Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅོ་ལྔ་པ།  བླ་མེད་སྔགས་ཆོས་ཀྱི་སྙིང་པོའི་བཅུད་ལེན་ལམ་ཟབ་བདུད་རྩིའི་ཐིག་ལེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་བཅོ་ལྔ་པ། བླ་མེད་སྔགས་ཆོས་ཀྱི་སྙིང་པོའི་བཅུད་ལེན་ལམ་ཟབ་བདུད་རྩིའི་ཐིག་ལེ།next

གདམས་ངག་མཛོད་པོད་བཅོ་ལྔ་པ།
བླ་མེད་སྔགས་ཆོས་ཀྱི་སྙིང་པོའི་བཅུད་ལེན་ལམ་ཟབ་བདུད་རྩིའི་ཐིག་ལེ།


LT24_Page_158A
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མེད་སྔགས་ཆོས་ཀྱི་སྙིང་པོའི་བཅུད་ལེན་ལམ་ཟབ་བདུད་རྩིའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ།། །།


LT24_Page_158B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྲཱི་ཀཱ་ལ་ཙཀྲ་ཡེ། མི་འགྱུར་བདེ་ཆེན་སྟོང་གཟུགས་ཕྱག་རྒྱ་ཆེ། །ཟུང་འཇུག་ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །རྣམ་ཀུན་མཆོག་ལྡན་རྣམ་པ་ཐམས་ཅད་མཁྱེན། །དཔལ་ལྡན་བླ་མ་དུས་ཀྱི་འཁོར་ལོར་འདུད། །བླ་མེད་སྔགས་ལམ་ཉིང་ཁུ་མཆོག །སྨིན་འཕེལ་བྱང་ཆུབ་ཆེན་པོའི་བར། །རིམ་པ་ལམ་ཟབ་ཅེས་བྱ་བ། །བླ་མའི་མན་ངག་བཞིན་བཤད་བྱ། རྣལ་འབྱོར་པ་བདེ་བའི་གདན་ལ་མཉམ་པར་བཞག་སྟེ་བདུད་རྩི་མྱང་ནས། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བདག་གི་ཕུང་པོ་ཁམས་སྐྱེ་མཆེད། །ཡུལ་བཅས་མ་དག་འཛིན་པའི་ཆ། །སྤྲོས་བྲལ་རང་བཞིན་རྣམ་དག་པ། །གདན་གསུམ་ཚང་བའི་དཀྱིལ་འཁོར་དངོས། །རང་སྣང་དག་པ་སྤྱི་བོའི་གཙུག །བདེ་བ་ཆེན་པོའི་སྙིང་གི་དཀྱིལ། །ཁམས་ལྔ་ལྡན་པ་ལག་གི་མཐིལ། །ཕྱོགས་བྲལ་ཁྱབ་བརྡལ་ནམ་མཁའི་


LT24_Page_159A
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས། །འབྱུང་ལྔ་འོད་ཀྱི་འཁོར་ལོའི་དབུས། །པདྨ་ཟླ་ཉི་སྒྲ་གཅན་སྟེ། །རིག་པ་ཧཱུྃ་ལས་ཀུན་རྫོབ་དུས། །དོན་དམ་འཁོར་ལོའི་བདག་ཉིད་ཆེ། །དཔལ་མཆོག་དང་པོའི་སངས་རྒྱས་ནི། །དཔལ་ལྡན་རྩ་བའི་བླ་མ་དངོས། །རྡོ་རྗེ་སེམས་དཔའ་ཧེ་རུ་ཀ །ཀུན་བྱེད་རྒྱལ་པོ་ཀུན་ཏུ་བཟང༌། །སྔོ་སངས་དེ་བཞིན་གཤེགས་པའི་སྐུ། །ཞི་ཁྲོ་འདྲེས་པ་ཆགས་པའི་ཉམས། །སྤྱན་གསུམ་མཆེ་བཞིའི་མྱུ་གུ་མཛེས། །རྡོ་རྗེའི་རྒྱན་དང་སྟག་ཤམ་ཅན། །དབུ་སྐྲ་བུང་བ་ལྟར་གནག་ཅིང༌། །འཚོགས་མར་སྣ་ཚོགས་རྡོ་རྗེའི་ལྟེར། །རིགས་བདག་བསྐྱེད་མཛད་རྒྱལ་བས་བརྒྱན། །ཐོར་ཅོག་གཡོན་དུ་ཟླ་ཚེས་དང༌། །རྩེ་མོར་ནོར་བུའི་འོད་འབར་བ། །ལྟ་བས་མི་ཚུགས་བསམ་མི་ཁྱབ། །ཕྱག་གཉིས་སོར་མོ་མཐེ་བོང་ནས། །བརྩི་རིམ་སེར་དཀར་དམར་ནག་ལྗང༌། །ཕྱག་སོར་རྩ་བ་ནས་བརྩམས་ཏེ། །ཚིག་ཕྲེད་རིམ་གསུམ་ནག་དམར་དཀར། །ཕྱག་མཐིལ་པདྨ་ལྟར་དམར་ཞིང༌། །ཕྱག་མཚན་རྡོ་རྗེ་དྲིལ་བུ་བཅས། །ཡུམ་


LT24_Page_159B
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྣམ་རོལ་ཕྱག་རྒྱས་འཁྱུད། །ཞབས་གཡོན་དཀར་པོ་གཡས་དམར་པོ། །བསྐུམ་དང་བརྐྱང་བའི་འོག་ཏུ་ནི། །དཀར་པོ་དབང་ལྡན་མིག་གསུམ་པ། །རྩེ་གསུམ་ཐོད་པ་འཛིན་ཁ་སྦུབ། །དམར་པོ་འདོད་ལྷ་མེ་ཏོག་གི༌།མདའ་ལྔ་གཞུ་འཛིན་གན་རྐྱལ་མནན། །དབང་ལྡན་འདོད་ལྷའི་ཆུང་མ་ཡིས། །གུས་པས་ཞབས་སོར་དཔྲལ་བཏུད་དེ། །ལག་གི་བརྟེན་ཡང་གཡོ་མེད་པར། །རི་དབང་ལྟར་བརྗིད་དེར་འཁྱུད་པའི། །སྣ་ཚོགས་ཡུམ་གྱུར་གསེར་གྱི་མདོག །སྤྱན་གསུམ་ཁྲོ་འཛུམ་དབུ་སྐྲ་གྲོལ། །ཕྱག་རྒྱ་ལྔས་སྤྲས་གྲི་ཐོད་འཛིན། །གཡས་བསྐུམ་གཡོན་བརྐྱང་མཉམ་པར་རོལ། །རྡོར་པད་ཨེ་ཝཾ་ཟུང་འཇུག་སྙོམས། །མཚན་དཔེ་ཡོངས་རྫོགས་ཡབ་ཡུམ་སྐུ། །འོད་ཟེར་ཡེ་ཤེས་མེ་ལྔ་འབར། །དེ་ལྟར་གསལ་བའི་སྐུ་ཡི་གནས། །སྤྱི་མགྲིན་ཐུགས་ལྟེ་གསང་གཙུག་ཏོར། །ཨོཾ་ཨཱཿཧཱུྃ་ཧོ་སྭཱ་ཧཱ་དྲུག །དཀར་དམར་ནག་སེར་ལྗང་མཐིང་མདོག །ཡིག་འབྲུ་རྣམས་ལས་འོད་ཟེར་ནི། །མཁའ་ཁམས་ཇི་སྲིད་ཀུན་ཁྱབ་སྟེ། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །རབ་འབྱམས་རྒྱུད་སྡེ་བཞི་དྲུག་གཾ །ཡི་དམ་རབ་འབྱམས་རྒྱ་མཚོ་དང༌། །སངས་རྒྱས་བྱང་སེམས་ཉན་རང་འཕགས། །དཔའ་བོ་རྣལ་འབྱོར་ཞིང་སྐྱོང་བ། །ཆོས་སྲུང་དམ་ཅན་ཚོགས་བཅས་ཀུན། །མདུན་གྱི་ནམ་མཁར་སྤྱན་དྲངས་ཤིང༌། །དེ་རྣམས་ལ་ནི་མཆོད་པའི་སྤྲིན། །ཉེར་སྤྱོད་འདོད་ཡོན་ཤ་བདུད་རྩི། །སྙོམས་འཇུག་བདེ་ཆེན་མཉམ་པ་ཉིད། །མཆོད་དགྱེས་དཀོན་མཆོག་རྩ་གསུམ་ཚོགས། །བླ་མ་དུས་ཀྱི་འཁོར་ལོར་ཐིམ། །དབྱེར་མེད་དུ་མ་རོ་གཅིག་པས། །ཀུན་འདུས་ཡིད་བཞིན་ནོར་བུར་གྱུར། །


LT24_Page_160A
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གུས་པའི་ཡིད་ཀྱིས་རྩ་གཅིག་པས་སངས་རྒྱས་དུས་ཀྱི་འཁོར་ལོ་རྩ་གསུམ་འདུས་པའི་ངོ་བོར་ཕུར་ཚུགས་སུ་གསོལ་བ་བཏབ་པ་ནི། གང་ལ་རྒྱུ་དང་མཚན་ཉིད་མེད། །གཡོ་དང་དེ་བཞིན་རིས་མེད་པས། །ཀ་ལ་ཙཀྲར་མངོན་བརྗོད་པ། །གཉིས་མེད་དེ་ལ་གསོལ་བ་འདེབས། །དེ་བཞིན་དུས་འཁོར་བདེ་ཆེན་པོ། །སྐུ་གསུམ་མཆོག་དང་དཀྱིལ་འཁོར་གསུམ། །རྡོ་རྗེ་གསུམ་མཆོག་རྡོ་རྗེའི་དབྱིངས། །འགྱུར་བ་མེད་ལ་གསོལ་བ་འདེབས། །ཕྲ་རགས་རྡུལ་གྱི་ཆོས་ཉིད་འདས། །བྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །ཕྱག་རྒྱ་ཆེན་མོར་གསོལ་བ་འདེབས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །རྩ་བའི་བླ་མར་གསོལ་བ་འདེབས། །ཁྱོད་ནི་འགྲོ་བའི་བླ་མ་ཡང༌། །ཕ་མ་གཉེན་དང་གྲོགས་བཟང་པོ། །ཁྱོད་ནི་སྡིག་འཕྲོག་ཕན་བྱེད་མགོན། །ཁྱོད་ནི་གོ་འཕང་ཕུན་སུམ་ཚོགས། །ཁྱོད་མཆོག་འབའ་ཞིག་ཡོན་ཏན་གནས། །སྐྱོན་བཅོམ་དམན་རྣམས་མགོན་གྱུར་ཁྱོད། །ཡིད་བཞིན་ནོར་བུ་རྒྱལ་བའི་གཙོ། །བླ་མར་བདག་ནི་སྐྱབས་སུ་མཆིའོ། །སྐྱེ་རྒ་འཆི་དང་ན་བ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་བ། །མི་ཟད་འཁོར་བའི་རྒྱ་མཚོ་ལས། །མགོན་པོས་བདག་ནི་བསྒྲལ་དུ་གསོལ། ཞེས་པས་གསོལ་བ་ནན་ཏན་དུ་གདབ། དེ་ལྟར་ཚིག་ཤ་ལོ་ཀ་བདུན་ལ་སྔ་མ་གསུམ་ནི་འཕགས་འགྲེ་ལ་དྲི་མེད་འོད་ན་གནས་པ་རྒྱུད་ཚིག་དར་ཕྱི་མ་གཅིག་པོ་ཡང་འགྱུར་ཆད་ཀྱིས་འཕགས་འགྲེལ་ལ་ལར་མི་གསལ་ཡང༌། དུས་འཁོར་རྒྱུད་ལས་ཕྱུང་བ་ཞིག་དང༌། བཞི་པ་སྒྱུ་འཕྲུལ་དྲྭ་བའི་ཚིག་དང༌། ལྔ་པ་དྲུག་པ་


LT24_Page_160B
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་ནི་དུས་འཁོར་བསྡུས་རྒྱུད་ནང་ལེའི་མཐར་དང༌། འཇམ་དཔལ་ཞལ་ལུང་ཚིག་སྒྲོས་མཐུན་པ་ལས་བླངས་པ་སྟེ་རྒྱུད་ཚིག་ཤ་སྟག་གོ །དེ་མཐར་ཐལ་མོ་སྦྱར་ཏེ། སྒྲིབ་པ་ཐམས་ཅད་བཅོམ་པ་ཡི། །དུས་ཀྱི་འཁོར་ལོ་ཁྱོད་ལ་འདུད། །མཆོག་ཏུ་མི་འགྱུར་བདེས་གང་བ། །ཡེ་ཤེས་སྐུ་ཁྱོད་ལ་ཕྱག་འཚལ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་དེ་འགྱུར་མེད་གང༌། །དབང་བསྐུར་དེ་ཡིས་བདག་ལ་ནི། །མགོན་པོ་ད་ནི་བཀའ་དྲིན་མཛོད། །ཅེས་པ་ལན་གསུམ་དུ་གསོལ་བ་གཏབ། དཔལ་ལྡན་བླ་མ་དུས་འཁོར་ལོ། །ཡབ་ཡུམ་མཛོད་སྤུ་ནས་འོད་དཀར། །ཟླ་ཞུན་འདྲ་བྱུང་བདག་དཔྲལ་ནས། །ཞུགས་ཤིང་ཕྱི་ནང་ལུས་ཀུན་སྦྱངས། །དབྱིབས་སྣང་དགའ་བ་བུམ་དབང་གི། སྨིན་གྲོལ་སྦྱང་ཐོབ་ལས་ཀུན་བྱས། །བླ་མ་ཡབ་ཡུམ་སྦྱོར་མཚམས་ནས། །དཀར་དམར་འདྲེས་པ་ཐིག་ལེའི་རྒྱུན། །བདག་ལྕེ་སྟེང་བབས་ལྕེ་ཆུང་ནས། །དབུ་མའི་ནང་བརྒྱུད་ལུས་ཀུན་ཁེངས། །སྔགས་མཆེད་ཁྱད་དགའ་གསང་དབང་གིས། །སྨིན་གྲོལ་སྦྱངས་ཐོབ་ལས་ཀུན་བྱས། །བླ་མ་ཡབ་ཡུམ་ཐུགས་ཀ་ནས། །ལྔ་ལྡན་འོད་ཟེར་སྲང་བུ་བཞིན། །བདག་གི་སྙིང་གར་ཡོངས་ཐིམ་ནས། །ཕྱི་ནང་འོད་ཟེར་དྲྭ་བས་གཡོགས། །ཆོས་ཐོབ་མཆོག་དགའ་ཤེར་དབང་གིས། །སྨིན་གྲོལ་སྦྱངས་ཐོབ་ལས་ཀུན་བྱས། །བླ་མ་ཡབ་ཡུམ་སྙིང་དབུས་ནས། །གསལ་དོང་རབ་མཚེར་རྒྱལ་བའི་སྐུ། །མི་འགྱུར་བདེ་བར་མཆོན་གང་བ། །བདག་གི་གཙུག་ནས་སྙིང་གར་ཐིམ། །ཉེར་ཐོབ་ལྷན་དགའ་དབང་བཞི་


LT24_Page_161A
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །སྨིན་གྲོལ་སྦྱངས་ཐོབ་ལས་ཀུན་བྱས། །དེ་ལྟར་ཏིང་ངེ་འཛིན་དབང་ཡིད་རྩེ་གཅིག་ཏུ་མཉམ་པར་བཞག་ནས་ཅི་ནུས་སུ་བླང་བར་བྱའོ། །དེ་ནས་བླ་མ་དུས་འཁོར་ལོ། །ཡབ་ཡུམ་རང་གི་སྤྱི་བོར་བྱོན། །འོད་ཞུ་བདག་གི་སྒོ་གསུམ་དང༌། །དུས་འཁོར་སྐུ་གསུང་ཐུགས་མཉམ་པས། །རང་ཉིད་དཀྱིལ་འཁོར་འཁོར་ལོའི་བདག །དང་པོའི་སངས་རྒྱས་དུས་འཁོར་ལོ། །མེ་ལོང་སྔགས་ཀྱི་པྲ་ཕབ་བཞིན། །རྡུལ་བྲལ་ཡེ་ཤེས་སྐུ་རུ་གྱུར། དེ་ལྟར་ལྷ་སྐུ་ཆ་མེད་རྣམ་པ་གསལ་བ་ལ་རྣམ་རྟོག་གཞན་སྤངས་ཏེ་ཅི་གནས་སུ་མཉམ་པར་བཞག་ཅིང༌། གལ་ཏེ་རྣམ་རྟོག་འཕྲོ་བ་སེལ་ཕྱིར་རང་སྔགས་བཟླ་བར་སྤྲོ་ན། དུས་འཁོར་ཐུགས་ཀ་ནས་འོད་འཕྲོས། །སྣང་བ་དག་པ་འོད་གསལ་ཞིང༌། །འགྲོ་ཀུན་དུས་ཀྱི་འཁོར་ལོའི་སྐུ། །ཡེ་ཤེས་རོལ་བ་ཆེན་པོར་གྱུར། །ཞེས་སྣང་སྲིད་དག་པར་བལྟས་ཏེ་མཉམ་པར་བཞག་གོ །ཡང་ཨོཾ་ྷྐྵྨླྺྼྻྃ་སྭཱ་ཧཱ། ཞེས་པ་ཟླ་སྐྱོན་ལྔ་སྤངས་ཏེ་ངག་བཟླས་སམ་ཡིད་བཟླས་སོགས་ཇི་ལྟར་འདོད་པ་བྱའོ། །མཐར་ཐུན་བསྡུ་ན། སྣང་སྲིད་ཞིང་ཁམས་ལྷ་ཚོགས་ཀུན། །འོད་ཞུ་རང་ཉིད་ཡུམ་ཀྱང་ཡབ། །རབ་ཕྲའི་ཐིག་ལེར་གྱུར་ཡལ་སྟོང༌། །སྤར་ཡང་རང་ཉིད་ལྷ་སྐུར་ལྡང༌། །དེ་ལྟར་རྫོགས་རིམ་བསྒོམ་པར་འདོད་ན་སྐབས་འདིར་ཡན་ལག་དྲུག་གང་རིགས་བསྒོམ་པར་བྱའོ། །དེ་ཡང་འདིར་ཡན་ལག་དྲུག་སྙིང་པོའི་དོན་དུ་གནད་དུ་དྲིལ་ནས་གདན་ཐོག་གཅིག་ཏུ་ཉམས་སུ་ལེན་པ་ནི། བསམ་སྟན་གྱི་གདན་ལ་ལུས་དྲང་ཞིང་སྐྱིལ་ཀྲུང་ཁུ་ཚུར་བརླ་བཞག་སོགས་བྱེད་པ་ཅིང་གནང་དང་ལྡན་པས་རླུང་རོ་ལེགས་པར་བསལ་ཏེ་སོ་བར་ནས་འབྲས་ཐར་ཙམ་དུ་བྱས་ཏེ་


LT24_Page_161B
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་རེ་ཞིག་རང་བབས་སུ་བཞག །མིག་ཧ་ཅང་གི་བཟློག་པ་མ་ཡིན་པར་སྨིན་ཕྲག་ཐད་དུ་འབྱེད་བཙུམ་རན་བ་མི་གཡོ་བར་ནམ་མཁའི་མུན་པ་ནག་ཐིང་ངེ་བར་གཏད་ལ་སེམས་རྣམ་རྟོག་གི་སྤྲོས་པ་དང་བྲལ་བར་དེ་ལྟར་གཡོ་མེད་གསུམ་ལྡན་དུ་བཞག་པར་བྱ་སྟེ། སོར་སྡུད་སྐབས་སྟོང་གཟུགས་ཤར་རུང་དེ་ལ་ཆེད་གཉེར་མེད་པ་ནམ་མཁའ་ལ་གཙོ་བོ་དང༌། བསམ་གཏན་ནི་སྟོང་གཟུགས་མི་ཤར་ཚེ་ནམ་མཁའ་དང་ཤར་ཕྱིན་སྟོང་གཟུགས་གཙོ་བོར་བྱས་ཏེ་གནས་གཞན་གཅིག་པ་ཉིད་དོ། །དེ་ཡང་དུ་བ་སྨིག་རྒྱུ་མེ་ཁྱེར་མར་མེ་མཁའ་སྣང་སེར་དཀར་དམར་ནག་དང་གློག་འོད་ཐིག་ལེ་ཐིག་ལེ་ཆེན་པོར་གྲགས་པའི་རྟག་པ་སྣང་ཀུན་སྟོང་གཟུགས་ཞེས་སེམས་ལ་སེམས་མ་མཆིས་པའི་སྟོང་ཉིད་རང་བཞིན་འོད་གསལ་གྱི་རང་མདངས་འཁྲུལ་ཤེས་ཀྱིས་མ་བསླད་པའི་མ་འཁྲུལ་བའི་རྣམ་ཀུན་མཆོག་ལྡན་གྱི་ཕྱག་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་པ་སྟེ། དེ་ནི་དང་པོའི་སངས་རྒྱས་ཀྱི་ཆོས་སྐད་ཡང་དག་པའོ། །དེ་ལྟར་སོར་བསམ་ལ་གོམས་པའམ་མ་གོམས་ཀྱང་རུང༌། ཐོག་མ་དབུགས་རང་བབས་ལ་བརྡའ་འགྱུར་རྡོ་རྗེའི་བཟླས་པ་ཅི་ནུས་སུ་འབད་ཅིང་དེ་ནས་དལ་གྱིས་རླུང་ཇི་ནུས་འགོག་ཀྱིན་རྡོར་བཟླས་སྦྱར་ལ་དེ་ལྟས་མཐར་བུམ་པ་ཅན་རང་གྲུབ་ཏུ་ཡོང་བར་བཞེད་ལ། རླུང་འགོག་པའི་རྡོར་བཟླས་ནི་འགོག་བཟླས་ལྟ་བུ་མ་ཡིན་གྱི་རྔུབ་དགང་བཏང་གསུམ་པ་སྡོམས་པར་འབྲུ་གསུམ་ཚར་གཅིག་དང་སྦྱར་བ་ལས་མང་མི་དགོས་ཤིང༌། དྲག་རླུང་བུམ་པ་ཅན་སོགས་ལ་གཞིལ་ཞེས་འབྱུང་བ་རང་དང་དགོང་པ་དང་བཏང་བའི་བར་མཚམས་སུ་ལས་ཁྱད་པར་ཅན་བྱེད་རུང༌། ངོ་བོ་ནི་དགོང་པ་ལས་ལོགས་སུ་མེད་ཅིང༌། དེ་ལྟར་རྡོར་བཟླས་དང༌།


LT24_Page_162A
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བའི་རླུང་སྦྱོར་ནི་སྲོག་རྩོལ་དངོས་དང་སྟོང་གཟུགས་དང་བསྲེ་བ་ན་ཐུན་མོང་མ་ཡིན་པའོ། །དེ་ལྟར་སྲོག་རྩོལ་གྱི་ནུས་པས་རླུང་དབུ་མར་ཞུགས་གནས་ཐིམ་པའི་བྱ་བ་ལྟེ་བ་མན་ཁྱད་གྲུབ་ནས། སླར་འཁོར་ལོ་གོང་མ་རྣམས་དང་གསང་བ་བཅས་པར་བཞུགས་གནས་ཐིམ་གསུམ་ཁྱད་པར་ཅན་གྱིས་དབྱིད་ཐིག་ཁ་སྦྱོར་ལ་བྱང་ནས་ཡས་བརྟན་པས་དང་པོའི་ས་ཐོབ་པར་བྱེད་པ་ནི་འཛིན་པ་སྟེ་དེའི་མན་ངག་ཟུར་དུ་བྱས་པ་ཡོད་ཀྱང་གྲུབ་པའི་སློབ་དཔོན་ཕལ་ཆེས་ནི་མན་ངག་སྲོག་རྩོལ་ཁོ་ནས་རུང་ལ་དེས་གྲུབ་བའི་འབྲས་བུ་འཛིན་པ་ཡིན་པར་བཞེད་དོ། །དེ་ནས་རྗེས་དྲན་དངོས་ནི། ཕྱག་རྒྱ་གསུམ་ལ་བརྟེན་ཡས་བརྟེན་གྱི་དགའ་བ་བཞི་པའི་མཐར་ཐུག་རྗེས་དྲན་བཅུ་དྲུག་གི་ཡོན་ཏན་ཡོངས་སུ་གྲུབ་ནས། དེའི་འབྲས་བུའི་ཚུལ་དུ་ཏིང་ངེ་འཛིན་མས་བརྟེན་གྱི་དགའ་བ་བཅུ་དྲུག་ཡོངས་སུ་རྫོགས་པ་ཡན་ལག་བདུན་དབང་ཕྱུག་བརྒྱད་ཟུང་འཇུག་ཉེར་གསུམ་གྱི་ཡོན་ཏན་གྲུབ་པ་རྡོ་རྗེ་སེམས་དཔའི་གནས་ཐོབ་པ་རྣམས་དངོས་གནས་ཀྱི་སྦྱོར་བ་ཡན་ལག་དྲུག་གི་རིམ་པ་དང༌། དེ་ཡན་ལག་ཕྱི་མ་གསུམ་མོས་པ་ལམ་དུ་བྱེད་པའི་དེའི་རྒྱུ་ཚོགས་ཁྱད་པར་ཅན་སྒྲུབ་པར་གཏུམ་མོའི་རྣལ་འབྱོར་ལ་འབད་པར་བསྔགས་ཏེ། དེ་ཡང་རང་ཉིད་དུས་འཁོར་ཡབ་ཡུམ་དུ་གསལ་བཏབ་པའི་རང་གིས་ལུས་དབུས་སུ་རྩ་དབུ་མ་མཚན་ཉིད་བཞི་ལྡན་མདའ་སྨྱུག་ཙམ་ལྟེ་བ་མན་ལྗང་གུ་དེ་ཡན་ཆད་མཐིང་ག་གཡས་གཡོན་རོ་རྐྱང་དཀར་དམར་དབུ་མ་ལས་འདབ་འགྱུར་ཕྲ་བ་ཡས་སྣ་སྣ་བུག་གཡས་གཡོན་དང་མས་ནད་དབུ་མར་ཆུད་པ་སྟེ་དབུ་མའི་ལྟེ་འོག་སོར་བཞིའི་མཚམས་ཚངས་པའི་མེ་དབྱུག་པའི་དབྱིབས་ཅན་ལྟེ་བར་ཧོཿསེར་སྙིང་གར་ཧཱུྃ་སྔོན་ཡས་སྣར་ཧཾ་ཅན་བ་ནུ་ལྟ་བུ་སྟེ།


LT24_Page_162B
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཟར་མའི་འབྲས་བུ་ལྟར་ཟླུམ་པའི་དབུས་བ་ནུ་ལྟར་ཅུང་ཟད་ནར་རེ་འཕྱངས་པས་དབུ་མའི་ཡས་སྣར་བཀབ་པའོ། །དེ་ནས་རླུང་རོ་བསལ། རླུང་སྦྱོར་བ་བཞི་ལྡན་ལ། དམིགས་པ་རོ་རྐྱང་རླུང་རྒྱུད་དབུ་མའི་མས་སྣ་རླུང་ཞུགས་ཚངས་པའི་མེ་འབར། ཧོ་ཡིག་ལ་རེག་ཧོཿཡིག་ལས་མེ་སེར་ཤས་ཆེ་བའི་ཁ་དོག་དྲུག་པ་འབར། རིམ་པས་ཇེ་མཐོར་སོང་སྟེ་སྙིང་གའི་ཧཱུྃ་བསྲེག་སྤྱི་བོའི་ཧཾ་ཅན་ལ་རེག་བདུད་རྩི་ཟླ་ཞུན་ལྟར་དཀར་འཚེར་འོད་ཟེར་འཕྲོ་བའམ་སྙིང་གའི་ཧཱུྃ་གསོས་ཏེ་ལྟེ་བའི་ཧོཿལ་ཐིམ་ཞིང༌། དེ་ཡང་མེ་བདུན་ལ་ཧོཿཅན་ལ་རྩེ་རེག་ཙམ་བར་མི་ཆད་དང་ཐིག་ལེ་རྒྱབ་ནས་ཧོཿཡིག་བར་མི་ཆད་པར་བབ་སྟེ་ཐིམ་པ་འབར་འཛག་སྐྲ་ཤད་འཛིངས་པ་ལྟར་བྱ་སྟེ། དེ་ལྟར་ཉམས་སུ་བླངས་པའི་ཐུན་མགོར་རླུང་རོ་ལེགས་པར་བསལ། བར་རླུང་བཏང་བའི་སྐབས་ཀུན་ཏུ་རླུང་ཞབས་འཛིན་པ་དང༌། མཐར་ཐུན་བཞག་སྐབས་ལུས་གཡས་སུ་གཅུད་དེ་ཐིག་ལེ་དཀར་ཆ་ཀུན་སྤྱི་བོར་ཧཾ་ལ་ཐིམ། གཡོན་དུ་གཅུད་དམར་ཆ་ཀུན་ལྟེ་བའི་ཧོཿལ་ཐིམ། དེ་ནས་ཐིག་ལེ་དཀར་དམར་འདྲེས་པར་བསམ་ལ་རླུང་གི་དུག་འདོན་ཧག་སྤུག་ཡང་དག་པར་བྱས་རྗེས་དམིགས་མེད་དང༌། རླུང་ཞབས་པར་རླུང་དུ་འཛིན་པ་རྣམས་བླ་མའི་མན་ངག་བར་མ་ཆད་པ་ཡིན་ལ། ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་ཡང་ཤིན་ཏུ་གལ་ཆེ་བར་རྗེ་བཙུན་མི་ལས་མཉམ་མེད་སྒམ་པོ་བར་ངེད་ཀྱི་ཨ་ཐུང་འདི་བསྒོམ་དང་ད་བཟོད་ངོ་བོ་མཐོང་གསུང་བས་ཀྱང་ངེས་པར་མཚོན། ལྷག་ཏུ་ལྷ་སྐུ་གཏུམ་མོ་འབར་འཛག་ཀུན་སྟོང་གཟུགས་དང་བསྲེ་བ་ནི་དང་པོའི་སངས་རྒྱས་ཀྱི་རྫོགས་རིམ་ཁྱད་ཆོས་ཕུལ་དུ་བྱུང་བའོ། །དེ་ནས་ཐུན་མཚམས་ལ་


LT24_Page_163A
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པར་འདོར་ཚེ། དགེ་བ་འདི་ཡིས་མྱུར་དུ་བདག །དུས་ཀྱི་འཁོར་ལོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྙོན་མེད་དུས་ཀྱི་འཁོར་ལོ་སྟོན། །བླ་མ་ལ་གུས་སྙིང་བརྩེ་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཛིན། །ཟབ་མོའི་ཆོས་ནི་ཀློག་པ་དང༌། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཅེས་སོགས་སྨོན་ལམ་ཅི་རིགས་པ་བྱ་ལ་དེ་ལྟར་རྫོགས་རིམ་བསྒོམས་པའི་མཐའ་འམ་མི་བསྒོམ་ཡང་རུང༌། ཐུན་ལས་ལྡང་བར་འདོད་ཚེ་དགེ་བ་རྫོགས་བྱང་དུ་བསྔོ་བ་དང་སྨོན་ལམ་གྱི་རྒྱས་བཏབ་པ་ཡང་ངེས་པར་མ་ཆད་པར་གཅེས་སོ། །དེ་ལྟར་བླ་མེད་རྡོ་རྗེ་ཐེག་པ་མཐའ་དག་གི་ཉིང་ཁུ་ལམ་ཟབ་ཁྱད་པར་ཅན་འདི་རྩ་བའི་ཁུང་འཕགས་ཡུལ་གྱི་གྲུབ་པའི་སློབ་དཔོན་རྡོ་རྗེ་གདན་པ་འཇིག་རྟེན་འབྱུང་གནས་སྦས་བའི་མན་ངག་དཔལ་རྒྭ་ལོ་དང༌། རྒྱལ་བ་ཞང༌། ཡང་དགོན་པ་རྣམས་ཀྱི་ཐུགས་དམ་ཡང་སྙིང་ཞང་གི་བཀའ་འབུམ་དང༌། ཡང་དགོན་པའི་རི་ཆོས་སུ་ཆེ་ཐང་དུ་མ་མཛད་པ་ཉིད་གཞིར་བཞག །དེ་ཡང་ཞང་གི་རྩ་བའི་བླ་མ་འཁོར་ལོས་བསྒྱུར་བའི་ཆོས་ཅན་དང༌། རྡོ་རྗེ་འཆང་དུ་བྱས་པ་གདམས་སོ་ཅན། རི་ཆོས་སུ་བདེ་མཆོག་ཏུ་བྱས་པ་ཡོད་ཀྱང་འདིར་དུས་འཁོར་དུ་བྱས་པ་དང༌། དུས་འཁོར་ལྷན་སྐྱེས་རོལ་པའི་རྡོ་རྗེའི་གཞུང་རྗེ་བཙུན་སྒྲོལ་མགོན་གྱི་ཁྲིད་རིམ་དུ་དྲངས་པའི་དོན་བཞིན་ལ་རྒྱུད་ཀྱི་ཤེས་པས་བླ་མའི་མན་ངག་རྒྱུད་དོན་མ་འཁྲུལ་བས་ཁ་ཅུང་ཟད་བསྐངས་ཏེ་བྱས་པས་ནོར་འཁྲུལ་མེད་ལ་


LT24_Page_163B
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ལུང་རྒྱུན་མ་ཆད་པས་བྱིན་རླབས་མ་ཉམས་པ་དང༌། སྦྱོར་དྲུག་གདན་ཐོག་གཅིག་པའི་མྱོང་ཁྲིད་ཀྱི་སྲོལ་ཀ་མ་ཉམས་པ་བྱུང་བའོ། །དེ་ལྟར་རྒྱལ་བའི་དབང་ཕྱུག་གི། བཀའ་གསང་རྒྱུད་སྡེ་ཀུན་མཐར་ཐུག །ཐུགས་ཀྱི་ཕྲིན་ལས་ཕུལ་བྱུང་ཆོས། །ལམ་ཟབ་ཤིང་རྟའི་སྲོལ་འདི་རྨད། །ཚུལ་འདིར་བདག་གིས་འབད་བགྱིས་དགེ་མཆིས་ཀུན། །འགྲོ་མགོན་བླ་མ་དགྱེས་མཛད་མཁའ་མཉམ་འགྲོར། །ཡོངས་བསྔོ་རེ་མཐུ་ཚེ་དབང་རྒྱལ་བ་ཡིས། །གོ་འཕང་ཡིད་བཞིན་ནོར་བུའི་གནས་ཐོབ་ཤོག །ཅེས་བླ་མེད་སྔགས་ཆོས་ཀྱི་སྙིང་པོའི་བཅུད་ལེན་ལམ་ཟབ་བདུད་རྩིའི་ཐིག་ལེ་ཞེས་བྱ་བ་འདི་ནི་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་ལྡན་འབྲུག་པ་ཞེས་སྙན་པའི་བ་དན་སྲིད་རྩེར་འཕྱོ་བ་གང་གི་སྤྱི་ཕུད་ཡོངས་ཀྱི་འདྲེན་པ་འཇིག་རྟེན་དབང་ཕྱུག་གི་སྒྱུ་འཕྲུལ་འགོག་པ་མེད་པའི་རང་གདངས་རྗེ་འགྲོ་མགོན་རིན་པོ་ཆེ་སྤྲུལ་པའི་སྐུ་མཆོག་ཀུན་མཁྱེན་རྒྱལ་དབང་བཀའ་བརྒྱུད་ཕྲིན་ལས་ཤིང་རྟའི་ཞལ་སྔ་ནས་གོང་གི་བཀའ་སྩལ་དགྱེས་པ་བསྒྲུབ་པའི་སླད་དུ་རང་གི་ཉམས་ལེན་སྙིང་པོ་དང་མཐུན་པར་རབ་བྱུང་བཅུ་གཉིས་པའི་བགྲང་བྱ་རྔ་ཆེན་གྱི་ལོ་ས་ག་ཟླ་བའི་དམར་ཕྱོགས་ཀྱི་ཚེས་བཅུ་མཁའ་འགྲོ་འདུ་བའི་དུས་བཟང་པོར་ཀོང་ཡུལ་ཟང་ཁ་ལྕུགས་རི་འོད་གསལ་ལྡིང་དུ་རྣལ་འབྱོར་པ་ཚེ་དབང་ནོར་བུ་རྡོ་རྗེ་དཔལ་འབར་གྱིས་སྦྱར་བ་སརྦ་མངྒ་ལཾ།། །།


previousགདམས་ངག་མཛོད་པོད་བཅོ་ལྔ་པ། བླ་མེད་སྔགས་ཆོས་ཀྱི་སྙིང་པོའི་བཅུད་ལེན་ལམ་ཟབ་བདུད་རྩིའི་ཐིག་ལེ།next