Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅུ་དྲུག་པ།  སྤྱན་རས་གཟིགས་ཀྱི་ལམ་གྱི་རིམ་པ་རྡོ་རྗེ་ཚིག་རྐང་།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་བཅུ་དྲུག་པ། སྤྱན་རས་གཟིགས་ཀྱི་ལམ་གྱི་རིམ་པ་རྡོ་རྗེ་ཚིག་རྐང་།next

གདམས་ངག་མཛོད་པོད་བཅུ་དྲུག་པ།
སྤྱན་རས་གཟིགས་ཀྱི་ལམ་གྱི་རིམ་པ་རྡོ་རྗེ་ཚིག་རྐང་།


LT25_Page_147A
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་ཀྱི་ལམ་གྱི་རིམ་པ་རྡོ་རྗེ་ཚིག་རྐང་བཞུགས་སོ། །


LT25_Page_147B
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨརྻ་བ་ལོ་ཀི་ཏེ་ཤྭ་ར་བོདྷི་མཱ་ར་གོ་བྷ་ཝ་ཀྲ་མ་ནཱ་མ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བྱང་ཆུབ་ལམ་བསྒོམ་པའི་རིམ་པ་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་ཞིག་དབང་བསྐུར་མཆོག་ཐོབ་པས། །བཀྲ་ཤིས་རྟགས་ལྡན་བྱིན་རླབས་གནས། །རབ་དབེན་མཐུན་རྐྱེན་འཛོམས་པ་ཡིས། །གནས་དེར་བློ་ལྡན་བསྒྲུབ་པར་བྱ། །གང་གིས་མི་ལུས་རིན་ཆེན་འདི། །རྒྱུ་འབྲས་ངོ་བོ་དཔེ་དོན་གྱིས། །དལ་འབྱོར་རྙེད་དཀའི་དོན་བསྒོམ་ཞིང༌། །བརྩོན་འགྲུས་ཆེར་བསྐྱེད་ཉམས་ལེན་བྱ། །སྣོད་བཅུད་མི་རྟག་དོན་བསྒོམ་ཞིང༌། །འཆི་ངེས་ངེས་པར་འཆི་བ་དང༌། །ནམ་འཆི་ངེས་མེད་འཆི་བ་ལ། །ཚེ་འདིས་མི་ཕན་བློས་བཏང་བྱ། །མི་དགེའི་འབྲས་བུར་སྡུག་བསྔལ་ཏེ། །དགེ་བའི་ལས་ཀྱིས་བདེ་བ་འཐོབ། །འདྲེས་ལས་བདེ་སྡུག་འདྲེས་འབྱུང་བས། །དགེ་སྡིག་ཆུང་ནས་བླང་དོར་བྱས། །གང་ཚེ་འཁོར་བ་གང་གནས་ཀྱང༌། །སྡུག་བསྔལ་གསུམ་ལས་མ་འདས་པས། །དེ་ལ་ངེས་པར་འབྱུང་འདོད་གང༌། །བདེན་དོན་ཚུལ་བཞིན་བསྒོམ་པར་བྱ། །འཁོར་བའི་སྡུག་བསྔལ་གྱིས་གཟིགས་རྣམས། །རིན་ཆེན་གསུམ་ལ་སྐྱབས་འགྲོ་ཞིང༌། །དེ་ཡི་བསླབ་བྱ་བསྲུང་བ་ལ། །རང་གི་ལུས་ལྟར་གཅེས་པར་བཟུང༌། །མཁའ་ཁྱབ་འགྲོ་བ་ཀུན་དོན་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིག །ཕ་རོལ་ཕྱིན་དྲུག་བསླབ་བྱ་ལ། །རྒྱལ་བའི་སྲས་ཀྱིས་རྟག་ཏུ་བསླབ། །རང་བཞིན་བཅས་པའི་སྡིག་པའི་ཚོགས། །དེ་དག་ཀུན་རྫོབ་དོན་དམ་གྱི། །བཤགས་པའི་ཐབས་ཤེས་ལ་མཁས་པས། །ཧྲཱིཿཡིག་བཞི་སྦྱོར་གདམས་པ་བསྒོམ། །ཡན་ལག་བདུན་དང་རབ་ལྡན་པའི། །མཎྜལ་ཕྱི་ནང་གསལ་གསུམ་འབུལ། །ཆོས་ཀུན་སྒྱུ་འདྲར་རབ་ཤེས་པས། །


LT25_Page_148A
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཚོགས་ལའང་བསླབ་པར་བྱ། །བླ་མ་ཚེ་དཔག་མེད་སྐུ་ལ། །མཆོག་ལྡན་ཀུན་གྱི་ངོ་བོར་ལྟ། །གསོལ་འདེབས་དབང་བཞིས་སྨིན་པར་བྱ། །ཚངས་པར་བྱང་ཆུབ་ལྔ་ལྡན་པས། །སྤྱན་རས་གཟིགས་དབང་ཡབ་ཡུམ་ནི། །གཟུགས་བརྙན་འཇའ་འདྲ་བསྐྱེད་པ་ལ། །ཕྲ་མོའི་རྣལ་འབྱོར་མཆོག་བསྒོམ་ཞིང༌། །སྤྱོད་ལམ་ཉམས་ལེན་རྟག་ཏུ་བསླབ། །སྙིང་ཁའི་ས་བོན་སྦྱོང་བ་ཡིས། །ཚད་མེད་མཉམ་དང་བརྗེ་བ་བསྒོམ། །རྒྱུད་དང་རབ་དབྱེ་སྒོམ་ཚུལ་འབྲས། །ལུས་དང་ལུས་སེམས་ཉིད་ལ་ནི། །རབ་གནས་ཞི་གནས་ལ་གོམས་པས། །ལུས་སེམས་བྱང་བར་ཐོབ་པར་བྱ། །ལྷག་མཐོང་རྒྱུ་ཚོགས་བརྟན་བྱ་ཞིང༌། །རབ་དབྱེ་སྒོམ་དང་དེ་འབྲས་ཀྱི། །ཚུལ་ལ་མཁས་པར་སྤྱད་བྱ་ཞིང༌། །མི་རྟོག་རང་བྱུང་ཡེ་ཤེས་བསྒོམ། །སོ་སོར་རྟོག་པའི་ཤེས་རབ་ཀྱིས། །མ་རིག་བདག་ལྟའི་སེམས་གང་ཞིག །བཙལ་ན་གཅིག་དང་དུ་བྲལ་བ། །སྒྱུ་མ་རྨི་ལམ་ལྟར་ཤེས་བྱ། །སྒྱུ་ལུས་ཚོགས་སུ་འབུལ་བྱ་ཞིང༌། །ཆོས་ཀུན་སྒྱུ་མའི་དཔེ་འདྲར་ལྟ། །རླུང་སེམས་འདྲེས་ལ་རང་སྣང་བའི། །སྒྱུ་མའི་ལྷ་སྐུ་བསྒོམ་པར་བྱ། །འབྱུང་བ་རིམ་ལྔར་རབ་སྦྱངས་ཤིང༌། །རྨི་ལམ་འཛིན་དང་སྤྲུལ་བསྒྱུར་སྤེལ། །གཏན་བབ་བགེགས་འདུལ་ཞིང་སྤྱོད་ཞིང༌། །རྨི་ལམ་ལོངས་སྤྱོད་རྫོགས་སྐུར་བསླབ། །ལུས་གནད་ལྟ་སྟངས་དང་ལྡན་པས། །ཐུགས་པའི་ཧྲཱིཿཡིག་ལ་དམིགས་ཏེ། །ཉི་མ་ཆུ་ཟླ་ནམ་མཁར་བཞིན། །སེམས་ནི་འོད་གསལ་བཅུ་རྫོགས་བསྒོམ། །འཕོ་བའི་དོན་མཁས་སྦྱང་ལྡན་པས། །འཆི་རྟགས་སྣང་མཆེད་ཉེར་ཐོབ་དང༌། །ལྷན་སྐྱེས་འོད་གསལ་ལམ་གོམ་པས། །སྐུ་གསུང་ཐུགས་ཀྱི་སྒོ་ནས་འཕོ། །བར་དོ་སྤྱན་རས་གཟིགས་དབང་བསྐུར། །སྒྱུ་མ་ལོངས་སྐུར་རབ་ལྡན་དེས། །སྐྱེ་བ་སྤྲུལ་སྐུ་མཆོག་འཛིན་པའི། །


LT25_Page_148B
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེ་བའི་མན་ངག་བསྒོམ་པར་བྱ། །འདི་དོན་བཀླག་པས་མ་ཡིན་གྱི། །བསྒོམ་པས་ཚེ་འདི་ཉིད་ལ་ནི། །སྤྱན་རས་གཟིགས་དབང་གོ་འཕང་མཆོག །འགྲུབ་པར་འགྱུར་བ་ངེས་བསྟན་ནོ། །འདི་ཡི་བསྐྱེད་རྫོགས་སྒོམ་བྱེད་པ། །དེ་དག་བདུན་རྒྱུད་བར་དུ་ནི། །སྤྱན་རས་གཟིགས་ཀྱིས་བྱིན་རླབས་པའི། །སྐྱེས་བུ་མཆོག་ཏུ་ལུང་བསྟན་ཡིན། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བྱང་ཆུབ་ཀྱི་ལམ་བསྒོམ་པའི་རིམ་པ་ཞེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་ཤྲཱི་ཛ་ག་ཏལ་མི་ཏྲ་ཨཱ་ནན་ཏའི་ཞལ་ནས། པཎྜི་ཏ་ཆེན་པོ་ཤྲཱི་པུ་ཏྲ་ལ་གནང་བ་རྫོགས་སོ། །དེ་ཉིད་ཀྱི་སྒྲ་རང་འགྱུར་དུ་མཛད་ནས། རྗེ་བཙུན་གྲགས་པ་རིན་ཆེན་ལ་གསུངས་དེས་འོད་དཔག་རྡོ་རྗེ། དེས་བུདྡྷ་ཤྲཱི། དེས་བདག་ལ་གནང་བའོ། །དགེའོ།། །།


previousགདམས་ངག་མཛོད་པོད་བཅུ་དྲུག་པ། སྤྱན་རས་གཟིགས་ཀྱི་ལམ་གྱི་རིམ་པ་རྡོ་རྗེ་ཚིག་རྐང་།next