Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅུ་དྲུག་པ།  ཨརྻ་ཛམ་བྷ་ལའི་རྗེས་གནང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་བཅུ་དྲུག་པ། ཨརྻ་ཛམ་བྷ་ལའི་རྗེས་གནང་།next

གདམས་ངག་མཛོད་པོད་བཅུ་དྲུག་པ།
ཨརྻ་ཛམ་བྷ་ལའི་རྗེས་གནང་།


LT25_Page_138A
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྻ་ཛམ་བྷ་ལའི་རྗེས་གནང་བཞུགས་སོ། །


LT25_Page_138B
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་སྐྱེ་བ་མེད་པའི་ནམ་མཁའ་ལ། །ལོངས་སྤྱོད་རྫོགས་སྐུའི་སྤྲིན་ཆེན་ཆེར་འཁྲིགས་ནས། །སྤྲུལ་སྐུ་མཆོག་གིས་དངོས་གྲུབ་ཆར་ཆེན་འབེབས། །སྐུ་གསུམ་ལྷུན་གྲུབ་ཛམ་བྷ་ལྷ་ལ་འདུད། །འདིར་རྗེ་བཙུན་ཛམ་བྷ་ལྷ་ལའི་རྗེས་གནང་འདི་ལ་དོན་གསུམ་སྟེ། སྔོན་འགྲོ་དང་དངོས་གཞི་རྗེས་སོ། །དང་པོ་སྔོན་འགྲོ་ལ་གཉིས་ཏེ། བཀོད་པ་བཤམས་པ་དང༌། མངོན་རྟོགས་བསྒོམས་ནས་བདག་འཇུག་བླངས་པའོ། །དང་པོ་བཀོད་པ་བཤམས་པ་ནི། མཎྜལ་པདྨ་འདབ་མ་བརྒྱད་པ། ལྟེ་བ་སེར་པོ། ཕྱོགས་བཞིར་ཕྱོགས་མདོག །མཚམས་བཞིར་མཛེས་ཚོན། །འདབ་མ་བརྒྱད་ལ་ནོར་བུ་རེ་རེ་བྲི། མཐའ་ལ་མཆོད་གཏོར་གྱིས་བསྐོར། ཁ་རྒྱན་མགུལ་ཆིངས་དང་བཅས་པའི་ལས་བུམ་ཡང་བཤམས། གཞན་ཡང་རྗེས་གནང་ལ་མཁོ་བའི་རྫས་རྣམས་ཀྱང་ཚོགས་པར་བཤམ་མོ། །གཉིས་བསྐྱེད་པའི་རིམ་པ་བསྒོམ་པ་ནི། དབེན་པའི་གནས་སུ་བདེ་བའི་གདན་ལ། ཁ་ཤར་དུ་བལྟས་ཏེ་འདུག་ལ་ཐོག་མར་སྐྱབས་འགྲོ་སེམས་སྐྱེད་ཡན་ལག་བདུན་པ། ཚད་མེད་པ་བཞི་སོགས་རྣམས་ནི་སྤྱི་དང་མཐུན་ནོ། །བྱེ་བྲག །སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རྒྱུ་ནོར་བུ་རིན་པོ་ཆེ་དུ་མ་ལས་གྲུབ་པའི་ཁྲི། བུམ་བསྣོལ་གྱིས་བརྒྱན་པའི་སྟེང་དུ། པཾ་ལས་སྣ་ཚོགས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་རྒྱས་པའི་སྟེང་དུ་བཱི་ཛ་པུ་ར་ཛཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པའི་ཚོགས་རྣམས་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་ཛམ་བྷ་ལ་སྐུ་མདོག་གསེར་བཙོ་མ་ལྟར་འབར་བ། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། དར་སྣ་ཚོགས་ཀྱིས་སྟོད་གཡོགས་ཅན། གསེར་གྱི་སྐུ་རགས་ལ་ལྟེ་བ་ནོར་བུས་མཚན་པ་བཅིངས་པ། གསུས་ཁྱིམ་ཆེ་ཞིང་ཡན་ལག་དང་ལྷུ་ཚིགས་རྒྱས་པ། ཕྱག་གཡས་པས་མཆོད་སྦྱིན་པུས་མོའི་སྟེང་དུ་མཛད་ནས། ཤིང་ཐོག་པཉྩ་པུ་ར་ཀའི་ལྟེ་བ་ཡིད་


LT25_Page_139A
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་ནོར་བུས་མཚན་པ་འཛིན་པ། གཡོན་པས་རིན་པོ་ཆེ་སྣ་ཚོགས་སྐྱུགས་པའི་ནེའུ་ལེའི་རྐྱལ་པ་བསྣམས་པ། ཞལ་ཅུང་ཟད་ཁྲོ་ཞིང་ཡིད་ཙམ་འཛུམ་པ། ཉི་མའི་དཀྱིལ་འཁོར་ལྟར་རབ་ཏུ་རྒྱས་པ། དབུ་སྐྲ་རལ་པའི་ཐོར་ཅོག་གྱེན་ལ་བཅིངས་ཤིང་ལྷག་མ་མཐུར་དུ་འཕྱང་བ། མེ་ཏོག་གི་ཕྲེང་བས་སྐྲ་ཆིངས་དང༌། ཡིད་བཞིན་གྱི་ནོར་བུ་འོད་འབར་བ་ལྔའི་རྩེ་ཕྲན་གྱིས་བརྒྱན་པ། རིན་པོ་ཆེ་དུ་མས་སྙན་ཆ་དང་མགུལ་རྒྱན། དཔུང་རྒྱན་དང་ཕྱག་གདུབ། རྐེད་རྒྱན་དང་ཞབས་གདུབ། རིན་པ་ཆེ་དང་ཨུཏྤལ་སྔོན་པོས་དོ་ཤལ་དང་ཆུན་པོས་བརྒྱན་པ། མུ་ཏིག་སྣ་ལྔའི་ཕྲེང་བ་དང༌། དར་གྱི་ཅོད་པན་གྱིས་མཛེས་པ། འོད་ཟེར་སྣ་ལྔའི་ཕྲེང་བས་བསྐོར་བའི་དབུས་ན་བཞུགས་པ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱ་དམར་པོ། སྙིང་ཁར་ཧཱུྃ་སྔོན་པོ། ཧཱུྃ་ལས་འོད་འཕྲོས་ལྕང་ལོ་ཅན་ནས་རང་ལྟ་བུའི་ཡེ་ཤེས་པ་སྤྱན་དྲངས་ལ་དབྱེར་མེད་དུ་བསྟིམ། སླར་འོད་འཕྲོས། རིགས་ལྔ་འཁོར་བཅས་སྤྱན་དྲངས། དབང་བསྐུར། སྡིག་སྒྲིབ་དག །བདུད་རྩིའི་ལྷག་མ་ཡར་ལུད་པ་ལས་རིན་འབྱུང་ལ་སོགས་རིགས་ལྔས་བུ་བརྒྱན་པར་བསམ། སྙིང་ཁར་པད་ཟླའི་སྟེང་དུ་ནོར་བུ་འོད་འབར་བའི་ལྟེ་བ་ཛཾ་གྱིས་མཚན་པ་ལ་སྔགས་ཀྱི་བསྐོར་བ་ལས་འོད་འཕྲོས། ཕྱི་སྣོད་ལ་ཕོག་གཞལ་ཡས་ཁང༌། ནང་བཅུད་ལ་ཕོག་ཛཾ་བྷ་ལར་གྱུར། ཚུར་འདུས་རང་ལ་ཐིམ། ཐུགས་ཀར་འཁོར་བར་བསམ། འོད་ཟེར་གྱི་རྩེ་ན་གནས་པའི་ཛཾ་བྷ་ལ་རྣམས་ཀྱིས་རིན་པོ་ཆེ་སྣ་ལྔའི་ཆར་ཕབ་པར་བསམ་ལ་བསྙེན་པ་བསྐྱལ་ལོ། །དེ་ནས་མདུན་བསྐྱེད་ནི། མདུན་གྱི་མཎྜལ་གྱི་སྟེང་དུ་ཡང༌། བདག་བསྐྱེད་ཇི་ལྟ་བ་བཞིན་དུ་ཛཾ་བྷ་ལ་བསྐྱེད་ལ། ཡེ་ཤེས་པ་བསྟིམ། དབང་བསྐུར་རྒྱས་གདབ་བོ། །ལས་བུམ་གྱི་ནང་དུ་བདུད་རྩི་འཁྱིལ་པ་གཞུང་བཞིན་


LT25_Page_139B
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ལ་དབང་བསྐུར་རྒྱས་གདབ་སྤྱི་དང་མཐུན། དེ་ནས་རང་གི་ཐུགས་ཀ་ནས་སྔགས་ཕྲེང་འཁོར་བ་ལས་འོད་འཕྲོས། མདུན་བསྐྱེད་དང་བུམ་བསྐྱེད་གཉིས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་འཁོར་ཞིང་ཐུགས་རྒྱུད་བསྐུལ་བས། སྔགས་གསུངས་ཤིང་སྐུའི་ཆ་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ། བསྙེན་པ་བརྒྱ་སྟོང་ལ་སོགས་བསྐྱལ། སླར་དེ་དག་ལ་མཆོད་ཅིང་བསྟོད། གཏོར་མ་ཕུལ་ལ་འདོད་དོན་དུ་གསོལ་བ་གདབ། དེ་ནས་སྐབས་འདིར་ཡང་འོག་ནས་འབྱུང་བའི་རིམ་པས། རང་ཏིང་ངེ་འཛིན་གྱིས་བདག་འཇུག་བླང་བར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། རྗེས་གནང་གི་སྔོན་འགྲོ་དང༌། དངོས་གཞི་རྗེས་སུ་གནང་བའོ། །དང་པོ་ནི། སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱས། གྲལ་ལ་འཁོད་དེ། བགེགས་བསྐྲད། སྲུང་འཁོར་བསྒོམ། མཎྜལ་ཕུལ། དེ་ནས་སྐྱབས་འགྲོའི་སྡོམ་པ་སྦྱིན་པ་ནི། ཐལ་མོ་སྦྱོར་ལ་ངའི་རྗེས་ཟློས་ཅིག་ཅེས་བརྗོད་ལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ་གྱི་སྐྱབས་འགྲོའི་སྡོམ་པ་བྱིན། དེ་ནས་སེམས་བསྐྱེད་ཀྱི་སྡོམ་པ་སྦྱིན་པ་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། མ་གྲོལ་བ་རྣམས་དགྲོལ་བ་དང༌། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་གྱིས་སེམས་བསྐྱེད་ཀྱི་སྡོམ་པ་བཟུང་ངོ༌། །དེ་ནས་ཡན་ལག་བདུན་


LT25_Page_140A
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱ་བ་ནི། དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །བླ་མ་ཛཾ་བྷ་ལ་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་བྱའོ། །དེ་དག་གིས་སྔོན་འགྲོ་རྣམས་སོང་ནས། །གཉིས་པ་དངོས་གཞི་ལྔ་སྟེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་དང་ལྔའོ། །དང་པོ་སྐུའི་རྗེས་གནང་ཞུ་བའི་ཡོན་ཏུ་མཎྜལ་ཕུལ་ནས་གསོལ་བ་གདབ་པ་ནི། ཀྱཻ། སྟོན་པ་ཐུགས་རྗེའི་མངའ་བདག་ཛཾ་བྷ་ལ། །བདག་ཅག་འཁོར་བས་འཇིགས་ཤིང་ཐུགས་རྗེས་བཟུང་དུ་གསོལ། །མུན་པར་གྱུར་པའི་འགྲོ་བའི་གྲོང་ཁྱེར་ན། །འཇིགས་ཤིང་ཡ་ང་ཁྱོད་ལ་གསོལ་བ་འདེབས། །བདེ་བ་ཆེན་པོ་མྱ་ངན་འདས་པའི་གྲོང༌། །ཞབས་ཀྱི་རྡུལ་ལ་རེག་ཅིང་རྗེས་གནང་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། །དེ་ནས་སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི། །བདག་གི་ཐུགས་རྗེའི་ཉི་མ་ཡི། །འོད་ཀྱིས་མ་རིག་མུན་པ་བསལ། །ཁྱེད་ཀྱི་ལུས་ངག་ཡིད་གསུམ་ལ། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ། །ཞེས་པ་བརྗོད་དོ། །དེ་ནས་སློབ་མ་རྣམས་ལས་བུམ་གྱིས་ཆུས་བསངས། སྭ་བྷ་ཝས་སྦྱངས་ནས། ཛཾ་བྷ་ལ་མངོན་རྟོགས་ནས་བྱུང་བ་ལྟར་བསྐྱེད་ལ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཐ་དད་པའི་ཐུགས་ཀའི་ས་བོན་ལས་འོད་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ལ་ཕོག་པས། ཐམས་ཅད་ཛཾ་བྷ་ལའི་རྣམ་པ་སྐུ་ཆུང་ལ་ཡན་ལག་རག་པ། ཕྱག་མཚན་གསལ་བ་དཔག་ཏུ་མེད་པ་བྱུང༌། བླ་མའི་སྐུ་ལས་ཀྱང་ཛཾ་བྷ་ལའི་སྐུ་དཔག་ཏུ་མེད་པ་ཆད་ནས་བྱུང་བས།


LT25_Page_140B
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་འདི་དང་གཉིས་སུ་མེད་པ་སློབ་མའི་ལུས་ལ་མཚོ་ལ་ཁ་བབས་པ་ལྟར་སིབ་སིབ་ཐིམ་པར་བསྒོམ་ལ། མེ་ཏོག་གཏོར། སྤོས་དང་རོལ་མོ་དཀྲོལ། སློབ་མའི་སྤྱི་བོར་སྐུ་བཞག་ལ། སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་ཛཿཧཱུྃ་བཾ་ཧོཿཞེས་བརྗོད། དེ་ལྟར་སྐུའི་རྗེས་གནང་གི་ཕན་ཡོན་ལ། གནས་སྐབས་དང་མཐར་ཐུག་གཉིས་ལས། གནས་སྐབས་སུ་ལུས་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི་བ་དང༌། མཐར་ཐུག་ཏུ་མཚན་དཔེས་བརྒྱན་པའི་ཛཾ་བྷ་ལའི་སྐུ་ཐོབ་པའི་དགོས་པ་ཡོད་དེ། ཞེས་བརྗོད་དོ། །གཉིས་པ་གསུང་གི་རྗེས་གནང་ཞུ་བ་ཡོན་དུ་མཎྜལ་ཕུལ་ལ་གསོལ་བ་གོང་བཞིན་བཏབ་ལ། དེ་ནས་དཔོན་སློབ་གཉིས་ཀ་ཛམ་བྷ་ལར་བསྐྱེད་པའི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཛཾ་སེར་པོ་ལ་སྔགས་ཀྱིས་བསྐོར་བར་བསམ། དེ་ནས་བླ་མའི་ཞལ་ནས་སྔགས་ཕྲེང་གསེར་ཞུན་མ་ལྟ་བུའི་ཕྲེང་བ་ནར་གྱིས་ཐོན་ནས། སློབ་མའི་ཞལ་དུ་ཞུགས། སྙིང་པའི་ཛཾ་ཡིག་ལ་འཁོར་བར་དམིགས་ལ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཞེས་སྔགས་ཉི་ཤུ་རྩ་གཅིག་གི་བར་དུ་ཕྲེང་བ་ལ་བཟུང་ལ་རྗེས་ཟློས་བྱེད་དུ་གཞུག །དེ་ནས་ཕྲེང་བ་སློབ་མའི་མགྲིན་པར་རེག་སྟེ། སློབ་དཔོན་གྱིས། བཅོམ་ལྡན་རིགས་སྔགས་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད། འདི་ལ་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་གཉིས་ལས། གནས་སྐབས་སུ་སྔགས་ཀྱི་ནུས་པ་ཆེ་ཞིང་ངག་གི་འཆད་རྩོད་རྩོམ་གསུམ་ལ་མཁས་པ་དང༌། མཐར་ཐུག་ཏུ་གང་བདེན་པའི་ཚིག་འགྲུབ་ཅིང༌། སངས་རྒྱས་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུའི་དབྱངས་ལྡན་པར་འགྱུར་རོ། །ཞེས་བརྗོད་དོ། །གསུམ་པ་ཐུགས་ཀྱི་རྗེས་གནང་


LT25_Page_141A
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གོང་ལྟར་བཏབ། དེ་ནས་སློབ་མ་ལུས་རྣམ་སྣང་ཆོས་བདུན་དང་ལྡན་པར་བྱས་ལ། བདུན་གྱི་ནམ་མཁར་ཛཾ་སེར་པོ་གསེར་གྱི་མདོག་ཅན་ཞིག་བསམ། དེ་ནས་རང་གི་ལུས་འཇའ་ལུས་སུ་ཡལ་ནས། མདུན་གྱི་ཛཾ་ཡིག་ལ་ཐིམ་པ་ལ་རིག་པ་གཏད་ཅིང༌། ཛཾ་ཡིག་ཀྱང་ནམ་མཁར་འཇའ་ཡལ་བ་ལྟར་སོང་བར་བསམ་ཞིང་སེམས་སྟོང་གསལ་ནམ་མཁའ་གཡའ་དག་པ་ལྟར་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལ་མཉམ་པར་བཞག་པ་ནི་ཐུགས་ཀྱི་རྗེས་གནང་ངོ༌། །འདི་ལ་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་གཉིས་ཏེ། །གནས་སྐབས་སུ་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེད་བ་དང༌། མཐར་ཐུག་ཏུ་ཆོས་ཉིད་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་དགོས་པ་ཡོད་དོ། །བཞི་པ་ཡོན་ཏན་གྱི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་ལ་གསོལ་བ་གོང་བཞིན་བཏབ། དེ་ནས་སློབ་མ་ཛཾ་བྷ་ལར་བསྐྱེད་དུ་བཅུག་ལ། སློབ་དཔོན་གྱིས་ལག་པ་གཡས་སུ་ནོར་བུ་གཏད་ལ། འདི་འཕགས་པ་ཛཾ་བྷ་ལའི་ཕྱག་མཚན་ཡིད་བཞིན་གྱི་ནོར་བུ་སྟེ། བསམ་དོན་ཐམས་ཅད་ཆོས་ལྡན་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ། །ཞེས་བརྗོད་དོ། །ལག་པ་གཡོན་དུ་ནེའུ་ལེ་གཏད་ལ། འདིར་ཨཱརྻ་ཛཾ་བྷ་ལའི་ཕྱག་མཚན་ནེའུ་ལེ་ཡིན་ཏེ། འདི་འཆང་བ་ཙམ་གྱིས་དགོས་འདོད་ཆར་ལྟར་དུ་འབབ་པར་འགྱུར་རོ། །ཞེས་བརྗོད་དོ། །འདིའི་ཕན་ཡོན་ལ་གནས་སྐབས་དང་མཐར་ཐུག་གཉིས་ལས། གནས་སྐབས་སུ་ལམ་གྱི་ཡོན་ཏན་མཐའ་དག་འགྲུབ་པ་དང༌། མཐར་ཐུག་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་མཐའ་དག་ཐོབ་པར་འགྱུར་རོ། །ཞེས་བརྗོད་དོ། །ལྔ་པ་ཕྲིན་ལས་ཀྱི་རྗེས་གནང་ཞུ་བའི་


LT25_Page_141B
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་དུ་མཎྜལ་ཕུལ་ལ་གསོལ་བ་གོང་བཞིན་བཏབ། དེ་ནས། སློབ་མ་ཛཾ་བྷ་ལར་བསྐྱེད་པའི་ཡན་ལག་ལྔ་དང༌། དཀྱིལ་འཁོར་གྱི་ལྷ་དང་བླ་མ་ཐ་མི་དད་པའི་ཡན་ལག་ལྔ་ནོར་བུར་བསྐྱེད་པ་ནི། སྤྱི་བོར་ཡིད་བཞིན་གྱི་ནོར་བུ་དཀར་པོ། ཕྲག་པ་གཡས་པར་དམར་པོ། གཡོན་པར་སྔོན་པོ། དཔྱི་མགོ་གཡས་སུ་སེར་པོ། གཡོན་དུ་ལྗང་ཁུ་འོད་འབར་བ་ལྔ་ལས་འོད་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང༌། ཚངས་པ་དང་བརྒྱ་བྱིན་ལ་སོགས་དང༌། སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་དང༌། གཙུག་ན་རིན་ཆེན་ལ་སོགས་ཀླུ་ཆེན་པོ་བརྒྱད་ཀྱི་ལོངས་སྤྱོད་དང༌། སྣོད་བཅུད་ཀྱི་ཟས་ནོར་ཐམས་ཅད་ནོར་བུའི་རྣམ་པ་ཅན་དུ་འདུས་ནས། དཀྱིལ་འཁོར་གྱི་ལྷ་དང་བླ་མ་ཐ་མི་དད་པའི་གནས་ལྔའི་ནོར་བུ་ལ་ཐིམ། ནོར་བུ་དེ་དག་ལས་ནོར་བུ་རིགས་ལྔ་མང་པོ་འཕྲོས་ནས་སློབ་མའི་ནོར་བུ་ལ་ཐིམ་པས་ལོངས་སྤྱོད་ཆར་ལྟར་བབ་པར་བསྒོམས་ཤིག །ཅེས་བརྗོད་ལ། ནོར་བུ་གནས་ལྔར་གཏུགས་ཤིག །ནོར་བུ་འདི་ལྔས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་འགྱུར་ཞིང་དགོས་འདོད་ཆར་ལྟར་དུ་འབབ་པར་འགྱུར་རོ། །ཞེས་བརྗོད་དོ། །འདི་དག་ཕན་ཡོན་ནི་གནས་སྐབས་དང་མཐར་ཐུག་གཉིས་ལས། གནས་སྐབས་སུ་ཕྲིན་ལས་རྣམ་བཞིའི་འགྲུབ་ཅིང་སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བ་དང༌། མཐར་ཐུག་ཏུ་སངས་རྒྱས་ཀྱི་ཕྲིན་ལས་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་དགོས་པ་ཡོད་དོ། །ཞེས་བརྗོད་ལ། བླ་མ་ལ་གཏང་རག་གི་མཎྜལ་ཕུལ་ལ། དེང་ནས་བཟུང་སྟེ་ཁྱོད་བྲན་དུ། །ཞེས་སོགས་ལན་གསུམ་བརྗོད། གསུམ་པ་རྗེས་ནི། གཏང་རག་གི་མཆོད་པ་དང་བསྟོད་པ་བྱ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །དེ་ནས་བཀྲ་ཤིས་བརྗོད་དོ། །ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །བཅོམ་ལྡན་ཛམ་བྷ་ལྷའི་རྗེས་གནང་རིམ་པ་འདི། །བླ་མའི་ཞལ་ནས་ཇི་ལྟར་བྱུང་བ་བཞིན། །ནོར་འཁྲུལ་མེད་པ་འོད་དཔག་རྡོ་རྗེས་བཀོད། །དགེ་བས་འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག། །།སརྦ་དཱ་ཀ་ལྱཱ་ཎ་བྷ་བ་ཏུ།


LT25_Page_142A
[མ་དཔེ་གཟིགས་ན་འདིར་གནོན།]


LT25_Page_142B
[མ་དཔེ་གཟིགས་ན་འདིར་གནོན།]


previousགདམས་ངག་མཛོད་པོད་བཅུ་དྲུག་པ། ཨརྻ་ཛམ་བྷ་ལའི་རྗེས་གནང་།next