Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅོ་ལྔ་པ།  གྲུབ་ཆེན་ཨོ་རྒྱན་པའི་གདམས་ངག་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་གཞུང་།
   
   
   
   
   


 
previousགདམས་ངག་མཛོད་པོད་བཅོ་ལྔ་པ། གྲུབ་ཆེན་ཨོ་རྒྱན་པའི་གདམས་ངག་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་གཞུང་།next

གདམས་ངག་མཛོད་པོད་བཅོ་ལྔ་པ།
གྲུབ་ཆེན་ཨོ་རྒྱན་པའི་གདམས་ངག་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་གཞུང་།


LT24_Page_250A
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་ཨོ་རྒྱན་པའི་གདམས་ངག་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་གཞུང་བཞུགས་སོ། །


LT24_Page_250B
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཾ། གྲུབ་ཆེན་ཨོ་རྒྱན་པ་རཏྣ་ཤྲཱི་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་ཕེབས་པའི་ཚེ་སྤྲུལ་ཞིང་དྷཱུ་མ་སྠཱ་ལའི་གནས་ཀ་སོ་ཀའི་གྲོང་ཁྱེར་གྱི་དབུས་སུ་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མས་མངོན་སུམ་དུ་རྗེས་སུ་བཟུང་ཞིང་དཔལ་དུས་ཀྱི་འཁོར་ལོ་དང༌། བདེ་མཆོག་འཁོར་ལོའི་ངེས་གསང་མཐར་ཐུག་པ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་འདི་ཉིད་གནང་བས་ཕྱི་ནང་གི་ཆོས་ཐམས་ཅད་མངོན་དུ་གྱུར་ཏེ་དངོས་གྲུབ་མཆོག་བརྙེས་པ་ཡིན་ལ། གྲོང་ཁྱེར་གྱི་ཕྱོགས་བཞིར་བཞུགས་པའི་ཇོ་ཀི་མ་ཆེན་མོ་བཞི་མཁའ་འགྲོ་རིགས་བཞིའི་ངོ་བོར་སྣང་བས་ཀྱང་ཐབས་ལམ་གྱི་གདམས་པ་ཟབ་མོ་གནང་བ་ཡིན་ནོ། །དེ་ལ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་གཞུང་འདི་ལ། ༈ ཐོག་མར་ལུས་རྩ་དག་པར་བྱེད་པ་སྐུ་རྡོ་རྗེ་སོར་སྡུད་དང་བསམ་གཏན་གྱི་ཡན་ལག་བསྙེན་པའི་རྣལ་འབྱོར་ལ། སོ་སོར་སྡུད་པ་སྐྱིལ་ཀྲུང་གསུམ་གྱིས་སྟེང་འོག་བར་གྱི་རླུང་བཅིང་བ་ལ། སྟེང་གི་སྐྱིལ་ཀྲུང༌། སྟོང་ཕྲག་བདུན་ཅུ་རྩ་གཉིས་རྩ་ཡི་བཅུད། །ནམ་མཁའི་མཐོངས་སུ་གཟའ་རྣམས་བརྟན་པར་བཅིངས། །འོག་གི་སྐྱིལ་ཀྲུང༌། རྒྱ་མཚོའི་གཏིང་དུ་རྩ་གསུམ་ཡན་ལག་བསམ། ཞར་བྱུང་བར་གྱི་སྐྱིལ་ཀྲུང་དང༌། དེ་ལྟར་བཅིངས་པའི་དགོས་པ་གསུངས་པས། ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་གི་ཚོགས། །སྟེར་འོག་རྩ་ཡིས་བཅིངས་


LT24_Page_251A
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཟིན་པར་འགྱུར། །ས་ཆུ་མེ་རླུང་ནམ་མཁའི་བདག་ཉིད་ཅན། །འབྱུང་བའི་རླུང་རྣམས་ནང་དུ་འགག་པར་བྱེད། ༈ དེའི་རྟགས་དང་བསམ་གཏན་གྱི་ཡན་ལག་འཆར་ཚུལ་གསུངས་པ། བདེ་གསལ་མི་རྟོག་ཏིང་འཛིན་ལས་སུ་རུང༌། །འབྱུང་བའི་རླུང་རྣམས་ནང་དུ་ཟིན་པ་ཡིས། །རྟགས་དང་ཡོན་ཏན་རྣམས་ནི་རིམ་གྱིས་འཆར། ༈ གཉིས་པ་ངག་རླུང་དག་པར་བྱེད་པ་གསུང་རྡོ་རྗེ་ཉེ་བསྙེན་སྲོག་འཛིན་གྱི་ཡན་ལག་ལ། འོག་ཐུར་སེལ་གྱི་རླུང་གིས་འབྱུང་བ་རིམ་བརྩེགས་བསྒོམ་པར་གསུངས་པ། ནམ་མཁའ་རླུང་མེ་ཆུ་དང་ས་རྣམས་ཀྱི། །ཐུར་དུ་བསྡམས་པས་དཀྱིལ་འཁོར་གསལ་བར་བལྟ། །སྟེང་སྲོག་རྩོལ་གྱི་རླུང་གི་ས་བོན་གྱི་ཡིག་འབྲུ་བསྐྱེད་པར་གསུངས་པས། ས་ཆུ་མེ་རླུང་ནམ་མཁའི་བདག་ཉིད་ཀྱི། །ཡིག་འབྲུའི་རྒྱུ་བ་ཨཱ་ལི་ཀཱ་ལིའི་རླུང༌། །ཡི་གེ་གསུམ་གྱི་སྟེང་དུ་བསྡམས་པ་ལས། །སྲོག་ཐུར་གང་ཟིན་ཀྱང་ལམ་དུ་འགྲོ་བ། སྟེང་འགགས་པ་ལས་འོག་ཏུ་ཟིན་འགྱུར་ཏེ། །ཐུར་དུ་ཟིན་པས་སྟེང་ཡང་དེ་བཞིན་ནོ། །དེ་དག་བརྟན་པ་དང༌། བར་རླུང་ལ་བརྟེན་ནས་ཕྱག་མཚན་བསྐྱེད་པ། རྡོ་རྗེ་རལ་གྲི་རིན་ཆེན་པདྨ་དང༌། །འཁོར་ལོ་རྣམས་ནི་རིམ་བཞིན་གསལ་


LT24_Page_251B
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད། །བུམ་ཅན་གྱི་སྦྱོར་བ་གསུངས་པ། སྟེང་འོག་བར་དུ་བསྡམས་པས་ཐོབ་བར་འགྱུར། ༈ ཁ་སྦྱོར་ལ་བརྟེན་ལྷ་སྐུ་གསལ་གདབ་པ་འཛིན་པའི་རྣལ་འབྱོར་གསུངས་པ། སྣོད་བཅུད་ཐ་མལ་འཛིན་པ་རབ་སྤངས་ཏེ། །གང་ན་ཡིག་འབྲུ་ཕྱག་མཚན་གསལ་བ་ལས། །རིགས་ལས་སྐྱེས་པ་དེ་བཞིན་གཤེགས་པའི་སྐུ། །གདན་དང་ལོང་བུ་སྐེ་རགས་ཚངས་སྐུད་དང༌། །ཕྱག་མཚན་ཞལ་དང་སྤྱན་དང་སྐྲ་མཚམས་དང༌། །རྒྱན་དང་ཆ་ལུགས་མ་ལུས་རབ་རྫོགས་པ། །གཙུག་ཏོར་བར་དུ་རིམ་པ་བཞིན་དུ་བལྟ། །གཙུག་ཏོར་ནས་བཟུང་གདན་ལའང་དེ་བཞིན་ནོ། །སྲོག་རྩོལ་གྱི་ཡན་ལག་རྡོ་རྗེའི་བཟླས་པར་འགྱུར་བ། འབྱུང་འཇུག་གནས་གསུམ་རྩ་བའི་རླུང་རྣམས་ཀྱང༌། །དེ་དུས་སྐུ་གསུང་ཐུགས་ཀྱི་བཟླས་པར་འགྱུར། །ཞར་ལ་ཕྲིན་ལས་འགྲུབ་བའི་རྣལ་འབྱོར་གསུངས་པ། རང་རང་རིགས་ཀྱིས་འབྱུང་བའི་ཁ་དོག་བཞིས། །ཞི་རྒྱས་དབང་དང་མངོན་སྤྱོད་རིམ་པ་བཞིན། ༈ །ཡིད་ཐིག་ལེ་དག་པར་བྱེད་པ་ཐུགས་རྡོ་རྗེའི་ཕྱེད་སྔ་མ་སྒྲུབ་པ་རྗེས་དྲན་གྱི་ཡན་ལག་གསུངས་པ། འབྱུང་བའི་རླུང་རྣམས་རང་རང་འཛིན་སྟངས་ཀྱིས། །བསྐྱོད་པར་གྱུར་ཚེ་རླུང་གིས་མེ་སྤར་ནས། །དྭངས་མ་བཞུ་བས་མི་ཟད་ཉོན་མོངས་འབར། རོ་དྲུག་ཟོས་ཤིང་འཐུང་བས་ལུས་ཟུང་བདུན་དུ་འགྱུར་ཚུལ་གསུངས་པ། རྩིགས་མ་བད་ཀན་ཆུ་སེར་ཁྲག་དང་ནི། །ཤ་དང་རྒྱུས་པ་རུས་པའི་བཅུད་རྣམས་ལས། །རང་རང་གནས་སུ་ནད་དང་ལུས་ཟུངས་བསྐྱེད། །ལུས་ཀྱི་དྭངས་མ་ཕྱི་རོལ་དུ་འཕོས་པའི་སྐྱོན་གསུངས་པ། ལུས་ཟུངས་ཟླ་བའི་ཆ་ཡིས་འཕོ་བ་ལས། །ཡན་ལག་བཅུ་གཉིས་སྲིད་པའི་ལུགས་བཞིན་འཁོར། །ལུས་ཟུངས་ཀྱི་དྭངས་མ་འཕེལ་བའི་དགོས་པ་གསུངས་པ། སྒྲ་གཅན་གྱིས་ནི་རབ་ཏུ་ཟོས་པ་ལས། །མེ་ཕུང་རབ་ཏུ་འབར་བས་སྲེག་པར་བྱེད། །རྩིགས་མ་ཕྱུང་བ་དང་དྭངས་མ་རྒྱས་པའི་ཐབས་གསུངས་པ། རྩིགས་མ་ཐུར་དུ་སོང་བས་ནད་མེད་ཅིང༌། །དྭངས་མ་ལུས་ལ་རྒྱས་པས་བདེ་


LT24_Page_252A
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྟོབས། ༈ ཐུགས་རྡོ་རྗེའི་ཕྱེད་ཕྱི་མ་སྒྲུབ་པ་ཆེན་པོའི་ཏིང་ངེ་འཛིན་གྱི་ཡན་ལག་གསུངས་པ། རིགས་དྲུག་ས་བོན་བསྲེགས་པར་གྱུར་པ་ལས། །འཛག་པའི་བདེ་བ་རིམ་གྱིས་སྐྱེ་བའི་ཕྱིར། །སྟེང་འོག་བར་གསུམ་རབ་ཏུ་བསྡམ་པར་བྱ། །ཏིང་ངེ་འཛིན་གྱི་ལས་གསུངས་པ། རླུང་གིས་མེ་སྦར་ས་སྲེག་ཆུ་བཞུ་སྟེ། །ནམ་མཁའ་སྟོང་པའི་དོན་ལ་འཇུག་པར་འགྱུར། །དེས་མ་གྲུབ་ན་སྦོགས་པའི་ཆོ་ག་ནཱ་ད་གོམས་པ་ཡེ་ཤེས་ཀྱི་ཕྱག་རྒྱ། རྡོ་རྗེ་བསླང་ཞིང་གསོར་བའི་བདེ་བ་ཡིས། །ཐོག་མ་བར་དང་མཐའ་ཡི་བདེ་བ་འཆར། །དགུག་གཞུག་བཅིང་ཞིང་རོ་མཉམ་བརྟན་པར་བྱ། །རིམ་པ་དེས་ནི་ངེས་པར་འགྲུབ་པར་འགྱུར། སྒྲུབ་པ་ཆེན་པོའི་རྟེན་གྱི་མཚན་ཉིད། ཐབས་ཀྱི་མེ་གསུམ་རབ་ཏུ་འབར་བ་དང༌། །ཤེས་རབ་ལ་ཡང་མེ་གསུམ་དེ་བཞིན་ཏེ། །ཤེས་རབ་ཐབས་ཀྱི་རིགས་དང་རིགས་ཅན་གྱི་འབྲེལ་བ་གསུངས་པ། ས་དང་ཆུ་དང་མེ་དང་རླུང་རྣམས་ཏེ། །ནམ་མཁའ་ལས་སྐྱེས་དེ་བཞིན་གཤེགས་པའི་ཡུམ། །ཐབས་དང་རྒྱལ་བ་རྣམས་ཀྱིས་རབ་ཕྱེ་བ། །རང་རང་རིགས་དང་ལུས་དང་བསམ་པ་ལ། །རིགས་གཞན་རྣམས་དང་འདྲེས་པ་གང་ལ་ཡང༌། །དེ་དང་དེ་ཡི་ཡབ་ཡུམ་རིགས་ཀྱིས་འགྲུབ། །ཡང་ན་ཐབས་ཀྱང་ཟླ་བ་ཉི་མའི་རིགས། །ཤེས་རབ་ཀྱང་ནི་ཉི་མ་ཟླ་བའོ། །ཁམས་དྭངས་མ་དག་སྒྲ་གཅན་གྱིས་ཟ་བའི་ཚུལ་གསུངས་པ། འཁོར་ལོ་དྲུག་དང་ནོར་བུའི་རྩེ་མོ་ལ། །ཟླ་བའི་ཆ་རྣམས་ཀྱིས་ནི་འཕོ་བ་དག །སྒྲ་གཅན་གྱིས་ནི་རབ་ཏུ་ཟོས་པ་ལས། །དེ་ཡི་རྗེས་སུ་ཉི་མའི་ཆ་རྣམས་དང༌། །རིམ་པ་བཞིན་དུ་དེ་ནི་ཟ་བར་འགྱུར། །ཞར་ལ་ཁམས་ལྷག་མ་གཞན་ཟ་བར་གསུངས་པ། ཉི་ཟླ་ཟོས་པའི་རྗེས་ལ་དྲི་ཆེན་དང༌། །དྲི་ཆུ་ཤ་ཆེན་དབུས་ཀྱི་བཅུད་ཀྱང་ཟ། །རྩིགས་མ་བད་ཀན་དབུས་ཀྱི་ཁྲག་ཟོས་ནས། །ཤ་དང་རུས་པ་རྩ་རྣམས་མ་ལུས་ཟ། །འདི་ཡན་གྱིས་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་དངོས་གཞི་བསྟན་ཟིན་པ་ཡིན་ལ། དེའང་དཀྱུས་ཀྱི་ས་


LT24_Page_252B
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་ནི་བསྙེན་སྒྲུབ་ཡན་ལག་བཞིར་དབྱེ་བའི་དབང་དུ་བྱས་ཏེ་མཆན་རྙིང་པར་ཇི་ལྟར་སྣང་བ་བཞིན་བྲིས་པ་སྟེ། གཞན་དུ་སྐུ་རྡོ་རྗེ་བསྙེན་པའི་རྣལ་འབྱོར་ལུས་གནད་ཀྱི་བྱེད་པ་བཅིངས་པ་སོར་སྡུད་དག །དེའི་འབྲས་བུ་བསམ་གཏན། གསུང་རྡོ་རྗེ་སྒྲུབ་པའི་རྣལ་འབྱོར་སྟེང་འོག་གི་རླུང་ལམ་དུ་བྱེད་པ་སྲོག་རྩོལ་དང༌། ཁ་སྦྱོར་ལ་བརྟེན་ནས་ལྷ་སྐུ་གསལ་གདབ་པ་འཛིན་པ། ཐུགས་རྡོ་རྗེ་སྒྲུབ་པ་ཆེན་པོའི་རྣལ་འབྱོར་གཏུམ་མོའི་མེས་བདེ་བ་བསྒྲུབ་པ་རྗེས་དྲན་དང༌། འཛག་མེད་དུ་འཆིང་བ་ཏིང་ངེ་འཛིན་གྱི་ཡན་ལག་སྟེ། ཏིང་འཛིན་གྱི་ཡན་ལག་མཐར་ཐུག་གི་འབྲས་བུར་རྣམ་པར་བཞག་པའི་དབང་དུ་བྱས་ན། གཏུམ་མོ་དང༌། ཐིག་ལེའི་རྣལ་འབྱོར་ཐམས་ཅད་རྗེས་དྲན་དུ་འདུག་གོ །དེ་ལྟར་བསྙེན་སྒྲུབ་གསུམ་དུ་རྣམ་པར་བཞག་པས་མཚོན་དབྱེ་བསྡུ་ཅི་རིགས་པ་དང༌། སོ་སོའི་ས་མཚམས་ལའང་ངོས་བཟུང་འདྲ་མིན་འགའ་ཞིག་འབྱུང་ནའང་དོན་དུ་འགལ་བ་མེད་པར་ཤེས་པར་བྱའོ། །དེ་ལྟ་བུའི་ལམ་ཉམས་སུ་ལེན་པ་ལ་ཉེ་བར་མཁོ་བའི་བོགས་འདོན་དང༌། གེགས་སེལ། ལས་དེས་གྲུབ་པའི་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་རྣམས་རིམ་བཞིན་དུ་སྟོན་པར་བཞེད་ནས། ཐོག་མར། ༈ བོགས་དབྱུང་བའི་ངེས་པ་གསུངས་པ། ཕལ་པའི་ལུས་ལ་འབབས་པ་མ་ཡིན་ན། །དག་པའི་རྟེན་ལ་འབར་བའི་མེ་བསྒྲུབས་ཏེ། །དེ་ཡིས་ཕུང་པོ་ངེས་པར་བསྲེག་པར་བྱེད། །བདེ་ཆེན་གྱི་ལམ་གྱིས་མྱ་ངན་ལས་འདས་པའི་བག་ཆགས་འཛིན་པར་གསུངས་པ། ལྷན་ཅིག་སྐྱེས་པའི་སྒོམ་པ་དེ་ཉིད་ཀྱིས། །ངེས་པར་ཡུལ་གྱི་རྐྱེན་ལས་སྒོམ་པ་ལས། །རྨི་ལམ་ཤེས་པ་དེ་ཡི་རྗེས་སུ་འཇུག ༈ གེགས་སེལ་མདོར་བསྟན་པ། ལུས་ལ་གནས་པའི་རླུང་དང་ནད་གཞི་རྩིགས། །གྱེན་དུ་འཕང་ཞིང་འོག་ཏུ་བཅིངས་པ་དང༌། །ཐད་ཀར་བསྲང་ཞིང་རང་སར་གཞིལ་བར་བྱ། །ཡང་ན་དགང་ཞིང་ཟུག་རྔུའི་གནས་སུ་འཕང༌། །གེགས་སེལ་རྒྱས་པར་བཤད་པ་ལ། །རླུང་ལོག་པའི་གཉེན་པོ་བསམ་གཏན་གྱིས་བཅོས་པ། ས་དང་མེ་དང་ཆུ་དང་རླུང་རྣམས་ཀྱང༌། །དགྲ་དང་གྲོགས་སུ་རང་བཞིན་གནས་པ་ལས། །ཚ་གྲང་


LT24_Page_253A
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོའི་རིམ་པས་སྦྱར་བར་བྱ། །སྟེང་འོག་གིས་བཅིངས་པས་སྐྱོན་གཉིས་སེལ་བར་གསུངས་པ། སྟེང་གི་ཉེས་པ་འོག་ཏུ་བཅིངས་པས་སེལ། །འོག་གི་ལོགས་རྣམས་སྟེང་གི་དེ་བཞིན་ནོ། །གྱེན་དུ་འཕངས་པས་ནད་གདོན་པ། ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕཊ་ཀྱི་སྒྲ། སྟེང་དུ་བསྒྲགས་པས་རྩིགས་མ་འདོན་པ་དང༌། །དྭངས་མ་རང་གི་གནས་སུ་འཛིན་པར་བྱེད། །རླུང་མཐོ་བའི་སྐྱོན་ཐུར་དུ་བཅིངས་པས་སེལ་བ། ཡཾ་རཾ་བཾ་ལཾ་གྱི་ནི་ཡི་གེའི་སྒྲས། །དཀྱིལ་འཁོར་རབ་ཏུ་གཡོ་བས་བསྒྲག་ཅིང་གདབ། །རྩོལ་བ་དྲག་པོས་རྩ་གསུམ་འོག་ཏུ་བསྡམ། །འབྱེད་འཛུམ་དེས་ནི་རྩིགས་མ་ཐུར་དུ་འགྲོ། །གྲང་རླུང་གིས་བསྐྱེད་པའི་ནད་ཐད་ཀར་དབྱུང་བ། ཐད་ཀའི་གཟེར་ཟུག་དྲོད་དང་བྲལ་བ་རྣམས། །རང་རང་གནས་སམ་བསྐྱེད་པའི་རྩ་སྒོ་ནས། །ཟུག་རྔུ་དེ་ནི་ཐད་ཀར་དབྱུང་བར་བྱ། །ལམ་མཐར་མ་ཕྱིན་ན་བཙན་ཐབས་སུ་གོང་དུ་འཕོ་བ་གསུངས་པ། སྒོ་དགུའི་རྒྱུ་བ་ནང་དུ་བསྡུས་པ་ལས། །ཁྲོ་བོའི་གཟུགས་ཀྱིས་རང་གནས་བདེ་བར་བྱེད། །གྱད་ཀྱི་སྟོབས་ཀྱིས་སྒྲ་གཅན་ལས་སུ་རུང༌། །དེ་ཚེ་གང་ཞིང་གཅུད་ལ་རབ་ཏུ་འཕངས། །སྔོན་དུ་འཆི་ལྟས་མཐོང་ན་བསླུ་བའི་ཐབས་གསུངས་པ། གླིང་བཞི་དང་ནི་རི་རབ་གང་ལ་ཡང༌། །བདག་པོ་གསུམ་གསུམ་རླུང་སེམས་ལས་སུ་རུང༌། །འཆི་ལྟས་བརྟག་པ་གསུངས་པ། གླིང་བཞི་དང་ནི་རི་རབ་གང་ལ་ཡང༌། །ཉི་ཟླའི་རྒྱུ་བ་འགགས་པར་གྱུར་པའི་ཚེ། །དེ་ཡི་ཚེ་ན་འབྱུང་བ་འཁྲུགས་པར་གསུངས། །གྲང་བའི་ནད་དབྱུག་པ་དང་འཁྲུལ་འཁོར་གྱིས་སེལ་བ། གྲང་བའི་ཕྱོགས་ནི་སྟོབས་ཀྱི་སྦྱོར་བས་སེལ། །ཚ་བའི་ནད་ཏིང་ངེ་འཛིན་དང་རླུང་སྦྱོར་གྱིས་སེལ་བ། དྲོད་ལ་ངེས་པར་བསིལ་བའི་ཆུ་རྒྱུན་དབབ། །སྟེང་འོག་གི་རླུང་དྲག་ཏུ་འགགས་པ་སེལ་བ། རང་སའི་རྒྱུན་ལམ་རབ་ཏུ་འགགས་པ་ལ། །འཕང་ཞིང་བརྡུང་བའི་སྦྱོར་བས་སེལ་བར་འགྱུར། །ཟུག་རྔུ་གནས་སུ་འཕང་བ་རྒྱས་པར་བཤད་པ་གསུངས་པ། གང་དུ་གཅུད་པ་དེ་ནི་སྟོབས་ཀྱི་རླུང༌། །དགང་ཞིང་


LT24_Page_253B
[མ་དཔེ་གཟིགས་ན་འདིར་གནོན།]

གཅུད་ལ་དབྱུང་བས་རབ་ཏུ་སེལ། །དེ་ལྟར་གེགས་སེལ་གྱི་འབྲས་བུ་གསུངས་པ། ལུས་ཀྱི་ནད་འཇོམས་སྟོབས་དང་བདེ་བ་རྒྱས། ༈ བསྙེན་སྒྲུབ་གསུམ་བསྒོམ་པས་གནས་སྐབས་ཀྱི་འབྲས་བུ་གསུངས་པ། རྩ་སྦྱངས་པ་ལས་ལུས་ཀྱི་དྲི་མ་དག །རླུང་སྦྱངས་པ་ལས་ངག་གི་དྲི་མ་དག །འཛག་མེད་ཐོབ་པས་ཡིད་ཀྱི་བག་ཆགས་བཅོམ། །མཐར་ཐུག་སྒྲུབ་པ་ཆེན་པོ་བསྒོམ་པས་ངེས་དོན་གྱི་དམ་ཚིག་བཞིར་འགྱུར་བར་གསུངས་པ། འཁོར་ལོའི་མདུད་པ་དགའ་བཞིའི་འགྲོས་ཀྱིས་བཤིག །ངེས་དོན་གྱི་དམ་ཚིག་དགའ་བ་བཞིས་སྒྲིབ་པ་རྣམས་དང་བྲལ་བས་འཁོར་བའི་རྩ་བ་མ་རིག་པ་སྤོང་བའི་ཚུལ་གསུངས་པ། མ་རིག་སེམས་ནི་རྒྱལ་བ་ལོག་པས་དྭངས། །ཆགས་བྲལ་ཉམས་པས་ཞེ་སྡང་ཟད་པའི་སེམས། །ཆགས་པ་དག་པས་བདེ་བ་ཆེན་པོར་གྲོལ། །མ་རིག་པའི་ཡན་ལག་རྟེན་འབྲེལ་བཅུ་གཉིས་འགགས་པས་བདེན་དོན་ཡན་ལག་བཅུ་གཉིས་ཀྱི་འབྲས་བུ་ཐོབ་ཚུལ་གསུངས་པ། ནོར་བུ་ནས་ནི་གཙུག་ཏོར་འཁོར་ལོའི་བར། །བརྒྱ་ཕྲག་བཅོ་བརྒྱད་ལས་ཀྱི་རླུང་འགགས་པས། །རིམ་པ་བཞིན་དུ་ས་རེ་ཐོབ་པར་འགྱུར། །རྡོ་རྗེའི་གཞུང་འདི་ཉིད་ཟབ་ཅིང་རྒྱ་ཆེ་བར་བསྟན་པ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ཀྱི། སྙིང་གི་གནད་རྣམས་འདི་གཞུང་རྟོགས་པས་ཐོབ། །དགའ་བ་བཅུ་དྲུག་གནས་པ་ལས་དེ་ཉིད་རྣམ་པ་བཅུ་དྲུག་རིག་པའི་ཐམས་ཅད་མཁྱེན་པར་འགྱུར་བར་གསུངས་པ། ལུས་དང་ཕུང་པོའི་སྒྲིབ་པ་བཅོམ་པ་ལས། །སེམས་ལ་འཛིན་པའི་བག་ཆགས་མི་སྐྱེ་བས། །ནམ་མཁའ་སྤྲིན་དང་བྲལ་བའི་རྒྱུ་སྐར་བཞིན། །རིམ་པ་འདིས་ནི་ཐམས་ཅད་མཁྱེན་ཐོབ་འགྱུར། །ལམ་གྱི་འབྲས་བུ་བཅོམ་ལྡན་འདས་སུ་འགྱུར་ཚུལ་གསུངས་པ། འཛག་པ་ལས་ནི་དུག་གསུམ་སེམས་སྐྱེ་བས། །འདི་ཡི་རིམ་པས་འཛག་པ་ཟད་པ་ལས། །ཉོན་མོངས་སྒྲིབ་པའི་བདུད་ལས་རྒྱལ་གྱུར་པའི། །རིམ་པ་འདིས་ནི་དུག་གསུམ་འཇོམས་པར་བྱེད། །ལམ་དུས་སུ་ཕྱི་ནང་གསང་བའི་དམ་ཚིག་རྣམས་བརྟེན་པར་གསུངས་པ། བདུད་རྩི་ལྔ་ཡི་དྭངས་མས་རྩིགས་ཟོས་པས། །


LT24_Page_254A
[མ་དཔེ་གཟིགས་ན་འདིར་གནོན།]

རྩིགས་མེད་དངས་མའི་ལུས་སུ་གྱུར་པའི་ཚེ། །ཐོགས་བཅས་དངོས་པོའི་བདུད་དང་བྲལ་བའི་ཕྱིར། །འཇའ་ལུས་རྡོ་རྗེའི་སྐུ་རུ་འདི་ཡིས་འགྲུབ། །རྡོ་རྗེའི་གཞུང་འདི་ཉིད་ཡི་གེར་འབྲི་བའི་རྒྱུ་མཚན་གསུངས་པ། འདི་དོན་བྱིན་རླབས་སྟོབས་ཀྱིས་སྣང་བ་རྣམས། །རང་གི་རྟོག་དཔྱོད་བློ་ཡིས་མ་འདྲེས་པར། །རྟོག་དཔྱོད་བརྗེད་པས་འཇིགས་ནས་ཡི་གེར་བཀོད། །ནོངས་ཞིང་འཁྲུལ་པ་ཡོད་ན་བཟོད་པར་གསོལ། །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་གཞུང་རྫོགས་སོ། །འདིའི་ས་བཅད་རྣམས་ཡིག་རྙིང་ལས་བྱུང་བ་ཇི་ལྟ་བ་བཞིན་བྲིས་པ་ཡིན་ལ། དོན་མདོར་བསྡུས་པའང༌། སྐུ་གསུམ་ཐུགས་ཀྱི་བསྙེན་སྒྲུབ་གསུམ། བོགས་འབྱིན་གེགས་སེལ་འབྲས་བུའོ། །ཞེས་རྣམ་པ་དྲུག་ཏུ་ཤེས་པར་བྱའོ། །མངྒ་ལཾ། ༈ རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ཡན་ལག །རིགས་བཞི་མཁའ་འགྲོས་གནང་བའི་ཐབས་ལམ་གྱི་གཞུང་བཞུགས་སོ། །ན་མོ་གུ་རུ། རྗེ་གྲུབ་ཐོབ་ཆེན་པོས། ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་སུ་བྱོན་པའི་དུས་སུ། རིགས་བཞིའི་མཁའ་འགྲོ་མ་རྣམས་ཀྱིས་གདམས་པ་རེ་རེ་གནང་བ་ལས། རྡོ་རྗེ་མཁའ་འགྲོས་གསུངས་པ། རླུང་ཅན་རླུང་མེད་དག་གིས་ཉི་ཟླ་བཟུང༌། །གླིང་བཞི་གཅུད་ཅིང་ཉིད་ལག་བསྐུམ་དང་བགྲད། །རྒྱ་མཚོ་བསྐོལ་དང་སྲིན་པོ་འོག་ཏུ་མནན། །སྒྲ་གཅན་རྒྱས་པས་སྐྱོན་དག་ཡོན་ཏན་རྫོགས། །ཅེས་སོ། །རིན་ཆེན་མཁའ་འགྲོས། སྔོན་འགྲོའི་དུས་སུ་གཡོན་པའི་ལག་ཉིད་ནི། །བསྣུན་ལྡན་ཆུ་སྐྱེས་དག་ལ་བདེ་བ་སྒོམ། །དབབ་དང་བཟུང་བཟློག་དགྲམ་པའི་ལས་རྣམས་ཀྱིས། །དངོས་གཞི་དག་ལ་གདིང་དང་ལྡན་པར་འགྱུར། །ཅེས་སོ། །པདྨ་མཁའ་འགྲོས། ཏིང་འཛིན་རླུང་དང་ལག་པའི་ཕྱག་རྒྱ་ཡིས། །བྱང་སེམས་བདེ་བ་ཆེན་པོར་ཕབ་བྱས་ཏེ། །རྒྱ་མཚོ་བཅོམ་ཞིང་སྨད་ལ་དགྲམ་པར་བྱ། །རླུང་སེམས་ཐིག་ལེ་གྱེན་དུ་བུས་པས་སེལ། །ཅེས་སོ། །སྣ་ཚོགས་མཁའ་འགྲོས། སྨད་ཀྱི་ཉྭ་བཞི་གཡས་གཡོན་སྟེང་


LT24_Page_254B
[མ་དཔེ་གཟིགས་ན་འདིར་གནོན།]

འོག་བརྡོབ། སྟོད་ཀྱི་ཉ་བཞི་ཁུ་ཚུར་གྱེན་དུ་བརྐྱང༌། །བདེ་དྲོད་རླུང་གཉིས་ཐབས་ཤེས་གཅིག་ཏུ་བསྡུ། །ཤེས་རབ་དྭངས་མ་དམར་པོ་དབང་དུ་འགྱུར། །ཅེས་སོ། །ཕྱག་ལེན་ཡན་ལག་བླ་མའི་དྲུང་དུ་ཞུས། །དམར་ཁྲིད་ཐོབ་ན་རིན་ཆེན་གསེར་ལས་དགའ། །དེ་ལྟར་མིན་ན་མུན་པའི་མདའ་དང་མཚུངས། །བླ་མ་མཁའ་འགྲོའི་བྱིན་རླབས་འཇུག་པ་གཅེས། །སྣོད་ལྡན་སློབ་མའི་ཚོགས་དང་འཕྲད་པར་ཤོག །ཐབས་ལམ་གྱི་གཞུང་ངོ༌། །ཡང་ཁྱད་པར་གྱི་གདམས་པ། ཨཱ་ལི་ཀཱ་ལི་མཉམ་པར་སྦྱོར་བའི་ཚེ། །མཐའ་བཞི་བསྒྲད་ལ་མ་ནིང་རླུང་དང་བཅས། །ཟླ་བའི་དངས་མས་རྩིགས་མ་མ་ལུས་ཟ། །འཆི་མེད་རྡོ་རྗེ་སེམས་དཔའི་གནས་ཐོབ་བྱེད། །སྟོད་ཀྱི་ཉི་ཟླ་མཆན་ཁུང་ཁུ་ཚུར་མནན། །འཁྱིལ་པའི་འདུག་སྟངས་རུ་སྦལ་ཚང་དུ་བཅིང༌། །ཤེས་རབ་ལྟེ་བའི་ཨ་ལ་རིམ་གྱིས་ཐིམ། །སྤྱི་བོའི་ཧཾ་ལ་ཞུགས་པས་བདེ་ཆེན་སྟེར། །ཚངས་པའི་བརྟུལ་ཞུགས་ཉི་ཟླ་ཐད་ཀར་བསྐྱང༌། །འཁོར་ལོ་ཀུན་ཏུ་ཡིག་དྲུག་རྡོ་རྗེའི་སྒྲ། །དྭངས་མ་ཐིམ་ཞིང་བཞད་པའི་སྒྲ་ཡིས་ཕུལ། །ཉི་མ་ཟླ་བ་འདྲེས་ནས་འཇའ་ལུས་འགྲུབ། །ཐབས་ཤེས་ཉམས་བླངས་གླིང་བཞི་བཅུད་ལ་འབོར། །རྡོ་རྗེ་པདྨ་བསྐྱོད་ཅིང་མ་ནིང་འཆའ། །ཐད་ཀ་ཐད་ཀར་རིལ་འཛིན་རྗེས་སུ་གཞིག །ཐབས་ཤེས་འདྲེས་ནས་ནམ་མཁའི་ལུས་སུ་འགྱུར། །ཅེས་གསུངས་སོ། །མངྒ་ལཾ། ༈ རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་དང་འབྲེལ་བའི་སྨོན་ལམ་གྱི་རྡོ་རྗེའི་གླུ་གྲུབ་ཆེན་ཨོ་རྒྱན་པས་གནང་བ་བཞུགས་སོ། །ན་མོ་གུ་རུ། བླ་མ་ལ་མཆོད་པར་བརྗོད་པ། ཅིར་སྣང་བདེ་ཆེན་རོལ་པའི་ངང༌། །མཐའ་ཡས་རིག་པ་སེམས་ཀྱི་གདངས། །སྤང་བླང་མེད་པར་མངོན་གྱུར་པའི། །རྗེ་རྒོད་ཚང་པ་ལ་སྐྱབས་སུ་མཆི། །ཡི་དམ་གྱི་ཤིས་པ་བརྗོད་པ། སྟོང་ཉིད་སྙིང་རྗེ་གཅིག་པ་ལ། །ཐབས་མཁས་ཐུགས་རྗེའི་ཕྲིན་ལས་ཀྱིས། །ལས་ཅན་རྣམས་ལ་དངོས་གྲུབ་སྟེར། །ཡུམ་ཡེ་ཤེས་


LT24_Page_255A
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོའི་ཐུགས་རྗེས་ཟུངས། །སྐུ་རྡོ་རྗེ་སོར་བསམ་བསྙེན་པའི་རྣལ་འབྱོར། གཞི་ལུས་ལ་གནས་པའི་རྩ་རྣམས་ཀྱང༌། །སྟེང་འོག་བར་དུ་བཅིངས་པ་ཡིས། །རྣམ་པར་རྟོག་པའི་རྒྱུ་འགྲུལ་ཆད། །རྟོག་མེད་རང་གསལ་སྐྱེད་དུ་གསོལ། །གསུང་རྡོ་རྗེ་སྲོག་འཛིན་སྒྲུབ་པའི་རྣལ་འབྱོར། རླུང་སྟེང་འོག་བར་གསུམ་གཅིག་ཏུ་བསྲེས། །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །རླུང་སྐྱོན་སྟེང་འོག་ཐད་ཀར་བཏོན། །རླུང་ལྔ་ལས་སུ་རུང་བར་ཤོག །ཐུགས་རྡོ་རྗེ་རྗེས་ཏིང་སྒྲུབ་པ་ཆེན་པོའི་རྣལ་འབྱོར། ཁམས་དགུ་འདུས་པ་བཅུད་ཀྱི་དྭངས། །སྲིད་པའི་སྐྱེ་སྒོ་གྱེན་ལ་བཟློག །རྩ་ཡི་མདུད་པ་ཕྱོགས་མེད་གྲོལ། །གསུང་གི་དབང་ཕྱུག་ཐོབ་པར་ཤོག །ལྷ་སྐུ་འཇའ་ཚོན་ལྟ་བུར་བརྟན། །བརྩིགས་ཀྱི་བདུད་རྩི་མ་ལུས་ཟད། །དྭངས་མ་བདུད་རྩིའི་ནུས་པ་ཡིས། །འཇའ་ལུས་ཆོས་སྐུ་ཐོབ་པར་ཤོག །ལྟ་སྒོམ་སྤྱོད་པའི་གནད་བསྡུས་ཏེ་བསྟན་པ། སྣ་ཚོགས་རིག་པ་སེམས་ཀྱི་གདངས། །དཔག་ཏུ་མེད་པའི་འཆར་སྒོ་ལ། །སྤང་བླང་གཉེན་པོས་མ་བསླད་པར། །གང་ཤར་ཆོས་སྐུར་རྟོགས་པར་ཤོག །ཡུལ་དང་ཡུལ་ཅན་གཉིས་སུ་མེད། །རང་སྣང་རིག་པའི་འཆར་ཚུལ་རྣམས། །རྟོགས་པའི་སྟོབས་ཀྱིས་གཅིག་ཏུ་འདྲེས། །གཞན་སྣང་ཟིལ་གྱིས་གནོན་པར་ཤོག །འགྲོ་བ་ཀུན་གྱི་སྡུག་བསྔལ་རྣམས། །གཟུང་འཛིན་འཁྲུལ་པའི་འཁོར་ལོར་མཐོང༌། །བརྩེ་ཆེན་དམིགས་མེད་ཐུགས་རྗེ་ཡིས། །བདེ་ཆེན་ས་ལ་འཁོད་པར་ཤོག །མཇུག་སྦྱར་བྱང་ངོ༌། །ཚིག་འདི་རྣམས་བོད་ཡུལ་གཙང་གི་ཡུལ། །ཟོང་འདོད་དགུ་འབྱུང་བའི་ཚོང་དུས་སུ། །མི་ཆེ་བཙན་རགས་དགུ་འདུས་པའི་ནང༌། །ང་ཨོ་རྒྱན་པ་ཡིས་སྐྱུགས་པ་ཡིན།། །།མངྒ་ལཾ། །


previousགདམས་ངག་མཛོད་པོད་བཅོ་ལྔ་པ། གྲུབ་ཆེན་ཨོ་རྒྱན་པའི་གདམས་ངག་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་གཞུང་།next