ་རྣམ་གསུམ་གྱི་དང་པོ་ཞི་གནས་སྐབས། སྒོ་གསུམ་མ་བཅོས་རང་བབས་རྣམ་གསུམ་དང་། །རྣམ་རྟོག་ངོས་བཟུང་འོག་འགྱུ་རྒྱ་འབྱམས་བཅད། །བྱིང་ན་བསིང་ཞིང་རྒོད་ན་ལྷོད་ཀྱིས་ཀློད། །ཧད་དེ་ཆད་དེ་གླང་ཆེན་ལྟ་སྟངས་བྱ། །དེའི་རྩལ་སྦྱོང་ནི། མ་ཡེངས་རང་བབས་ངང་དུ་ལྟ་སྟངས་ནི། །མཐོ་དམན་སྣ་ཚོགས་ཆོས་སྤྱོད་རྒྱས་དང་བསྡུས། །སྤྱོད་ལམ་བཟང་ངན་ངེས་མེད་དང་


LT20_Page_028A
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེས་ནས། །ཅི་བྱས་དགེ་སྦྱོར་ངང་དུ་ཆུད་པར་བྱ། །ལྷག་མཐོང་སེམས་ཚོལ་ནི། སེམས་ཀྱི་ངོ་བོ་གང་ཡིན་སྐྱེ་འགག་ཅི། །ཡུལ་སྣང་གང་བྱུང་རྣམ་རྟོག་སེམས་ཡིན་མིན། །ཡུལ་དང་རྣམ་རྟོག་ཡོད་མེད་རྩད་བཞུད་ནས། མཐར་ཐུག་རིག་སྟོང་རྗེན་པའི་དབྱིངས་སུ་བསྐྱལ། །དངོས་གཞི་སྐྱོན་བཞི་རང་གྲོལ་གྱི་དང་པོ་ངོ་བོ་སྐྱོང་བ་ནི། གནས་འགྱུ་ཐམས་ཅད་དྲན་པས་ཟིན་བྱས་ཏེ། །ངོ་ཤེས་ཙམ་ལས་བཟོ་བཅོས་མི་བྱ་ཞིང་། །གང་ཤར་དགག་སྒྲུབ་སྤང་བླང་རེ་དོགས་ཕྲལ། ཅིར་ཡང་མི་བསྒོམ་སྐད་ཅིག་མ་ཡེངས་བྱ། །ངོ་སྤྲོད་གསལ་འདེབས་ནི། ཉེ་དྲགས་རང་ངོ་མ་ཤེས་ཟབ་དྲགས་པས། །ངོས་མ་ཟིན་ཅིང་སླ་དྲགས་ཡིད་མ་ཆེས། །བཟང་དྲགས་བློར་མི་ཤོང་བའི་སྐྱོན་བཞི་སྤངས། །རང་བཞིན་གསལ་སྟོང་གཉུག་མ་འདི་ཉིད་ལས། །འཁོར་འདས་ཆོས་ཞེས་རྡུལ་ཙམ་མ་གྲུབ་པོ། །རྗེས་སྐུ་གསུམ་རང་ཤར་ནི། ཐ་མལ་ཤེས་པས་མ་བཅོས་སོ་མ་ཉིད། །གདོད་ནས་ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །གསལ་བ་སྤྲུལ་སྐུ་ཟུང་འཇུག་ལོངས་སྤྱོད་རྫོགས། །ཡིན་ལ་ཡིན་བཞིན་ཤེས་པས་རྟག་ཏུ་བསྐྱང་། བོགས་འདོན་ནི། མོས་གུས་དྲག་པོ་སྙིང་རྗེ་ཚད་མེད་བསྐྱེད། །བུམ་ཅན་རླུང་བཟུང་ལྷ་སྐུ་སྣང་སྟོང་བསྒོམ། །བདེ་སྟོང་འོད་གསལ་ཉམས་རྣམས་ཕྱག་རྒྱ་ཆེའི། །ཉམས་དང་བསྲེས་ཏེ་བོགས་ཆེན་བཏེན་པར་བྱ། །གེགས་བསལ་བ་ནི། ལུས་སེམས་དགའ་བདེ་རིག་པའི་གསལ་ཆ་ནི། །མི་རྟོག་སྟོང་པའི་ཉམས་ལ་མི་ཞེན་ཅིང་། །སྣང་བར་བདེན་འཛིན་སྟོང་ལྟ་ཧད་པོ་སྟེ། །ཕྱོགས་རེར་ཤོར་བའི་གེགས་ལས་གྲོལ་བར་བྱ། །གསེར་ཆོས་གསུམ་པ་ཡལ་ག་ལམ་མཁྱེར་རྣམ་གསུམ་གྱི་དང་པོ་བླ་མ་ལམ་ཁྱེར་གྱི་སྔོན་འགྲོ་ནི། མདུན་གྱི་ནམ་མཁར་པཾ་ལས་པདྨ་ནི། །འདབ་བཞིའི་ལྟེ་བ་དང་ནི་འདབ་མ་བཞིར། །ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་། །དབུས་སུ་བླ་མ་འཁོར་ལོ་


LT20_Page_028B
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པ་དཀར། །ཤར་དུ་དགྱེས་མཛད་རྡོ་རྗེ་དཀར་པོབོ་དང་། །ལྷོ་རུ་གསང་བ་འདུས་པ་སྐུ་མདོག་སེར། །ནུབ་ཏུ་མ་ཧཱ་མཱ་ཡཱ་དམར་པོབོ་སྟེ། །ཐམས་ཅད་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །བྱང་དུ་འཇིགས་བྱེད་ལྗང་གུ་གྲི་ཐོད་འཛིན། །ཀུན་ཀྱང་རིན་ཆེན་རུས་པའི་རྒྱན་གྱིས་སྤྲས། །གནས་གསུམ་འབྲུ་གསུམ་ལྟེ་བར་ཧཱུྃ་ཁྲ་བོ། །འོད་འཕྲོས་བླ་མ་ཡི་དམ་སངས་རྒྱས་རྣམས། །རང་འདྲའི་རྣམ་པར་སྤྱན་དྲངས་གཉིས་མེད་ཐིམ། །སླར་ཡང་འོད་འཕྲོས་རིགས་ལྔ་སྤྱན་དྲངས་ཏེ། དབང་བསྐུར་རྒྱལ་བ་རིགས་ལྔས་དབུ་བརྒྱན་གྱུར། །བླ་མ་རིན་པོ་ཆེས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། །ལན་གསུམ། གསོལ་བ་བཏབ་པས་བླ་མའི་དཔྲལ་བ་ནས། །ༀ་དཀར་འཕྲོས་པས་རང་གི་དཔྲལ་བར་ཐིམ། །བུམ་པའི་དབང་ཐོབ་ལུས་ཀྱི་སྒྲིབ་པ་དག །བསྐྱེད་རིམ་བསྒོམ་དབང་སྤྲུལ་སྐུ་མངོན་དུ་བྱས། །མགྲིན་པའི་ཨཱཿལས་ཨཱ་དམར་མགྲིན་པར་ཐིམ། །གསང་བའི་དབང་ཐོབ་དགངག་གི་སྒྲིབ་པ་དག །རྫོགས་རིམ་སྒོམ་དབང་ལོངས་སྐུ་མངོན་དུ་བྱས། །ཐུགས་ཀའི་ཧཱུྃ་ལས་ཧཱུྃ་སྔོན་སྙིང་གར་ཐིམ། །ཤེར་ཡེའི་དབང་ཐོབ་ཡིད་ཀྱི་སྒྲིབ་པ་དག །ཟུང་འཇུག་སྒོམ་དབང་ཆོས་སྐུ་མངོན་དུ་བྱས། །འཁོར་རྣམས་འོད་ཞུ་གཙོ་བོ་ཉིད་ལ་ཐིམ། །དེ་ཡང་འོད་ཕུང་ཁྲ་ཆེམ་རང་ལ་ཐིམ། །བཞི་པའི་དབང་ཐོབ་ཆ་མཉམ་སྒྲིབ་པ་དག །སྤྲོས་བྲལ་སྒོམ་དབང་སྐུ་བཞི་མངོན་བྱས་གྱུར། དངོས་གཞི་ནི། རང་ཉིད་ཡི་དམ་ལྷར་གསལ་སྤྱི་བོ་རུ། །པད་ཟླའི་གདན་ལ་རྩ་བའི་བླ་མ་ནི། །བཀྲག་མདངས་འོད་འབར་འཛུམ་བཅས་བཞུགས་པ་ལ། །བདག་སོགས་འགྲོ་ཀུན་མགྲིན་གཅིག་གསོལ་འདེབས་གྱུར། །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །བདག་འཛིན་བློ་ཡིས་ཐོང་བར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །སྒྱུ་ལུས་རྨི་ལམ་འབྱོངས་པར་བྱིན་གྱིས་རློབས། །


LT20_Page_029A
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཞེས་གསོལ་འདེབས་ལ་ཐུན་གྱི་དངོས་གཞི་བྱ། ལམ་ཁྱེར་ནི། གཟུགས་སྣང་ཅི་ཤར་བླ་མ་སངས་རྒྱས་ཡིན། །བླ་མས་བདག་ཅག་འཁོར་བ་ལས་བསྒྲལ་ནས། །སངས་རྒྱས་ས་ལ་བཀོད་པ་བཀའ་དྲིན་ཆེ། །ཞེས་མོས་ལ་ཕྱག་མཆོད་ཡན་ལག་བདུན་པ་སྤྱི་ལྟར་བྱ། ཅིར་སྣང་བླ་མ་བླ་མ་རང་གི་སེམས། །རང་སེམས་སྤྲོས་བྲལ་སྣང་སྟོང་ཟུང་འཇུག་གོ །ཞེས་ཐག་བཅད། གཉིས་པ་ཡི་དམ་ལམ་ཁྱེར་ནི། །རང་མདུན་པདྨ་འདབ་བཞིའི་ལྟེ་བ་དང་། །འདབ་མ་རྣམས་ལ་ཟླ་དཀྱིལ་རེ་རེའི་སྟེང་། །དབུས་སུ་འཁོར་ལོ་སྡོམ་པ་དཀར་ལ་སྔོ། །རྡོར་དྲིལ་ཡུམ་འཁྱུད་རིན་ཆེན་རུས་པས་བརྒྱན། །ཡུམ་མཆོག་རྡོ་རྗེ་ཕག་མོ་སྐུ་མདོག་དམར། །གྲི་གུག་ཐོད་ཁྲག་བསྣམས་པས་ཡབ་ལ་འཁྱུད། །ཤར་གྱི་འདབ་མར་མཁའ་འགྲོ་མ་དཀར་མོ། །བྱང་དུ་ལཱ་མ་ལྗང་གུ་ནུབ་ཕྱོགས་སུ། །དུམ་སྐྱེས་དམར་མོ་ལྷོ་རུ་གཟུགས་ཅན་སེར། །གྲི་ཐོད་ཁ་ཾ་བསྣམས་ཤིང་གཡས་བརྐྱང་གི །གར་སྟབས་རོ་གདན་ལ་གནས་རུས་པ་དང་། །རིན་པོ་ཆེས་བརྒྱན་མེ་འབར་དབུས་ན་བཞུགས། །གནས་གསུམ་འབྲུ་གསུམ་མཚན་ལས་འོད་འཕྲོས་པས། །རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཐིམ། །སླར་ཡང་རིགས་ལྔ་སྤྱན་དྲངས་དབང་བསྐུར་བས། །སོ་སོའི་རིགས་བདག་རིགས་ལྔས་དབུར་བརྒྱན་གྱུར། །ཅེས་གསལ་བཏབ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། །ལན་གསུམ། གསོལ་བ་བཏབ་པས་གཙོ་བོའི་དཔྲལ་བ་ནས། །སོགས་ནས། འོད་ཞུ་རང་ལ་བསྟིམ་པའི་བར་གོང་ལྟར་བྱ། དངོས་གཞི་ནི། རང་དང་གཟུགས་སུ་སྣང་བ་ཐམས་ཅད་ཀྱང་། །འཁོར་ལོ་བདེ་མཆོག་རྡོ་རྗེ་རྣལ་འབྱོར་མ། །སྣང་ལ་རང་བཞིན་མེད་པའི་སྐུ་རུ་


LT20_Page_029B
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། །ཡིད་ཀྱིས་མཆོད་པ་འབུལ། གསལ་མ་ཐེབས་ན་མཆོད་ཚིག་གང་འོས་བརྗོད་ཆོག །ཡི་དམ་ལྷར་གསལ་ཀུན་གྱིས་སྡགས་བཟླས་འུར། །སྒྲ་གྲགས་ཀུན་ཀྱང་སྔགས་ཀྱི་རང་སྒྲ་སྟེ། །ཡིད་ཀྱི་རྟོག་ཚོགས་སྒྱུ་མ་རྨི་ལམ་ལྟར། །ལྷ་སྔགས་རང་སེམས་སེམས་ཉིད་སྤྲོས་བྲལ་ལོ། །ཞེས་མོས་ལ་ཡི་གེ་བདུན་པ་བཟླས་པས་ཐུན་གྱི་དངོས་གཞི་བྱ། རྗེས་ནི། སྤྱི་གཙུག་བླ་མ་རང་ལུས་ཡི་དམ་ལྷ། །ངག་ནི་བཟླས་བརྗོད་བཟའ་བཏུང་བདུད་རྩི་ཉིད། །དྲན་རྟོག་སྒྱུ་མ་མདུན་དུ་བཀའ་སྲུང་སྟེ། །རྟག་ཏུ་འབྲལ་མེད་དྲུག་གི་ཉམས་ལེན་བྱ། །གསུམ་པ་སྒྱུ་མ་ལམ་ཁྱེར་ནི། སྣང་བ་ཐམས་ཅད་རང་གི་སེམས་ཡིན་ཏེ། །སེམས་ནི་སྒྱུ་མ་རྨི་ལམ་ཁོ་ན་ཉིད། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཚོགས་དྲུག །དབང་པོ་དྲུག་ལ་བཟང་ངན་ཅི་ཤར་ཡང་། སྣང་བ་མ་འགགས་འཛིན་པ་མ་ཞུགས་པར། །ངོ་བོར་བལྟས་ལ་གསལ་སྟོང་ངང་དུ་བཞག །གསེར་ཆོས་བཞི་པ་མེ་ཏོག་མཁའ་སྤྱོད་དཀར་དམར་བསྒོམ་བཟླས་ཟུང་དུ་གསལ། །འདིའི་སྡེབས་སུ་འཕོ་བའི་དམིགས་འདོན་སྐབས་སུ་བབ་པས་སྔོན་འགྲོ་སྤྱི་ལྟར་ལ་ཁྱད་པར་དམིགས་པ་དམར་མོ་ལ། རང་ཉིད་འཁོར་ལོ་བདེ་མཆོག་སྐུར་གྱུར་བའི། །ལྟེ་བར་རླུང་སེམས་དབྱེར་མེད་ཨ་དཀར་གསལ། །སྤྱི་བོར་རྡོ་རྗེ་རྣལ་འབྱོར་མ་དམར་མོ། །སྤྱན་གསུམ་དབུ་སྐྲ་གྲོལ་བས་སྐུ་སྟོད་ཁེབས། །གཞོན་ནུ་བརླ་དང་སྐྱེ་གནས་ནུ་འབུར་རྒྱས། །ཕྱག་གཡས་རྡོ་རྗེ་མཐུར་སྡིགས་གཡོན་པ་ཡིས། །ཐོད་ཁྲག་བདེ་རྒྱུན་སྟེང་ནས་ཞལ་དུ་གསོལ། །གྲུ་མོར་ཐབས་ཀྱི་རང་བཞིན་ཁ་ཊྭཾ་ག །ཕྱག་རྒྱ་ལྔ་དང་མགོ་བོའི་ཕྲེང་བ་འཆང་། །འཛུམ་ཁྲོ་ཞབས་གཉིས་རང་གི་དཔུང་པར་བཞག །གསང་གནས་པདྨ་ཚངས་བུག་སྤྲད་པ་ལས། །ཨ་ཡིག་འཕུར་ལ་ཁང་པས་ཡར་བལྟས་པས། །དེ་མཐོང་འགྲོ་འདོད་འདུན་པ་དྲག་སྐྱེས་གྱུར། །ཅེས་གསལ་བཏབ་ལ་ཁྱད་འཕགས་གསོལ་འདེབས་སམ།


LT20_Page_030A
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོ་ན་རྗེ་བཙུན་རིན་པོ་ཆེའི་གསུང་བྱིན་རླབས་ཅན་འདིའང་བྱ་སྟེ། རྗེ་མཚན་ལྡན་གྱི་བླ་མ་རིན་ཆེན་དང་། །དབྱེར་མེད་རྗེ་བཙུན་མཁའ་སྤྱོད་མར། །བུ་མོས་གུས་གདུང་བས་གསོལ་བ་འདེབས། །དུས་ད་ལྟ་བྱིན་གྱིས་བརླབ་ཏུ་གསོལ། །འགྲོ་དྲུག་གི་སྐྱེ་སྒོ་དགག་ཏུ་གསོལ། །བར་དོའི་འཁྲུལའཕྲུལ་འཁོར་བསལ་དུ་གསོལ། །ཐར་པའི་ལམ་སྣ་འདྲེན་དུ་གསོལ། ཁྱིན་རླབས་ཀྱི་ཚན་ཀ་འབེབས་སུ་གསོལ། །ཆོས་ཉིད་ཀྱི་དོན་དང་སྤྲད་དུ་གསོལ། །དུས་ལ་བབ་པོ་ཐུགས་རྗེ་ཅན། །ཁྱེད་ཐུགས་ཆོས་ཉིད་ཀྱི་དཀྱིལ་འཁོར་དུ། །བདག་སོགས་རིག་པ་དྲི་མེད་ཐིམ། །མཉམ་ཉིད་ངང་ལས་མ་གཡོས་པའི། །མོས་གུས་ཀྱིས་ས་ལམ་བགྲོད་པར་ཤོག །ཅེས་དང་། ཁྱད་པར་དུ། རྗེ་བཙུན་རྡོ་རྗེ་འབྱོར་མས་བདག་དག་པ་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པར་མཛད་དུ་གསོལ། །ཅེས་གསོལ་བ་དྲག་ཏུ་བཏབ། ཐུགས་ལས་འོད་ཟེར་དཀར་པོ་ནར་གྱིས་བྱུང་། །ཨ་ལ་རེག་པས་གྱེན་དུ་ཡེར་གྱིས་འཐེན། །ཚངས་བུག་བྷ་ག་ནས་སོང་ཐུགས་ཀར་སླེབ། །ཏོག་སྒྲ་དང་བཅས་རྣལ་འབྱོར་མ་དཔལ་ཉིད། །མཁའ་ལས་རྗེ་མཐོར་མཁའ་སྤྱོད་ཞིང་དུ་ཕེབ། །དེ་ཡང་འཇའ་ལྟར་ཡལ་ནས་མི་དམིགས་གྱུར། །དེ་འདྲ་ལན་བདུན་བསྐྱར། མཁའ་ལས་སྤྲིན་བརྡོལ་བཞིན་ཏུ་རྣལ་འབྱོར་མ། །ལམ་གྱིས་མར་བབ་དཔུང་སྟེང་ཞབས་བཞག་པའི། །ཐུགས་ནས་རང་སེམས་ཨ་བྱུང་ལྟེ་བར་སླེབ། །ཡང་གསོལ་འདེབས་སོགས་གོང་ལྟར་སྦྱང་། །ཐུན་འཇོག་པ་དང་ཨ་ཕབ་རྗེས། རྣལ་འབྱོར་མ་ཡང་འོད་ཞུ་སྤྱི་བོར་ཐིམ། །སྤྱི་བོར་སྲ་མཁྲེགས་རྡོ་རྗེའི་རང་བཞིན་གྱུར། །མཁའ་སྤྱོད་དཀར་མོའི་འཕོ་བ་སྙན་བརྒྱུད་དཔེ་གཉིས་མ་ནི་ངག་ཏུ་བརྗོད་པར་བྱ་བ་མ་ཡིན་ཀྱང་། གསོལ་འདེབས་ཀྱི་འགྲོས་སོགས་བཤད་མ་ཐག་པ་ཉིད་ཁ་སྤོས་པས་ཆོག་གོ །གསེར་ཆོས་ལྔ་པའི་འཆི་མེད་


LT20_Page_030B
[མ་དཔེ་གཟིགས་ན་འདིར་གནོན།]

རང་གྲོལ་ལ། ཐོག་མར་སྔོན་འགྲོ་ཁྱད་པར་བ་ནི། འཆི་བ་ཞེས་བྱ་ལུས་སམ་སེམས་འདི་ཡིན། །རྣམ་སྨིན་ལུས་ནི་བེམ་པོ་ས་རྡོ་འདྲ། །བག་ཆགས་ལུས་ཀྱང་རྨི་ལམ་ཤི་རྨིས་བཞིན། །འཆི་ཞིས་བཏགས་པ་ཙམ་ལས་དོན་མ་གྲུབ། ༈ །པད་ཉི་འཇིགས་དུས་གདན་ལ་རང་གི་སེམས། །འཁོར་ལོ་སྡོམ་པ་མཐིང་སྔོན་སྤྱན་གསུམ་པ། །རལ་པའི་ཐོར་ཚུགས་ཟླ་ཕྱེད་རྡོ་རྗེས་མཚན། །ཁྲོ་འཛུམ་མགོ་ཕྲེང་རུས་པའི་ཕྱག་རྒྱས་སྤྲས། །རྡོར་དྲིལ་ཡུམ་འཁྱུད་སྟག་ལྤགས་ཤམ་ཐབས་གྲོལ། །གར་དགུའི་ཉམས་ལྡན་གཡས་བརྐྱང་སྟབས་ཀྱིས་བཞུགས། །ཕག་མོ་དམར་མོ་སྤྱན་གསུམ་དབུ་སྐྲ་གྲོལ། །ལང་ཚོ་རབ་རྒྱས་ཐོད་སྐམ་ཕྲེང་བ་དང་། །ཕྱག་རྒྱ་ལྔས་བརྒྱན་གྲི་ཐོད་འཛིན་པས་འཁྱུད། །ཡེ་ཤེས་མེ་འབར་དབུས་བཞུགས་སྤྱི་བོ་རུ། །བཞི་རྫོགས་གདན་ལ་རྩ་བའི་བླ་མ་བཞུགས། །དེས་གསལ་གདབ་ལ་གསོལ་འདེབས་བྱ། ལྷ་སྣང་ཤིན་ཏུ་གསལ་བའི་ཡབ་ཉིད་ཀྱི། །སྤྱི་བོའི་སྐྲ་མཚམས་ཧཱུྃ་སྔོན་ཆེར་གསལ་བའི། །འོད་ཟེར་རིམ་འབྱུང་སྨིན་མཚམས་མགྲིན་པ་དང་། །སྙིང་ག་ལྟེ་བ་གསང་གནས་རྐང་མཐིལ་ཡར། །ཤེལ་ལ་ཉི་ཟེར་ཕོག་ལྟར་གསལ་སིང་གྱུར། །སླར་ཡང་ཧཱུྃ་གིས་འོད་སྔོན་ཚངས་བུག་ནས། །ཞུགས་ནས་རྐང་མཐིལ་ཡན་ཆད་སྔོ་སིང་ངེ། །རབ་གསལ་ལྷ་སྐུ་འོད་གོང་བཀྲག་ཅན་གྱུར། །ཅེས་ཡབ་ཀྱིས་ཕྱི་ནང་སྤྱོད་པའོ། །ཡབ་གྱི་མལ་དུ་ཡུམ་དང་། ཧཱུྃ་སྔོན་མ་ལ་པཾ་ཡིག །འོད་དམར་དང་དམར་སིང་ཞེས་བསྒྱུར་ལ་ཡུམ་གྱིས་ཕྱི་ནང་སྦྱང་། དབྱིངས་དང་རྒྱན་བཅས་གསལ་ལ་མ་འདྲེས་རྫོགས། །སྟོང་ལ་རང་བཞིན་མ་གྲུབ་ཟུང་འཇུག་སྐུ། །རང་སེམས་ལྷར་ཤར་རྨི་ལམ་སྣང་བ་བཞིན། །བདེན་པར་མ་གྲུབ་འགྲོ་འོང་གནས་པ་བྲལ། །སེམས་ནི་དུས་གསུམ་རྒྱལ་བས་མ་གཟིགས་སོ། །དངོས་གཞི་ཐག་ཆོད་བཞི་ནི། །དེ་ཕྱིར་སེམས་ཉིད་གསལ་


LT20_Page_031A
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ན་བ་མེད། །སྟོང་པ་ཉིད་ལ་འཆི་བ་གཏན་མ་གྲུབ། །སངས་རྒྱས་མིང་ཙམ་གསར་དུ་འཐོབ་བྱར་མེད། །འཁོར་མཁན་མེད་པས་འཁོར་བ་མ་གྲུབ་སྟེ། །ཐམས་ཅད་རང་སེམས་འཁྲུལ་པའི་སྣང་བ་ཙམ། །ད་ནི་ཐག་ཆོད་འཆི་མེད་བཙན་ས་བཟུང་། །རྗེས་ནི། དེ་ལྟར་ལུས་སེམས་འཆི་མེད་གདིང་ཐོབ་ནས། །འཁོར་བ་མྱང་འདས་གང་དུའང་མི་འཆུག་པར། །ལས་ཉོན་འཁྲུལ་པའི་གཅོད་ནད་ཀུན་བསལ་ནས། །ད་ལྟ་ཉིད་དུ་སྐུ་གསུམ་རང་ཤར་ཤོག །ཅེས་སོ། །འདི་དག་གི་ཁྲིད་རྒྱས་པར་ཐོབ་ནས་ཁྲིད་ཡིག་དབང་དུ་བཞག །དོན་ཞིབ་མོར་བསམ། བསྒོམ་དོན་མ་ཡེངས་པར་བྱས་ནས་ཚིགས་བཅད་འདི་དག་སྐབས་དང་སྐབས་སུ་ངག་ཏུ་བརྗོད་ནས་གསལ་འདེབས་པར་བྱའོ། །ཟབ་ལམ་འདི་སྤྱོད་སྐལ་བཟང་ཅན། །ས་སྟེང་ཀུན་ཁྱབ་ཐམས་ཅད་ཀྱང་། །ཟུང་འཇུག་ཡེ་ཤེས་མཆོག་གྲུབ་ནས། །མཁའ་སྤྱོད་ཆེན་པོའི་གྲོང་མཛེས་ཤོག །ཅེས་རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས་མཁྱེན་བརྩེའི་དབང་པོས་རིང་མོ་ནས་གནང་བ་སྩལ་བ་དང་། ཡང་ཁྲོད་འདིར་བཞུགས་ཀྱི་སྒྲུབ་བླ་སྔ་རྗེས་རྣམས་དང་། ཁྱད་པར་གཏེར་ཆེན་བསམ་གཏན་གླིང་པའི་བསྟན་པའི་སྣང་བྱེད་འཕེལ་ཆ་རིག་འཛིན་བླ་མ་མགོན་པོ་རྡོ་རྗེས་བཀྲ་ཤིས་པའི་ལྷ་རེག་བཅས་ཆེད་དུ་བསྐུལ་མ་མཛད་དོརངོར། །རིས་མེད་ཀྱི་བསྟན་པ་ལ་མི་ཕྱེད་དད་པ་ཐོབ་པ་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།


previousགདམས་ངག་མཛོད་པོད་བཅུ་གཅིག་པ། དཔལ་ལྡན་ཤངས་པའི་གསེར་ཆོས་ལྔའི་རྩ་ཚིག་འཁྲུལ་མེད་རྡོ་རྗེའི་རྒྱ་མདུད།next