Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅོ་ལྔ་པ།  རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ལས་སྔོན་འགྲོའི་ཆོ་ག
   
   
   


 
previousགདམས་ངག་མཛོད་པོད་བཅོ་ལྔ་པ། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ལས་སྔོན་འགྲོའི་ཆོ་གnext

གདམས་ངག་མཛོད་པོད་བཅོ་ལྔ་པ།
རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ལས་སྔོན་འགྲོའི་ཆོ་ག


LT24_Page_288A
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ལས་སྔོན་འགྲོའི་ཆོ་ག་བཞུགས་སོ། །


LT24_Page_288B
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཆོས་རྗེ་བླ་མ་རིན་པོ་ཆེས་བྱིན་གྱིས་བརླབ་ཏུ་གསོལ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ཉེ་ལམ། རྣལ་འབྱོར་གྱི་དབང་ཕྱུག་གྲུབ་ཆེན་རྣམས་ཀྱི་གཤེགས་ཤུལ། སྦྱངས་པ་དང་བརྩོན་འགྲུས་སུ་འཛོམ་པའི་གང་ཟག་རྣམས་ཀྱི་ཚེ་གཅིག་ལུས་གཅིག་ཏུ་སངས་རྒྱས་སྒྲུབ་པའི་ལམ་མཆོག་ཏུ་གྱུར་པ། རྣལ་འབྱོར་ཡན་ལག་དྲུག་གི་ཁྲིད་ཀྱི་སྔོན་དུ་འགྲོ་བ་འདི་ལྟ་སྟེ། དེ་ལ་ཐོག་མར་ཡིད་ཆེས་གསུམ་དང་ལྡན་པའི་གང་ཟག་ཅིག་དགོས་ཏེ། དང་པོར་རྒྱུད་ལ་ཡིད་ཆེས་པ། དེ་ནས་བླ་མ་ལ་ཡིད་ཆེས་པ། དེ་ནས་རང་ལ་ཡིད་ཆེས་པ་སྟེ། དེ་ལྟར་ཡིད་ཆེས་པ་གསུམ་དང་ལྡན་པའི་སློབ་མ་དེས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དབང་ལེགས་པར་ཞུས་ནས། ཁྲིད་ལ་འཇུག་པའི་སྔོན་དུ་འགྲོ་བ་ལ་གཉིས་ཏེ། ཐུན་མོང་གི་ཁྲིད་དང༌། དབེན་ས་བསྟན་པའོ། །


LT24_Page_289A
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ་བཞི་སྟེ། །དང་པོ་རྒྱུད་སྣོད་དུ་རུང་བར་བྱེད་པ་ལ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད་ནི། རང་གི་མདུན་གྱི་ནམ་མཁའ་ལ་དཔག་བསམ་གྱི་ཤིང་ཆེན་པོ་རྩ་བ་གསེར་ལས་བྱས་པ། ལྷུན་པོ་བཻ་ཌཱུརྻ་ལས་གྲུབ་པ། ཡན་ལག་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། མེ་ཏོག་འཆི་མེད་ཀྱི་བདུད་རྩི་ལས་གྲུབ་པ་འབར་བ། འབྲས་བུ་ཟག་པ་མེད་པའི་བདུད་རྩི་ལྔ་འབྱུང་བའི་སྡོང་པོ་སྒོམ། སྡོང་པོ་དེའི་དབུས་མའི་སྟེང་དུ་རྩ་བ་དང་བརྒྱུད་པའི་བླ་མ་དཔག་ཏུ་མེད་པ་སྒོམ། མདུན་གྱི་སྡོང་པོའི་སྟེང་དུ་གསང་སྔགས་ཕྱི་ནང་གི་ཡི་དམ་དཔག་ཏུ་མེད་པ་སྒོམ། གཡས་ཕྱོགས་ཀྱི་སྡོང་པོའི་སྟེང་དུ་སངས་རྒྱས་ཀྱི་ཚོགས་དཔག་ཏུ་མེད་པ། རྒྱབ་ཀྱི་སྡོང་པོའི་སྟེང་དུ་སྡེ་སྣོད་གསུམ་གྱི་གསུང་རབ་དཔག་ཏུ་མེད་པ། གཡོན་གྱི་སྡོང་པོའི་སྟེང་དུ་འཕགས་པའི་དགེ་འདུན་དཔག་ཏུ་མེད་པར་བསྒོམ་ནས། བླ་མ་རྣམས་ལ་ལམ་སྒྲུབ་པའི་འདྲེན་པ། ཡི་དམ་རྣམས་ལ་རྒྱུད་བྱིན་གྱིས་བརླབས་པའི་དངོས་གྲུབ། སངས་རྒྱས་རྣམས་ལ་སྟོན་


LT24_Page_289B
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཆོས་རྣམས་ལ་ལམ། དགེ་འདུན་རྣམས་ལ་ལམ་སྒྲུབ་པའི་གྲོགས་ཞུས་ལ། ཞེ་ཐག་པ་ནས་དེ་རྣམས་ལ་བློ་ལེགས་པར་བཀལ་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་ཐེག་པ་ཆེན་པོའི་ཆོས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆིའོ། །ཞེས་ཁ་ཙམ་ཚིག་ཙམ་མ་ཡིན་པ། བློ་དང་འདྲེས་ངེས་པ་སྙིང་ཁུང་རུས་པའི་གཏིང་ནས་སྐྱབས་སུ་འགྲོ་བ་བྱ་ཞིང༌། དེ་ནས་རྩ་བ་དང་བརྒྱད་པའི་བླ་མ་རྣམས་དང༌། །ལྷ་ཇོ་བོ་དཀོན་མཆོག་གསུམ་གྱིས་བྱིན་གྱིས་བརླབ་ཏུ་གསོལ། མ་གནས་གསུམ་གྱི་མཁའ་འགྲོ་རྣམས་དང༌། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། བདག་ཅག་ཆོས་སྒྲུབ་པ་རྣམས་ཀྱི་ལམ་གྱིས་བར་ཆད་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དངོས་གྲུབ་ཞུའོ། །གཉིས་པ་དམ་སེལ་ལ་སོགས་པའི་སྡིག་སྒྲིབ་སྦྱང་བ་ཡི་གེ་བརྒྱ་པའི་ཁྲིད་ནི། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། །སྐད་ཅིག་གི་སྟོང་པའི་ངང་ལས་རང་ཉིད་ཀྱི་སྤྱི་བོར་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་དང༌། གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙེམ་མ་སྐུ་མདོག་དམར་མོ་གྲི་གུག་དང་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། །གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཡབ་རྡོ་རྗེའི་སྐྱིལ་ཀྲུང་དང༌། ཡུམ་པདྨའི་འདུག་སྟངས་ཀྱིས་སྙོམས་པར་ཞུགས་པ། དེའི་ཐུགས་དཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རྡོ་རྗེའི་ལྟེ་བ་ཧཱུྃ་གིས་མཚན་པ་ལས། སྔགས་ཀྱིས་ཕྲེང་བས་བསྐོར་བ་ལ་དམིགས་ཏེ། སྔགས་ཀྱིས་བཟླས་པ་ཅི་རིགས་པར་བྱའོ། །དེ་ནས་ཐུག་ཀའི་ཧཱུྃ་ལས་འོད་ཟེར་


LT24_Page_290A
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ཤིང་ཐུག་རྒྱུད་བསྐུལ་བས། སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩི་བབས་པ་བདག་གི་སྤྱི་བོ་ནས་ཞུགས་པས། ཆོ་འཁོར་བ་ཐོག་མཐའ་མེད་པ་ནས་ཀྱི་སྡིག་པ་དང༌། སྒྲིབ་པ་དམ་ཚིག་ཉམས་ཆགས་ལ་སོགས་པ་ཐམས་ཅད་ཁ་དོག་ནག་པོའི་ཚུལ་དུ་བཤང་ལྕི་དང༌། རྐང་པའི་སོར་མོ་དང༌། བ་སྤུའི་བུ་ག་ནས་ནག་འབུར་ཐོན་ཏེ། ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་སྐྱ་མེར་གང༌། ཟག་པ་མེད་པའི་བདེ་བ་རྒྱས་ཏེ། རང་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུར་གྱུར་པར་བསམ། །གསུམ་པ་བྱིན་བརླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ལ། རང་ཡི་དམ་དུ་གསལ་བའི་སྤྱི་བོར་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ། སྣ་ཚོགས་པདྨ་དང་ཉི་ཟླའི་གདན་ལ། བླ་མ་དེ་ཉིད་དཔལ་དུས་ཀྱི་འཁོར་ལོ་རྡོ་རྗེ་འཆང་གི་རྣམ་པ་སྐུ་མདོག་སྔོན་པོ་ཕྱག་གཡས་རྡོ་རྗེ་དང༌། གཡོན་དྲིལ་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་སྨད་གཡོགས་འཛིན་པ། དེ་ཉིད་ལ་རྩ་བའི་བླ་མ་དང༌། བརྒྱུད་པའི་བླ་མ་རྣམས་དང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བསྟིམ་ལ། དེ་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། །འཁོར་འདས་ཐམས་ཅད་ཀྱི་དངོས་གྲུབ་མ་ལུས་པའི་འབྱུང་གནས་སུ་བསྒོམས་ལ། ལུས་ངག་ཡིད་གསུམ་གཅིག་ཏུ་བསྒྲིལ་ནས། ཚད་མེད་པའི་མོས་གུས་བསྐྱེད་དེ། གསོལ་བ་འདེབས་པ་དེ་ཡང༌། ཁ་ཙམ་ཚིག་ཙམ་མ་ཡིན་


LT24_Page_290B
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྙིང་གི་དཀྱིལ་རུས་པའི་གཏིང་ནས། རྩོལ་མེད་དུ་དུང་དུང་པའི་གདུང་པ་རྔ་མོའི་རྡེའུ་གཏོར་བའམ། བུ་གཅིག་པོ་ཆུས་ཁྱེར་བའི་མ་ལྟ་བུ། འདི་ཕྱི་ཐམས་ཅད་དུ་རེས་དང་ལྟོས་ས་བླ་མ་ལས་མེད་པར་བལྟས་ལ། སྐྱིད་རུང་སྡུག་རུང༌། མཐོ་གཏོང་དམའ་གཏོང་བླ་མ་དཀོན་མཆོག་གསུམ་པོ་མཁྱེན་ནོ། །སྙམ་དུ་བསམས་ལ་གསོལ་བ་འདེབས་པར་བྱེད་པ་ཡིན། དེ་ཡང་ཕར་ལ་ཐིམ་ཕོད་པ་འདྲ་བ། ཚུར་ལ་འཕྲོག་ཕོད་པ་འདྲ་བ། བླ་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་དུས་ད་ལྟ་ཉིད་དུ་བདག་ལ་ཞུགས་ན་ཅི་མ་རུང་སྙམ་པའི་སྒོ་ནས་གསོལ་བ་འདེབས་ཤིང་བསྟོད་པ་ཡང་བྱ། དེ་རྗེས་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས། བླ་མའི་སྐུ་དང་རང་གི་ལུས་དབྱེར་མེད་དུ་གྱུར། བླ་མའི་གསུང་དང་རང་གི་ངག་དབྱེར་མེད་དུ་གྱུར། བླ་མའི་ཐུགས་དང་རང་གི་ཡིད་དབྱེར་མེད་དུ་གྱུར་པའི་ངང་ལ་དུས་གསུམ་གྱིས་སྤྲོས་པ་བཅད་ལ། མ་བཅོས་པར་རང་ལུགས་སུ་གློད་ལ་བཞག་བཞི་པ་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད་ནི། གྲུབ་ན་རིན་པོ་ཆེ་ལས་བྱས་པའམ། གཞན་ཡང་གང་རུང་བའི་མཎྜལ། རང་ས་དང་ནོང་ས་དང་འཁོར་ས་ལེགས་པར་སྟན་པའི་མཎྜལ་དག་པར་ཕྱིས་ལ་མེ་ཏོག་གི་ཚོམ་བུ་དགོད་པ་སྟེ། དབུས་རི་བོ་མཆོག་རབ། །ཤར་ལུས་འཕགས་པོ། གླིང་གཡོག་གཉིས་དང་བཅས་པ། དེ་བཞིན་དུ་ལྷོ་འཛམ་བུ་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན་གླིང་གཡོག་དང་བཅས་པ། དེའི་ནང་གི་ཤར་དུ་གླང་པོ་རིན་པོ་ཆེ། ལྷོ་རུ་བློན་པོ་རིན་པོ་ཆེ། ནུབ་ཏུ་རྟ་མཆོག་རིན་པོ་ཆེ། བྱང་དུ་བཙུན་མོ་རིན་པོ་ཆེ། ཤར་ལྷོར་འཁོར་ལོ། ལྷོ་ནུབ་ཏུ་ནོར་བུ། ནུབ་བྱང་དུ་དམག་དཔོན། བྱང་ཤར་དུ་གཏེར་གྱི་བུམ་པ། དེའི་ནང་གི་ཤར་དུ་ཉི་མ།


LT24_Page_291A
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཏུ་ཟླ་བ། དེ་རྣམས་ཀྱི་ཚོམ་བུ་བཀོད་ལ། དབུལ་བའི་ཚིག་དོན་ནི། དབུས་ཀྱི་རི་བོ་མཆོག་རབ་ལ། གླིང་བཞི་གླིང་ཕྲན་བརྒྱད་དང་བཅས་པས་ཡོངས་སུ་བསྐོར་བ། ཉི་ཟླ་ཟུང་ཅིག་བསྐོར་བྱེད་པ། ཕྱི་ལྕགས་རི་ཁྱུད་མོས་ཡོངས་སུ་བསྐོར་བ། རྒྱ་འཇིག་རྟེན་གྱི་ཁམས་ཆེན་པོ་དང་མཉམ་པ། དེ་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔས་གང་བ། ལྷའི་དབང་པོ་དང་ཉེ་བའི་དབང་པོ་ལ་སོགས་པའི་ལྷ་དང་ལྷ་མོའི་ཚོགས་དཔག་ཏུ་མེད་པས་གང་བ། མིའི་རྒྱལ་པོ་དང༌། རྒྱལ་ཕྲན་དང༌། སྐྱེས་པ་དང༌། བུད་མེད་དང༌། ཁྱེའུ་དང༌། བུ་མོ་ལ་སོགས་པ་དཔག་ཏུ་མེད་པ་དང༌། ལ་ལ་ནི་གླུ་ལེན་པ། ལ་ལ་ནི་གར་བསྒྱུར་བ། ལ་ལ་ནི་མཛེས་པའི་རྩེད་མོ་སྣ་ཚོགས་བྱེད་པ། ལ་ལ་ནི་སྙེན་པའི་རོལ་མོ་དཔག་ཏུ་མེད་པ་སྒྲོག །གཞན་ཡང་ལྷ་དང་མིའི་རིན་པོ་ཆེའི་ཚོགས་དཔག་ཏུ་མེད་པས་གང་བ། ལྷ་དང་མིའི་ན་བཟང་ཚོགས་དཔག་ཏུ་མེད་པས་གང་བ། ལྷ་དང་མིའི་ཞལ་ཟས་ཀྱི་ཚོགས་དཔག་ཏུ་མེད་པས་གང་བ། གཞན་ཡང་ཞིང་ཁམས་དག་པའི་ལོངས་སྤྱོད། དཔག་བསམ་གྱི་ཤིང༌། འདོད་འཇོའི་བ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། མ་རྨོས་པའི་ལོ་ཐོག །རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ལ་སོགས་པ་ལྷ་དང་མིའི་འདོད་ཡོན་བསམ་གྱིས་མི་ཁྱབ་པས་གང་བ། ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཆེན་པོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། བླ་མ་དང་དུས་གསུམ་གྱི་བདེ་བར་གཤེགས་པ་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་འབུལ་ལོ། །ཞེས་པ་དང༌། གང་ལ་གང་འདོད་ཀྱི་དངོས་གྲུབ་ཞུའོ། །ལྔ་པ་དབེན་གསུམ་བསྟེན་པའི་ཁྲིད་ནི། ལུས་དབེན་པར་བསྟེན། ངག་དབེན་པར་བསྟེན།


LT24_Page_291B
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་དབེན་པར་བསྟེན་པའོ། །དེ་ལ་ཐོག་མར་ལུས་དབེན་པར་བསྟེན་པ་འདི་ལྟ་སྟེ། རང་རེ་རྣམས་ཀྱིས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་ལ་ལུས་བསམ་གྱིས་མི་ཁྱབ་པ་ཅིག་བླངས་ཤིང༌། བྱ་བྱེད་ཐུག་པ་མེད་པ་ཅིག་བྱས་ཀྱང༌། བྱས་པ་ཐམས་ཅད་དོན་མེད་འཁོར་བ་དང༌། འདུ་བྱེད་ཀྱི་རྒྱུ་འབའ་ཞིག་ཏུ་སོང་བ་ལས་དོན་དམ་དུ་རྒྱུ་མཚན་ཅི་ཡང་མ་བྱུང་པས། དུས་དེ་རིང་ཕན་ཆད་ལུས་དབེན་པ་བསྟན་ནས། ལུས་སྦྱོང་བ་སྟེ། དེ་ཡང་ཕྱིའི་ལུས་ཀྱིས་མི་དགེ་བའི་ལས་ཉེས་སྲོག་གཅོད་པ། མ་བྱིན་པར་ལེན་པ། མི་ཚངས་པར་སྤྱོད་པས་ཐོག་དྲངས་པའི་མི་དགེ་བ་ཐམས་ཅད་ཀྱིས་དབེན་པ་ཅིག་དགོས། དེར་མ་ཟད་དེ། ལུང་མ་བསྟན་གྱི་བྱ་བྱེད། ཚོང་ཁེ་སྤོགས་སོ་ནམ་རྨོས་རློག །རྒྱུ་འཕྲུལ། འཆོངས་རྒྱུག་ལ་སོགས་པས་ཀྱང་དབེན་པ་ཅིག་དགོས། དེ་བས་མི་མཐོ་སྟེ། ནང་གི་དགེ་བའི་ལས། ཕྱག་བསྐོར་བ། ལུས་དལ་དུབ་ཀྱེ་རྒྱུ་ཐམས་ཅད་ཀྱིས་དབེན་པ་ཅིག་དགོས། འགྲོ་འཆག་ཉལ་འདུག་དང༌། བྱ་བྱེད་ཕྲན་ཚེགས་ཐམས་ཅད་དལ་སོས་བྱེད་ཅིང༌། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་ངམ། སྐྱིལ་ཀྲུང་བཅས་ལག་པ་རྡོ་རྗེ་ཁུ་ཚུར་བརླ་སྟེང་དང༌། དབྱི་མགོའི་ཐད་དུ་སྟན་ལ་གཟུག །སྒལ་ཚིགས་དྲང་པོར་བསྲང༌། མགྲིན་པ་ཅུང་ཟད་དགུག་པར་བྱ། མིག་མི་འཛུམ་པར་སྨིན་མཚམས་ཀྱི་ཐད་དུ་ཧྲིག་གེ་བཞག་ལ་མིག་འབྲས་མི་འགུལ་བར་བྱེད་པའོ། །གཉིས་པ་ངག་དབེན་པར་བྱེད་པ་ནི། འོ་སྐོལ་རྣམས་ཀྱིས་ཚེ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་དག་གི་སྨྲ་བརྗོད་བསམ་གྱིས་མི་ཁྱབ་པ་བརྗོད་ཅིང༌། རང་འཕམ་གྱིས་དོགས་པ་ལ་


LT24_Page_292A
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་བརྗོད་བཤགས་དུ་མ་ཅིག་བཏང་ཡང༌། དེ་ཐམས་ཅད་དོན་མེད་འཁོར་བ་དང༌། འདུ་བྱེད་ཀྱི་རྒྱུ་འབའ་ཞིག་ཏུ་སོང་བ་ལས། དོན་རང་དུ་རྒྱུ་མཚན་ཅི་ཡང་མ་བྱུང་བས། དེ་རིང་ཕན་ཆད་ངག་དབེན་པར་གནས་པས་རླུང་སྦྱངས་པ་སྟེ། ཕྱིའི་ངག་མི་དགེ་བའི་ལས་བཞི་སྟེ། བརྫུན་དུ་སྨྲ་བ་དང༌། ཕྲ་མ་དང༌། ཚིག་རྩུབ་དང༌། ངག་འཁྱལ་དང་བཞིས་ཐོག་དྲངས་པའི་ངག་མི་དགེ་བ་ཐམས་ཅད་ཀྱིས་དབེན་པ་ཅིག་དགོས་པས། དེར་མ་ཟད་ཏེ། ལུང་མ་བསྟན་གྱི་ངག །ཀུ་རེ་བཞད་བགད་དང༌། ལོང་གཏམ་མཆུ་བསྒྱུར་ལ་སོགས་པའི་སྨྲ་བརྗོད་ཐམས་ཅད་ཀྱིས་དབེན་པ་ཅིག་དགོས། དེ་བས་མི་འོངས་ཏེ། ནང་མི་དགེ་བའི་ངག་འདོན་དང༌། ཚངས་སྤྱོད་ལ་སོགས་པ་དག་ངལ་དུབ་ཏུ་གྱུར་བ་ཐམས་ཅད་ཀྱིས་དབེན་པ་ཅིག་དགོས་པས། མཉམ་པར་འཇོག་པའི་དུས་སུ་རླུང་རོ་དལ་བུས་གསུམ་གསུམ་ཙམ་ཕྱུང་ནས། རླུང་གཡོན་གཡས་སུ་འཕོ་བའི་དུས་སུ་བསྒོམ་པའོ། །གསུམ་པ་སེམས་དབེན་པར་གནས་པ་ནི། རང་རེ་རྣམས་ཀྱིས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་ལ། རྣམ་པར་རྟོག་པ་འདི་འགྱུས་ལ་འདི་མ་འགྱུས་སམ། འདི་དྲན་ལ་འདི་མ་དྲན་ནམ། འདི་བསམ་ལ་འདི་མ་བསམ་མེད་པ་ཅིག་བསམ་སྟེ། བསམས་པ་ཐམས་ཅད་དོན་མེད་འཁོར་བ་དང་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་ཏུ་སོང་བ་ལས། དོན་དུ་རྒྱུ་མཚན་ཅི་ཡང་མ་བྱུང་བས། དུས་དེ་རིང་ཕན་ཆད་ཡིད་དབེན་པར་གནས་པས་སེམས་སྦྱོང་པ་སྟེ། དེ་ཡང་ཕྱིའི་སེམས་མི་དགེ་བའི་སྤྲོ་བསྡུ། བརྣབས་སེམས། གནོད་སེམས། ལོག་པར་ལྟ་བ་དང་གསུམ་གྱིས་ཐོག་དྲངས་པའི་ཡིད་མི་དགེ་བ་ཐམས་ཅད་ཀྱིས་དབེན་པ་ཅིག་དགོས། དེར་མ་ཟད་དེ། སེམས་ལུང་མ་བསྟན་


LT24_Page_292B
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འཆར་སྒོ། །འདས་པའི་རྗེས་དཔྱོད། མ་འོངས་པའི་སྔོན་བསུ། ད་ལྟར་གྱི་བཟོ་བཅོས་དང་རྩིས་གདབ་རྣམས་ཀྱིས་དབེན་པ་ཅིག་དགོས། དེ་བས་མི་འོངས་ཏེ་ནང་གི་དགེ་བའི་བསམ་སྦྱོར། ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་དབྱེ་དང༌། སྒྲུབ་པར་བྱེད་པའི་ཐུན་སྦྱོར་ལ་སོགས་པའི་སྤྲོ་བསྡུ་རྣམས་ཀྱིས་དབེན་པ་ཅིག་དགོས་པས། ཡིད་ལ་བཟོ་བཅོས་ཅི་ཡང་མི་བྱེད་པར་འཛིན་མེད་དུ་ཧད་དེ་འཇོག །ཡིད་ལ་ཅི་ཡང་མི་བསམ་ཞིང༌། མ་ཡེངས་པར་ཧྲིག་གེ་འཇོག །ཡིད་ལ་རེ་དོག་དང་འཁུ་འཕྲིག་མེད་པར་ས་ལེ་འཇོག་པ་ཡིན། འདི་ཡི་དུས་སུ་སྒོམ་འོང་མི་འོང་དང༌། རྟགས་ཐོན་མི་ཐོན་ལ་སོགས་པའི་འཆར་སྒོ་ཐམས་ཅད་བསམ་གཏན་སྒོམ་པའི་སྐྱོན་ཡིན་པས། དེ་རྣམས་ཀྱི་རྗེས་སུ་མི་བཟང་བར། རང་ཐོག་ཏུ་རྒྱང་སྐྱུར། རྐྱེན་འཕྲོ་གཅོད་པ་ཡིན་ཏེ། དེ་སྐད་དུ་ཡང་འགྲེལ་ཆེན་ལས། ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ། ངག་གི་ལོངས་སྤྱོད་ལ་ལྟོས་པ་མེད་པ། ཡིད་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ། འཛག་བདེའི་ལོངས་སྤྱོད་ལ་ལྟོས་པ་མེད་པ། ལུས་ངག་ཡིད་གསུམ་དང༌། ཚངས་པར་སྤྱོད་པའི་གཏན་ཚིག་རྣམས་རྣལ་དུ་ཕེབས་སོ། །ཞེས་བྱའོ། །ཞེས་བཤད་པ་ཡིན་གསུངས། དེ་ལྟར་སྔོན་འགྲོ་ཞག་གྲངས་ཅི་རིགས་ཤིག་བྱེད་པར་གནང༌། དེ་ལྟར་ཉམས་སུ་བླངས་པའི་དུས་སུ། ལུས་ངག་ཡིད་གསུམ་གྱི་སྟེང་དུ་ཉམས་འཆར་བ་སྟེ། དེ་ཡང་ལས་དང་པོ་པ་ལ། ཐོག་མར་ལུས་ངག་ཡིད་གསུམ་ངལ་དུབ་པས་སྒྱིད་ལུག་པ་དང༌། ཐང་ཆད་ཅིང་ལུས་ཚིགས་ཐམས་ཅད་ན་བ་དང༌། རོ་སྟོད་ཐམས་ཅད་ན་ཞིང་གང་བ་དང༌། ལུས་འཇིག་སྙམ་བྱེད་བྱེད་ཅིང་སོ་མི་ཐུབ་པ་དང༌། རག་ལ་ཡང་གཡལ་མང་གཉིད་འབྱུང་ཞིང་རྣམ་པ་དང་འདར་བ་དང༌། དབུགས་འགྲོ་འོང་མི་བདེ་ཞིང༌།


LT24_Page_293A
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་རིངས་འདོན་པ་འབྱུང༌། སེམས་ཀྱི་སྟེང་དུ་ཡང་རྣམ་རྟོག་མང་དྲག་པས་སོ་མི་གསོད་པ་དང༌། རྣམ་རྟོག་དེ་རྣམས་ཁ་སྤོང་མ་གཏུབ་པས་ཉམ་ཐག་པ་དང༌། རེས་འགའ་རྣམ་རྟོག་ཡུལ་ལ་མི་འཇུག་ཅིང༌། འགྱུ་བ་ཆད་ནས་རིག་པ་སྔར་བས་དལ་ཞིང་གླེན་དུ་སོང་བ་ལྟ་བུ་དང༌། བརྗེད་ངས་ཆེ་བ་དང༌། ཅི་བྱེད་མི་དྲན་པར་རྟོག་མེད་དུ་ཁ་ཐོམ་མེ་བལྟས་པ་འོང༌། དེའི་དུས་སུ་མུན་པ་ཅུང་ཟད་དག་པ་དང༌། རྟགས་འགའ་རེ་མཐོང་བ་བྱུང་ན། དབེན་ས་གསུམ་བརྟེན་པ་དང༌། སྦྱངས་ས་གསུམ་གྱི་དོན་འགྲུབ་པ་ཡིན་གསུང༌། དེའི་དུས་སུ་ཁྲིད་གཉེར་བས་བར་མཚམས་མ་ཤོར་བསྐོར་ཞིང༌། ཁམས་མ་ལོག་གམ། ཟས་ཞིམ་མམ། གཉིད་ཁུགས་སམ། སེམས་ཇི་ལྟར་བྱེད་ཀྱིན་འདུག །ཅེས་པ་ཡང་ཡང་བསྐོར་ཞིང༌། ཁ་ཟས་དང་སྐུ་མཉེ་ལ་སོགས་པས་ཁམས་ལེགས་པར་གསོ་དགོས། དེ་ཡང་སྟན་བདེ་བ་དང༌། གོས་དྲོ་བ་དང༌། ཤ་དང་རུས་པ་རྙིང་པའི་ཚོད་མ་དང༌། ཤ་གསར་དང་ཆང་གསར་འཇམ་པ་ལ་སོགས་པ་འཕྲོད་པའི་ཟས་མང་དག་གིས་ཚིམ་ཞིང་ཚོད་ཟིན་པ་བསྟེན། སྐུད་མཉེ་ཉིན་རེ་བཞིན་རང་རེའམ་གཞན་གྱིས་བྱ། ཐིག་ལེ་ལ་གདོད་པའི་ཟས་དང་སྤྱོད་ལམ་ཐམས་ཅད་སྤང༌། ཉམས་མྱོང་ལ་སློབ་མའི་སྐྱེ་ཚུལ་དང༌། ཁམས་དང་དབང་པོ་དང་སྦྱངས་སྟོབས་དང་བསྟུན་ཞིང༌། བླ་མའི་ཉམས་མྱོང་གིས་ཚོད་ཟིན་པར་བྱས་ནས། བར་མཚམས་མ་ཤོར་བར་འཁྲིད་དགོས་པ་ཡིན་གསུངས། སྦྱོར་དྲུག་འབྲོ་ལུགས་དང༌། རྩ་མིའི་ལུགས་ཀྱི་སྔོན་དུ་འགྲོ་བའི་ཐིག་ལེ། རྗེ་རིན་པོ་ཆེའི་ཕྱག་བཞེས་ཀྱི་རིམ་པ་བཞིན། རྒྱལ་ཁམས་པ་ཟླ་བ་སེང་གེས་ཡི་གེར་བྲིས་པའོ།། །།


previousགདམས་ངག་མཛོད་པོད་བཅོ་ལྔ་པ། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ལས་སྔོན་འགྲོའི་ཆོ་གnext