Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅོ་ལྔ་པ།  ལྕེ་རྩེ་རྐན་སྦྱར་གྱི་འཁྲུལ་འཁོར་འགྲེལ་པ།
   
   
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་བཅོ་ལྔ་པ། ལྕེ་རྩེ་རྐན་སྦྱར་གྱི་འཁྲུལ་འཁོར་འགྲེལ་པ།next

གདམས་ངག་མཛོད་པོད་བཅོ་ལྔ་པ།
ལྕེ་རྩེ་རྐན་སྦྱར་གྱི་འཁྲུལ་འཁོར་འགྲེལ་པ།


LT24_Page_217A
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེ་རྩེ་རྐན་སྦྱར་གྱི་འཁྲུལ་འཁོར་འགྲེལ་པ་བཞུགས་སོ། །


LT24_Page_217B
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེ་རྩེ་རྐན་སྦྱར་རྣལ་འབྱོར་གྱིས། །རྩ་མདུད་བཤིག་པའི་འཁྲུལ་འཁོར་ལ། །ལྟེ་བར་མེ་དང་སྙིང་གར་མིག །གསང་བར་ལག་སྟེ་མགྲིན་པར་ཆུ། །ལག་པར་རྩེ་མོ་ཅན་ཡིན་ལ། །རྐང་བར་བཟུང་སྟེ་བུམ་ཅན་རླུང༌། །སྦྱར་ཞིང་གནད་དུ་འཐེམས་པ་གཅེས། །ལྟེ་བའི་དང་པོ་སེམས་སྐྱིལ་སོར་མོ་བསྣོལ་བས་པུས་མགོ་གཡོན་ལ་འཇུས་ཏེ། །ལྟེ་བ་གཡས་གཡོན་དུ་བསྐོར་བ་གསུམ་གསུམ་མོ། །གཉིས་པ་ནི། །ལུས་གནད་པུས་མོ་གཡས་སུ་ཟློག་པའོ། །གསུམ་པ་ནི། །ལག་པ་པུས་མོ་སོ་སོར་འཇུས་ཏེ་བསྐོར་བའོ། །སྙིང་གའི་དང་པོ། །ལག་གཉིས་སོར་མོ་བསྣོལ་བ་ཤེད་བཅས་པུས་མོ་གཡས་ལ་འཇུས་ཏེ། །སྙིང་གའི་གནས་གཡས་གཡོན་དུ་བསྐོར་བ་གསུམ་གསུམ་མོ། །གཉིས་པ་ནི་གཡོན་ངོས་སུའོ། །གསང་བའི་དང་པོ་ནི། །ལག་པ་པུས་མོ་སོ་སོར་འཇུས་ཏེ། །གཡོན་པའི་པུས་མོ་གཡས་ཀྱི་ནུ་མ་ནས་དྲངས་ཏེ། །རང་གནས་སུ་རྡེབ་པ་གསུམ། །གཉིས་པ་ནི་དེ་བཞིན་གཡས་སུའོ། །མགྲིན་པའི་དང་པོ། །ཁུ་ཚུར་སྙིང་གར་བསྣོལ་བས་མགྲིན་པ་གཡས་བསྐོར་གསུམ། །གཉིས་པ་གཡོན་དུ། །


LT24_Page_218A
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་གཡས་རྡེབ་གསུམ་གཡོན་དུ་གསུམ། །བཞི་པ། །མགོ་པོ་སྤྲུག་ཏེ་སི་ལི་ལི་བྱའོ། །ལག་པའི་དང་པོ། །ལག་གཉིས་པུས་བཀབ། །སོག་པ་གཉིས་ཕྱི་སྐོར་གསུམ་དང་ནང་སྐོར་རོ། །གཉིས་པ་ནི། །ལག་གཡོན་གྱི་ཁུ་ཚུར་སྟན་ལ་བཙུགས། །གཡས་མགོ་བོར་བསྐོར་ཏེ་སྤྲུག་པ་གསུམ། །དེ་བཞིན་གཡོན་དུའོ། །གསུམ་པ་ནི། །གཉིས་ཀའི་འཁྲིག་མ་བསྣོལ་བས་སྔ་མ་བཞིན་དུ་སོ་སོར་སྤྲུག་པ་གསུམ། །མཐར་ནུ་གསང་ལ་བརྡེག་ཅིང་ཧ་འདོན་ན། །རྐང་པའི་དང་པོ། །ལག་པ་གཡས་པས་རྐང་པ་གཡས་པའི་ལོ་མ་དང༌། །ལག་གཡོན་པས་པུས་མོ་བཟུང་ལ་གཡས་གཡོན་དུ་སྐོར་བ་གསུམ། །དེ་བཞིན་དུ་གཡོན་དུའོ། །གཉིས་པ་ལག་པ་གཉིས་ཁུ་ཚུར་བཅངས་པ་རྒྱབ་ཏུ་སྟན་ལ་བཙུགས། །རྐང་པ་གཡོན་པའི་རྟིང་པ་ས་ལ་བཙུགས་པར་ལྗིད་བཀལ། །རྐང་གཡས་མདུན་ཏུ་དྲག་པོར་སྤྲུག །དེ་བཞིན་གཡོན་ལའོ། །མཐར་ལུས་ཐམས་ཅད་འཕུར་བསུབ་ཀྱིས་དྲག་ཏུ་མཉེ་བར་བྱའོ། །རྡོ་རྗེ་མཉམ་སྦྱོར་མཁའ་ལྡིང་དང༌། །ཁུ་ཚུར་གཙུག་ཏོར་ཕྱག་རྒྱ་ལས། །དང་པོ་ཞི་བ་མཐའ་


LT24_Page_218B
[མ་དཔེ་གཟིགས་ན་འདིར་གནོན།]

མ་གསུམ། །དྲག་པོའི་འདྲེན་དུ་བཤད་པ་ཡིན། །སེང་གེ་རྣམ་རོལ་གླིང་བཞི་བཀན། །གྱི་ལིང་འཕྲུལ་དང་མི་ཆེན་ལུགས། །བཞི་པོ་འགྲེམས་ཡིན་འཕར་ཞིང་རྡེབ། །རྩིགས་མ་འབྱིན་པའི་འཁྲུལ་འཁོར་རོ། །དང་པོ་ནི། ཤེས་རབ་མ་ཤིན་ཏུ་བརྐྱང་པའི་ལག་པ་གཉིས་ཀྱིས་ལྟག་པ་དང༌། །རང་གི་ལག་གཉིས་རྡོ་རྗེ་ཁུ་ཚུར་མཉམ་པར་སྦྱར་བས་དེའི་དཔུང་པ་གཉིས་ཀྱི་འོག་ཏུ་འཁྱུད་ནས། རླུང་ཨོཾ་གྱི་སྒྲ་དྲག་ལ་ཆེ་བས་སམ། །ལུས་གཡས་གཅུད་གཡོན་གཅུད་རེ་རེས་ལྟེ་བ། །སྙིང་ག །མགྲིན་པ། །སྤྱི་བོ་རྣམས་སུ་ལུགས་ལྡོག་གི་རིམ་པས་ཡར་འདྲེན། །དེ་ནི་ཞི་བའོ། །དང་པོ་གསུམ་གྱི་དང་པོ་རྡོ་རྗེ་མཁའ་ལྡིང་གི་ཕྱག་རྒྱ་ནི། །ཐབས་ཤེས་ཕྲལ་ལ་སྟན་གྱི་ཁར་རྐང་བའི་བྲང་བ་གཙུགས་རྟིང་པ་བཏེག་པའི་ཁར་ལག་པ་གཉིས་རྡོ་རྗེ་མཁའ་ལྡིང་གི་ཕྱག་རྒྱ་ལྟེ་བ་ནས་རིམ་པས་དྲངས་ཏེ་སྐྲ་མཚམས་སུ་བཅས། །ལུས་གཡས་གཡོན་དུ་གཅུད་པས་འདྲེན་པའོ། །གཉིས་པ་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ནི། །རྐང་པའི་རྟིང་པ་གཉིས་སྐྲད་ནས་རོ་རྐྱང་གཡས་གཡོན་དུ་བསྟེན་པ་དྲང་པོར་བྱས་པའི་སྤྲད་མཚམས་སྲིན་ཞལ་ལ་སྦྱར། །པུས་མོ་གཉིས་སོ་སོར་བརྐྱངས་པའི་པུས་མགོ་སྟ་ཟུར་དྲང་པོར་འོང་བར་བྱས། །སྒལ་ཚིགས་བསྲངས། །ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བར་མཛེས་སུ་བཙུགས་ཏེ་པུས་མོ་བསྲང་པས་ལུས་གཅུན། །ལྕེ་རྩེ་རྐན་སྦྱར། །མིག་སྟེང་དུ་དྲག་ཏུ་བཟློག་པ་དང་བཅས་པས་འོག་རླུང་དྲག་ཏུ་འཐེན་ནས་རླུང་དང་ལྷན་ཅིག་བྱང་ཆུབ་ཀྱི་སེམས་དྷཱུ་ཏཱིའི་ལམ་ལས་རང་གནས་སུ་གཤེགས་པར་དམིགས་པ་དང་བཅས་པས་ཁ་སྣས་རླུང་ཤྭ་སྒྲ་དང་བཅས་པར་བཏང་བའོ། །གསུམ་པ་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་ནི། །དམིགས་པ་དང་ལུས་གནད་ཕལ་ཆེ་བ་སྔར་བཞིན་ལས། །ལག་གཉིས་རྡོ་རྗེ་ཁུ་ཚུར་བཅས་པའི་མཐེའུ་ཆུང་ལུ་གུ་རྒྱུད་དུ་སྦྲེལ། །མཛུབ་མོ་གཉིས་བསྒྲེངས་ཏེ་རྩེ་སྦྱར་བ་རྡོ་རྗེ་གཙུག་ཏོར་


LT24_Page_219A
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཕྱག་རྒྱ་བཅས་ནས། །འོག་རླུང་དྲག་པོ་འཐེན་བཞིན་པས་ངག་ཏུ་ཧཱུྃ་རིང་པོ་སྒྲ་དང་བཅས་པ་ཁོང་ནས་འདྲོངས་པར་འདོན་ཞིང༌། །ཕྱག་རྒྱ་དེ་ཆུན་དང་བཅས་པར་གྱེན་དུ་བཏེག་ནས་གཙུག་ཏོར་ནས་བཟློག་པའོ། །སེང་གེ་རྣམ་རོལ་ནི་སྤྱི་དང་མཐུན་ཞིང༌། །གླིང་བཞི་བཀན་པ་ནི། །ཅུང་ཟད་གན་རྐྱལ་དུ་བྱས་པའི་རྐང་པ་བརྐྱང་པའི་ལོ་མ་ལག་པས་བཟུང༌། །ལག་པས་ཡར་འཐེན་ཞིང་ཕྱི་རྟིང་གིས་ཕར་འཕུལ་བའི་ཚེ་ཡིད་ཙམ་གྱིས་གཡས་གཡོན་གཅུད་པར་ཡང་བྱའོ། །གྱི་ལིང་གི་སྤྲུག་ནི། །ལུས་གནད་སེམས་དཔའི་ལག་པ་པུས་བཀབ་རླུང་མི་ཐུབ་ཚད་དུ་བསྡམས་ནས་ལུས་གཡས་སུ་ཅུང་ཟད་ཕྱོགས་པའི་ཆུན་བཏོན་ཏེ་ས་ལ་ལ་སྤྲུག །དེ་བཞིན་གཡོན་དུ་འོང་ངོ༌། །མི་ཆེན་ལུགས་སྤྱི་དང་འདྲ་འོ། །འཕར་ཞིང་རྡེབ་པ་ནི་ལུས་གནད་སྐྱིལ་ཀྲུང་པུས་བཀབ་ལས་གཡས་གཡོན་དུ་ཆུན་བཙལ། །འཕར་བ་དང་བསྟུན། །ཞག་ཤ་རྡེབ་ཅིང༌། །མར་འཕོངས་རྡེབ་པ་དང་པུས་མོ་ཆ་མཉམ་དུ་བྱའོ།། །།མངྒ་ལཾ། །


previousགདམས་ངག་མཛོད་པོད་བཅོ་ལྔ་པ། ལྕེ་རྩེ་རྐན་སྦྱར་གྱི་འཁྲུལ་འཁོར་འགྲེལ་པ།next