Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅུ་གསུམ་པ།  རིང་བརྒྱུད་ཀྱི་གསོལ་འདེབས་མ་གཅིག་གིས་མཛད་པར་བན་སྒར་འཇམ་དཔལ་བཟང་པོས་ཁ་བསྐང་བ།
   
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་བཅུ་གསུམ་པ། རིང་བརྒྱུད་ཀྱི་གསོལ་འདེབས་མ་གཅིག་གིས་མཛད་པར་བན་སྒར་འཇམ་དཔལ་བཟང་པོས་ཁ་བསྐང་བ།next

གདམས་ངག་མཛོད་པོད་བཅུ་གསུམ་པ།
རིང་བརྒྱུད་ཀྱི་གསོལ་འདེབས་མ་གཅིག་གིས་མཛད་པར་བན་སྒར་འཇམ་དཔལ་བཟང་པོས་ཁ་བསྐང་བ།


LT23_Page_168A
[མ་དཔེ་གཟིགས་ན་འདིར་གནོན།]

རིང་བརྒྱུད་ཀྱི་གསོལ་འདེབས་མ་གཅིག་གིས་མཛད་པར་བན་སྒར་འཇམ་དཔལ་བཟང་པོས་ཁ་བསྐང་བ་ནི། སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །རྩ་བའི་བླ་མ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །བླ་མ་ལ་གསོལ་བ་འདེབས། ཡུམ་ཆེན་མོས་བྱིན་གྱིས་རློབས། །འོག་མིན་ཆོས་དབྱིངས་ཀྱི་ཕོ་བྲང་ན། །ཡུམ་ཆེན་ཤེར་ཕྱིན་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །སོགས་རིགས་འགྲེ། བྱ་རྒོད་ཕུང་པོའི་རི་བོ་ན། །བཅོམ་ལྡན་ཤཱཀ་ཐུབ་བྱིན་རླབས་ཅན། སེང་ཆེན་བསྣོལ་བའི་ཁྲི་སྟེང་ན། །འཇམ་དཔལ་སྨྲ་སེང༴ རྒྱ་གར་འཇག་མའི་སྤྱིལ་པོ་ན། །ཨཱརྻ་དེ་བ༴ ལ་སྟོད་དིང་རིའི་གླང་འཁོར་ན། །དམ་པ་སངས་རྒྱས་བྱིན་རླབས༴ ཟངས་རི་མཁར་དམར་དགོན་པ་ན། །མ་གཅིག་ལབ་སྒྲོན༴ གཉེན་ས་དུར་ཁྲོད་དགོན་པ་ན། །ཁམ་བུ་ལ་ཡེ༴ གཡུ་ལོ་བཀོད་པའི་ཞིང་ཁམས་ན། །ཛྙཱ་ན་ཛྭ་ལ༴ གནམ་མཚོ་དོ་ཡི་ཕོ་བྲང་ན། །གནམ་མཚོ་ཆེན་པོ༴ མཚུར་མདོ་བོ་ལུང་གི་གནས་མཆོག་ན། །རང་བྱུང་རྡོ་རྗེ༴ རང་བྱུང་མཉམ་ཉིད་རོལ་པ་ན། །གཡུང་སྟོན་ཆེན་པོ༴ ཆོས་དབྱིངས་སྤྲོས་བྲལ་ཕོ་བྲང་ན། །རོལ་པའི་རྡོ་རྗེ༴ གནས་ནང་རྒྱལ་བའི་རི་ཁྲོད་ན། །རི་ཁྲོད་དབང་ཕྱུག༴ སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་ན། །མཁའ་སྤྱོད་དབང་པོ༴ འཁོར་འདས་གཉིས་མེད་ཕོ་བྲང་ན། །དེ་བཞིན་གཤེགས་པ༴ སྟོང་ཉིད་ཟབ་མོའི་དཀྱིལ་འཁོར་ན། །རིན་ཆེན་བཟང་པོ༴ བདེ་སྟོང་དབྱེར་མེད་ཕོ་བྲང་ན། །མཐོང་བ་དོན་ལྡན༴ གར་བཞུགས་ཆོས་སྐུའི་ཕོ་བྲང་ན། །འཇམ་དཔལ་བཟང་པོ༴ ཁམས་གསུམ་ཡོངས་སྒྲོལ་ཕོ་བྲང་ན། །ཆོས་གྲགས་རྒྱ་མཚོ༴ གང་ཤར་ཆོས་དབྱིངས་ཕོ་བྲང་ན། །འཇམ་དཔལ་རྒྱ་མཚོ༴ ཕྱོགས་མེད་གཉན་ས་རི་ཁྲོད་ན། །ཆོས་ཀྱི་རྒྱ་མཚོ༴ ཕྱོགས་མེད་ཡངས་པའི་དཀྱིལ་འཁོར་ན། །ཡངས་


LT23_Page_168B
[མ་དཔེ་གཟིགས་ན་འདིར་གནོན།]

པ་བློ་བདེ༴ འགྱུར་མེད་ཆོས་སྐུའི་ཕོ་བྲང་ན། །དཔག་བསམ་དབང་པོ༴ བསླབ་གསུམ་རིག་གྲོལ་ལྡན་པ་ཡི། །ཕུན་ཚོགས་བསྟན་འཛིན༴ བསྐྱེད་རྫོགས་འཇུག་ལྡན་པ་ཡི། །བསྟན་འཛིན་དར་རྒྱས༴ རིག་གནས་ཀུན་ལ་མཁས་པ་ཡི། །རིན་ཆེན་དབང་པོ༴ རྣམ་ཐར་སྒོ་གསུམ་ལྡན་པ་ཡི། །ཆོས་ཀྱི་དབང་པོ༴ མི་ཤིགས་ཐིག་ལེའི་དཀྱིལ་འཁོར་ན། །ཆོས་ཀྱི་དོན་གྲུབ༴ དོན་དམ་ཆོས་དབྱིངས་ཕོ་བྲང་ན༴ ཆོས་ཀྱི་འབྱུང་གནས༴ བདུད་བཞིའི་གཡུལ་ལས་རྣམ་རྒྱལ་བ། །བདུད་འདུལ་རྡོ་རྗེ༴ ཕྱག་རྒྱ་ཆེན་པོའི་གནས་མཆོག་ན། །པདྨ་ཉིན་བྱེད༴ རིས་མེད་མཁས་གྲུབ་ཚོགས་དབུས་ན། །བློ་གྲོས་མཐའ་ཡས༴ བདེ་སྟོང་འགྱུར་མེད་ཕོ་བྲང་ན། །མཁའ་ཁྱབ་རྡོ་རྗེ༴ སྟོང་ཉིད་སྙིང་རྗེའི་གཞལ་ཡས་ན། །བཀྲ་ཤིས་འོད་ཟེར༴ སྣང་སྲིད་དབང་སྡུད་ཕོ་བྲང་ན། །པདྨ་དབང་མཆོག༴ འགྲོ་དོན་ཕྱོགས་མེད་ཕོ་བྲང་ན། །མཁྱེན་བརྩེའི་འོད་ཟེར༴ བཀའ་དྲིན་སུམ་ལྡན་གཞལ་ཡས་ན། །རྩ་བའི་བླ་མ༴ དག་སྣང་ཕྱོགས་མེད་རི་ཁྲོད་ན། མཆེད་གྲོགས་ཆོས་མཛད༴ ཐུགས་རྗེ་རྒྱུན་ཆད་མེད་པ་ཡི༴ ཡི་དམ་ལྷ་ཚོགས༴ ཕྲིན་ལས་མུ་མཐར་ཁྱབ་པ་ཡི། །དཔའ་བོ་མཁའ་འགྲོ༴ བར་ཆད་དགྲ་དཔུང་ཟློག་པ་ཡི། །ཆོས་སྐྱོང་སྲུང་མ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །མ་གཅིག་ལ་གསོལ་བ་འདེབས། །ཡུམ་ཆེན་མོས་བྱིན་གྱིས་རློབས། །ཁྱེད་ལ་གསོལ་བ་བཏབ་པའི་མཐུས། །བདག་སོགས་མ་རྒན་སེམས་ཅན་རྣམས། །བདག་འཛིན་བློ་ཡིས་ཐེངས་པ་དང༌། །སྙེམ་ཐག་ཆོད་པར་བྱིན་གྱིས་རློབས། །སྙེམ་དང་བྲལ་བར་བྱིན་གྱིས་རློབས། །ཆོས་ཉིད་རྟོགས་པར་བྱིན་གྱིས་རློབས། །


previousགདམས་ངག་མཛོད་པོད་བཅུ་གསུམ་པ། རིང་བརྒྱུད་ཀྱི་གསོལ་འདེབས་མ་གཅིག་གིས་མཛད་པར་བན་སྒར་འཇམ་དཔལ་བཟང་པོས་ཁ་བསྐང་བ།next