Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅུ་དྲུག་པ།  འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དབང་ཆོག་རིན་ཆེན་འོད་འཕྲོའི་མཆོད་བསྒྲིག་དཀྱིལ་འཁོར་སྟོན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་བཅུ་དྲུག་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དབང་ཆོག་རིན་ཆེན་འོད་འཕྲོའི་མཆོད་བསྒྲིག་དཀྱིལ་འཁོར་སྟོན་པ།next

གདམས་ངག་མཛོད་པོད་བཅུ་དྲུག་པ།
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དབང་ཆོག་རིན་ཆེན་འོད་འཕྲོའི་མཆོད་བསྒྲིག་དཀྱིལ་འཁོར་སྟོན་པ།


LT25_Page_115A
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དབང་ཆོག་རིན་ཆེན་འོད་འཕྲོའི་མཆོད་བསྒྲིག་དཀྱིལ་འཁོར་སྟོན་པ་བཅས་བཞུགས་སོ། །


LT25_Page_115B
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ཕུལ་བའི་རྗེས་སུ་བསྟོད་པ་ནི། རྣམ་པར་སྣང་མཛད་གཏི་མུག་རྣམ་དག་པས། །གཟུགས་ཕུང་གནས་འགྱུར་ཆོས་དབྱིངས་ཡེ་ཤེས་བདག །རང་བཞིན་མི་གཡོ་མཆོག་གི་བདག་ཉིད་ཅན། །རྣམ་སྣང་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་སེམས་དཔའ་ཞེ་སྡང་རྣམ་དག་པས། །རྣམ་ཤེས་གནས་འགྱུར་མེ་ལོང་ཡེ་ཤེས་བདག །རང་བཞིན་མི་གཡོ་མཆོག་གི་བདག་ཉིད་ཅན། །མི་བསྐྱོད་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །རིན་ཆེན་འབྱུང་ལྡན་ང་རྒྱལ་རྣམ་དག་པས། །ཚོར་ཕུང་གནས་འགྱུར་མཉམ་མེད་ཡེ་ཤེས་བདག །རང་བཞིན་མི་གཡོ་མཆོག་གི་བདག་ཉིད་ཅན། །རིན་འབྱུང་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །སྣང་བ་མཐའ་ཡས་འདོད་ཆགས་རྣམ་དག་པས། །འདུ་ཤེས་གནས་འགྱུར་སོར་རྟོགས་ཡེ་ཤེས་བདག །རང་བཞིན་མི་གཡོ་མཆོག་གི་བདག་ཉིད་ཅན། །སྣང་མཐའ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །དོན་ཡོད་གྲུབ་པ་ཕྲག་དོག་རྣམ་དག་པས། འདུ་བྱེད་གནས་འགྱུར་བྱ་གྲུབ་ཡེ་ཤེས་


LT25_Page_116A
[མ་དཔེ་གཟིགས་ན་འདིར་གནོན།]

བདག །རང་བཞིན་མི་གཡོ་མཆོག་གི་བདག་ཉིད་ཅན། །དོན་གྲུབ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཞི་བའི་ཕྲིན་ལས་སྒྲུབ་མཛད་པའི། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །རྒྱས་པའི་ཕྲིན་ལས་སྒྲུབ་མཛད་པའི། །རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད། །དབང་གི་ཕྲིན་ལས་སྒྲུབ་མཛད་པའི། །པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །མངོན་སྤྱོད་ཕྲིན་ལས་སྒྲུབ་མཛད་པའི། །ལས་ཀྱི་མཁའ་འགྲོར་ཕྱག་འཚལ་བསྟོད། །ཆུ་ཁམས་རྣམ་པར་དག་པ་ལ། །རྡོ་རྗེའི་ལྷ་རྣམས་འབྱུང་བའི་གཞི། །མཱ་མ་ཀི་ལ་ཕྱག་འཚལ་བསྟོད། །བདེ་སྟོང་གཉིས་སུ་མེད་པ་ཡི། །གསང་བའི་མཁའ་འགྲོ་ལ་ཕྱག་འཚལ། །ཞི་རྒྱས་དབང་དྲག་གྲུབ་མཛད་མ། །རིགས་བཞིའི་མཁའ་འགྲོ་ལ་ཕྱག་༴ ཁྱེད་ལ་ཕྱག་འཚལ་བསྟོད་པ་ཡིས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །དོན་གཉིས་འགྲུབ་པར་མཛད་དུ་གསོལ། །དེ་ནས་དཀྱིལ་འཁོར་བསྟན་པ་ནི། ངག་ཏུ། ཐར་པ་ཆེན་པོའི་ཕོ་བྲང༌། རྣམ་པར་སྣང་མཛད་ཀྱི་རང་བཞིན། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། གྲུ་


LT25_Page_116B
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་སྒོ་བཞི། རྟ་བབས་བང་རིམ་རྡོ་རྗེའི་ར་བ་མེ་རི་དང་བཅས་པ་འདི། རང་གི་སེམས་ཀྱི་དཀྱིལ་འཁོར་ཡིན་ལ། སེམས་ཉིད་ཀྱི་རྟོགས་པ་མི་འདྲ་བ་ལ། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དུ་ཤར་ལ་དེ་མཚོན་པའི་བརྡར་དཀྱིལ་འཁོར་གྱི་སྒོ་དང༌། རྒྱན་ལ་སོགས་པའོ། །དཀྱིལ་འཁོར་དེ་ཁོ་ན་ཉིད་དོ། །དེ་ཡང་སེམས་ཉིད་ཕུང་པོ་ཁམས་དང་སྐྱེ་མཆེད་དུ་ཤར་ལ། དེའི་རང་བཞིན་བཅོམ་ལྡན་འདས་རྗེ་བཙུན་སྤྱན་རས་གཟིགས་ཡབ་ཡུམ་སྟོང་པ་དང་སྙིང་རྗེ་དབྱེར་མེད་དུ་ཤར་བའོ། །དེའི་གསལ་སྟོང་མ་འགག་པའི་ས་ལ་སོགས་པ། རིགས་ལྔ་སྤྱན་རས་གཟིགས་ཡབ་ཡུམ་དང༌། ཌཱ་ཀི་མ་བཞི་ལ་སོགས་པར་ཤར་བའོ། །དེ་དག་རྣམས་ཀྱིས་འཕགས་པ་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་གྱི་ཞལ་མངོན་སུམ་དུ་གཟིགས་པའི་མོས་པ་མཛོད་ཅིག ། ༈ ན་མོ་གུ་རུ། མི་ཏྲའི་སྙན་བརྒྱུད་ཐུགས་རྗེ་ཆེན་པོའི་ཚོགས་འཁོར་བྱ་བ་ནི། དུས་ནི་བསྙེན་སྒྲུབ་ཀྱི་དུས་སམ། དབང་བསྐུར་རབ་གནས་ཀྱི་དུས་སམ། ལམ་མཆོག་ཕྲིན་ལས་ཀྱི་དུས་སམ། ཉ་སྟོང་བརྒྱད་གསུམ་དུས་བཟང་གི་དུས་སམ། དེ་རྣམས་གང་ཡང་རུང་སྟེ། དབེན་པའི་གནས་སུ། ཚོགས་ཀྱི་མཎྜལ་དབང་བསྐུར་ལྟར་བཤམས། མ་འཛོམས་ན་རས་སམ། ཕྱིང་པ་དྲི་མ་མེད་པའི་སྟེང་དུ་ལྷ་གྲངས་དང་མཉམ་པའི་ཚོམ་བུ་བཀོད། བླ་མ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱི་རྟེན་བཀྲམ། མཆོད་པ་དང་གཏོར་མ་རྣམས་ལྷ་གྲངས་དང་མཉམ་པར་པའམ། ལྔའམ་གསུམ་ལས་མི་ཉུང་བར་བཤམས། ཚོགས་ཀྱི་ཡོ་བྱད་ཀ་པཱ་ལ་ཆང་གིས་བཀང་ལ་མདུན་དུ་བཞག །བདག་ཉིད་ལྷར་གནས་པས། ཕྱི་རྒྱུན་གྱི་འབྱུང་པོ་ལ་གཏོར་མ་སྦྱིན་ཞིང་བགེགས་བསྐྲད། མཚམས་བཅད། སྲུང་འཁོར་བསྒོམ། དེ་ནས་ཡན་ལག་བདུན་པ་དང་གསོལ་བ་གདབ་པར་བྱའོ། །མདུན་གྱི་མཎྜལ་ལ་ཚོགས་ཀྱི་མཎྜལ་བསྐྱེད། ཕྱི་ནང་གི་མཆོད་པ་ཐམས་ཅད་སྤྱན་རས་གཟིགས་ལྟར་བྱིན་གྱིས་བརླབས། ཁྱད་པར་དུ། ལས་ཚོགས་ལ། རང་གི་ས་བོན་གཉིས་ལས་བྱུང་བའི་རཾ་ཀྱིས་ཉེས་སྐྱོན་ཐམས་ཅད་བསྲེག །ཡཾ་ལས་རླུང་གིས་གཏོར། ཁཾ་ལས་ཆུས་བཤལ། དེ་ནས་ཏྲཾ་ལས་སྣ་ཚོགས་རྡོ་རྗེ་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་


LT25_Page_117A
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ། བཅུད་ཀྱི་སྙིང་པོ་ཡི་གེ་བྷཱུཾ་གསུམ་བསམ། ཧཱུྃ་ཉེར་གཅིག་བརྗོད་པས། ཡི་གེ་བྷཱུྃ་ཞུ་བ་ལས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམ། དེ་ནས་ལག་མཆོད་བྱ་བ་ནི། མདུན་གྱི་ཀ་པཱ་ལར་གཡོན་དུ་ཆོས་འབྱུང་སྲིན་ལག་གིས་དཀྲུག་ཅིང༌། ལན་བདུན་གྱིས་ཡེ་ཤེས་ཀྱི་བདུད་རྩི་བྱིན་གྱིས་བརླབས་ལ། དེ་ནས་ལག་པ་གཡས་པའི་སྲིན་ལག་གི་གཡོན་པའི་ཐིལ་ཏུ་ཡི་གེ་ལྔ་བྱས་ལ་དབུས་མར་ཇོ་བོ་ཡབ་ཡུམ། ཕྱོགས་བཞི་ཌཱ་ཀི་བཞི་བསྐྱེད་ལ། རྣམ་ལྔ་འབུལ། གཡས་ཀྱི་སྲིན་ལག་གིས་བདུད་རྩི་མཆོད་ཅིང༌། ཨོཾ་མ་ཎི་པདྨེ་ཧཱུྃ། ཌཱ་ཀི་ནི་ཧ་རི་ནི་ས་ཧཱུྃ་སུ་ར་སྟྭཾ་ཨ་མྲྀ་ཏ་ཁཱ་ཧི། ཞེས་མང་དུ་འབུལ་བསྟོད་དང༌། དེ་འོད་དུ་ཞུ་བར་བསམས་ལ། ལག་པ་བདུད་རྩིའི་སྟེང་དུ་སྦུབས། ལག་པ་དེ་ཉིད་བདག་གི་གནས་གསུམ་དུ་བྱུགས། དེ་ནས་གཡོན་པས་དྲིལ་བུ་གསིལ་ཞིང༌། གཡོན་པས་རྡོ་རྗེས་བདུད་རྩི་དེ་དཀྱིལ་འཁོར་གྱི་ལྷ་ལ་གཏོར་ཞིང་མཉམ་པར་བསམས། ཚོགས་གཏོར་ཟག་མེད་ཀྱི་བདུད་རྩི་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་བྱིན་གྱིས་རླབས། རང་ལ་གཏོར་བས་བ་སྤུའི་བུ་ག་ཇོ་བོ་ཡབ་ཡུམ་གྱིས་བསྟིམ་པར་བསམས་ལ། ཚོགས་མགྲོན་ལ་གཏོར་མས་དཔའ་བོ་དཔའ་མོར་བསམས། དེ་དག་གི་དུས་སུ། རྩ་སྔགས་ལ་འབྲུ་གསུམ་བཏགས་ལ་བཟླའོ། །དེ་ནས་སྤྱན་དྲངས་པ་ནི། སྤོས་ཆེན་དང་གསུར་ཆེན་དང༌། རོལ་མོའི་སྒྲ་སྣ་ཚོགས་སྒྲོགས་བཞིན་པས། ཧཱུྃ། སྐུ་གསུམ་དབྱེར་མེད་གཞལ་ཡས་ནས། །དུས་གསུམ་སངས་རྒྱས་ངོ་བོ་ཉིད། །སེམས་ཅན་སྨིན་མཛད་ཐུགས་རྗེ་ཅན། །བཀའ་བརྒྱུད་བླ་མ་གཤེགས་སུ་གསོལ། །རང་བཞིན་གནས་མཆོག་གཞལ་ཡས་ནས། །སྐུ་གསུམ་ལྷ་ཚོགས་འཁོར་གྱིས་བསྐོར། །སྙན་བརྒྱུད་ལྷ་ཚོགས་གཤེགས་སུ་གསོལ། །འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །དཀྱིལ་འཁོར་ལྷ་ཚོགས་མ་ལུས་པ། །ཐུགས་རྗེ་ཅན་གྱིས་འགྲོ་ལ་གཟིགས། །ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ། །མཁའ་སྤྱོད་ཨོ་རྒྱན་གཞལ་ཡས་ནས། །བྱིན་རླབས་དངོས་གྲུབ་སྟེར་མཛད་པའི། །ལས་དང་ཡེ་ཤེས་ལ་སོགས་པའི། །དཔའ་བོ་མཁའ་འགྲོ་གཤེགས་སུ་གསོལ། །རང་བཞིན་དུར་ཁྲོད་གཞལ་ཡས་ནས། །


LT25_Page_117B
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བསྟན་པ་རྒྱས་མཛད་པའི། །ཕྱི་ནང་བར་ཆད་སེལ་མཛད་པའི། །ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ། བཞུགས་སུ་གསོལ་བ་ནི། ཧཱུྃ། རིན་ཆེན་སྣ་ཚོགས་ཕོ་བྲང་འདིར། །སྣ་ཚོགས་པདྨའི་གདན་སྟེང་དུ། །ཡིད་འོང་མཛེས་པའི་གཞལ་ཡས་སུ། །གསང་སྒྲུབ་ལྷ་ཚོགས་བཞུགས་སུ་གསོལ། །དེ་ནས་ཕྱག་འཚལ་བ་ནི། ཧཱུྃ། ཆོས་ཉིད་མཉམ་ཉིད་ངང་ལས་མ་གཡོས་ཀྱང༌། །ལོངས་སྤྱོད་རྫོགས་སྐུ་འཇའ་ཚོན་ལྟར་སྤྲུལ་ནས། །ཐུགས་རྗེས་འགྲོ་བ་མ་ལུས་འདྲེན་མཛད་པ། །སྤྱན་རས་གཟིགས་དབང་ལྷ་ལ་ཕྱག་འཚལ་ལོ། །དེ་ནས་ཕྱིའི་མཆོད་པ་འབུལ་བ་ནི། ཧཱུྃ། ཡོན་ཆབ་མེ་ཏོག་སྤོས་དང་དྲི། །སྣང་གསལ་ཞལ་ཟས་སྣ་ཚོགས་དང༌། །རོལ་མོ་སིལ་སྙན་མཆོད་པ་ནི། །སྤྱན་རས་གཟིགས་ལ་འབུལ་གྱིས་བཞེས། །མཛེས་པའི་གཟུགས་དང་སྙན་པའི་སྒྲ། །ཞིམ་པའི་དྲི་དང་མངར་བའི་རོ། །རེག་བྱ་འདོད་ཡོན་མཆོད་པ་འདི། །སྤྱན་རས་གཟིགས་ཀྱིས་བཞེས་སུ་གསོལ། །ཤ་ལྔ་བདུད་རྩི་ལྔ་དང་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་ལྔ། །དབང་པོ་ཡུལ་ལྔ་འབྱུང་བ་ལྔ། །སྤྱན་རས་གཟིགས་དབང་བཞེས་སུ་གསོལ། །དགའ་བ་བཞི་དང་བདེ་བ་བརྒྱད། །སྐད་ཅིག་བཞི་དང་ཡེ་ཤེས་ལྔ། །ཟུང་འཇུག་དགའ་བདེའི་མཆོད་པ་འདི། །སྤྱན་རས་གཟིགས་ཀྱིས་བཞེས་སུ་གསོལ། །ཚོགས་ཀྱི་ཡོ་བྱད་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། ཚོགས་ལས་བསྡུས་པ་ནི། ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་འདི། བྱིན་རླབས་ཀྱི་རྩ་བ་དཔལ་ལྡན་བླ་མ་རྣམས་ཀྱི་ཞལ་དུ་ཁ་རཾ་ཁ་ཧི། །དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། ཕྲིན་ལས་ཀྱི་རྩ་བ་ཆོས་སྲུང་མ་རྣམས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། ཞེས་ཚོགས་བལྟ་བར་བྱ། དེ་ནས་དངོས་གྲུབ་དྲངས་ཏེ། ཐབས་ཤེས་རབ་ཀྱི་རྫས་ལག་པ་གཡས་གཡོན་བཟུང་ལ། ཀྱེ། གཟིགས་ཤིག་མཛེས་


LT25_Page_118A
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང༌། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཞེས་རྡོ་རྗེ་གླུས་སློབ་དཔོན་ནས་བཟུང་སྟེ། མཆེད་ལྕམ་ལ་དྲངས། སློབ་དཔོན་གྱིས་པད་སྐོར་བྱས་ཤིང༌། བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འདོད་ཆགས་དྲི་མ་དང་བྲལ་བ། །གཟུང་དང་འཛིན་པ་རྣམ་པར་སྤངས། །དེ་ཁོ་ན་ཉིད་ལ་བདག་ཕྱག་འཚལ། །ཨ་ལ་ལ་ཧོ་ཞེས་བླངས། དེ་ནས་སློབ་དཔོན་གཉིས་འགྱུར་རོ། །དེ་ནས་ལྷག་མ་མཆེད་ལྕམ་རྣམས་ཀྱིས་རོལ་བར་བྱའོ། །དེ་ནས་ལྷག་མ་བསྡུས་ནས། རྡོ་རྗེ་སློབ་དཔོན་གྱི་ཆོས་འབྱུང་གི་ཕྱག་རྒྱ་བཅས་ནས་ཆུས་བྲན། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ཨུ་རྩི་ཏ་བ་ལིཾ་ཏ་སོགས་ཀྱིས་ཕྱི་རོལ་དུ་དོར། རྗེས་ཀྱི་ཆོ་ག་ནི། ཉེར་སྤྱོད་ཀྱི་མཆོད་པ་གང་རུང་དང་ལྷ་ཚོགས་ལ་བསྟོད་ཅིང་བཤགས་སྡོམ་བྱ། ཡི་གེ་བརྒྱ་པས་ལྷག་ཆད་བསྐང༌། །ཤིས་པ་གང་རུང་བརྗོད། རྗེས་བསྔོ་བ་དང་སྨོན་ལམ་གྱི་རྒྱས་གདབ། སྤྱན་རས་གཟིགས་སྙན་བརྒྱུད་ཀྱི་མཆོད་བསྒྲིག་གི་རིམ་པ་འདི་ནི་ཤིན་ཏུ་གསལ་བར་བཀོད་པ་འདིས། འགྲོ་བ་སེམས་ཅན་དུ་མ་ལ་ཕན་ཐོགས་པར་གྱུར་ཅིག །དགེ་ལེགས་འཕེལ།


previousགདམས་ངག་མཛོད་པོད་བཅུ་དྲུག་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དབང་ཆོག་རིན་ཆེན་འོད་འཕྲོའི་མཆོད་བསྒྲིག་དཀྱིལ་འཁོར་སྟོན་པ།next