Nitartha Digital Library
Tibetan
གདམས་ངག་མཛོད།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
གདམས་ངག་མཛོད་པོད་བཅོ་བརྒྱད་པ།  ཟབ་ཁྲིད་བརྒྱ་དང་བརྒྱད་ཀྱི་ཁུངས་གླེང་བའི་ཞབས་རྟེན་ཚིགས་སུ་བཅད་པ།
  
 
  
  
  
  
  
  
  
 
  
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousགདམས་ངག་མཛོད་པོད་བཅོ་བརྒྱད་པ། ཟབ་ཁྲིད་བརྒྱ་དང་བརྒྱད་ཀྱི་ཁུངས་གླེང་བའི་ཞབས་རྟེན་ཚིགས་སུ་བཅད་པ།next

གདམས་ངག་མཛོད་པོད་བཅོ་བརྒྱད་པ།
ཟབ་ཁྲིད་བརྒྱ་དང་བརྒྱད་ཀྱི་ཁུངས་གླེང་བའི་ཞབས་རྟེན་ཚིགས་སུ་བཅད་པ།


LT27_Page_021A
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཁྲིད་བརྒྱ་དང་བརྒྱད་ཀྱི་ཁུངས་གླེང་བའི་ཞབས་རྟེན་ཚིགས་སུ་བཅད་པ་བཞུགས་སོ། །


LT27_Page_021B
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཁྲིད་ཚུལ་བརྒྱ་དང་བརྒྱད་པོའི་ཁུངས་བརྗོད་པའི་གླེང་སློང་སྔོན་བྱུང་གི་ལོ་རྒྱུས་ཆ་ཙམ་བརྗོད་པའི་ལེགས་བྱས་སུ་སྤེལ་བ་ཡང་དེ་དག་གོ །རྒྱལ་དང་དེ་སྲས་དེ་སྤྲུལ་ཐམས་ཅད་ཀྱི། །དགོངས་པའི་བཅུད་འདུས་ཐུགས་ཀྱི་ནོར་བུ་མཆོག །རྣམ་མང་མ་འདྲེས་མ་སྦགས་རང་རང་གི །བཞེད་ཚུལ་རྒྱ་མཚོའི་གཏིང་མཐའ་དུས་འདིར་རྟོགས། །ཆོས་ཀྱི་རྒྱ་མཚོ་གདམས་པའི་ནོར་བུའི་མཛོད། །མཁས་གྲུབ་ཀླུ་དབང་བརྒྱུད་པའི་ཕྱག་གནས་པའི། །ཡིད་བཞིན་བསམ་འཕེལ་རྣམ་གྲངས་བྱེ་བའི་ཚོགས། །ཐར་པའི་དེད་དཔོན་ཁོ་བོའི་སྐལ་བས་རྙེད། །ནོར་བུའི་ཡོན་ཏན་ཁ་དོག་བྱེད་ལས་བཞིན། །མཆོག་དམན་གང་གིས་བློ་ནུས་འདྲེན་པའི་ཆོས། །གཅིག་མིན་དུ་མའི་ཟློས་གར་ཡ་མཚན་རྨད། །ནད་བསལ་སྨན་པའི་བྱེད་པ་དང་མཚུངས་ཉིད། །ཀུན་གསལ་ནོར་བུ་སྣ་ཚོགས་དྭངས་པའི་འོད། འོད་སྣང་འཆིང་བུའི་མདོག་ལས་གཞན་མིན་ཡང༌། །མི་ཤེས་བླུན་པོས་རིན་ཆེན་མཆོག་དོར་ནས། །དམན་ལེན་ཇི་བཞིན་ཆོས་ཀྱང་དེ་ཡི་དཔེ། །ཉ་ནང་རྙེད་པའི་ཡིད་བཞིན་ནོར་བུ་ཞིག །ཉ་པས་བསྲེགས་བཅད་


LT27_Page_022A
[མ་དཔེ་གཟིགས་ན་འདིར་གནོན།]

བསྣོམས་པས་མ་མཚོན་ནས། །ཉ་ལྕིབས་རྡོ་བཞིན་དགོས་མེད་གྱི་ནའི་བློས། །ཉ་ཆེན་གང་ལས་འོངས་པའི་མཚོར་དོར་ལོ། །དེ་ལ་དཔྱོད་ལྡན་མགུ་བ་རབ་སྐྱེས་ཏེ། །དེ་འདྲའི་ནོར་མཆོག་དམན་པའི་ཡུལ་མིན་ཕྱིར། །དེ་ཉིད་གངས་ལས་འོངས་པའི་རྒྱ་མཚོའི་ནང༌། །དེ་ལ་དབང་བསྐུར་ཀླུ་རྒྱལ་དཔལ་ཅེས་གྲགས། །དེང་དུས་གསུང་རབ་རྒྱ་མཚོ་ཆེ་ནང་ནས། །དེང་དུས་ཚིག་དོན་སྙིང་ལ་གཡང་ཆགས་རྣམས། །དེང་དུས་མཁས་རློམས་དཔྱད་པའི་གནས་འཛིན་མཐར། །དེང་དུས་དོན་ལྡན་ཚིག་འབྲུ་འབད་དེ་སྤོང༌། །ཨེ་མ་གོང་མའི་གསུང་ལ་དེ་འདྲ་ན། །སྐལ་མེད་སུ་ཞིག་གསང་ཆོས་དང་དུ་ལེན། །བསོད་ནམས་དབང་གིས་ཆོས་དོན་ལེགས་རྟོགས་ཞེས། །འཇིགས་རྟེན་རྒན་པོའི་སྨྲ་བ་དོན་དང་ལྡན། །བདུད་སྡེའི་བསམ་སྦྱོར་ཆོས་ཀྱི་དབྱེན་བཅོས་པའི། །ཤེས་འདོད་ཕལ་གྱིས་རང་གཞན་ལོག་པར་ཁྲིད། །བླ་མའི་གསུང་བགྲོས་ལས་ལོག་ཡིད་ཆེས་དག །ཨ་ཙ་མ་ན་སུ་ཡི་སེམས་ལ་འཆར། །ལྟ་སྒྲུབ་བསྒྱུར་བའི་བར་ཆད་གཡེར་པོ་ཆེ། །ཡོངས་ཀྱིས་བདག་གིར་


LT27_Page_022B
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིད་པ་ཆེས་རབ་དམན། །སྙིགས་མ་ལས་ཀྱང་སྙིགས་མར་གྱུར་པའི་དབང༌། །བསགས་པ་རབ་ཟད་ཡོངས་ཀྱི་བགྱི་བར་འཁུམས། །ཆོས་ཚུལ་མི་འདྲ་བཤད་ཚུལ་མི་འདྲའི་ཚུལ། །རྣམ་མང་མང་ཐོས་མང་དུ་སྦྱངས་པའི་ཡུལ། །རྒྱ་མོའི་ཐགས་ཀྱི་འཕྲུལ་འདྲའི་མིག་ཡངས་ཀྱི། །གསལ་བར་རྗེན་སྟོན་བྱེད་པ་འདི་ན་སུ། །རང་གི་ཤེས་ངོར་འདྲེན་པའི་རྟོག་གེའི་ངག །བརྗོད་བདེའི་རིག་ལམ་ལྟར་དྲངས་གང་གང་གི །གསུང་རབ་ཕལ་དང་གསང་སྔགས་ཟབ་མོའི་གསང༌། །མཐའ་ཡས་རོ་བརྒྱའི་ཟས་ལ་དུག་སྦྱར་བཞིན། །དེ་ཕྱིར་ཚད་མའི་དཔང་པོ་ཐམས་ཅད་མཁྱེན། །རྒྱལ་བའི་བཀའ་དང་དགོངས་འགྲེལ་བརྒྱུད་པའི་སྲོལ། །ཇི་ལྟར་བཤད་ལ་སོམ་ཉི་མི་འཛིན་པའི། །བསླབ་སྦྱངས་དོན་དང་ལྡན་ལ་འབད་པར་བྱོས། །བདག་ཀྱང་རིས་མེད་བསྟན་ལ་རྗེས་དད་ཅིང༌། །འཇམ་དབྱངས་མི་ཡི་གཟུགས་འཛིན་ས་སྐྱའི་སྲོལ། །དེའི་ཉམས་བཞེས་མ་ཉམས་ལྷུར་ལེན་ལས། །གང་ལའང་སྡང་ཞེན་ལོག་པར་བསྐུར་མི་བྱེད། །སྔོན་བྱོན་རྒན་པོའི་གྲུབ་པའི་མཐའ་རྣམས་དང༌། །ཉམས་ལེན་བཞེད་དགོངས་ཆོས་ཀྱི་རྣམ་གྲངས་དག །གང་ལ་འདྲི་དང་གླེང་བརྗོད་བགྱིད་སེམས་རྣམས། །ཁོ་བོས་ལེགས་པར་བཀྲོལ་གྱིས་འདིར་བྱོན་ཀྭའི། །ཕྱི་དུས་ཆོས་ཀྱི་གནད་རྣམས་ཡང་དང་ཡང༌། །ཉིན་རེར་འབད་པས་བཅོས་པའི་གླེགས་བམ་གྱི། །ཡི་གེ་ཙམ་ཡང་མིག་གིས་མ་མཐོང་བས། །ཚུལ་འདི་བདག་ཡིད་ལྷག་པར་རྨོངས་པ་བཞིན། །ཡུན་ཐུང་ནམ་འཆི་ངེས་པ་མ་མཚོན་དུས། །འཇིགས་པའི་འཕྲང་དུ་དགོས་མེད་རྡོ་འཐག་ལྟར། །ལས་རོར་གྱུར་པའི་ཐོས་བསམ་སྒོམ་པ་ལ། །སྐད་ཅིག་ཙམ་གྱིས་ཡིད་ཀྱང་གཡོ་མ་མྱོང༌། །འཚོ་བའི་དལ་བ་དོན་ཡོད་བྱ་བའི་ཆེད། །གང་འབད་དམ་པའི་རིང་ལུགས་ཁོ་ན་དང༌། །བསྟན་དང་


LT27_Page_023A
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ལ་ཕན་པའི་གཞི་བསྐྱེད་པའི། །ཕྲ་རྒྱས་རེ་རེ་ཙམ་ནས་བསྒྲུབས་པ་ལགས། །མུན་སྐལ་འཇིགས་པའི་གཡང་ཟས་ཡིད་སྐྱོ་ཞིང༌། །ཆོས་ལྟར་བཅོས་པའི་རྣམ་པས་ཡོངས་སྐྲག་ལ། །རང་དབང་མ་ཐོབ་ཚེ་རབས་གཞན་དག་ཏུའང༌། །ཇི་ལྟར་འགྱུར་སྙམ་མཆི་མ་ལྷག་པར་དཀུ། །གཞུང་བརྒྱ་བལྟ་དང་དེ་དོན་སེམས་པ་དང༌། །ཁྲིད་བརྒྱ་ཉན་དང་དེ་དོན་བསྒོམས་པ་དང༌། །དབང་བརྒྱ་ནོད་དང་དེ་བཞིན་བསྐུར་བའི་བློས། །རང་ཚེ་ཕལ་ཞིག་འདས་པ་མངོན་སུམ་ཡུལ། །ལྔ་པའི་དབང་ཆེན་རྒས་པའི་ཕོ་ཉ་ཡིས། །ཡིད་ཀྱི་ཤིང་རྟ་འདྲེན་བྱེད་འབྲི་མཐོང་སྐབས། །བྱ་བ་འཕྲོ་ཅན་རིངས་པར་སྤྱོད་ཚུལ་དུ། །ཐོས་པའི་ལག་རྗེས་ཡི་གེ་འདི་བཀོད་དོ། །ཚེ་ཞབས་དོན་གཉེར་ཉིན་སྐར་དང་མཚུངས་ལ། །ཕན་པའི་བྱེད་པ་སྲིད་ནའང་དེར་སྦྱིན་མོད། །གཞན་དུ་རང་གི་ཚེ་རབས་ཕྱི་མ་ཡི། །ཐོས་པའི་བག་ཆགས་གསོ་བྱེད་ཁོ་ནའོ། །འདི་བརྩམས་པ་ལས་བྱུང་བའི་དགེ་བའི་ཚོགས། །དུང་དང་གངས་རིའི་རྩེ་འདྲའི་རྣམ་དཀར་དེས། །ཆོས་ལ་བརྟེན་པའི་ལས་སྒྲིབ་ཀུན་སྦྱངས་ནས། །ཀུན་མཁྱེན་སངས་རྒྱས་ཐོབ་པའི་ཆེད་དུ་བསྔོ། །དམ་པའི་གསུང་ལ་ཡིད་ཆེས་དད་པའི་ཤུགས། །སྡིག་མེད་དགེ་བ་བསགས་པའི་བདེན་པའི་མཐུས། །ཇི་སྙེད་གང་དེས་དུས་རྣམ་ཐམས་ཅད་དུ། །ཆོས་བཞིན་སྤྱོད་པའི་བཀྲ་ཤིས་སྦྱིན་གྱུར་ཅིག །ཅེས་ཟབ་ཁྲིད་བརྒྱ་དང་བརྒྱད་ཀྱི་ཁུངས་གླེང་བའི་ཡི་གེ་མདོ་ཙམ་བྲིས་པའི་ཞབས་སུ་ཚིགས་སུ་བཅད་པ་འགའ་ཞིག་གི་ཞབས་བརྟེན་འདི་ཡང་དཔལ་ལྡན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེའི་བློ་གྲོས་ཀྱི་རྒྱ་མཚོ་ལས་བྱུང་བའོ། །ཞིབ་ཏུ་ཡི་གེ་ག་ལ་འབྲི། །མ་ལུས་ཡིད་ལ་དགེ་བར་གནས། །ཆ་ཙམ་མཚོན་དཔེ་འདི་ལྟ་སྟེ། །དཔྱོད་ལྡན་ཡོད་ན་བསམ་པར་རིགས། །


LT27_Page_023B
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཞིན་འབད་པ་ཆོས་ལ་མཛོད། །མཛོད་མཆོག་ཐོས་པའི་བང་མཛོད་ཉིད། །ཉིད་ཅག་ཟང་ཟིང་དཀོར་མཛོད་ལ། །ལ་ལ་ཇི་བཞིན་སོགས་འགྲུས་ཅི། །ནམ་ཡང་འཛད་མེད་རྐུན་པོས་འཕྲོག་བྱར་མེད། །ཐོས་པ་དོན་ལྡན་འདི་ཕྱིར་ལག་ཡོད་པའི། །དགོས་པ་ཆེན་པོ་བསོད་ནམས་ཆེན་པོའི་ལམ། །དམ་པའི་གཤེགས་ཤུལ་དམ་པ་འདིར་གཤེགས་ཤིག། །།མངྒ་ལཾ། །དགེའོ།།


previousགདམས་ངག་མཛོད་པོད་བཅོ་བརྒྱད་པ། ཟབ་ཁྲིད་བརྒྱ་དང་བརྒྱད་ཀྱི་ཁུངས་གླེང་བའི་ཞབས་རྟེན་ཚིགས་སུ་བཅད་པ།next