Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅུ་དྲུག་པ།  བླ་མའི་རྣལ་འབྱོར་སྐབས་བླ་མ་བརྒྱུད་པའི་ཁ་སྐོང་།
   


 
previousགདམས་ངག་མཛོད་པོད་བཅུ་དྲུག་པ། བླ་མའི་རྣལ་འབྱོར་སྐབས་བླ་མ་བརྒྱུད་པའི་ཁ་སྐོང་།next

གདམས་ངག་མཛོད་པོད་བཅུ་དྲུག་པ།
བླ་མའི་རྣལ་འབྱོར་སྐབས་བླ་མ་བརྒྱུད་པའི་ཁ་སྐོང་།


LT25_Page_302A
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་སྐབས་བླ་མ་བརྒྱུད་པའི་ཁ་སྐོང་ནི། རང་གི་སྤྱི་བོར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་དྲིན་ཆེན་རྩ་བའི་བླ་མ་རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སྐུ་ཤ་རྒྱས་ཤིང་ལྷུན་ཆགས་པ། ཞལ་ཁྲོ་འཛུམ་ཧུར་བག་ཅན། ཆོས་གོས་རྣམ་གསུམ་གསོལ་ཞིང་ཕྱག་གཡས་ཆོས་འཆད་གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་པ། གསུང་ཆོས་ཀྱི་སྒྲ་དབྱངས་ལྷང་ལྷང་སྒྲོགས་པ། ཐུགས་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་མཉམ་པར་བཞག་པ། བདག་ལ་དགྱེས་བཞིན་དུ་བཞུགས་པ། དེའི་སྤྱི་བོར་ཞ་ལུ་མཆོག་སྤྲུལ་རིན་པོ་ཆེ་བློ་གསལ་བསྟན་སྐྱོང་གཟུགས་ཕྲ་ཞིང་སྐུ་ཤ་སྐེམ་པ། སྤྱན་ཐད་ཀར་གཟིགས་པ། དེའི་སྤྱི་བོར་བྱང་གླིང་པ་གྲུབ་དབང་ཡེ་ཤེས་དཔལ་འབྱོར་སྐུ་གཟུགས་ཕྲ་ལ་རིང་བ། དབུ་སྐྱ་ཡེ་རེ་བ། སྐུ་ཅུང་ཟད་སྐེམ་པའི་ཉམས་ཅན་ཟིལ་ཆེ་བ། དེའི་སྤྱི་བོར་རྗེ་བཙུན་བསྟན་འཛིན་ཕྲིན་ལས་སྐུ་ཤ་དམར་སྨུག །སྐུ་ཅུང་ཟད་མདུན་དུ་རྒུར་བ། དེའི་སྤྱི་བོར་བྱང་གླིང་འཇམ་དཔལ་ཚུལ་ཁྲིམས། དབུ་དུང་ལྟར་དཀར་བ། སྨིན་མ་དཀར་པོ། སྐུ་ཤ་སྔོ་སངས་ཟིལ་ཆེ་བ། དེའི་སྤྱི་བོར་ལྕེ་བཙུན་བློ་བཟང་མཁས་བཙུན། སྐུ་སྒེག་པ། སྐུ་ཤ་རྒྱས་པ། སྤྱན་ནམ་མཁའ་ལ་ཧྲིག་གེར་གཟིགས་པ། དེའི་སྤྱི་བོར་མཁན་ཆེན་རིན་ཆེན་འཇམ་དཔལ། སྐུ་ཤ་རྒྱས་པ། སྤྱན་ཟླུམ་པ། སྐུ་གཟུགས་ཆེ་བ། དེ་ཐམས་ཅད་ཀྱང་ན་བཟའ་ཆོས་གོས་རྣམ་གསུམ་གསོལ་བ། ཕྱག་གཡས་ཆོས་འཆད་དང༌། གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་པ། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཡེ་ཤེས་དཔལ་འབྱོར་ནས་འདི་ཡན་རྡོ་བློ་གསལ་བསྟན་སྐྱོང་གིས་མཛད། དེའི་སྤྱི་བོར་མཁན་ཆེན་བསོད་ནམས་མཆོག་གྲུབ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་


LT25_Page_302B
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུ་ཁྱོན་རིང་བ། ཞལ་འཛུམ་ཞིང་མཚར་བ། ཉན་ཐོས་དགྲ་བཅོམ་པའི་ཆ་བྱད་ཅན། དབུ་སྐྲ་སྐྱ་ཤས་ཆེ་བ། ཕྱག་མཉམ་བཞག་སྤྱན་ཐད་ཚུགས་སུ་གཟིགས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། འདི་རིན་ཆེན་འཇམ་དཔལ་གྱིས་མཛད། དེའི་སྤྱི་བོར་རྡོ་རྗེ་འཆང༌། འདི་ནས་མཁྱེན་བརྩེའི་བར་མཁན་ཆེན་གྱིས་མཛད་དོ། །དབང་ཕྱུག་རབ་བརྟན་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། རབ་བྱུང་གི་ཆ་བྱད། དབུ་སྐྱ་ཡེ་རེ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང༌། ཕྱག་མཉམ་བཞག་གི་ཕྱག་རྒྱས་བཞུགས་པ། སྤྱན་ནམ་མཁའ་ལ་ཧ་རེ་གཟིགས་པ། དེའི་སྤྱི་བོར་འཕགས་མཆོག་བྱམས་པ་སྐལ་བཟང་སྐུ་མདོག་དཀར་དམར། དབུ་སེ་ཡེ་རེ་བ། ན་བཟའ་ཕུན་སུམ་ཚོགས་པ། དེའི་སྤྱི་བོར་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་སྐུ་མདོག་དཀར་དམར། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་བསྣམས་པ། གཡོན་མཉམ་བཞག་གི་སྟེང་ན་ཀ་པཱ་ལ་བདུད་རྩིས་གང་བ། དེའི་སྤྱི་བོར་ཚར་ཆེན་རྡོ་རྗེ་འཆང་སོགས་དཀྱུས་བཞིན་ནོ། །


previousགདམས་ངག་མཛོད་པོད་བཅུ་དྲུག་པ། བླ་མའི་རྣལ་འབྱོར་སྐབས་བླ་མ་བརྒྱུད་པའི་ཁ་སྐོང་།next